Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
ལེའུ་གཉིས་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་གཉིས་པའི་རྣམ་པར་བཤད་པ།next

ལེའུ་གཉིས་པའི་རྣམ་པར་བཤད་པ།

༈ གཉིས་པ་སྟོན་པ་ཉིད་རིག་ལྔར་བཞེངས་པའི་ཐུགས་རང་བྱུང་གི་ཡེ་ཤེས་གཉིས་སུ་མེད་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཆེད་དུ་བརྗོད་ཅིང་ཐུགས་རྗེ་གཡོ་བའི་ཚུལ་བསྟན་པ་ནི། གླེང་བསླང་བའི་ཚུལ་གྱིས་སྟོན་ཏེ། དེའང་ཆོས་སྐུའི་སྟོན་པ་ཡབ་ཡུམ་ཉིད་ལོངས་སྐུར་སྣང་བའི་ཐུགས་རང་བྱུང་གི་ཡེ་ཤེས་ཤེས་བྱའི་ཡུལ་གཏན་ལ་འབེབས་པ་ན། འབེབས་བྱེད་རིགས་པ་ནི་ཡིད་རྡོ་རྗེ་ཀུན་ཏུ་བཟང་པོ་ཡབ་ཏུ་བརྗོད་ལ། ཡུལ་ཤེས་བྱ་ནི་བྱ་བ་མོ་ཀུན་ཏུ་བཟང་མོ་སྟེ་ཡུམ་དུ་བཏགས་པ་ནི་འོག་ཏུ་ཚོགས་སྒྲུབ་པའི་སྐབས་སུ་གཟུངས་ཡུལ་ཡུམ་དང་འཛིན་པ་ཡབ་ཏུ་བཤད་པ་བཞིན་ཡིན་ལ། ཡབ་ཡུམ་གཉིས་སུ་མེད་པ་ནི་བློས་ཡུལ་གཞལ་བའི་ཚེ་གཉིས་ཀ་རིག་པའི་ངོ་བོར་གཅིག་པ་སྟེ་དཔེར་ན། སེམས་ལ་ལྷ་སའི་དོན་སྤྱི་ལམ་གྱིས་གཞལ་དུས། སེམས་ནི་ཡབ། ལྷ་ས་ནི་ཡུམ། དེ་གཉིས་རང་གིས་སེམས་སུ་རོ་གཅིག་པ་ནི་གཉིས་སུ་མེད་པ་བཞིན་ནོ། །དེ་ལྟར་སྤྱིའི་གོ་དོན་ཡིད་ལ་བཞག་ནས།

ད་ནི་ལེའུ་གཉིས་པའི་གཞུང་དོན་ཉིད་བརྗོད་པ་ལ་གཉིས་ཏེ། དོན་གྱི་དགོངས་པ་གླེང་བསླང་བ་དང་། དེ་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེ་གཡོ་བའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཡབ་ཀྱི། ཡུམ་གྱི། གཉིས་སུ་མེད་པའི་དགོངས་པ་གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། དགོངས་པ་གླེང་བསླང་བར་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །

དང་པོ་ནི་གླེང་གཞི་བསྟན་པ་དེ༵་ན༵ས་བཅོ༵མ་ལྡ༵ན་འད༵ས་རིགས་ཀྱི་གཙོ་བོའི་ཐུགས་རང་བྱུང་གི་ཡེ་ཤེས་ཡུལ་འབྱེད་པར་བྱེད༵་པ༵་པོ༵་གཉིས་སུ་མེད་པའི་ཚུལ་རྡོ༵་རྗེ༵་ཡིད༵་ཡུལ་དུ་མ་ལ་འཇུག་པས་ཀུན༵་ཏུ༵་ངོ་བོ་དབྱིངས་ལས་མ་(༥༣)གཡོས་པས་བཟ༵ང་པོ༵་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམ༵ས་ཅད༵་ཀྱི་དགོངས་པ་མ༵་ལུས༵་པ་འདུས་པའི༵་རང༵་བཞིན༵་གྱི༵་སྐུ་གསུམ་འདུ་འབྲལ་མེད་པའི་ཚུལ༵་དུས་གསུམ་འཕོ་འགྱུར་མེད་པའི་རྡོ༵་རྗེ༵ས། ཡུལ་གྱི་རང་བཞིན་ཡེ་ནས་སངས་རྒྱས་པའི་ཕྱིར་བཙུན༵་མོ༵་གཏན་ལ་དབབ་པར་བྱ༵་བ༵་མོ༵་སྣང་སྲིད་འཁོར་འདས་ཀྱི་ཆོས༵་མ་ལུས་པ་ཀུ༵ན་ཏུ༵་སྟེ་ཐམས་ཅད་ཀྱང་ཡེ་ནས་དག་པས་བཟ༵ང་མོ༵་ལ༵་འབྱེད་པའི་བློ་འཇུ༵ག་པར༵་གྱུར༵་ཏོ༵། །བློ་ཞུགས༵་པ༵ས་ཕྱོག༵ས་བཅུ༵་དུས༵་བཞི༵འི་དེ༵་བཞི༵ན་གཤེ༵གས་པ༵་མ༵་ལུས༵་པ༵་ཐམ༵ས་ཅ༵ད་ཐུགས་རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོ་གཅི༵ག་གི༵་ར༵ང་བཞིན༵་དུ་ངོ་བོ་དབྱེར༵་མེ༵ད་པ༵ས། ཉིད་ལས་གཞན་པའི་ཆོས་མ་གཟིགས་ནས་དེ༵་བཞི༵ན་གཤེ༵གས་པ༵་ཉི༵ད། དེ༵་བཞི༵ན་གཤེག༵ས་པ༵་ཉིད༵་ལ༵་ཆེ༵ད་དུ༵་བརྗོ༵ད་པ༵འི་ཚུལ་འདི༵་སྐད་ཅེས་བརྗོ༵ད་པར་མཛད་དོ༵། །

