Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཙ༽

7 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
collapse section
  
  
 
 
བཞི་པ། བླ་ན་མེད་པ་ལྟར་སྒྲུབ་པ།
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
 
  
 expand section
 expand section
  
  
expand section
  
 
  
  
  
  
  
  
 
  
  
  
  


7 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousབཞི་པ། བླ་ན་མེད་པ་ལྟར་སྒྲུབ་པ།next

བཞི་པ། བླ་ན་མེད་པ་ལྟར་སྒྲུབ་པ།

༈ བླ་ན་མེད་པ་ལྟར་སྒྲུབ་པ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། བླ་མའི་རྣལ་འབྱོར་གསུམ་པོ་རྩ་བའི་བླ་མ་གཅིག་ལ་བསྡུས་ཏེ། རྣམ་པ་བླ་མ་དམ་པ་དང་། ངོ་བོ་རྡོ་རྗེ་འཆང་ཆེན། དགོངས་པ་ཀུན་ཏུ་བཟང་པོར་ཤེས་པ་ལ། ཕྱི་ནང་གསང་བས་མཆོད་ནས། གསོལ་བ་དྲག་པོ་བཏབ་ཅིང་། རིག་སྟོང་ཆོས་སྐུ་རྗེན་པའི་ངང་ལ་གང་ཤར་རིས་མེད་previous hit ཟངཐལ་དུ་སྐྱོང་བ་ཁྲེགས་ཆོད་ཀྱི་དོན་དང་མངོན་སུམ་འོད་གསལ་རང་སྣང་གི་ངང་ལ་དགོངས next hit་བློ་ཟད་ཐོད་རྒལ་དུ་བསྒོམས་པས། ཉིན་མོའི་རྣལ་འབྱོར་དུ་བྱ་བ་དང་། མཚན་མོ་མུན་པའི་རྣལ་འབྱོར་ཉིན་མོ་ལྟར་བསྒོམ་པའམ། སེང་གེའི་ཉལ་ལུགས་ཀྱིས་སྙིང་ནང་ནས་དུང་ཁང་གི་བར་དུ་འོད་ལྔའི་ཟེར་ཐག་འབྲེལ་བ་ལ། ཡར་སྣ་མིག་གཉིས་ལ་ཐིག་ལེ་སྟོང་པའི་སྒྲོན་མ་དམར་སེར་འོད་ལྔའི་མུ་ཁྱུད་ཅན། མར་སྣ་སྙིང་ནང་ནས་རང་བྱུང་ཡེ་ཤེས་ཀྱི་ཐིག་ལེ་འོད་ལྔའི་གོང་བུ་བསམས་པ་གཉིས། གཅིག་ལ་གཅིག་ཐིམ། གཅིག་ཡར་ཐིམ་མར་ཐིམ་དུ་གཉིད་དུ་འགྲོ་ཁར་(༣༢)སྦྱངས་ལ། མཐར་སྙིང་གའམ་དུང་ཁང་དུ་ཐིམ་པའི་ངང་ལ་ཉལ་བས། དང་པོ་རྨི་ལམ་ངན་པ་བཟང་པོར་འགྱུར། དེ་ནས་ཟིན། དེ་ནས་ཇེ་ཉུང་ལ་འགྲོ། དེ་ནས་འགག་གོ། །ནང་པར་གཉིད་སད་དུས་སེང་གེའི་ལྟ་སྟངས་དང་གཟིགས་སྟངས་ཀྱིས་གཞུ་གང་གི་ནམ་མཁའ་ལ། ཨ་དཀར་པོ་ལིང་ངེ་བ་ལ་སེམས་གཏད་ནས་མ་ཡེངས་པར་བསྒོམས་པས། ཨ་ཡང་མེད་གཞན་ཡང་མི་རྟོག་པའི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་རང་བྱུང་གི་ཡེ་ཤེས་ཀ་དག་གི་དགོངས་པ་འཆར་རོ། །དེ་ལྟར་ཉིན་མཚན་བསྒོམ་པའི་ཐུན་མཚམས་སུ་སྙིང་ཁའི་འོད་ཟེར་དེ་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཐིམ་པ་ཧིག་གིས་ཚངས་བུག་ལས་ཕྱིར་འཕངས་ཏེ། ཇེ་རིང་ལ་སྟེང་གི་ནམ་མཁར་སོང་བས་མཐར་བལྟར་མེད་པའི་ངང་ལ་བཞག་གོ། །རེས་འགའ་མིག་གཉིས་ནས་ཕྱིར་འཕངས་ཏེ་ཐད་ཀའི་ནམ་མཁའ་རྒྱང་རིང་པོ་བལྟར་མི་མངོན་པར་སོང་བའི་ངང་ལ་བཞག་གོ། །དེ་ནས་སྐད་ཅིག་གིས་སྟོང་གསལ་ཀ་དག་གི་ཡེ་ཤེས་འཆར་རོ། །དེ་ནི་སྔོན་དུ་སྦྱངས་པ་སྟེ། འཆི་ཁར་ཆུའི་སྒྲོན་མའམ། ཚངས་པའི་སྒོ་ནས་དབྱིངས་རིག་ལ་གཏད་དེ་འཕོས་པས། བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ། ཉི་ཟླ་ཁ་སྦྱོར་ལས། དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །སངས་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །བླ་མེད་ལྟར་སྒྲུབ་པའོ། །

དེ་ལྟར་ཡང་ཟབ་སྙིང་པོའི་གནད། །རྒྱུད་ལུང་མན་ངག་བཅུད་བསྡུས་ནས། །

སྣ་ཚོགས་རང་གྲོལ་བཟང་པོས་བཀོད། །དགེ་བས་འགྲོ་ཀུན་རྣམ་གྲོལ་ཤོག །སྙིང་པོ་ཡེ་ཤེས་ཀྱི་བླ་མ་སྒྲུབ་པ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་སྦྱར་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།


previousབཞི་པ། བླ་ན་མེད་པ་ལྟར་སྒྲུབ་པ།next