Nitartha Digital Library
Tibetan
 
previousདབུ་མ་ཐལ་འགྱུར་པ།next

དབུ་མ་ཐལ་འགྱུར་པ།

གཉིས་པ་དབུ་མ་ཐལ་འགྱུར་པ་ནི། བློ་མ་འཁྲུལ་པ་དང་འཁྲུལ་བའི་དབྱེ་བ། དེ་ལ་ལྟོས་ནས་བདེན་གཉིས་ཀྱི་འདོད་ཚུལ་ལོ། །

བློ་མ་འཁྲུལ་པ་དང་འཁྲུལ་བའི་དབྱེ་བ།

དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པ་ཐུན་མོང་མིན་པར་འཛིན་པ་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱིས་འདི་ལྟར་བཞེད་དེ། ས་ཐོབ་པའི་མཉམ་བཞག་དང་སངས་རྒྱས་ཀྱི་ས་ན་ཤེས་བྱ་དང་ཤེས་བྱེད་ལ་སོགས་པའི་ཡུལ་དང་ཡུལ་ཅན་གྱི་གཟུང་འཛིན་དུ་སྣང་བ་གང་ཡང་མ་གྲུབ་པས། ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཞི་བ་སྟེ། དེའི་ཚེ་སེམས་དང་སེམས་བྱུང་གི་འཇུག་པ་ཐམས་ཅད་རྒྱུན་ཆད་དེ་སྨྲ་བསམ་བརྗོད་དུ་མེད་པའི་ཡེ་ཤེས་ལ་ཆོས་ཉིད་རྟོགས་པ་ཡང་དག་པའི་བློ་མ་འཁྲུལ་པ་ཞེས་བྱ་བར་བཏགས་ཏེ། འཇུག་པ་ལས། གང་ཕྱིར་ཆོས་ཉིད་སྐྱེ་མེད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཕྱིར་དེ་རྣམས་བརྟེན་ལ་དེ་ཡིས་དེ་ཉིད་རིག་པ་ལྟ་བུ་སྟེ། །གང་ཕྱིར་སེམས་ནི་ཡུལ་གྱི་རྣམ་པར་འབྱུང་བས་དེ་ཡི་ཡུལ། །དེ་རབ་རིག་པ་དེ་བཞིན་ཐ་སྙད་བརྟེན་ནས་རིགས་པ་ཡིན། །ཞེས་དང་ཚིགས་གསལ་ལས་ཀྱང༌། འདིར་སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཡང་རྒྱུན་ཆད་དེ་ཞེས་སོ། །དེའི་གནས་སྐབས་ནི་དོན་དམ་པའི་བདེན་པ་རྟོགས་པ་ཞེས་བཏགས་སོ། །དེའི་ཡུལ་ནི་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་ཡིན་ནོ། །མཐོང་བ་བརྫུན་པ་བློ་འཁྲུལ་པ་ནི་སོ་སྐྱེ་མ་རིག་པའི་བག་ཆགས་ཀྱིས་མིག་ལྡོངས་པས་རབ་རིབ་དང་སྐྲ་ཤད་འཛག་པ་ལ་མངོན་དུ་ཞེན་པ་ལྟར། འགྲོ་བ་དྲུག་གི་གནས་ལུས་ལོངས་སྤྱོད་བདེ་སྡུག་སྣ་ཚོགས་སུ་སྣང་བ་འཁྲུལ་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུང་འཛིན་གྱི་རྣམ་པ་རྣམས་དང༌། ས་ཐོབ་པའི་རྗེས་ཐོབ་ནི་གཞན་དང་ཐུན་མོང་དུ་སྣོད་བཅུད་ལ་སོགས་པར་སྣང་བ་རྣམས་སོ། །