གཉིས་པ་ནི་ཆོས་ཐམས་ཅད་གདོད་ནས་དག་པས་ཨེ༵་མ༵་ཧོ༵་སྟེ་ངོ་མཚར་ཆེ་བའི་དོན་ཏོ། །ཇི་ལྟར་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྐྱེ་བ་མེད་པར་སངས་རྒྱས་པས་རྡོ༵་རྗེ༵་སྟེ་ཆོས་ཉིད་སྟོང་པ་ཉིད་དང་ཆོས་ཅན་སྣང་བ་ཉིད་ཀྱི་རང་བཞིན་ནི་ཕུང༵་པོ༵འོ༵། །དེའི་ཡ༵ན་ལ༵ག་ནི༵་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་སྟེ། མི་བསྐྱོད་པ་ལ་སོགས་པ་ཡང་དག་པར་རྫོག༵ས་པའི༵་(༥༣)ས༵ངས་རྒྱ༵ས་ལྔ༵་རུ༵་གྲག༵ས་པའོ། །དེ་བཞིན་དུ་སྐྱེ༵་མཆེ༵ད་བཅུ་གཉིས་དང་ཁམ༵ས་བཅོ་བརྒྱད་པོ་རྣམ༵ས་ཀྱི་བྱེ་བྲག་མང༵་པོ༵་ཀུན༵་ཀྱང་བྱང༵་ཆུབ༵་སེམ༵ས་དཔའི༵་ཡབ་ཡུམ་སྟེ་འཁོར་གྱི་དཀྱི༵ལ་འཁོ༵ར་ཉིད༵་དུ་ཡེ་ནས་གནས་སོ། །སྐྱེ་མཆེད་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་ལ་མིག་ལ་སོགས་པ་དབང་པོའི་ཤེས་པ་དྲུག་སྐྱེ་ཞིང་སྐད་ཅིག་ཕྱིར་མར་རྒྱུན་མཆེད་པར་བྱེད་པས་དེ་སྐད་ཅེས་བྱའོ། །དབྱེ་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་དྲུག །མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་དབང་པོ་དྲུག་གི་སྐྱེ་མཆེད་དེ་བཅུ་གཉིས་སོ། །ཁམས་བཅོ་བརྒྱད་ནི། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཞེས་ཡུལ་དྲུག །དབང་པོ་དྲུག །དབང་ཤེས་དྲུག་རྣམས་སོ། །འབྱུང་བ་ལྔ་ཡུམ་ལྔའི་ངོ་བོར་སངས་རྒྱས་ཏེ་ས༵་དང་ཆུ༵་ནི་སངས་རྒྱས་སྤྱན༵་མ་དང་མཱ༵་མ༵་ཀཱི༵འོ། །མེ༵་དང་རླུང༵་ནི་གོ༵ས་དཀར༵་མོ་དང་དམ་ཚིག་སྒྲོལ༵་མ༵་སྟེ༵། ནམ༵་མཁ༵འ་ནི་དབྱིང༵ས་ཀྱི༵་དབ༵ང་ཕྱུག༵་མ༵འོ། །དེ་ལྟར་ཕྱི་ནང་གི་འབྱུང་བ་དང་རྟོག་ཚོགས་ཀྱིས་བསྡུས་པའི་འདོད་པ་གཟུགས་གཟུགས་མེད་པའི་སྲིད༵་པ་གསུ༵མ་གྱི་ངོ་བོ་མ་དག་པ་ལྟར་སྣང་བ་འདི་ཡང་ཡེ༵་གདོད་མ་ནས༵་སངས༵་རྒྱས༵་ཀྱི་རང་བཞིན་དུ་གནས་ཤིང༵་། འཁོར་བའི་ཆོས་ཐམ༵ས་ཅ༵ད་དང་མྱ་ངན་ལས་འདས་པའི་ཆོས་མ༵་ལུས༵་པ་སྣང་(༥༤)ཞིང་སྲིད་པའི་ཆོ༵ས་སོ༵་ཅོ༵ག་ཐམས་ཅད་སང༵ས་རྒྱས༵་ཉིད༵་ལས༵་གཞ༵ན་མ༵་ཡིན༵་ཏེ། སང༵ས་རྒྱས༵་ཉིད༵་ལས༵་གཞ༵ན་པ༵་མ་དག་པ་འཁོར་བའི༵་ཆོས༵་ཞེས་བྱ་བ་རང་མཚན་དུ་གྲུབ་པ་ནི། བཙལ་ནས་སང༵ས་རྒྱ༵ས་ཉི༵ད་ཀྱི༵ས་ཀྱང་རྡུལ་ཙམ་ཞིག་མི༵་བརྙེ༵ས་སོ༵་སྟེ་མི་རྙེད་དོ། །སངས་རྒྱས་ཀྱིས་མ་རྙེད་པ་ནི་དོན་ལ་མེད་པར་གོ་བར་བྱེད་པ་ཡིན་ཏེ། རྣམ་ངེས་ལས། ཐམས་ཅད་མཁྱེན་པས་གཟིགས་པ་ལོག་པ་ནི་ཐམས་ཅད་དུ་མེད་པར་གོ་བར་བྱེད་པ་ཁོ་ན་ཡིན་ནོ། །ཞེས་སོ། །ཇི་སྐད་དུ་ཀུན་བྱེད་ལས། ཆོས་ཀུན་མ་སྐྱེས་ཀུན་བྱེད་ཉིད་ཀྱི་ངང་། །ཡེ་ནས་སངས་རྒྱས་སྙིང་པོ་ཀུན་བྱེད་ལ། །ཡོད་མེད་མི་དམིགས་རང་བཞིན་མཉམ་པའི་ངང་། །གདོད་ནས་གཞི་རྩ་བྲལ་བའི་ཆོས་ཉིད་དོ། །ཞེས་པ་དང་། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ཆོས་ཀུན་ཡེ་ནས་སངས་རྒྱས་པས། །བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །ཞེས་པ་ལྟར་རོ། །དེ་ལྟར་སྣང་བའི་ཆོས་ཉིད་ཡེ་ནས་སངས་རྒྱས་པའོ་ཞེ༵ས་བརྗོད༵་པས༵་དེ༵་བཞི༵ན་གཤེ༵གས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམ༵ས་ཅད༵་མཉེ༵ས་པར༵་གྱུར༵་ཏོ༵། །

