Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
  
  
  
མཇམ་མགོན་ཀོང་སྤྲུལ་ལ་ཀུན་ཤེས་ཀྱི་མཚན་གནང་བ།
 
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousམཇམ་མགོན་ཀོང་སྤྲུལ་ལ་ཀུན་ཤེས་ཀྱི་མཚན་གནང་བ།next

མཇམ་མགོན་ཀོང་སྤྲུལ་ལ་ཀུན་ཤེས་ཀྱི་མཚན་གནང་བ།


GTN006_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཆུ་སྦྲུལ་དཔྱིད་ཐོག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་རྗེ་འདི་ཉིད་ཀྱི་སྐུ་རྩར་ལོ་དྲུག་བསྙེན་ཏེ་ཚུར་ཕེབས་སྐབས། ཤེས་རབ་གསུམ་གྱི་ཡོན་ཏན་ཡར་ངོའི་ཟླ་བའི་རྗེས་སུ་འགྲོ་ཞིང་། འཆད་རྩོད་རྩོམ་པའི་འོད་སྟོང་ཐུབ་བསྟན་གླིང་བཞིའི་རྒྱན་དུ་མཛེས་ཤིང་། བསྟན་འགྲོའི་མི་མཐུན་རྒུད་པའི་མུན་པ་རིང་དུ་བསྐྲད་ཅིང་། ཕན་བདེའི་སྣང་བའི་དགའ་སྟོན་ཕྱོགས་བརྒྱར་སྤེལ་བའི་བྱེད་པོའི་མཆོག་ཏུ་མངའ་གསོལ་བའི་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ། ༡བློ་༷གྲོས་གཏེར༷་ཆེན་རྙེད་པས་བདེ། །རབ༷་དཀར་ལྷག་བསམ་བསྟན་འགྲོར་དགའ༷། །ཚང༷ས་བྱུང༷་སྙིང་དབུས་བསྙེམ༷ས་པ༷འི་གར། །ལང༷་ཚོའི་༷ཟླ་༷སྣང༷་གསལ་གྱུར་ཅིག ། ༢གཟོད་ནས་ཆོས་ཁམས་དགེ་བའི་ཕྱག་རྒྱ་ཆེ། །འགྲོ་འདིའི་ལེགས་བཟུང་རྫོགས་བྱང་ཉེ་བའི་རྒྱུར། །ཡེ་ཤེས་གཟིགས་པས་བསྔགས་པ་མི་བསླུ་བས། །བདེན་ངེས་གང་གི་གསང་གསུམ་བརྟན་པར་མཛོད། །༣ ཐོས་པས་བཅུ་ཕྲག་རིག་པར་བྱང་ཆུབ་ཅིང་། །བསམ་པས་ཐེ་ཚོམ་འཆིང་གྲོལ་ངེས་པ་རྙེད། །


GTN006_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པས་དེ་དོན་རྒྱུད་འབྱོར་ལུང་རྟོགས་བསྟན། །བདག་གིར་བགྱིད་ལ་རྒྱལ་བའི་རྗེས་སུ་སྙོགས། །༤ རང་རྒྱུད་མ་བཏུལ་གཞན་རྒྱུད་མི་དུལ་གཤིས། །སོ་བྱང་སྔགས་ལྡན་ས་ཟླའི་ཀཱ་ལ་ཤ ། ཁྱད་ཆོས་བཞི་ཡི་རིན་ཆེན་ཕྲ་ཚོམ་ཅན། །དོན་གཉིས་སྒྲུབ་པའི་རྟགས་སུ་བླང་བར་རིགས། །༥ ཉེ་རིང་མེད་པར་ཀུན་ལ་མ་འདྲིས་པའི། །མཛའ་བཤེས་ཉིད་བྱ་གཞན་གནོད་གཞི་བཅས་དོར། །དངོས་སམ་བརྒྱུད་ནས་ཕན་པ་འབའ་ཞིག་གིས། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོ་རྫོགས་པར་མཛོད། །༦བློ་གྲོས་བརྒྱ་ཕྲག་ཉི་མ་འབར་བའི་མཐུན། །ཤེས་བྱའི་ལྟད་མོར་མ་ཆུད་ཅི་ཞིག་ཡོད། །གནས་སྐབས་ཉི་ཚེའི་ཆུ་ཁུར་དྲི་ཕྲ་མོ། །རྟོག་དཔྱོད་དྲི་གཞོན་དར་བས་བསལ་བར་འོས། །


GTN006_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༧གང་ཐུགས་རིང་ནས་བསྟན་འགྲོར་རྗེས་ཆགས་ཀྱིས། །ཟུར་མིག་འཕངས་པའི་དམ་བཅའ་སྨིན་ལེགས་མས། །བློ་ལྡན་གྲོགས་སུ་སྦྲོན་ལ་གེགས་བྱེད་ཆ། །ཕྲ་མོ་ཙམ་གྱིས་གླག་ལྟར་མ་གྱུར་ཅིག ། ༨ ཆོས་ཀུན་རྟེན་འབྲེལ་ལྟོས་གྲུབ་བླ་སློབ་ཀྱི། །དམ་ཚིག་རྡོ་རྗེའི་སྲད་བུས་སྦྲེལ་བ་ཡང་། །བསྐལ་པར་མི་འགྱུར་ཉི་དང་ཟེར་བཞིན་འབྲེལ། །མདོར་ན་བསམ་པའི་དོན་ཀུན་ཡོངས་རྫོགས་ཤོག །ཅེས་སྐྱེས་སྦྱངས་ཤེས་རབ་ཕུལ་བྱུང་ཁྱུང་པོ་བླ་མ་བསྟན་འཛིན་གཡུང་དྲུང་སྒྲ་ཀཱ་ཙན་པཱ་ཎི་དབྱངས་ཅན་སོགས་སྒྲ་རིག་རྒྱ་མཚོར་བསླབ་སྦྱང་རྫོགས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ། བློ་གཏེར་རབ་དགའ་ཚངས་བྱུང་བསྙེམས་པའི་ལང་ཚོའི་ཟླ་སྣང་དུ་གསོལ་བའི་སྨོན་ཚིག་བསླབ་བྱ་དང་འབྲེལ་བ་ཤཱཀྱའི་དགེ་སློང་ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ནས་སྦྱར་པའི་ཡི་གེ་པ་ནི་ལྔ་རིག་སྨྲ་བ་དགེ་བླ་པདྨ་སྐལ་བཟང་གིས་བགྱིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ་བྷ་བ་ཏུ། ཞེས་པའི་ཚིགས་སུ་བཅད་པས་འབྱུང་འགྱུར་གྱི་གནས་སྐབས་ཕུན་སུམ་ཚོགས་པ་ཇི་ལྟ་བ་བཞིན་མཚོན་པར་མཛད། དེ་མཉམ་སྲུང་མ་སྤྱི་སྒོས་རྣམས་ལ་