བདེན་གཉིས་འདོད་ཚུལ།

བདེན་པ་གཉིས་ཀྱི་མཚན་གཞི་ནི། སྤྱིར་ཐུན་མོང་གི་དབྱེ་གཞི་མཚན་ཉིད་པ་མེད་ཅིང་སྟོང་པ་ཉིད་ཡིན་ཏེ་དོན་དུ་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་འཇིག་རྟེན་པའི་བློ་ངོ་ན་བདེན་པ་མ་ཡིན་པ་ལས་ལོག་ཙམ་གྱི་བདེན་པ་ཙམ་ཞིག་གནས་པ་ལ་བྱ་སྟེ། ཀླུ་སྒྲུབ་ཞབས་ཀྱིས།བདེན་པ་གཉིས་སུ་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ།ཞེས་སོ། །ཀུན་རྫོབ་བདེན་པའི་མཚན་གཞི་ནི་རྣམ་ཤེས་དྲུག་པོ་སྣང་བའི་ཡུལ་དང་བཅས་པ་རྣམས་སོ། །དབུ་མ་པས་རྣམ་ཤེས་ཙམ་ཡུལ་དུ་འཇུག་ཚུལ་ཉན་ཐོས་དང་འདྲའོ། །དོན་དམ་བདེན་པ་ནི། ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་དག་པའོ། །མཚན་ཉིད་ཀྱང༌། ཀུན་རྫོབ་ཀྱི་མཚན་ཉིད་གཟུང་འཛིན་སྤྲོས་པ་དང་བཅས་པའི་རྣམ་པར་སྣང་བ་སྒྲིབ་པའི་རྣམ་པར་སྐྱེ་བ་སྟེ། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་སོ། །ཞེས་སོ། །དེའང་འཁོར་བའི་ཆོས་སེམས་དང་སེམས་ལས་བྱུང་བ་ཡུལ་གྱི་རྣམ་པ་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་ཡིན་ལ། ས་ཐོབ་ཀྱང་སེམས་སེམས་བྱུང་མ་འགག་པའི་ཆ་ཡུལ་མ་དག་པ་གཟུགས་སོགས་ཚོགས་དྲུག་སྣང་བ་དང་བཅས་པ་སྤང་བྱར་གྱུར་ཏོ་ཅོག་ཀུན་རྫོབ་ཀྱི་ཕྱོགས་སུ་བསླན་ནས་འཁྲུལ་པར་བཞག་གོ།