གཉིས་པ་ཡུམ་གྱི་དགོངས་པ་ཆོས་ཉིད་སྟོང་པའི་གནས་ལུགས་གཙོ་བོར་གླེང་བསླང་བ་ལའང་གཉིས་ཏེ། དགོངས་པས་གླེང་བསླང་བ་ལ་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །

དང་པོ་ནི། བློས་ཡུལ་གྱི་གནས་ལུགས་བརྗོད་པ་དེ༵་ནས༵་བློ་ལ་སྣང་བའི་ཡུལ་རང་བཞིན་གྱིས་དག་པའི་བཙུ༵ན་མོ༵་གཏན་ལ་དབབ་པར་བྱ༵་བ༵་མོ༵་རང་སྣང་བའི་ཆོ༵ས་ཀུན༵་ཏུ༵་བཟ༵ང་མོ༵ས། ཡུལ་ཅན་རིག་པའི་ཡེ་ཤེས་བཅོ༵མ་ལྡན༵་འད༵ས་ཀུན༵་ཏུ༵་བཟ༵ང་པོ༵་ད༵ང་ཡུལ་ཡུལ་ཅན་གཉི༵ས་སུ༵་མེ༵ད་པ༵ར་གྱུར༵་ན༵ས་ཆོས་ཉིད་སྟོང་པ་ཉིད་ཀྱི་གནས་ལུགས་འདི་ཉིད་ཆེད༵་དུ༵་བརྗོད༵་པའི༵་ངོ་བོར་འདི༵་སྐད་ཅེས་བརྗོད༵་དོ༵། །