GTN006_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འདིའི་ཕྲིན་ལས་སྒྲུབ་དགོས་པའི་བཅོལ་དམ་དང་ལེགས་སྐྱེས་ཀྱི་གནང་སྦྱིན་བསྩལ་པའི་ཆེད་དུ་བརྗོད་པ། འགྲོ་ཕྱིར་དམ་བཅའ་ཆེན་པོའི་ཁུར་ཐོགས་ནས། །སྤངས་རྟོགས་ཡོན༷་ཏན༷་རྒྱ་༷མཚོ༷ར་ལོངས་སྤྱོད་པ། །བསྐལ་བཟང་རྒྱལ་བ་སྟོང་དང་ཐ་མི་དད། །ཨོ་རྒྱན་རྡོ་རྗེ་འཆང་དེས་ཁྱོད་ལ་སྲུངས། །དེང་སྔོན་སྦྱངས་སྐྱེས་ཐོབ་ཀྱི་ཤེས་རབ་མངོན་པར་རྒྱས་པའི་མཁྱེན་རབ་ཀྱི་མྱུ་གུ་གསར་པ་ཐོས་བསམ་སྒོམ་པའི་འདབ་སྟོང་རྣམ་པར་རྒྱས་གྲུབ་པས། བློ་གསལ་བུང་བ་གཞོན་ནུའི་གསོས་སུ་གྱུར་པ་ལ་ཐེ་ཚོམ་བྲལ་ཞིང་། སླད་ཀྱི་ཆར་རིས་བྲལ་རྒྱལ་བ་མཆོག་གི་བསྟན་པ་བླ་ནས་བླར་འཕེལ་བའི་བྱེད་པོ་སྲིད་ཞིའི་འདྲེན་པ་མཆོག་ཏུ་མངའ་གསོལ་བར་བྱ་ཕྱིར། རྟེན་འབྱུང་གི་སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་ལེགས་སོ་འབུལ་བའི་རྟེན་མཚོན་ལ། བཀྲ་ཤིས་པའི་ལྷ་རྫས། བུམ་པ་ལེགས་པ་ཆ། རང་གི་གྱོན་པ་བཟང་གོས་ཀྱི་ཆོས་གོས་བཅས་ཕུལ་བ་བརྩེ་བ་མཆོག་གིས་རྗེས་སུ་བཞེས་པ་ནས། འཆད་རྩོད་རྩོམ་པ་དང་བཤད་སྒྲུབ་སྒོམ་པས་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཛད་པ་སྐྱོ་ངལ་སྤངས་ནས་རང་གཞན་དོན་གཉིས་དཀའ་བ་མེད་པར་འགྲུབ་པར་གདོན་མི་ཟ་བ་ལགས་པས་ཐུགས་ལ་བསྟིམ་འཚལ། གང་གི་གསང་གསུམ་བསྐལ་པ་བརྒྱ་ཕྲག་བར། །


GTN006_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མཐའ་ཡས་པའི་ངོ་བོར་ལྷུན་ཆགས་ཤིང་། །མི་ཤིགས་རྡོ་རྗེ་མི་འགྱུར་གཡུང་དྲུང་དང་། །མི་ནུབ་རྒྱལ་མཚན་ལྟ་བུར་བརྟན་གྱུར་ཅིག ། བཅུ་ཕྲག་རིག་ལམ་ཉིན་མོར་བྱེད་པའི་གཟིས། །རྨོངས་པའི་མུན་སྟུག་མ་ལུས་བསལ་བྱས་ནས། །བསྟན་འགྲོའི་དཔལ་གྱི་འདབ་མ་རྣམ་གྲོལ་བར། །རྣམ་མཁྱེན་སྐུ་བཞིའི་འབྲས་བཅུད་རྒྱས་འགྱུར་སྨོན། །སརྦ་ཐཱ་ཤུ་བྷཾ། ཞེས་ཚིགས་སུ་བཅད་པ་དང་བཅས་པའི་བདག་རྐྱེན་མཛད་ནས་བཅུ་ཕྲག་རིག་ལམ་རྒྱ་མཚོ་སྨྲ་བ་ལ་ཉམ་ང་བ་མེད་པའི་སྤོབས་པ་ཐོབ་སྟེ་ཕེབས། སླད་ནས་དཔལ་སྤུངས་སུ་ཕྱག་ཕེབས་སྐབས་སི་ཏུ་པདྨ་ཉིན་བྱེད་དང་མཇལ། ཀཾ་ཚང་བསྟན་པའི་བདག་པོར་མཆོག་ཏུ་བསྔགས་པ་དང་། ཁྱད་པར་ཀོང་བམ་སྟེང་སྤྲུལ་སྐུས་འཇམ་དབྱངས་ཀྱི་ལྗགས་བསྙེན་དུང་ཕྱུར་བཟླས་པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས། མཚན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་གསོལ་སྐབས། ལར་ཁོང་པ་ཞེ་ཆེན་ལ་ཚུར་ཕེབས་དུས། དཔོན་ཁང་སར་ཚང་གི་དྲུང་ཡིག་ལྟ་བུ་ལས། བླ་མ་ལྟ་ཞོག་གྲྭ་པ་ཞིག་གི་རྣམ་འགྱུར་ཡང་མངོན་གསལ་ཅན་མེད་ན་ཡང་བླ་མ་རྡོ་རྗེ་སློབ་དཔོན་གྱི་གོ་སར་མངའ་གསོལ་བ་དང་། ཚིགས་བཅད་དེ་ནང་ལ་ཡོན་ཏན་རྒྱ་མཚོའི་ཞེས་པའི་ཟུར་ཐོན་པས། བླ་མ་འདི་རིགས་ལ་ཐུགས་དགོངས་


