Nitartha Digital Library
Tibetan
 
previousགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཕྱི་མ།next

གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཕྱི་མ།

ལེའུ་ཉེར་གསུམ་པ།

༄༅། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཕྱི་མ་བཞུགས།

དེ་ནས་ཕྱོགས་བཅུའི་དུས་བཞིའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་མ་ལུས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་རབ་ཏུ་དགྱེས་པ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་ལ་གསོལ་བ་བཏབ་པ། གསང་བའི་སྙིང་པོ་ཞེས་གསུངས་གང་། །དེ་ཉིད་རྣམ་ངེས་ཇི་ལྟ་བུ། །འདི་ལ་རྗོད་བྱེད་གྱུར་པ་གང་། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །འདི་བཤད་པ་རྣམས་ཇི་ལྟར་འབྲེལ། །རྗོད་པར་བྱེད་པ་གང་ལ་བརྗོད། །ཅི་ཡིས་རྒྱུད་ཅེས་བྱ་བར་བཤད། །འདི་དག་གི་ནི་བསྡུས་དོན་གང་། །ཞེས་ན་ཀུན་ཏུ་བཟང་པོའི་མཚན། །ཞི་བའི་དཀྱིལ་འཁོར་ཡང་ཅི་ལགས། །ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་གང་། །ཡི་གེའི་དཀྱིལ་འཁོར་གྱུར་པ་གང་། །དབང་བསྐུར་བ་ནི་དུ་ཞིག་གསུང་། །དབང་བསྐུར་བ་ཡི་དོན་ཡང་ཅི། །ཅི་ཕྱིར་ཏིང་ངེ་འཛིན་དུ་བརྗོད། །བླ་མ་སློབ་མ་ཇི་འདྲ་ལགས། །རེ་ཞིག་དེ་ཁོ་ན་ཉིད་ཅི། །ཅི་ལས་ཀུན་རྫོབ་ཏུ་ནི་བརྗོད། །དམ་ཚིག་སྡོམ་པ་དེ་ནི་ཅི། །ཅི་ཕྱིར་དེ་བཞིན་གཤེགས་པར་འགྱུར། །དེ་བཞིན་གཤེགས་པ་དུ་ཞིག་བཤད། །དེ་བཞིན་རིགས་ནི་རྣམ་པ་དུ། །མཆོད་པ་རྣམས་ཀྱང་ཅི་འདྲ་བཤད། །ཁྲུས་དང་སྦྱིན་སྲེག་ཇི་ལྟ་བུ། །དེ་བཞིན་ཉིད་དབྱིངས་ཀྱང་ཅི་འགྱུར། །སྐྱེ་བོ་ཇི་ལྟར་བཅིངས་པ་དང་། །ཇི་ལྟར་བུར་ན་གྲོལ་བར་བཤད། །ཅི་ཞིག་ལས་ནི་གྲོལ་བ་ལགས། །སུ་ཞིག་ཅི་ཡིས་འཁོར་བར་འགྱུར། །ཅི་ལས་དེ་རྣམས་འཁོར་བར་གནས། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དུ། །དེ་རྣམས་ཅི་ཡང་བདག་ཉིད་ཀྱི། །གང་ལ་བདུད་རྩི་ལྔ་རུ་བརྗོད། །སྒྲོན་མ་ལྔ་པོའང་གང་དང་གང་། །དེ་དག་ཀྱང་ནི་ཇི་ལྟར་བཟའ། །རྒྱུ་ཅི་ཞིག་གིས་གྲུབ་པ་ལགས། །སྣ་ཚོགས་ཚུལ་འབྱུང་དེ་ཅི་ལས། །གསང་སྔགས་ངེས་པར་ཅི་ལས་འགྱུར། །བསྐྱེད་པའི་རིམ་པ་ཅི་ཞིག་ཡིན། །རྫོགས་པའི་རིམ་པའང་གང་ཞིག་ལགས། །བསྙེན་པ་ལ་སོགས་བཞི་པོ་གང་། །སྐད་ཅིག་དང་ནི་དགའ་བ་རུ། །ཐིག་ལེ་ནཱ་དའང་གང་ཅི་ཞིག་ཅི། །རྡོ་རྗེ་པདྨ་ཅི་ལ་བརྗོད། །ཕྱག་རྒྱ་ཅི་ཞིག་རྣམ་པའང་དུ། །ཕྱི་ནི་ཅི་ཞིག་གནང་རེ་ཅེ། །གསང་དང་དེ་ཡི་བླ་མའང་ཅི། །ཆགས་བཅས་ཆགས་དང་བྲལ་རྣམས་ཀྱི། །ཕྱག་རྒྱའི་སྦྱོར་བ་ཇི་ལྟར་ལགས། །བྱང་ཆུབ་སེམས་ཀྱང་ཇི་ལྟར་སྙམ། །ཡང་ན་སྲོག་ཀྱང་ཇི་ལྟ་བུ། །སྦྱོར་བ་གང་གིས་གྱེན་དུ་འཕོ། །གང་གི་དུས་ནི་འཕོ་བ་ལགས། །དུས་སོ་ཞེས་ནི་གང་ལ་བརྗོད། །ཅི་ཡི་འཇིག་རྟེན་དངོས་གྲུབ་ནི། །ཕྲ་སོགས་རལ་གྲི་ལ་སོགས་ལགས། །ཇི་ལྟར་འཇིག་རྟེན་འདས་པར་འགྱུར། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ཡང་། །ཅི་ཞིག་ལ་ནི་བརྗོད་པར་བྱ། །དོར་བྱ་ཅི་ཞིག་བླང་བྱ་གང་། །གནོད་སྦྱིན་ལ་སོགས་ཇི་ལྟར་འདུལ། །གང་གི་རོ་ལངས་སློང་བ་དང་། །སུ་ཞིག་གསད་པར་བྱ་བ་ཡིན། །ཤ་ལ་སོགས་པས་ཇི་ལྟར་བཟའ། །འཁོར་བཞི་པོ་རྣམས་གང་ཞིག་ལགས། །ཚོགས་ཀྱི་འཁོར་ལོ་ཅི་འདྲ་དང་། །རྣལ་འབྱོར་མ་རྣམས་ཅི་འདྲ་ཞིང་། །དེར་ནི་དཔའ་བོའང་ཅི་འདྲ་དང་། །དེ་རུ་བརྡའ་ཡང་གང་འདྲ་ཞིག །འདིར་ནི་རྣལ་འབྱོར་ཅི་འདྲར་འགྱུར། །དེ་བཞིན་སེམས་ཀྱི་རྒྱལ་ཅི་འདྲ། །གང་གིས་དམ་ཚིག་ཉམས་འགྱུར་ཞིང་། །སློང་བའི་དམ་ཚིག་ཇི་ལྟ་བུ། །ཇི་ལྟར་དེ་ལ་ནན་ཏན་དང་། །བཟླས་པའི་རྣམ་པའང་དུ་ཞིག་མཆིས། །བདུད་རྣམས་ཅི་ཞིག་གང་གིས་གཞོམ། །དགེ་བའང་ཅི་ཞིག་རྣམ་པ་དུ། །མི་དགེའི་ཅི་ཞིག་རྣམ་པ་དུ། །ས་དང་ཕ་རོལ་ཕྱིན་རྣམས་གང་། །ཅི་ལྟར་འདི་རྣམས་སངས་རྒྱས་ཆོས། །རྣམ་དག་རྣམ་པ་ཅི་འདྲ་ཞིག །དཀྱིལ་འཁོར་རྣམ་པ་དུ་རྒྱུ་གསུང་། །དེ་བཞིན་ལས་ནི་རབ་འབྱམས་ཅི། །དཀོན་མཆོག་གསུམ་ཞེས་བྱ་བ་གང་། །གང་གིས་ཇི་ལྟར་སྐྱོབ་པ་ལགས། །སྒྲུབ་པ་པོ་ནི་ཅི་འདྲ་ཞིག །འདིར་ནི་ཇི་ལྟར་གཏོར་མ་སྦྱིན། །ཕྱ་རྒྱ་དང་ནི་རྒྱན་ཡང་གང་། །གཡས་བརྐྱང་དེ་ལས་གཞན་པའང་ཅི། །ཅི་ཞིག་ཅི་ལྟར་བྱང་ཆུབ་ཕྱོགས། །རྒྱུ་ཅི་དག་གིས་དེ་རུ་འགྱུར། །སྐྱེ་གནས་ཅི་ཞིག་སྐྱེ་གནས་དུ། །ཕུན་སུམ་ཚོགས་པ་ལྔ་པོའང་ཅི། །ཕུང་རྣམས་ཟག་པར་བཅས་ཀྱང་རྩིས། །ཇི་ལྟར་ཡེ་ཤེས་ལྷ་རུ་འགྱུར། །གང་གི་ཅི་ཞིག་ཟག་པ་དང་། །གང་ཚེ་གང་རྣམ་ཟག་པ་ཟད། །ཅི་འདྲ་ཞིག་ལ་མ་རིག་བརྗོད། །དེ་བཞིན་རིག་པའང་ཅི་འདྲ་ལགས། །དུས་ཐུང་བ་ལ་ཇི་ལྟར་གྲོལ། །དུས་རིང་ལས་ཀྱང་ཇི་ལྟ་བུ། །བསོད་ནམས་སྡིག་པ་ཇི་ལྟར་འགྱུར། །སྐུ་ཡི་རྣམ་པའང་དུ་ཞིག་མཆིས། །བརྗོད་པ་ཅི་ཞིག་མཆོད་པའང་ཅི། །གཞན་ཡང་འདུག་སྟངས་དག་ཀྱང་གང་། །རབ་ཏུ་གནས་པ་ཅི་འདྲར་བརྗོད། །རང་གཞིན་ཡང་ན་གཞན་ཡང་རུང་། །འོང་བ་ཇི་ལྟ་བུ་ལ་བཤད། །འགྲོ་བར་གྱུར་པ་ཇི་ལྟ་བུ། །སྲོག་ཆགས་རྣམས་ཀྱི་རྣམ་རྟོག་ཅི། །རྨི་ལམ་ལ་སོགས་ཇི་ལྟར་མཐོང་། །སྙིང་རྗེ་དེ་ཡང་ཅི་འདྲ་ལགས། །གང་ལ་དགོངས་པའི་རྣམ་པ་དུ། །སངས་རྒྱས་བྱང་ཆུ་སེམས་དཔའ་རྣམས། །སྣ་ཚོགས་གང་ལས་རྣམ་པར་སྤྲོས། །དེ་ལྟར་བཤད་བྱ་མ་ལུས་རྣམས། །ཀུན་མཁྱེན་ཐུགས་རྗེའི་རང་བཞིན་ཅན། །གང་གི་ཐེ་ཚོམ་ཀུན་མེད་པ། །སྲིད་པ་གསུམ་ན་རྣམ་པར་རྒྱུ། །ཞེས་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས་དྲི་བ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།

ལེའུ་ཉེར་བཞི་པ།

དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། དེ་བཞིན་བཤེགས་པ་རྣམས་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ་རྒྱལ་བ་ཀུན། །དེ་བཞིན་གཤེགས་རྣམས་ལེགས་སོ་ལེགས། །གང་ཤེས་ཤིན་ཏུ་མཆོག་གྱུར་བ། །རྣམ་པ་དེ་ལྟའི་ཞུ་བ་ཆེ། །གང་གིས་དགར་ཡང་འདིར་ལ་དྲིས། །འགའ་ཡང་རྣམ་པར་བཤད་པ་མིན། །རྒྱུད་རྣམ་ཀུན་ཏུ་ལེགས་འབྱུང་བ། །རྣལ་འབྱོར་སྤྱོད་ཡུལ་སྙིང་པོའི་དོན། །ཉན་ཐོས་རྣམས་ལ་མ་བཤད་ཅིང་། །རབ་ཏུ་མཆོག་གྱུར་དགེ་སློང་ལའང་། །གསང་ལས་ཤིན་ཏུ་གསང་བ་མཆོག །གནས་རྣམས་ཀུན་གྱི་ནང་ན་བཞུགས། །བླ་མ་རྣལ་འབྱོར་མའི་ཞལ་ནས། །སྙན་ནས་སྙན་དུ་ཡང་དག་བརྒྱུད། །རྩེ་གཅིག་གྱུར་པའི་ཡིད་ཀྱིས་ཀྱེ། །དེ་བཞིན་གཤེགས་རྣམས་མཉན་པར་གྱིས། །གསང་བ་ཆོས་འབྱུང་ལ་བཤད་དེ། །སྙིང་པོའང་དེ་ཡི་ཐབས་ཅན་ནོ། །གཉིས་པོ་ཕྱིན་ཅི་མ་ལོག་ཕྱིར། །དེ་ཉིད་དེ་འདིར་རྣམ་ངེས་ཏེ། །རྣམ་པ་ཀུན་ཏུ་དུས་ཀུན་ཏུ། །གང་གིས་བསྒྲུབས་ཤིང་བརྡར་བ་ཡིན། །སྟོང་ཉིད་སྙིང་རྗེ་སྦྱོར་བ་ནི། །བརྗོད་པར་བྱ་བར་འདིར་བཤད་དོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །དགོས་པའི་གཙོ་བོའི་རང་བཞིན་ཕྱིར། །འཇིག་རྟེན་པ་ཡི་ལམ་གྱུར་པས། །སྣ་ཚོགས་རང་བཞིན་:ཐ་༼མཐའ་༽དག་གོ །ཐབས་དང་ཐབས་བྱུང་འབྲེལ་བ་སྟེ། །བླ་མ་སློབ་མ་དག་ཀྱང་ངོ་། །གང་གིས་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་དུ་བཤད་དོ། །རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཟབ་དང་རྒྱ་ཆེན་དབྱེ་བ་ཡིས། །འདིར་དེ་བསྡུས་དོན་གཉིས་སུ་འདོད། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ། །མངོན་མཐོ་ངེས་ལེགས་རབ་སྟེར་བ། །ཀུན་ཏུ་བཟང་པོར་བརྗོད་པ་ཡིན། །རང་བཞིན་བདག་ཉིད་རྣམ་པ་ཀུན། །ཐམས་ཅད་ཞི་བར་བྱེད་ཉིད་ཕྱིར། །ཞི་བའི་དཀྱིལ་འཁོར་ཞེས་བརྗོད་དོ། །གདུལ་བར་དཀའ་བའི་ཉོན་མོངས་ལ། །ཐུགས་རྗེའི་དབང་གིས་ཁྲོ་བྱེད་ཕྱིར། །ཁྲོ་བོའི་དཀྱིལ་འཁོར་ཞེས་བརྗོད་དོ། །ངག་གི་སྤྲོས་པ་མ་ལུས་པ། །བརྗོད་པའི་རྟེན་གྱི་རང་བཞིན་ཕྱིར། །ཡི་གེའི་དཀྱིལ་འཁོར་དུ་བཤད་དོ། །སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །གདོད་ནས་ཞི་བའི་རང་བཞིན་ཕྱིར། །ཆོས་ཀུན་སྐྱེ་བ་མེད་པ་སྟེ། །རྣམ་ཀུན་ཀུན་ལ་རྟག་པ་ནི། །བདེ་བ་ཆེན་པོ་མྱོང་པའང་དེ། །རང་གི་རྣམ་རྟོག་དབང་གིས་ན། །མ་རིག་སྣ་ཚོགས་ཚུལ་གྱིས་འཁྲུལ། །རང་གཞན་དོན་འབྲས་རབ་སྟེར་བ། །འདིར་ནི་ཏིང་འཛིན་དུ་བརྗོད་དེ། །ཡེ་ཤེས་ཚོགས་ཀྱི་རྒྱས་པའོ། །ཀུན་ཏུ་བཟང་པོ་བླ་མར་འདོད། །བསྟན་པ་འོས་པ་སློབ་མ་ཡིན། །གང་ཞིག་རྣམ་རྟོག་དམིགས་མེད་པས། །དངོས་གྲུབ་ཀུན་སྟེར་ཡང་དག་ལམ། །རྣམ་ཀུན་དེ་ཁོ་ན་ཉིད་བཤད། །རྣམ་པར་རྟོག་པའི་སྣང་བརྙན་ཡང་། །རྣམ་པ་ཀུན་ཏུ་ཀུན་རྫོབ་འདོད། །རྣམ་པ་ཀུན་ཏུ་ལུས་ཀྱང་བཏང་། །བྱ་བར་ངེས་པ་ཉིད་ཀྱིས་ན། །གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ལུས་ངག་ཡིད་ཀྱིས་བྱས་པའོ། །གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པ་མངོན་པར་བརྗོད། །དེ་དག་མདོར་བསྡུས་ལྔར་བཤད་དེ། །རྒྱས་པར་ན་ནི་གྲངས་མེད་དོ། །རིགས་ནི་རྣམ་པ་བརྒྱར་བརྗོད་དོ། །མདོར་བསྡུས་པས་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཕྱི་དང་ནང་དང་གསང་བ་དང་། །ཡིད་དེ་རྣམ་པ་བཞི་པོ་ནི། །མདོར་བསྡུས་ནས་ནི་མཆོད་པར་བཤད། །གང་དེ་རྣམ་པ་མང་པོར་འདོད། །ཕྱི་དང་ནང་གི་དབྱེ་བ་ཡིས། །ཁྲུས་དང་སྦྱིན་སྲེག་ཏུ་བརྗོད་དེ། །མར་དང་ཆུ་སོགས་ཡང་དག་པར། །སྦྱོར་ལས་བྱུང་བ་བདུད་རྩི་འོ། །རྣམ་འགྱུར་མེད་པའི་རྣལ་འབྱོར་གྱི། །དེ་བཞིན་ཉིད་ཅེས་མངོན་བརྗོད་དེ། །རང་བཞིན་འཛིན་ཕྱིར་དབྱིངས་ཡིན་ཏེ། །དེ་བཞིན་ཉིད་ནི་དབྱིངས་སུ་བཤད། །རང་གི་རྣམ་པར་རྟོག་པས་བཅིངས། །རང་ཉིད་ཡོངས་སུ་ཤེས་པས་གྲོལ། །སྤྲོས་པ་ཐམས་ཅད་ཉེར་ཞི་བ། །རང་བཞིན་གྱིས་ནི་གྲོལ་བར་བརྗོད། །འཆིང་བ་མེད་ཕྱིར་དེ་གྲོལ་ལོ། །ཉོན་མོངས་ལས་ཀྱིས་འཁོར་བ་སྟེ། །དེ་ཡང་འགྲོ་དྲུག་རང་བཞིན་ཡིན། །འགྲོ་བ་དེར་འགྲོ་དེ་རུ་གནས། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། །ཡུལ་དང་དབང་པོའི་དབྱེ་བ་ཡིས། །སྐྱེ་མཆེད་དག་ཀྱང་བཅུ་གཉིས་ཏེ། །ཡུལ་དང་དབང་པོ་རྣམ་པར་ཤེས། །ཐམས་ཅད་གསུམ་དུ་དབྱེ་བ་ཡིས། །ཁམས་ནི་བཅོ་བརྒྱད་དག་ཏུ་བཤད། །རྣལ་འབྱོར་ཀུན་རྫོབ་བདེན་པ་ཡིས། །སངས་རྒྱས་ལྷ་མོ་དང་ནི་སྲས། །རྨི་ལམ་སྒྱུ་མ་ལ་སོགས་བཞིན། །དེ་ཉིད་དུ་ན་རང་བཞིན་མེད། །རྣམ་ཤེས་ལྔ་པོ་མི་དམིགས་པས། །བདུད་རྩི་ལྔ་ཞེས་བཤད་པ་སྟེ། །ཡེ་ཤེས་ལྔར་ནི་བརྗོད་པ་གང་། །སྒྲོན་མ་ལྔ་ཞེས་བརྗོད་བྱ་སྟེ། །བརྗོད་པའི་རྣམ་པ་དེ་ལྟ་བུས། །དེ་ཉིད་རིག་པས་གཉིས་པོ་བཟའ། །ལས་དང་ཉོན་མོངས་བྲལ་བྱའི་ཕྱིར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །དྲི་ཆེན་སོགས་ལྔ་བྱིན་རློབས་དང་། །བདུད་རྩི་ལྔ་པོ་དག་ཀྱང་སྟེ། །ཡང་ན་བ་ལང་ཤ་ལ་སོགས། །སྒྲོན་