གཉིས་པ་ནི། ཆོས་ཉིད་ངོ་མཚར་བར་བསྟན་པའི་ཕྱིར་ཀྱེ༵་མ༵་ཧོ༵། ཞེས་སོ། །ཇི་ལྟར་མཚར་ན་རང་སྣང་གི་ཞིང་ཁམས་འདིས་མཚོན་ནས་ཕྱོག༵ས་བཅུ༵འི་སྟོ༵ང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ༵ས་ཐམས་ཅད་ཡེ༵་གདོད་མ་ནས༵་སྟོང་པ་ཉིད་ཀྱི་ཕྱིར་དབེ༵ན་པ་ནི་སྣོད་ཀྱི་འཇིག་རྟེན་སྟོང་པ་ཉིད་དུ་བསྟན་པའོ། །སྟོང་གསུམ་ནི། གླིང་བཞི་རི་རབ་དང་བཅས་པ་གཅིག་ལྕགས་རི་གཉའ་ཤིང་འཛིན་དང་མཐོ་དམན་མཉམ་པས་བསྐོར་བ་འདོད་པ་དང་གཟུགས་ཀྱི་ལྷའི་ཁང་པས་བརྒྱན་པ་ནི་གླིང་བཞི་པའི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་སུམ་ཅུ་རྩ་གསུམ་གྱི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོའི་སྤྱི་ཕུད་ཀྱི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་བསམ་གཏན་དང་པོའི་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་(༥༥)སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །འདིར་ནི་དེས་མཚོན་པའི་ཞིང་དང་འཇིག་རྟེན་ཐམས་ཅད་སྟོང་པ་ཉིད་དེ་གཟུགས་བརྙན་བཞིན་ནོ། །དེ་ན་གནས་པའི་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྟོང་པར་བསྟན་པ་ནི་སྲིད༵་པ༵་གསུམ༵་ནི༵་ཡེ་ནས་དག༵་པའི༵་སངས་རྒྱས་ཀྱི་ཞིང༵་ཁམས་ལྷུན་སྟུག་པོ་བཀོད་པའི་རང་བཞིན་དུ་གནས་ཤིང་། ཡེ་ཤེས་ལྔའི་རྩལ་གཟུང་འཛིན་དུ་འཁྲུལ་དུས་དུག་ལྔར་སྣང་བས་འཁོར་བའི་སྡུག་བསྔལ་བསྐྱེད་པའི་ཕྱིར་སྙིག༵ས་མ༵་ལྔ༵་ཉིད༵་ཀྱང་ངོ་བོ་རང་བྱུང་གི་ཡེ་ཤེས་བདེ༵་བ་ཆེན་པོ་དང་ལྡན༵་པའི་གན༵ས་ལས་གཞན་མ་ཡིན་ནོ། །འདི་ལ་ཁ་ཅིག་དུས་ལ་སོགས་པའི་སྙིགས་མར་འཆད་པ་ནི་ཕྱིན་ཅི་ལོག་གོ། །འགྲོ་བའི་ཕུང༵་པོ༵་ལྔ༵་ཉི༵ད་ཀྱང་སྔ་མ་བཞིན་ཡེ་ནས་མངོ༵ན་པར་སང༵ས་རྒྱས༵་པའི་ཕྱིར། ཆོས་ཐམ༵ས་ཅད༵་ཀྱི་གནས་ལུགས་ལ་བཟང་ངན་དང་བླང་དོར་གང་དུའང་མ་གྲུབ་པས་མཆོག༵་གི༵་སྙིང༵་པོ༵་མཉམ་པ་ཉིད་བྱང་ཆུབ་ཀྱི་རང་བཞིན་ཡིན་པས༵་ན། དེ་ལས་གཞན༵་དུ༵་རྒྱལ༵་བས༵་ཆོ༵ས་མི༵་བཙ༵ལ་ཏེ། ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡིན་ཞིང་། སངས་རྒྱས་ཉིད༵་ལས༵་གཞན༵་མ་དག་པ་ཞེས༵་བྱ༵་བའི༵་ཆོས༵་ལོག་པ་ཞིག་བཙ༵ལ་ཀྱང༵་རྒྱལ༵་བས༵་གཞན་མི༵་བརྙེས༵་སོ༵་ཏེ་མི་རྙེད་དོ། །ཞེས༵་ཡུམ་གྱིས་བརྗོད༵་པས༵་ཆོས་ཐམ༵ས་ཅད༵་ཡེ༵་ནས༵་སངས༵་རྒྱས༵་པར༵་དེ༵་བཞིན༵་གཤེ༵གས་པ༵་བཙུན་མོའི་ཚོགས་དང་བཅས་པ་ཉིད༵་ཀྱིས༵་མཁྱེན༵་ཏོ༵། །

གསུམ་པ་གཉིས་སུ་མེད་པའི་དགོངས་པ་ལའང་གཉིས་ཏེ། དགོངས་པ་གླེང་བ་ལ་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །

དང་པོ་ཡུལ་ཉིད་ཡུལ་ཅན་གྱི་ངོ་བོ་དང་རིག་པའི་ཡེ་ཤེས་སུ་རྣམ་པར་དག་པ་དེ༵་ན༵ས་ཡབ་ཡུམ་རིག་སྟོང་གཉི༵ས་སུ༵་མེ༵ད་པའི༵་བདག༵་ཉིད༵་ཆེ༵ན་པོས༵། འཁོར་འདས་ཡེ༵་ནས༵་མཉམ་པ་ཉིད་དུ༵་སང༵ས་རྒྱས༵་པ༵འི་ཕྱིར་སེ༵མས་ཀྱང་སངས་རྒྱས་པའི་ཆོས་ཉིད་དུ་ཤེས་པར་བྱེད་པ་རང་བྱུང་གི་ཡེ༵་ཤེས༵་སུ༵་ཡེ་ནས་ཡིན་པ་ལ་ཡིན་པའི་བདག་ཉིད་དུ་བསྐྱེད༵་པ༵་འདི༵་གསུ༵ངས་སོ༵། །དེ་སྐད་དུའང་རྨད་བྱུང་རྒྱལ་པོའི་རྒྱུད་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སོ། །