GTN006_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་དུ་འཕགས་པ་རེ་མངའ་བ་ཐུགས་གཏིང་ནས་ཆེས་པས། སླར་ཡང་རྗེ་འདི་ཉིད་ལ་མི་ཕྱེད་པའི་དད་པ་ལྷག་པར་ཐོབ་པ་ཡིན་ཞེས། ཀོང་སྤྲུལ་རྡོ་རྗེ་འཆང་ནས་ལན་གྲངས་གསུངས་གནང་བ་དེ་ལྟར་ཡིན། དེ་ལྟར་བཅད་རྒྱ་ལོ་དྲུག་གི་ཁོང་དེར་བཟླས་བརྗོད་ཀྱི་གྲངས་ཞལ་ལེན་མཛད་པ་ལྟར་མཐར་ཕྱིན་པ་དང་། བསམ་སྒོམ་གྱི་ལག་རྗེས་ཅི་རིགས་པ་མྱོང་བ་ཐོན་པ། བསྟན་འགྲོའི་དོན་ཆེན་སྒྲུབ་ནུས་པའི་སློབ་མ་ཁྱད་དུ་འཕགས་པ་དུ་མ་འདུས་ཤིང་། དེ་དག་ལ་གཙུག་ལག་རྒྱ་མཚོའི་དགའ་སྟོན་སྤེལ་བ་དང་། བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་སྨིན་གྲོལ་གྱི་ལམ་ལ་སྐལ་བཟང་གི་སྐྱེ་བོའི་ཚོགས་དཀྲི་བ་དང་། དབང་ལུང་གི་གདམས་པ་གང་ལ་གང་འདོད་བསྩལ་བས་ཕྱོགས་ཀྱི་དད་འདུས་ཀྱི་རིགས་མཆོག་ཏུ་ཚིམས་པར་མཛད་པ་སོགས་དུས་གཅིག་ལ་བྱ་བ་མང་པོ་ལྷན་ཅིག་ཏུ་ཐོགས་པ་མེད་པར་སྒྲུབ་ནུས་པ་ངོ་མཚར་བའི་གནས་ཏེ། རྒྱན་ལས། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུན། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་དུས་གཅིག་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་པའི་ཚུལ་དང་མཐུན་པ་ལས་རང་ཅག་སོ་སྐྱེས་རྣམས་ཀྱིས་བྱ་བ་གང་འདྲ་ཞིག་སྒྲུབ་ཀྱང་གཅིག་གི་གོ་ས་ལ་མང་པོ་འདུ་བའི་སྐབས་མེད་དེ། དངོས་པོའི་གཤིས་ལུགས་ཡིན་པའི་ཕྱིར། འཕགས་ཆེན་རྣམས་ཀྱི་རྣམ་ཐར་ལ། མཛད་པ་སྣ་རེ་མི་ཚེ་རེར་བསྐྱངས་པ་ལྟ་བུ་ལ། ཡང་དེ་འདྲ་བ་འདྲ་མིན་མང་པོ་མཛད་ཚུལ་སྣང་བས་ཚུར་མཐོང་གི་བློ་ལ་ཤོང་དཀའ་བར་སྣང་བ་དང་ངེས་པར་མཐུན་པ་ཉིད་དོ། །


