Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

11 occurrences of གཏེར་སྲུང་
[Clear Hits]


  
  
  
  
 
 
 
  
 
  
 collapse section
  
  
  
 
  
  
  
  
  
  
  
  
  
  
  
སྟོང་སྐོར་དགེ་སློང་བསྟན་པ་ཚུལ་ཁྲིམ་ལ་གདམས་པ།
  
  
  
  
  
  
  


11 occurrences of གཏེར་སྲུང་
[Clear Hits]

 
previousསྟོང་སྐོར་དགེ་སློང་བསྟན་པ་ཚུལ་ཁྲིམ་ལ་གདམས་པ།next

སྟོང་སྐོར་དགེ་སློང་བསྟན་པ་ཚུལ་ཁྲིམ་ལ་གདམས་པ།

༄༅། །ཀ་ཡི་གསོན་དང་འོ༵ད་གས༵ལ་སྒྲོན༵་མ༵། །ཁ་ཞེ་མེད་པར་ཆོས་བྱེད་ངེས་ན། །ག་དར་སྒོ་གསུམ་ཡུལ་ལ་གྱིས་ལ། །ང་ཆེ་ང་མཛེས་ཞེན་པ་སྤང་ནས། །ཅ་ཅོས་ལོང་གཏི་སྐྱུར་ལ་ཆོས་སྒྲུབ། །ཆ་ལུགས་ལྟར་སྣང་མཛེས་པས་མི་ཡོང་། །ཇ་ཧོང་ན་བཟའ་ཆོས་པར་མི་འགྲོ། །ཉ་བཞིན་དགེ་སྦྱོར་ཆབ་དང་འགྲོགས་དགོས། །ཏ་ལའི་ནགས་སུ་བྱ་སྤེལ་ཚོགས་ལྟའི། །ཐ་ཆད་གྲོགས་ངན་ཡ་ཀའི་རྒྱུར་འགྲོ། །ད་ནས་ཆོས་གྲོགས་མ་གཏོགས་རོགས་སྤོངས། །ན་རྒ་འཆི་ལ་ཆོས་མཐའ་གཏུགས་མཛོད། །པཱ་པཾ་ཁྱིམ་ཐབས་སྤངས་པའི་དོན་འགོར། །ཕ་རོལ་འགྲོ་དུས་མི་འགྱོད་ཙམ་མཛོད། །བ་མོ་བོ་འུར་འབྲལ་མི་རུང་བཞིན། །མ་ལྟར་བྱམས་པའི་བླ་མར་རྟེན་མཛོད། །ཙ་ཀོ་ར་བཞིན་མི་ལ་བྲོས་དང་། །ཚ་གྲང་ནད་ལྟའི་ཆགས་སྡང་བྲི་ཡོང་། །ཛ་ཡ་གོང་མའི་བཀའ་རྗེས་འབྲངས་ན། །ཝ་མོ་གལ་ལས་ཐར་བ་འདྲ་ཡོང་། །ཟྭ་ལྟར་མཐོ་བའི་བླ་དཔོན་ཡིན་གྱང་། །ཟ་ར་ཟི་རས་མཐུན་སྡེབས་མ་བྱེད། །འ་འོལ་ཟོལ་ལྡན་དགྲེགས་ཀྱིས་བསླུ་བས། །ཡ་རབས་བསྐྱོད་ཁར་ལྕི་དོན་དྲན་མཛོད། །ར་གན་གསེར་བརྫུའི་བཟང་རོམས་འགའ་ཞིག །ལ་ཅའི་ཞུན་ཐིག་ཇི་བཞིན་བགོ་ཡོང་། །ཤ་ཚ་ངེས་པ་ཆོས་མཐུན་གྲོགས་ལས། །ས་ཆ་གང་ན་ཡོད་པར་དཀའ་བའི། །ཧ་ལ་ནག་པོ་སྨན་དང་མ་ནོར། །ཨ་ཅེ་ཁྱོད་ལ་སྙིང་གཏམ་སྨྲས་འདི། །ཨ་དོན་སེམས་ལ་ཟུང་ལ་ཆེས་མཛོད། །དེ་སྐད་སྨྲས་འདིས་ཁྱེད་ལ་དགེ་ཤོག །རྣམ་དཀར་ལ་གདམས་པ་ལགས་སོ། །དཔལ་རྡོ་རྗེ་འཆང་དང་དབྱེར་མེད་མ། །ཕ་འཇིགས་མེད་གླིང་པ་སྤྱི་བོས་མཆོད། །ཁྱོ་གསོན་དང་དད་ལྡན་དམ་པ་ལགས། །སྤྱིར་མདོ་སྔགས་གང་གི་སྒོར་ཞུགས་ཀྱང་། །རང་ཉིད་སྒོ་གསུམ་དུལ་མིན་དཔྱད། །མི་ཁྱན་གྱིས་རང་རྒྱུད་འདུལ་དཀའ་སྡེ། །རང་ཉིད་ཀྱིས་སྐྱོན་ཚོགས་ངོས་བཟུང་ཚེ། །སྐྱོན་མང་མཐོང་ཡོན་ཏན་ཉུང་རྟོག་ན། །དེ་ཡོན་ཏན་འཕེལ་བའི་མངོན་རྟགས་ལགས། །ཚུལ་དེ་ལས་ལྡོག་ན་སྐྱོན་འཕེལ་རྟགས། །ལར་ཐོས་པས་རང་རྒྱུད་གྲོལ་ངེས་ན། །ཕྱིའི་མ་དག་སྣང་བ་དག་པར་འཆར། །སེམས་གཉིས་འཛིན་དང་ཐེ་ཚོམ་སྦུབས་ལས་གྲོལ། །དོན་དེ་ཕྱིར་དག་སྣང་སྤེལ་བ་གཅེས། །ཉིད་དམ་པ་སྐྱེ་སྔོན་ང་རང་དང་། །ཆོས་དམ་ཚིག་བྲེལ་ངེས་ལྟས་བཟང་གསལ། །གང་ཞེས་ན་སྲིད་པ་སྔོན་མའི་སྐབས། །ཉིད་རྫོགས་པ་ཆེན་པོའི་ཉམས་ལེན་མཁན། །མཚན་ཀརྨ་བཛྲ་ཞེས་སུ་གྲགས། །མི་ཁོ་བོ་དེ་ཡི་ཆོས་བྱེད་གྲོགས། །མིང་ཅི་ཟེར་ངེས་པ་མ་བྱུང་ཡང་། །དམ་གཙང་མཐུས་ད་ལམ་འཕྲད་ལྟས་ཤར། །སླར་སྐུ་ཉིད་གང་དབེན་སྒྲུབ་གནས་སུ། །མཚམས་བསྙེན་སྒྲུབ་བརྩོན་ན་གང་བསམ་འགྲུབ། །ལྷ་རྩ་གསུམ་སྤྱི་དང་ཁྱད་པར་དུ། །དཔལ་ཧྱ་གྷྲྀ་ཝ་དང་མཁའ་འགྲོ་འབྱུང་། །སེམས་ངོས་བཟུང་འཛིན་པ་ཕྲོལ་ལ་ལྟོས། །དེ་བལྟས་ཚེ་བལྟ་མཁན་རང་ངོ་མཐོང་། །དེ་མཐོང་ཕྲལ་བདག་འཛིན་རང་གྲོལ་འབྱུང་། །དེ་འབྱུང་ཚེ་ཡེངས་མེད་སྒོམས་མེད་རྟོགས། །ཨ་ལ་ལ་དགེ་སློང་རྡོ་རྗེ་འཛིན། །ཨེ་མ་ཧོ། བསྟན་འགྲོར་སྨན་ནུས་ཤོག །ཞེས་པའང་རིག་འཛིན་བྱང་ཆུབ་རྡོ་རྗེས་སྟོང་སྐོར་དགེ་སློང་བསྟན་པ་ཚུལ་ཁྲིམ་ལ་གདམས་པ་དགེ་བར་གྱུར་གཅིག །


previousསྟོང་སྐོར་དགེ་སློང་བསྟན་པ་ཚུལ་ཁྲིམ་ལ་གདམས་པ།next