དོན་དམ་པའི་བདེན་པའི་མཚན་ཉིད་ནི། གཟུང་འཛིན་སྤྲོས་པ་དང་བྲལ་བའི་ངོ་བོ་སྟེ། དེའང་སྒྲ་ཚིག་ལ་སོགས་པས་དངོས་སུ་མི་རྟོགས་པའི་ཆ་ནས་གཞན་ལས་ཤེས་པ་མ་ཡིན་ལ། སེམས་སེམས་བྱུང་གི་རྙོག་པ་ཆོས་ཀྱི་དབྱིངས་སུ་ཞི་བ་རྣམ་རྟོག་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། གྲུབ་པའི་མཐས་མ་རེག་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །དེའང་དོན་གཅིག་པ་དང་ཐ་དད་པ་ལ་སོགས་པ་ནི་དངོས་པོར་སྨྲ་བ་དག་གི་གྲུབ་མཐའ་ཡིན་པས་དེས་མ་རེག་པ་ཙམ་དུ་མ་ཟད་སྤྲོས་པ་དང་བྲལ་བ་དབུ་མ་པའོ་ཞེས་པར་ཡང་མ་གྲུབ་པ་ཡིན་ནོ། །མདོར་ན་མྱ་ངན་ལས་འདས་པའི་ཆོས་ཟབ་པ་དང་ཞི་བ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དང༌། དེ་རྟོགས་པའི་བླཽ་སྒྲིབ་པ་ཐམས་ཅད་དང་བྲལ་བ་སངས་རྒྱས་ཀྱི་ཡེ་ཤེས་ཡུལ་རྣམ་པར་དག་པ་འགྱུར་བ་མེད་པར་སྣང་བ་དང༌། ས་ཐོབ་པའི་མཉམ་བཞག་གི་ཡེ་ཤེས་དང༌། དེའི་ངོ་བོ་གཅིག་ཏུ་གནས་པའི་རྗེས་ཐོབ་སྣང་བ་ལྷག་མཐོང་གི་རྣམ་པར་གྱུར་ཏོ་ཅོག་དོན་དམ་པའི་བདེན་པའོ། །ཀུན་རྫོབ་ལ། མིག་སྐྱོན་ལྡན་ལ་སྐྲ་ཤད་དུ་སྣང་བ་མིག་དག་པ་ལ་ཅིར་ཡང་མ་མཐོང་བ་བཞིན་དུ། བློ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བ་ཉིད་འཕགས་པའི་མཉམ་བཞག་དང་འཁྲུལ་བ་ཟད་པའི་སངས་རྒྱས་ལ་ཅིར་ཡང་དམིགས་པར་བྱ་བ་མེད་པས་ད་ལྟར་གྱི་འཁྲུལ་སྣང་རང་ཁ་མ་ཆ་དང་བཅས་པ་མི་སྣང་བར་འདོད་དེ། དེ་ཉིད་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །དངོས་པོ་ལོག་པ་གང་ཞིག་རྣམ་བརྟགས་ལས། །དེ་ཉིད་གང་གིས་བདག་ཉིད་མིག་དག་པར། །མཐོང་བ་གང་ཡིན་དེ་བཞིན་འདིར་ཤེས་བྱ། །ཞེས་སོ། །འོ་ན་སེམས་ཅན་གྱི་དོན་ཇི་ལྟར་མཛད་ཅེ་ན། གདུལ་བྱའི་བསོད་ནམས་དང་མོས་པ་དང་སངས་རྒྱས་ཀྱི་ཐུགས་རྗེ་ལས་སྣང་པའི་སྤྲུལ་པས་དོན་མཛད་པ། དཔེར་ན། རྨི་ལམ་ནང་དུ་གཉིད་དུ་མ་སོང་བས་སྤྲུལ་པ་བཏང་ནས་ཆོས་འཆད་པ་ལ་སོགས་རང་སྣང་དང་མཐུན་པར་དོན་མཛད་དུས། གདུལ་བྱའི་སྣང་ངོའི་རྨི་ལམ་ཡང་མ་འགགས་པར་སྣང་བ་དངོས་སུ་དེ་ཉིད་ལ་སྣང་བ་མཁྱེན་དུས། རང་ཉིད་ལ་རྨི་ལམ་མེད་དེ་གཉིད་དུ་མ་སོང་བའི་ཕྱིར་ན་ཚུལ་དེ་བཞིན་དུ་སེམས་ཅན་ལ་འཁྲུལ་སྣང་ཤར་བར་མཁྱེན་ནས་དོན་མཛད་ཀྱང་རང་ཉིད་ལ་འཁྲུལ་སྣང་ཅུང་ཟད་ཀྱང་སྣང་བ་མེད་དོ། །