GTN006_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་རྒྱ་ལོ་དྲུག་གྲོལ་མ་ཐག ། ཆུ་སྦྲུལ་ཟླ་བ་ལྔ་པའི་ཚེས་བཅུའི་སྐབས་ཞེ་ཆེན་དགོན་ཆེན་ལ་ཕྱིར་ཕེབས་ཏེ་ཚེས་བཅུའི་སྐྱ་འཆམ་རྣམས་ལ་འཆམ་སྣ་ཚང་མ་མང་གྲལ་དུ་སྐུ་འཆམ་དང་། དངོས་གཞིའི་ཉིན་བྱང་འདྲེན་པ་རྣམས་ཀྱི་གྲལ་ལ་འཆམ་རོལ་གདངས་དབྱངས་རྣམས་ཇི་ལྟ་བར་མཛད་པས། ཁོང་ལ་དད་པ་རྣམས་ཀྱིས་བླ་མ་འདིའི་ལོ་དྲུག་གི་རིང་ཚེས་བཅུའི་འཆམ་གཟིགས་ཐོས་མེད་པ་ལ། ད་རེས་འདི་འདྲ་ཐོགས་མེད་མཁྱེན་པ་མི་བརྗེད་པའི་གཟུངས་ཐོབ་པ་རེད་མ་གཏོགས་གཞན་རྣམས་ཀྱིས་ལོ་བསྟར་འཆམ་གྲལ་དུ་འགྲོ་ན་ཡང་དུས་ལ་བབ་ཚེ་བློ་གསོ་བཟང་བ་རེ་མ་བྱས་པར་མི་ཤེས་འདུག་ཟེར། ཡེ་མི་དད་པ་རྣམས་ཀྱིས། ཁོང་བླ་མ་ཚུལ་ལ་མི་མཁས་པ། མི་མགོ་ཡངས་རེད་མ་གཏོགས། འཆམ་དང་རོལ་མོ་བྱེད་པ་གྲྭ་པའི་བྱ་བ་རེད་མ་གཏོགས་བླ་མའི་མཛད་པ་རང་ཅི་ལ་ཡིན། བླ་མའི་ཀུན་སྤྱོད་དེ་རིང་མི་མང་ཁྲོད་དུ་ཁྲི་མཐོ་བའི་སྟེང་སྐུ་ཆས་གཟབ་སྤྲོས་དང་བཅས་བརྗིད་ཆགས་པ་ཞིག་བྱས་བཞུགས་ན་དེ་རང་ལེགས་པ་ཡིན་ཟེར། གང་ལྟར་ཡང་སྨིན་གླིང་ལུགས་ཀྱི་སྒྲིག་ལམ་རྣམ་བཞག་ལ་ཐུགས་ལྷག་པར་དགྱེས་པས། དུས་ནམ་གྱི་ཚེ་ཡང་བཏང་སྙོམས་དང་གལ་ཆུང་མི་མཛད་པར་མེ་དང་ཚ་བ་འགྲོགས་པའི་དཔེ་ལྟར་ཡོད་པ་ཡིན། དེའི་རྗེས་འཕྲལ་ནང་ཆེན་སྐོར་བརྒྱུད་ཕེབས་པར། ལྡན་བརྒྱུད་རིམ་པར་མདོ་ཁམས་ཅོག་ལེ་ཐང་དང་། མཁའ་འགྲོ་འབུམ་རྫོང་སོགས་ལ་རིམ་པར་སྒར་


GTN006_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པས། ནང་ཆེན་པས་ཇོ་སང་ཞིག་མཇལ་དར་བཏང་བར་འབྱོར་ནས། རྒྱལ་སར་བྱོན་ཐུབ་པར་ཞུས། ལྷོ་ཡེ་ཕུག་ལ་བྱོན། གནས་རྣམས་ལ་ཚོགས་འཁོར་དང་མཆོད་འབུལ་དང་། སྐུ་ཕྲེང་སྔོན་མ་གསལ་ལྡོམ་སྒོམ་ཤེའི་བཞུགས་གནས་དང་མཆོད་སྡོང་བྲག་རྩེར་ཡོད་པ་སོགས་ལ་རྒྱུ་མཚན་འཆད་པ་དང་། ཕྱག་མཆོད་ཕུལ། ནང་ཆེན་སྒར་དུ་ཕེབས་ནས་དབང་ཆོས་ཁ་ཤས་མཛད། སྲས་ཨ་བདེ་ལ་སྒྲ་ཀཱ་ལ་པའི་འགྲེལ་པ་སོགས་ཀྱི་དཔེ་ཆ་མ་འབྱོར་བས་རྩ་བ་ཁོ་ནའི་སྟེང་ནས་ཁྲིད་མཛད་དེ། མཚམས་སྦྱོར། མིང་ལེ་ཀུན་བཤད། ཀྲ໏ཏ་བཅས་མཐར་ཕྱིན་པར་གྲུབ་པས། སྒྲའི་རི་མོ་ལ་ཤིན་ཏུ་བྱང་ཆུབ་པས་ལྷ་དབང་གཞོན་ནུ་མིའི་རྣམ་པར་བཞེངས་པར་སོམ་ཉི་མེད་པ་དེ་འདྲའི་མཁས་པ་ཟེར་ནས་མཆོག་དམན་ཀུན་གྱིས་ཆབས་གཅིག་ཏུ་གླེང་། སྒོམ་སྡེ་འཁྲུལ་ཞིག་སྤྲུལ་པའི་རྒྱལ་སྲས་ཨ་བདེ་རིན་པོ་ཆེ་དེ་ཡང་སྔོན་སྦྱངས་ཀྱི་འཕྲོ་སད་པ་ལ། ཁྱད་པར་རྗེ་འདིའི་མཁྱེན་པའི་ཡེ་ཤེས་ཀྱི་བྱིན་རླབས་དངོས་སུ་ཞུགས་པས། སྒྲ་དང་སྙན་ངག་ལ་མཁས་པའི་རྩེར་སོན་པས། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་གྱི་བསྔགས་པའི་ཟླ་བའི་ཅོད་པན་གསོལ་ནས་བླ་སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ཚུར་ཆིབས་ཀྱི་ལམ་བར་རྣམ་རྒྱལ་གླིང་བརྒྱུད་ཟུར་མང་བདུད་རྩི་མཐིལ་དགོན་དུ་བྱོན། གཏེར་སྟོན་རོལ་རྡོར་སྤྲུལ་སྐུའི་མདུན་ནས་ཚེ་དབང་གསན་པས་མཚོན་བླ་བྲང་དགོན་པ་བྱིངས་དང་ཞིབ་ཆ་མཛད། དེ་རྣམས་ཀྱིས་བསྙེན་བཀུར་