གཉིས་པ་ནི་ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་སྤྲོས་པའི་ཡུལ་ལས་འདས་ཤིང་། དེ་རྟོགས་པའི་བློ་ཡང་ཡེ་ཤེས་ལྔའི་རང་བཞིན་དུ་བསྟན་པའི་ཕྱིར། ཨེ༵་མ༵་ཧོ༵་ཆོས་རྣམས་ཀྱི་གནས་ལུགས་ངོ༵་མཚ༵ར་ཞིང་གཞན་ལས་རྨད༵་དུ་བྱུང་བ་ཉིད་ཀྱི༵་ཆོ༵ས་ཉིད་འདི་ནི། རྫོ༵གས་པ༵འི་སང༵ས་རྒྱས༵་ཀུན༵་གྱི༵་གས༵ང་བ་ཟབ་མོའི་དོན་ཏོ། །གང་ཞེ་ན་ཆོས་ཉིད་གདོད་མ་ནས་སྐྱེ༵་བ༵་མེ༵ད་པའི་ངང་ལ༵ས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོ༵ས་(༥༦)ཐམ༵ས་ཅ༵ད་སྐྱེ༵ས་པར་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུ་སྟེ། སྐྱེས༵་པ༵ར་སྣང་དུས་ཉིད༵་ན༵་དོན་ལ་སྐྱེ༵་བ༵་མེ༵ད་པའི་ངོ་བོ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་རྟོགས་པའི་བློ་ནི་ཆོས་དབྱིངས་ཡེ་ཤེས་སོ། །དེ་བཞིན་དུ་ཚིག་དང་པོ་གཉིས་འོག་མ་བཞི་ལ་ཡང་སྦྱར་ནས། ཡེ་ནས་འག༵ག་པ༵་མེ༵ད་པའི་ཆོས་ཉིད་གདངས་སྣ་ཚོགས་སུ་འཆར་བ་མེ་ལོང་གི་ངོས་ལྟ་བུ་ལ༵ས། ཆོས་ཅན་སྣ་ཚོགས་སུ་གཟུགས་བརྙན་ལྟར་སྣང་བ་ཐ༵མས་ཅ༵ད་འག༵ག་པ་ལྟར་སྣང་ཡང་། འག༵ག་པར༵་སྣང་དུས་དེ་ཉིད༵་ན༵་གནས་ལུགས་འགག༵་པ༵་མེ༵ད་པ་ནི་མེ་ལོང་ལྟ་བུའོ། །དེ་ཉིད་རྟོགས་པའི་བློ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཆོས་ཐམས་ཅད་ཡེ་ནས་གན༵ས་པ༵་མེ༵ད་པ་ནམ་མཁའ་ལྟ་བུའི་ངང་ལས༵་འདི་ལྟར་སྣང་བའི་ཆོས་སྣ་ཚོགས་པ་ཐམ༵ས་ཅ༵ད་གན༵ས་པ་ལྟར་སྣང་ཡང་། གན༵ས་པ༵ར་སྣང་དུས་འདི་ཉིད༵་ན༵་དོན་ལ་གན༵ས་པ༵་མེ༵ད་པ་ནི་མཉམ་པ་ཉིད་དོ། །དེ་ཉིད་རྟོགས་པའི་བློ་ནི་མཉམ་ཉིད་ཡེ་ཤེས་སོ། །སེམས་ཉིད་རང་བཞིན་གྱིས་དག་པ་དམི༵གས་པ༵་དང་མཚན་མ་མེད༵་པ་ནམ་མཁའ་འམ་རྒྱ་མཚོ་དྭངས་པའི་དཀྱིལ་ལྟ་བུའི་ངང་ལས༵་རྣམ་པར་རྟོག་པ་སྤྲིན་ནམ་གཟུགས་བརྙན་ལྟར་སྣ་ཚོགས་སུ་ཤར་བ་ཐ༵མས་ཅད༵་དགག་སྒྲུབ་ལ་སོགས་པར་དམི༵གས་པ་ལྟར་སྣང་ཡང་རྣམ་རྟོག་སྣ་ཚོགས་སུ་དམི༵གས་པར༵་སྣང་དུས་ཉིད་ན༵་གཞི་མེད་རྩ་བ་དང་བྲལ་བས་དམི༵གས་པ༵་དང་མཚན་མར་འཛིན་པའི་རྟོག་པ་རང་བཞིན་གྱིས་མེ༵ད་པ་ནི་སོ་སོར་རྟོགས་པའོ། །དེ་ཉིད་རྟོགས་པའི་བློ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཆོས་ཐམས་ཅད་གདོད་ནས་འགྲོ༵་འོ༵ང་མེ༵ད་པ་སྤྲུལ་པ་ལྟ་བུའི་ངང་ལས༵་སྣང་བ་དང་རིག་པ་འགྲོ༵་བ་དང༵་འོང༵་བ་སྣ་ཚོགས་སུ་སྣང་ཡང་། འགྲོ༵་འོང༵་དུ་སྣང་བ་ཉིད༵་ན༵་རང་གི་ངོ་བོ་འགྲོ་འོང་མེ༵ད་པར་གནས་པ་ནི་བྱ་བ་གྲུབ་པ། དེ་ཉིད་རྟོགས་པའི་བློ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་དག་གི་དོན་ཁ་ཅིག་གིས་དགའ་བ་བཞིའི་ཡེ་ཤེས་སོ་ཞེས་སྦྱོར་བ་ཡང་སྐབས་དང་འབྲེལ་བར་མ་མཐོང་སྟེ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དག་པའི་ཚུལ་དེ་སྐད་ཅེ༵ས་བརྗོ༵ད་པ༵ས་དེ༵་བཞི༵ན་གཤེ༵གས་པ༵་ཡབ་སྣང་བ་ཐ༵མས་ཅ༵ད་ད༵ང་། ཡུམ་བཙུ༵ན་མོ༵འི་ཚོ༵གས་སྟོང་པ་ཐ༵མས་ཅ༵ད་ཀྱ༵ང་མཉམ་པ་ཉིད་དུ་ཡེ་ནས་མཉེ༵ས་པ༵ས་ཁྱ༵བ་པ༵ར་གྱུ༵ར་ཏོ༵། །

གཉིས་པ་དེ་ཉིད་མ་རྟོགས་པའི་འགྲོ་བ་ལ་ཐུགས་རྗེ་གཡོ་བའི་ཚུལ་བསྟན་པ་ལ་བཞི་སྟེ། ཐུགས་རྗེ་འཇུག་པའི་ཡུལ་སེམས་ཅན་གྱིས་མ་རྟོགས་པར་བསྟན་པ་དང་། མ་རྟོགས་པའི་རང་བཞིན་བདག་ཏུ་བཟུང་བས་འཁོར་བར་འཁྲུལ་ཚུལ། འཁྲུལ་པར་སྣང་དུས་ཉིད་ནས་བཅིང་(༥༧)གྲོལ་མེད་པའི་དོན་ལས་མ་འདས་པ། དེ་ཉིད་བསྟན་པའི་ཕྱིར་ཐུགས་རྗེའི་རོལ་པ་འགྱེད་པའི་ཚུལ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། ཐུགས་རྗེ་འཇུག་པའི་རྒྱུ་བསྟན་པ་དང་། ཇི་ལྟར་འཇུག་པའི་ཡུལ་བསྟན་པའོ། །

དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་བསྟན་པ་དེ་ནས་དེ༵་བཞི༵ན་གཤེ༵གས་པ་ཐ༵མས་ཅད༵་བཙུ༵ན་མོ༵འི་ཚོ༵གས་ད༵ང་བཅ༵ས་པ༵ས་དོན་འདི་ཉིད་བསྟན་པའི་ཕྱིར་ཆེ༵ད་དུ༵་བརྗོ༵ད་པ༵་འདི༵་བརྗོ༵ད་དོ༵། །

གཉིས་པ་ནི། མ་རྟོགས་པའི་སེམས་ཅན་གྱི་ཚོགས་ལ་སྐྱོ་བའི་ཚུལ་གྱིས་ཨེ༵་མ༵་ཧོ༵་ཞེས་བོས་ཏེ་ཆོས་ཐམས་ཅད་རང་བཞིན་གདོད་མ་ནས་སངས་རྒྱས་པའི་དོན་ཐོག་མ་ཉིད་ནས་མ་རྟོགས་པར་ཡེ༵་ན༵ས་འགྲོ་བ་ཐམས་ཅད་ལ་གས༵ང་བའི༵་ཆོ༵ས་སོ། །སྣང་སྲིད་སྣ༵་ཚོ༵གས་སུ་སྣང༵་བ་འདི་དག་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་དུ་ཡེ་ནས་གནས་པ་ལ༵་མ་དག་འཁྲུལ་པའི་ཆོས་སུ་སྣང་བས་ར༵ང་བཞི༵ན་གྱིས་གས༵ང་བའོ། །དེ་ལྟ་བུའི་དོན་དེ་ཉིད་གཞན་གྱི་སྦས་པ་ལྟ་བུ་མ་ཡིན་པར་སྣང་སྟོང་འདུ་འབྲལ་མེད་པའི་ཆོས་ཉིད་མ་རྟོགས་པས་ཆོས་རྣམས་ཀྱི་རང་བཞིན་ངོ༵་བོ༵་ཉི༵ད་ཀྱི༵ས་ར༵བ་ཏུ་གས༵ང་བའོ། །དོན་དེ་ཉིད་རང་གི་སེམས་ཉིད་ལས་གཞ༵ན་དུ༵་མི༵ན་ཀྱང་རང་ལ༵་ཡོད་པར་མ་མཐོང་བས༵་ཤི༵ན་ཏུ༵་གས༵ང་བའོ། །ཁ་ཅིག་སྣོད་མིན་ལ་གསང་བར་འདོད་པ་ནི་གཞིའི་གསང་བ་སྟོན་པའི་སྐབས་ཡིན་པས་མི་འཐད་དོ། །ཡེ་ནས་གསང་བའི་དོན་དེ་སྐད་ཅེ༵ས་བརྗོ༵ད་པ༵་ལ༵ས་སླར་ཡང་སྟོན་པའི་ཐུགས་རྗེ་སྐྱེས་སོ། །