བདེན་གཉིས་ཀྱི་ངེས་ཚིགས་ནི། རང་རྒྱུད་ཀྱི་སྐབས་སུ་སྨོས་པ་ལྟར་ལ། བདེན་པ་ཞེས་པ་མ་དཔྱད་ན་བདེན་པར་སྣང་ཙམ་ཀུན་རྫོབ་དང༌། དཔྱད་ན་གནོད་མེད་དུ་གནས་པ་དོན་དམ་མོ། །ངེས་འབྱེད་ཀྱི་ཚད་མ་ནི་ཆོས་དབྱིངས་དོན་དམ་པ་སྤྲོས་པ་ལས་གྲོལ་བར་ཐལ། དམིགས་བཅས་ཀྱི་བློ་ཡིས་དཔྱོད་ཡུལ་མ་ཡིན་པའི་ཕྱིར། དེའང་ཡེ་ཤེས་ཀྱིས་ནི་དམིགས་པ་མེད་པའི་ཚུལ་གྱིས་རྟོགས་སོ། །ཆོས་ཅན་ཀུན་རྫོབ་པ་རྣམས་ཆོས་ཅན། སྤྲོས་པ་དང་བཅས་པར་ཐལ། དམིགས་བཅས་ཀྱི་བློས་དཔྱོད་ཡུལ་ཡིན་པའི་ཕྱིར།ཁྱབ་པ་ཡོད་དེ། དམིགས་བཅས་ཀྱི་བློ་དང༌། དེའི་ཡུལ་རྣམས་ནི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་ནས་ཉམས་སུ་བླང་བའི་ཚུལ་ནི། སྦྱོར་བ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཆོས་ཐམས་ཅད་གང་དུའང་མ་གྲུབ་པར་ལྟ་བས་ཐག་བཅད་པའི་ངང་དེར་སེམས་སྤྲོ་བསྡུ་དང་བྲལ་བར་བསྒོམས་པ་སྟེ། སྤྱོད་འཇུག་ལས།གང་ཚེ་དངོས་དང་དངོས་མེད་དག །བླཽ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པས་དེའི་ངང་ལ་ཅི་ཙམ་གནས་ཀྱི་བར་བཞག་ནས་བསྔོ་བ་བྱ་བ་ནི་དོན་དམ་བདེན་པའི་བླང་ཚུལ་ལོ། །ཀུན་རྫོབ་བླང་ཚུལ་ནི། མཉམ་བཞག་ལས་ལངས་པའི་རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས་བསོད་ནམས་ཀྱི་ཚོགས་བསག་གོ། དེ་ལྟར་མཉམ་རྗེས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་བསགས་པས་མཐར་ཆོས་སྐུ་དང་གཟུགས་སྐུ་དམ་པ་གཉིས་ཐོབ་སྟེ། དེའང་གཞི་དབུ་མ་བདེན་གཉིས་ཟུང་འཇུག ལམ་དབུ་མ་ཚོགས་གཉིས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ཏུ་འདུས་པ་ཡིན་ནོ། །

ཐལ་འགྱུར་པའི་སྤྲོས་པ་གཅོད་ཚུལ་ཡང་སྔར་སྨོས་གཏན་ཚིགས་ལྔས་ཆོས་ཐམས་ཅད་རང་བཞིན་མེད་པར་གཞལ་ལ། རང་རྒྱུད་པ་ལྟར་ཀུན་རྫོབ་བདེན་པ་བཀག་ནས་རྫུན་པ་སྒྲུབ་པ་དང༌། དོན་དམ་ལ་སྤྲོས་པ་བཀག་ནས་སྤྲོས་མེད་སྒྲུབ་པ་ལྟར་མ་ཡིན་ཏེ། གང་དུ་ཞེན་པ་དེ་དངོས་སུ་བཀག་ཀྱང་ཤུགས་ལ་བསྒྲུབ་བྱ་གང་ཡང་མི་སྒྲུབ་པས་ཕ་རོལ་གྱི་ལོག་རྟོག་ཟློག་པར་བྱེད་དོ། །ཐལ་འགྱུར་པ་འདིས་གྲུབ་པའི་མཐའ་ཐམས་ཅད་བཀག་ནས་རང་ལས་སྤྲོས་པའི་གྲུབ་མཐའ་ཁས་མི་ལེན་ཏེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། །དེས་ན་ཐལ་འགྱུར་བས་ཡོད་མེད་ཡིན་མིན་གང་དུའང་བརྗོད་དུ་མེད་པ་ལ་དེ་ཉིད་རྟོགས་པར་འཇོག་སྟེ། ཀླུ་སྒྲུབ་ཀྱིས། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་མོ་གཤམ་ལ། །ཁྱོད་ཀྱི་བུ་ནི་གང་ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་ཤིང༌། དོན་གྱི་ངོ་བོ་ཡེ་གདོད་མའི་གནས་ལུགས་སམ་གཤིས་ལུགས་མ་བཅོས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། རྫོགས་ཆེན་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གསུངས་པ་དང་དོན་གཅིག་པ་ཉིད་དོ། །