GTN006_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་དུ་ཕྱིན་པ་བསྒྲུབས། དེ་ནས་གཤོང་ནག་རི་ཁྲོད་ལ་བྱོན་ནས་བདུན་མཚམས་ཞིག་བཞུགས། དེ་གྲོལ་ནས་ཀེ་རྒྱུད་པ་ལ་སྡོམ་བུ་དང་ཁྲོམ་དབང་། སྦྱི་བསང་སོགས་གང་དགོས་མཛད། དེ་རྣམས་ཀྱིས་ཀྱང་བཀུར་སྟི་དང་འབུལ་ནོད་རྒྱ་གང་ཆེ་ཕུལ། དེ་མཚམས་མདོ་སྨད་སྐྱེ་དགུའི་གཙུག་རྒྱན་སྒྲུབ་བརྒྱུད་བསྟན་པའི་ཉི་མ་ལྷོ་ཁམས་པ་རིན་པོ་ཆེས་མ་བྱོན་ཐབས་མེད་ཀྱིས་གདན་ཞུས་ལ་གྲྭ་མགྲོན་ཆེད་བཏང་འབྱོར་བས། དེ་མཚམས་སྒར་ཆེན་ཚུར་ལོག །སྒར་ཆུང་ཕྱེས་ནས་ཁམས་པའི་སྒར་དུ་བྱོན། བསུ་བ་དང་། ཐོག་རོལ། སྤོས་སྣ། རྒྱ་གླིང་གི་བསུ་མ་སོགས་ཀྱིས་གུས་པ་བསྟབས་ཏེ། ཕོ་བྲང་དུ་བྱོན་ནས་ཁམས་སྤྲུལ་རྡོ་རྗེ་འཆང་དང་ལུགས་གཉིས་ཀྱི་གླེང་མོ་སྣ་ཚོགས་དང་། ཁྱད་པར་རིག་གནས་ཀྱི་སྐོར། མདོ་སྔགས་ཀྱི་གཞུང་དང་། ཟབ་མོ་ནང་གི་སྐོར་རྣམས་ཞག་མང་དུ་སྦྲེལ་བས་ཐུགས་ལ་དགྱེས་པའི་ཚུལ་ཚད་མེད་པ་འཁྲུངས་ནས། སྔ་འགྱུར་རྙིང་རྒྱུད་རིན་པོ་ཆེའི་པོད་ལུང་ཚང་མ་གསན། གཞན་ཡང་གཏེར་རྙིང་རཏྣའི་སྐོར་དང་། སྨིན་གླིང་གཏེར་ཆོས་སྐོར་ཀྱང་མང་ཞིག་དང་། ལུང་ཕྲན་ཚེགས་སྣ་ཚོགས་པ་བཅས་གསན། གཤིན་རྗེ་དྲེགས་པ་འཇོམ་བྱེད་ཀྱི་སྒྲུབ་བཟློག་གནད་སྨིན་མཛད། ཚུར་ཡང་དབང་ལུང་ཕྲན་ཚེགས་འགའ་གསན། རྒྱ་དངུལ་རྡིལ་ཚད་གཉིས་ཀྱིས་གཙོས་པའི་ཚན་གྲངས་བརྒྱ་ཕྲག་གཅིག་དང་། ཉེར་ལྔའི་འབུལ་བ་དང་། ཆིབས་སྐྱེལ། གསོལ་སྟོན་སོགས་རྒྱ་གང་ཆེ་བསྒྲུབས་ཏེ། བླ་སློབ་ཤིན་དུ་ནང་གཤིན་འགྲན་


GTN006_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་དང་བྲལ་བར་མཛད་དེ་ཚུར་བྱོན་པའི་ལམ་ཁ་ནས་ལྷ་ཐོག་དཔོན་ཚང་གིས་བཀའ་དབང་འགའ་གསན། གསོལ་སྟོན་དང་ཞབས་ཕྱི་མཐུན་འགྱུར་གང་དགོས་བསྒྲུབས་ནས། ཆིབས་ལམ་བདེ་བའི་ངང་དུ་ཕེབས་ཏེ་ཞེ་ཆེན་དུ་ཟླ་བ་བཅུ་གཉིས་པའི་སྟོད་ལ་འབྱོར། དེའི་ཕྱིར་ལོ་ཁམས་པ་སྐུ་ཞབས་རིན་པོ་ཆེའི་མདུན་ནས། བྲག་གཡབ་པ་ངག་དབང་ཉི་མ་དང་། ཆབ་མདོ་པ་ཤེས་རབ་བཟང་པོ་གཉིས་ཕྱི་ནང་གི་རིག་གནས་རྣམས་བསླབ་ཕྱིར་ཆེད་དུ་བཏང་། སྐུ་ཞབས་ཁམས་སྤྲུལ་རྡོ་རྗེ་འཆང་ཉིད་ཀྱིས་བཀའ་བཀོད་ལྟར། ངག་དབང་ཉི་མས་སྒྲ་གཞུང་ཙནྡྲ་པ་དང་། ཤེས་རབ་བཟང་པོས་ཀཱ་ལ་པ་གཉིས་ཐོག་མར་བསླབ་སྟེ། དེའི་ཁོངས་སུ་བོད་ཀྱི་བརྡ་དག་ཀྱང་ཞོར་དུ་འགྲོ་བར་མཛད། དེ་རྗེས་སྡེབ་སྦྱོར་དང་། སྙན་ངག །མིང་གི་མངོན་བརྗོད། རྩིས་དཀར་ནག་སོགས། ཤེས་བྱ་རིག་པའི་གནས་ལ་ཐོས་བསམ་ཉམས་འོག་ཏུ་ཚུད་དེ་སླར་རང་ཡུལ་དུ་ལྡོག་སྐབས། སོ་སོར་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དོན་ལྡན་གྱི་བསྔགས་བརྗོད་ཞལ་གདམས་དང་འབྲེལ་བ། སྨོན་ཚིག་ཤིས་བརྗོད་ཀྱི་ཨུཏྤལ་ལའི་ཐོད་བཅིང་ལྷ་མིའི་འཇིག་རྟེན་ན་རིན་ཐང་དང་བྲལ་བ་དང་བཅས་ཕྱིན་པས། རྡོ་རྗེ་འཆང་ཁམས་སྤྲུལ་རིན་པོ་ཆེ་ཐུགས་དགྱེས་པའི་སྐྱེས་ལན་གཏོས་ཆེ་བ་དང་། སྙིགས་མའི་དུས་འདི་ཙམ་ན་ས་སྟེང་ན་འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོ་ཡིན་པར་མ་ཟད། བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་གང་བས་འཕགས་པ་འཇམ་དཔལ་དབྱངས་དང་མཚུངས་པའི་གཞན་ཕན་ཕྲིན་ལས་དངོས་