གཉིས་པ་འཁྲུལ་ཚུལ་ལའང་གཉིས་ཏེ། ཐུགས་རྗེའི་རྒྱུ་བསྟན་པ་དང་། འཁྲུལ་ཚུལ་དངོས་སོ། །

དང་པོ་ནི། དག་པ་དེ༵་བཞི༵ན་གཤེ༵གས་པ༵འི་ཆོས་སྐུ་དང་ཞིང་ཁམས་སུ་སྣང་བ་ཐ༵མས་ཅ༵ད་ད༵ང་། མ་དག་པ་འཁོར་བའི་ཆོ༵ས་སྣོད་བཅུད་སྲིད་གསུམ་དུ་སྣང་བ་ཐ༵མས་ཅ༵ད་ཡེ༵་ན༵ས་ས༵ངས་རྒྱ༵ས་པའི༵་ངོ༵་བོ༵་ཉི༵ད་དུ༵་གཅི༵ག་པ༵འི་མཚ༵ན་ཉིད༵་ཡི༵ན་པ༵ས་དབྱེ༵ར་མེ༵ད་པས་རྣམ་པར་དག་པ་ཡིན་ན༵འང༵་། འགྲོ༵་བའི༵་རྣ༵མ་པ༵ར་རྟོ༵ག་པ༵་གཟུང་འཛིན་འཁྲུལ་པའི་མ༵་རི༵ག་པ༵་གཉིས་སུ་འཛིན་པ་ལ༵ས་སྐྱེས་པའི་འབྲས་བུ་ངན་སོང་གསུམ་དང་ལྷ་མི་གཉིས་ཏེ་འགྲོ༵་བ༵་ལྔ༵འི་བདེ་སྡུག་གི་རི༵གས་བས༵མ་གྱི༵ས་མི༵་ཁྱ༵བ་པ༵ར་སྨིན༵་པ༵་ལ༵། རང་བྱུང་གི་ཐུག༵ས་རྗེ༵་ཆེ༵ན་པོ༵་ལྷུན་གྱིས་གྲུབ་པ་ས༵ངས་རྒྱས༵་ཀྱི༵་ཡེ༵་ཤེས༵་ཆེ༵ན་པོ༵ར་སྐྱེས༵་ན༵ས་སླར་ཡང་ཆེ༵ད་དུ༵་བརྗོ༵ད་པ༵་འདི༵་སྐད་ཅེས་བརྗོ༵ད་དོ༵། །

གཉིས་པ་བརྩེ་བའི་རང་བཞིན་གྱིས་ཨེ༵་མ༵་ཧོ༵་ཞེས་བརྗོད་ནས། གདོད་མའི་གནས་ལུགས་སེམས་ཉིད་འོད་གསལ་བ་བདེ༵་གཤེ༵གས་སྙིང༵་པོ༵འི་ངང་ལས༵་འཁྲུལ་ལོ། །དེའང་བདེ་གཤེགས་སྙིང་པོ་ནི་སེམས་ཉིད་འོད་གསལ་བ་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོར་གནས་པ་དེ་ཉིད་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། དག་(༥༨)པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པ་དང་། སྒྱུ་འཕྲུལ་རྒྱས་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་པ་དང་། འདུས་མ་བྱས་དོན་གྱི་ཀུན་གཞིའི་དོན་ཉིད། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་བར་གཤེགས་པའི་སྙིང་པོའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །བདེ་བར་གཤེགས་པ་བསྟན་པར་མཛད། །ཅེས་སོ། །

དེ་ཉིད་ཀྱིས་འགྲོ་བ་ཀུན་ལ་ཁྱབ་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་པ་དང་། རྒྱུད་བླ་མ་ལས་ཀྱང་། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །རྐྱེན་གང་གིས་འཁྲུལ་ན་སེམས་ཅན་རང༵་རང་གི༵་རྣམ༵་པར་རྟོག༵་པ་རང་ཤར་དུ་བྱུང་བས་རྒྱུ་བྱས་པའི་ལས༵་ཀྱིས༵་འཁོར་བའི་གྲོང་ཁྱེར་ཆེན་པོ་འདི་རང་སྣང་རྨི་ལམ་ལྟར་སྤྲུལ༵་ལོ། །དེའང་ལྷ་ལ་སོགས་པའི་འགྲོ་བ་སྣ༵་ཚོག༵ས་པའི་ལུ༵ས་དང༵་དེ་དག་གི་འདོད་པའི་ལོ༵ངས་སྤྱོད༵་དང༵་། མཐོ་རིས་ལ་སོགས་པའི་གན༵ས་དང༵་རང་རང་གི་བདེ་བ་དང་སྡུག༵་བསྔ༵ལ་ལ༵་སོ༵གས་པ༵་དུ་མར་སྣང་བ་ལ། འགྲོ་བ་རྣམས་ང་ཞེས་བད༵ག་ཏུ་འཛིན་པ་དང༵་ངའི་ཡོ་བྱད་ཅེས་པ་ལ་སོགས་པ་བད༵ག་གི༵ར་བྱེད་པས་སོ༵་སོ༵ར་གཟུང་འཛི༵ན་གཉིས་སུ་འཛིན་པས་ནམ་ཡང་འཁོར་བ་ལས་མི་གྲོལ་བར་འགྱུར་རོ། །