དེ་ལྟར་ན་བདེན་གཉིས་ལ་སོགས་པའི་རྣམ་བཞག་ཀྱང་ཇི་ལྟར་བྱ་ཞེ་ན། འཇིག་རྟེན་པས་སྒྲོ་བཏགས་པ་ཙམ་དུ་འདོག་པར་བྱེད་ཀྱི། གྲུབ་མཐའ་བདེན་པར་ཞེན་པ་ལྟར་མ་ཡིན་ཏེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་སོ། །སྒྲོ་བཏགས་པའི་ཚུལ་ནི། ཏིང་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང༌། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཞིང་སྟོན་པར་བྱེད་པའང་ཡིན། །ཞེས་སོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་བདེན་པར་མེད་པས་སྐྱེ་འགགས་ལྟར་སྣང་ཙམ་གྱི་འཇིག་རྟེན་པའི་སྣང་བ་མི་འགོག་སྟེ། རྩ་ཤེས་ལས། དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་སོ། །འདི་ལྟར་བདེན་པ་གཉིས་ཀྱི་རྣམ་བཞག་མ་ཤེས་ན་བྱང་ཆུབ་མི་འགྲུབ་སྟེ། རྩོད་བཟློག་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི། མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་སོ། །ཐལ་རང་གཉིས་པོ་དེ་ཨཱརྻ་དེ་བས། །བསོད་ནམས་མིན་པ་དང་པོ་བཟློག །བར་དུ་བདག་ནི་བཟློག་པ་སྟེ། །ཐ་མས་ལྟ་གཞི་ཀུན་བཟློག་པ། །གང་གིས་ཤེས་ཏེ་མཁས་པ་ཡིན། །ཞེས་པས། བར་བས་བདག་བཟློག་གི་འཁོར་ལོ་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཐལ་འགྱུར་མ་འཁྲུལ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་བཞེད་པ་ཇི་ལྟ་བ་བཀོད་པ་ཡིན་ལ། མཚན་ཉིད་ཐེག་པ་ཀུན་གྱི་ལྟ་བའི་རྩེ་མོ་མཐར་ཐུག་པར་བཞེད་པ་ཡིན་ནོ། །

བོད་དུ་བ་ཚབ་ལོ་ཙཱ་བ་རྗེས་འབྲང་དང་བཅས་པ་དང༌། ས་པཎ་དང༌། གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེ། གཡག་ཕྲུག་པ་སངས་རྒྱས་དཔལ་རྗེས་འབྲང་དང་བཅས་པའི་ས་སྐྱ་པ་ཕལ་ཆེར་དང༌། རོང་སྟོན་ཤཱཀྱ་རྒྱལ་མཚན་ནི་དབུ་མ་རང་རྒྱུད་པ་བཞེད་ལ། མི་བསྐྱོད་རྡོ་རྗེ་མན་ཆད་ཀྱི་ཀར་ལུགས་ཕྱི་མ་རྣམས་ཐལ་འགྱུར་ལྟར་བཞེད། རྗེ་ཙོང་ཁ་པ་རྗེས་འབྲང་དང་བཅས་པས་ཐལ་འགྱུར་རྩལ་འདོན་དུ་མཛད་དོ། །འོན་ཀྱང་སྔ་མ་དང་མི་མཐུན་པའི་ཀུན་རྫོབ་ཚད་མས་གྲུབ་པ་དང༌། དེ་ཉིད་སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དུ་བཞེད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་འཁྲུལ་སྣང་གཟིགས་པར་བཞེད་པ་དང༌། དོན་དམ་པ་སྒྲ་རྟོག་གིས་གཞལ་བྱར་བཞེད་པ་དང༌། གནས་ལུགས་བསམ་གྱིས་མི་ཁྱབ་པ་རྟོག་གེས་གཞལ་བྱར་བཞེད་པ་སོགས་ཐལ་འགྱུར་སྔ་མ་དང་མི་མཐུན་པ་མང་དུ་ཡོད་དོ། །དེ་དག་གིས་རང་སྟོང་གི་རྣམ་བཞག་མདོ་ཙམ་བཤད་ཟིན་དོ། །། །


previousདབུ་མ་ཐལ་འགྱུར་པ།next