GTN006_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྣང་བའི་ཆེད་དུ་བརྗོད་པ་དང་བཅས་གནང་། དེ་ནས་ཤིང་གི་རྟ་ལུག་དང་མེ་སྤྲེལ་མེ་བྱའི་སྟོད་རྣམས་ལ་ཅི་མཛད་རྩ་ཐོ་ཞིབ་ཆ་མི་སྣང་། དོན་དུ་བཞུགས་གནས་རི་ཁྲོད་དུ་སྔར་རྒྱུན་བཞིན་སྤྱིར་བཞུགས་གདན་འཇགས་པར་གཞིར་མཛད་ལ། དབྱར་སྡོམ་དང་དགུན་ཁར་ནས་བསོད་ལོ་ལ་ཁ་ཡར་བྱོན་པ་དང་། དབང་ལུང་དང་གདམས་ཁྲིད་ཀྱིས་དད་ལྡན་གྱི་སྐྱེ་བོ་ཚིམ་པར་མཛད་པ་སྔར་རྒྱུན་ལྟར་ལས། ཁྱད་པར་ཕུག་ཁང་སྤྲུལ་སྐུའི་གསོལ་དཔོན་དགེ་རྩེ་བླ་མ་འགྱུར་མེད་དོན་གྲུབ་ལ། སྒྲ་མདོ་ཀཱ་ལ་པ་དང་། དབྱངས་ཅན་མ་གཉིས། སྡེབ་སྦྱོར། སྙན་ངག །ཡིག་རིགས། རྒྱུད་བཤད་དང་། སྡོམ་གསུམ་བཤད་པ་བཅས་ཕུལ་དུ་ཕྱིན་པར་བསླབ་པར་མཛད། འཇུ་བླ་བསྟན་དར། དགེ་མང་བླ་མ་སྨོན་ལམ་དར་རྒྱས། ཝ་ཤུལ་བླ་མ་སངས་རྒྱས་བཟང་པོ། ཕུག་ཁང་དབོན་སྙིང་པོའི་དོན་རྟོགས། བླ་མ་འགྱུར་མེད་སྙིང་པོ། ཞེ་དགོན་བླ་གྲྭ་ཁ་ཤས་བཅས་ལ། སྒྱུ་འཕྲུལ་ཞི་ཁྲོའི་དབང་སྔོན་དུ་འགྲོ་བས་གསང་བ་སྙིང་པོའི་སྤྱི་དོན་དང་། ཚིག་དོན། མཐའ་དཔྱོད་སོགས་ཀྱི་བཤད་པ་ངོ་མཚར་བ་དང་། རྗེས་འབྲེལ་རྒྱུད་ཆོག་བཏང་ནས། ལེགས་ལྡན་གྱི་དབང་། གཉེར་གཏད་སོགས་ཞིབ་པར་མཛད། དེ་རྗེས་གསེར་མདོག་ཅོད་པན་འཆང་བའི་ལུགས་བཟང་མཁའ་ཁྱབ་ཏུ་སྤེལ་བའི་ཕྲིན་ལས་ཅན་ཧོར་དགོན་སྡེ་བཅུ་གསུམ་གྱི་བདག་པོ་ལུང་དང་རིགས་པ་སྨྲ་བའི་དགེ་བའི་བཤེས་གཉེན་དགོན་སར་ཆོས་རྗེ་བློ་བཟང་མཐུ་སྟོབས་ལགས་


GTN006_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སྤྱིར་དགེ་ལྡན་པའི་བསྟན་པ་འདི་ལ་རྒྱལ་མཆོག་ལྔ་པའི་སྐུ་དུས་ནས་སྨིན་གླིང་གི་གཏེར་ཆོས་འདི་རིགས་རིམ་གྲོ་ལ་མཆོག་ཏུ་བསྔགས་པའི་ལེགས་ལམ་ཡོད་པ་ཐུགས་ལ་བརྣགས་ཏེ། ལུགས་དེ་ལ་རྗེ་འདི་ཉིད་བསྙེན་སྒྲུབ་ལས་གསུམ་ལ་ནང་བྱན་ཆུབ་པ་ཡིན་པ་མཁྱེན་ནས། འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་སྲུང་བཟློག་བསད་པའི་ལས་རིམ་བསྟན་དོན་ལ་དགོས་ཞེས། གདན་འདྲེན་པ་ཆེད་བཏང་ནས་གསུང་ལེགས་སྐྱེས་བཅས་འབྱོར་བས། དགོངས་བཞེད་བཞིན་ཕེབས། སྒྲུབ་ཕྲིན་གྱི་རིམ་པ་གནད་དུ་འཁྱོལ་བ་དང་། ཕྱག་བཞེས་ཕྲ་ཞིབ་ཀྱི་རིམ་པ་དང་བ་འདྲེན་པར་མཛད་པས། ཆོས་རྗེ་རིན་པོ་ཆེས་འདི་ཉིད་སྔ་འགྱུར་པའི་གྲུབ་མཐའ་འཛིན་པ་ལ་ཁྱད་དུ་འཕགས་པ་གཟིགས་ནས་རིག་གི་བདག་པོར་བཀུར་ཏེ། འདུས་པ་མདོ་དབང་ཚང་མ་ལུང་བཅས་དང་། རྡོར་སེམས་དབང་ལུང་ཁྲིད་སོགས་མཛད། བསུ་བ་དང་སེར་སྦྲེང་བཅས་ཀྱི་བཀུར་སྟི་དང་། ལེགས་འབུལ་ཀྱང་རྒྱ་དངུལ་རྡིལ་ཚད་སོགས་ཚན་གྲངས་དུ་མའི་དངོས་པོ་བསྟབས། དེ་འཕྲོས་རྟ་ལུག་གཉིས་མཚམས་ནས། སྡེ་གླིང་གཉིས་པོ་ནང་འཁྲུག་ཚབས་ཆེན་བྱུང་བས། ཞེ་རྫོགས་གཉིས་སྡེ་གླིང་བར་གྱི་དགོན་སྡེ་ཡིན་པས། བརྗོད་གཞི་རྣམས་སྣེ་ཐུག་པ་དང་། འཇགས་མཚམས་འོང་དུ་རེ་ནས་བྱོན་བཞུགས་སྣ་ཚོགས་ཀྱིས་ཐུགས་ཁུར་དུ་མས་བྲེལ། གྲུ་ཟམ་འདི་སངས་རྒྱས་སྣ་ཚོགས་སྤྲུལ་སྐུ་རྣམས་ཀྱི་ནང་ནས་རྣོ་ཤོས་ཡིན་བཞིན། རྒྱལ་ཚབ་རྡོ་རྗེ་འཆང་རིན་པོ་ཆེའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་སྒོ་ནས། ནམ་ཆུའམ་ཟིང་ཆུར་གྲགས་པའི་ཆུ་