གསུམ་པ་འཁྲུལ་པར་སྣང་དུས་ཉིད་ནས་བཅིང་གྲོལ་མེད་པར་བསྟན་པ་ནི། དེ་ལྟར་འཁོར་བར་བདེ་སྡུག་དུ་མས་གདུངས་ཀྱང་གནས་ལུགས་ལ་ནམ་མཁའ་བཞིན་དུ་འཆིང་བྱེད་སུས༵་ཀྱ༵ང་འགྲོ་བ་ཀུན་མ༵་བཅི༵ངས་ཤིང་། བཅི༵ངས་པ་ལྟར་སྣང་བའི་ཉོན་མོངས་ཀྱང་དོན་ལ་མེ༵ད་དེ༵། བཅི༵ང་བར༵་བྱ༵་བའི་འགྲོ་བ༵་དང་འགྲོ་བའི་སེམས་ཉིད་ཀྱང་དོན་ལ་ཡོ༵ད་པ་མ༵་ཡི༵ན་པའི་ཕྱིར་རོ། །འོ་ན་འདི་ལྟར་བཅིངས་པ་ལྟར་སྣང་བ་གང་ལས་བྱུང་ཞེ་ན། གློ་བུར་བའི་རྣམ༵་རྟོག༵་བད༵ག་ཏུ༵་འཛི༵ན་པ༵་ཡི༵ས་དོན་མེད་པར་འཁྲུལ་པ་བཟོས་པ་ཡིན་ཏེ། དཔེར་ན་འགའ་ཞིག་ནན༵་ནམ་ཆེད་ཀྱིས་མདུན་གྱི༵་ནམ་མཁ༵འ་ལ༵་ཐག་པ་ཅིག་བྱུང་བ་བློས་བཟོས་ནས། དེ་ལ་མདུ༵ད་པ༵་བཅིང་གྲོལ་དུ་མ་འདོ༵ར་ཞིང་བྱེད་པ་ལྟར། རང་གི་སེམས་ཉིད་གདོད་ནས་དག་པ་ནམ་མཁའ་ལྟ་བུ་ལ། དགག་སྒྲུབ་གཟུང་འཛིན་དུ་མར་བྱས་པས་འཁོར་བའི་འཁྲུལ་པ་ལྟར་སྣང་བའོ། །ནམ་མཁའི་(༥༩)མདུད་པ་ཡང་ཇི་སྲིད་བློ་ཡི་རྩོལ་བ་མ་བཞག་རིང་ལ་བདེན་བདེན་ཆེ་ཆེ་ལྟར་ཡོད་ཀྱང་དོན་ལ་བཅིངས་པ་མེད་པ་ལྟར། འཁོར་བའི་འཁྲུལ་སྣང་འདི་ཡང་གཟུང་འཛིན་དུ་ཞེན་པ་མ་བཏང་རིང་ལ་གྲུབ་གྲུབ་བཞིན་ཡོད་ཀྱང་། དོན་ལ་གྲུབ་པ་གང་ཡང་མེད་པའི་དཔེའོ། །

བཞི་པ་དེ་ཉིད་བསྟན་པའི་ཕྱིར་ཐུགས་རྗེ་འཕྲོ་ཚུལ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སུས་ཀྱང་བཅི༵ངས་པ་མེ༵ད་ཅིང་རྣ༵མ་པ༵ར་བཀྲོ༵ལ་བ་མེ༵ད་པ༵འི་སེམས་ཉིད་ཡེ༵་ན༵ས་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་ཆེན་པོར་ལྷུན༵་གྱིས་གྲུབ་ཅིང་ཡོངས་སུ་རྫོ༵གས་པའི་རང་བཞིན་ས༵ངས་རྒྱས༵་ཀྱི་གསང་བ་ཟབ་མོའི་ཆོ༵ས་འདི་ཉིད་འགྲོ་བ་ལ་བསྟ༵ན་པའི་ཕྱི༵ར་ཐབས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོ༵་བ༵་རྣམ་པ་སྣ༵་ཚོ༵གས་པ་མཛ༵ད་དོ༵། །ཞེ༵ས་རང་སྣང་དག་པའི་དེ༵་བཞི༵ན་གཤེ༵གས་པ༵་ཉིད༵་དེ༵་བཞི༵ན་གཤེ༵གས་པ༵་ཉིད༵་ལ༵་ཆེད༵་དུ༵་གླེང༵་ངོ༵་། །སངས་རྒྱས་ཐམས་ཅད་ཀྱི་གས༵ང་བ༵འི་སྙིང༵་པོ༵་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། མྱ་ངན་ལས་འདས་པ་དོན༵་དམ༵་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པ་དང༵་འཁོར་བ་ཀུན༵་རྫོབ༵་པའི༵་བྱང༵་ཆུབ༵་ཀྱི༵་སེ༵མས་གཉིས་ཀ་ཡང་གདོད་མ་ནས་སངས་རྒྱས་པས་མཉམ་པ་ཉིད་ཀྱི་ཡེ༵་ཤེས༵་སུ༵་བསྐྱེད༵་པ་སྟེ་དབྱེར་མེད་པའི་གནས་ལུགས་བསྟན་པ་དང་། མ་རྟོགས་པའི་འགྲོ་བ་ལ་རང་བྱུང་གི་ཐུགས་རྗེས་དབྱིངས་ནས་འཕྲོ་བའི་རྒྱུ་མཚན་བསྟན་པ༵འི་ལེ༵འུ་སྟེ༵་གཉིས༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་གཉིས་པའི་རྣམ་པར་བཤད་པ།next