GTN006_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འདི། དབྱར་དུས་མགྲོན་པོ་རྣམས་ལ་བགྲོད་དཀའ་བའི་འཇིགས་པ་དང་། སྤྲང་པོ་མང་པོ་ཆུ་གྲིར་ཤི་བ་ལ་རྗེས་སུ་བརྩེ་བས་ཟམ་ཆེན་གསར་འཛུག་མཛད་པ་ལ། དགེ་བསྙེན་དང་སྡེ་བརྒྱད་ཀྱིས་འཁྲེན་གཟེར་གྱིས། ཐེངས་ཁ་ཤས་ལ་ཆུས་ཁྱེར་ཤོར་སྐབས། རྨོག་གྲུབ་ནམ་མཁའི་མཚན་ཅན་གྱིས་ས་འདུལ་མཛད། སྡེ་བརྒྱད་ལ་བཀའ་ནན་དང་ཟམ་པ་འཛུགས་པའི་ས་དམིགས་འདི་ལེགས་གསུངས་ནས་རྨང་རྡོ་འགའ་ཞིག་ཕྱག་གིས་བཞག་སྟེ། ཕྱིན་ཆད་འདིའི་རྒྱུད་ལ་མ་ཎི་རྡོ་འབུམ་ཞིག་གཞག་ན་ཇི་སྲིད་བར་རྒྱུན་བརྟན་པར་འགྱུར་ཞེས་ལུང་བསྟན་པ། དེ་རྗེས་བཀྲ་ནང་ཨ་གྲོ་ཚང་གིས་པད་སྤུངས་ཤིག་བཞེངས་པ་ཟམ་པའི་ཉེ་རྩར་བཞག་ན་ལེགས་ཞེས་ཞེ་ཆེན་བླ་བྲང་གིས་བསྙད་ཀྱང་མ་བཞག་པ། ཁོ་རང་ཚང་གིས་བཀྲ་མདར་རང་རྩིག་སོང་བ། དེ་དོན་ཐུགས་ལ་བཅག་ནས་ཟམ་པའི་ཉེ་རྩ་དེར་རྡོ་འབུམ་བཞེངས་པའི་རྨང་གཟའ་སྐར་ཤིས་པ་ལ་བཏིང་ནས་རིམ་པར་བསྒྲུབས་པས། ཡིག་དྲུག་རྡོ་དུང་མང་ཞིག་དང་། གངས་ཅན་ལྗོངས་འདིའི་རིས་མེད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ལ་གསོལ་འདེབས་དང་། བསྟན་པ་རྒྱས་བྱེད་ཀྱི་ཚིགས་སུ་བཅད་པ་རྣམས་ལེགས་སྦྱར་དུ་བསྒྲུབས་ནས་སུམ་བིད་ངོ་མཚར་བ་བློ་གསལ་མིག་གི་བདུད་རྩིར་གྱུར་པ་དག་སྒྲུབ་པར་མཛད། མེ་བྱ་ལོ་དགུན་སྟོད་རྫ་རྒྱུད་འབྲུ་ལྡོམ་ལ་བྱོན་ཤུལ་དུ། ཀཿ ཐོག་རྨོག་ཚ་རིན་པོ་ཆེའི་རིགས་དབོན་རིག་འཛིན་འཇིགས་མེད་གླིང་པ་དང་ཐར་རྩེ་ནམ་མཁའ་འཆི་མེད་ཀྱི་སྤྲུལ་པའི་ཟློས་གར་སྐྱེས་ཐོབ་ཀྱི་ཤེས་རབ་ཟླ་བ་འབུམ་ལས་གསལ་བ།


GTN006_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་གུས་ཀྱི་བརྩོན་འགྲུས་དུས་མཐའི་ཞུགས་ལས་མྱུར་བ། བསྟན་འགྲོའི་ཕན་བདེའི་སྤེལ་བའི་ལྷག་བསམ་དུང་དང་པད་རྩ་ལྟར་དཀར་བ། སྐུ་ན་ཚོད་གཞོན་ཡང་། ཐུགས་ཤེས་བྱ་མཁྱེན་པའི་རྣམ་དཔྱོད་ལྷ་ལམ་ལྟར་ཡངས་པ་༧འཇིགས་མེད་མཁྱེན་བརྩེའི་མྱུ་གུར་འབོད་པ་ཉིད་ཆོས་ཁོ་ནའི་ཆེད་དུ་རྗེ་འདི་ཉིད་ཀྱི་ཞབས་པད་བསྙེན་པའི་ཕྱིར་རི་ཁྲོད་དུ་ཕེབས། རྫ་རྒྱུད་འབྲུ་ལྡོམ་འཁོར་མ་ཐག་ལྷོ་སེང་ཚ་དོན་གྲུབ་བཀྲ་ཤིས་ཞེས་ཤེས་རབ་བརྩོན་འགྲུས་ཕུན་སུམ་ཚོགས་པ་མངའ་བ་དེ་ཡང་སྔོན་ནས་བྱོན་ཏེ་བཞུགས་ཡོད་པ་བཅས་ཁོང་རྣམ་གཉིས་ལ། ཐོག་མར་སྒྲ་དབྱངས་ཅན་མ་དང་། དེ་རྗེས་སྙན་ངག །སྡེབས་སྦྱོར་སོགས་ཞིབ་ཆ་ཕུལ། ཁྱི་ལོ་དགུང་གྲངས་ང་གཉིས་བཞེས་ཐོག་སྤྲུལ་སྐུ་མཁྱེན་བརྩེའི་མྱུ་གུ་ལ། ཀ་ཙན་གཉིས་ཀྱི་རི་མོ་དང་། འགྲེལ་པ་འདོད་འཇོ་བཅས་བསླབས། ཟླ་བ་གསུམ་པའི་ནང་རྫ་དགོན་སར་ཆོས་རྗེ་རིན་པོ་ཆེ་ཞེ་ཆེན་རི་ཁྲོད་དུ་བྱོན། དེ་དང་སྤྲུལ་སྐུ་མཁྱེན་བརྩེའི་མྱུ་གུ་སོགས་སྐལ་ལྡན་གྱི་འདུས་པ་དུ་མ་དང་བཅས་པ་ལ། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་ཁྲིད་བཅས་མཐའ་རྒྱས་དང་། གཙུག་ཏོར་དྲི་མེད་དབང་། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་། ལྔ་པ་རིན་པོ་ཆེའི་དག་སྣང་རྒྱ་ཅན་ཉེར་ལྔའི་དབང་ལུང་ཚང་མ། བཀའ་བརྒྱད་བདེ་འདུས་དབང་ཆེན། སྔགས་སྡེབ་ཀྱི་ཕྱག་ཁྲིད། དྲེགས་འཇོམས་དབང་ལུང་། གཟའ་དང་དུར་ཁྲོད་མ་མོའི་བེ་བུམ་སོགས་ཟླ་བ་གཅིག་ལྷག་ཙམ་ལ་མཛད། དེ་མཚམས་ནས་ཆོས་རྗེ་ཕྱིར་བྱོན།


GTN006_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཉིད་ཁྲོ་ཤུལ་ནས་གདན་ཞུས་བྱུང་བས་དེར་ཕེབས་ནས་ཟླ་བ་གཅིག་འཁོར། ཚུར་ཕེབས་ནས་ཟླ་བ་དྲུག་པའི་ནང་ལ་སྤྲུལ་སྐུ་མཁྱེན་བརྩེ་དང་བླ་སློབ་ཆབས་ཅིག་དཔལ་སྤུངས་ཚེས་བཅུ་ལ་ཆིབས་སྐྱོད་མཛད། སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་གདུང་མདུན་མཆོད་འབུལ་མར་མེ་སོགས་དང་། སྙན་ཤལ་ཕུལ་ནས་སྨོན་ལམ་དུ་མ་མཛད། ཀརྨ་པ་ཐེག་མཆོག་རྡོ་རྗེ་མཇལ། ལུགས་གཉིས་ཀྱི་གསུང་གླེང་ཞིབ་པར་གནང་། སི་ཏུ་རིན་པོ་ཆེས་སྐབས་དེར་འབུལ་བ་གནང་སྐྱེས་རྒྱ་ཆེར་བསྩལ་བ་སོགས་གཟེངས་བསྟོད། ཟླ་བ་དྲུག་པའི་ནང་དེར་ཚུར་ཕེབས། དེ་སྐབས་ཀརྨ་པ་ཚབ་ཚ་ལ་བྱོན་ལམ་དུ་ཟམ་ཁའི་རྡོ་འབུམ་ལ་ཕྱག་ནས་ཞུས། གསོལ་སྟོན་ཞིབ་ཆ་མཛད་སྐབས། ཁྱོད་རང་ཁམས་དབུས་གཉིས་ན་མཁས་པ་འགྲན་ཟླ་དང་བྲལ་བ་རེད་གསུངས་ནས། མ་ཧཱ་པཎྜི་ཏའི་མཚན་གྱི་ཅོད་པན་བཅིངས། ཟླ་བ་བདུན་པའི་ནང་། སྤྲུལ་སྐུ་མཁྱེན་བརྩེ་སླར་ཡང་བྱོན་པར་སྡོམ་གསུམ་རྣམ་ངེས་ཀྱི་བཤད་པ་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་སྔོན་དུ་འགྲོ་བས། རྒྱུད་རྒྱལ་གསང་བའི་སྙིང་པོའི་སྤྱི་དོན་འབྲུ་འགྲེལ་བཅས་དང་། གཞན་རྒྱུད་འགྲེལ་ཕྱོགས་བཅུའི་མུན་སེལ། དཀོན་མཆོག་འགྲེལ། སྒྲོལ་གཡུང་གཉིས། སྨན་ཊཱིཀ་སོགས་ལུང་གང་བཞུགས་ཐམས་ཅད་གནང་། ཕྲན་ཡང་དེ་སྐབས་ཞིག་ལ་སྐུ་རྩར་བཅར་ནས་སྒྲ་དབྱངས་ཅན་མ་ཞིག་སྦྱང་རློམ་བྱས།


previousམཇམ་མགོན་ཀོང་སྤྲུལ་ལ་ཀུན་ཤེས་ཀྱི་མཚན་གནང་བ།next