མ་ལྔར་བཤད་དག་ཀྱང་ངོ་། །ལྷ་ཡི་རྣམ་པར་སྦྱོར་བ་ཡིས། །སྦྱང་པ་ལ་སོགས་རིམ་པས་ཀྱང་། །དངོས་གྲུབ་ཕྱིར་བཟའ་རྣལ་འབྱོར་མའི། །དངོས་གྲུབ་འགྱུར་གྱི་གཞན་དུ་མིན། །དངོས་རྣམས་རང་རང་རྒྱུ་ཡིས་ནི། །བརྟེན་ནས་འབྱུང་བ་ཉིད་ཡིན་ཏེ། །མོས་པ་སྣ་ཚོགས་བཀྲི་བའི་ཕྱིར། །སྣ་ཚོགས་བསྟན་པར་མཛད་པ་ཡིན། །དབང་པོ་ཆེ་རྣོའི་ཐེག་པ་ནི། །བདེ་བའི་འབྲས་བུ་དོན་གཉེར་བ། །ཉོན་མོངས་ལྷག་པའི་ཕྱིར་གང་ཞིག །གསང་སྔགས་ལུགས་ནི་དབང་བསྒྱུར་ལ། །ཁྱབ་ཅིང་རང་བཞིན་མེད་པའི་ཕྱིར། །ལྷ་ཡི་རྣམ་པའི་རྣལ་འབྱོར་ལ། །ཟླ་བ་རྡོ་རྗེ་སོགས་རིམ་པས། །བསྐྱེད་པའི་རིམ་པ་བརྗོད་པའོ། །རང་བཞིན་གྲུབ་པ་རྫོགས་པ་ཡིས། །རིམ་པར་བཤད་པར་རྣལ་འབྱོར་རོ། །རྣལ་འབྱོར་རྣལ་འབྱོར་མར་འབྲེལ་བ། །བསྙེན་པ་ཞེས་བྱ་བསྟན་པ་ཡིན། །བོ་ལ་ཀ་ཀྐོ་ལ་སྦྱོར་བ། །ཉེ་བར་བསྙེན་པར་བརྗོད་པ་སྟེ། །རྩ་གཉིས་མངོན་པར་འབྲེལ་བ་སྟེ། །སྒྲུབ་པ་ཡིན་པར་བསྟན་པའོ། །ལྷན་ཅིག་སྐྱེས་གཉིས་འབྲེལ་བ་ནི། །སྒྲུབ་པ་ཆེན་པོར་བརྗོད་པ་འོ། །འཁྱུད་པ་ལ་སོགས་སྣ་ཚོགས་པས། །རྣམ་པ་སྣ་ཚོགས་སྐད་ཅིག་བརྗོད། །བདེ་བ་ཆེན་པོ་རྣམ་སྨིན་པས། །རྣམ་པར་སྨིན་པའི་སྐད་ཅིག་ཉིད། །རླུང་གི་དེ་ཉིད་རྟོགས་པ་ཡིས། །ཉིད་ལས་རྣམ་པར་ཉིད་པའོ། །རྣམ་པ་ཀུན་ཏུ་མི་འཛིན་པས། །མཚན་ཉིད་བྲལ་བའི་སྐད་ཅིག་ལ། །མགྲིན་སྙིང་ལྟེང་པར་གསང་བའི་མཐར། །བྱང་ཆུབ་སེམས་ནི་འགྲོ་དང་འོང་། །དཀར་དང་ནག་པའི་དབྱེ་བ་ཡིས། །ནང་དེར་བདེ་བ་ཆེན་པོ་འཆར། །ཕྱི་མ་ཕྱི་མའི་དབྱེ་བ་ཡིས། །དགའ་བ་ལ་སོགས་འདི་དག་འདོད། །དགའ་བ་དང་ནི་མཆོག་དགའ་དང་། །བྲལ་བ་ཡི་ནི་དགའ་བ་ཉིད། །བཞི་པ་ལྷན་ཅིག་སྐྱེས་དགའོ། །ཡུལ་དང་སྲོག་གི་རྣལ་འབྱོར་ལ། །ཡེ་ཤེས་མེ་སྐྱེས་ནཱ་ད་དང་། །ཐིག་ལེ་རྟོག་པ་ཡིད་ལས་འབྱུང་། །གཉིས་ཀ་འདུས་པའི་ཡེ་ཤེས་སོ། །རླུང་ལས་ཉེ་བར་རྙེད་མ་གང་། །རྡོ་རྗེའི་རྩ་ནི་མངོན་པར་བཅིངས། །དེ་ཉིད་རྩེ་མོར་ལྔ་བར་འདོད། །རྣམ་རྟོག་བཅོམ་པ་ལས་ཀྱང་ནི། །པདྨ་འདབ་མ་བརྒྱད་པ་སྟེ། །སྲུབ་པའི་མངོན་པར་སྦྱོར་བའོ། །ཕྱག་རྒྱའི་དགའ་བ་རབ་སྟེར་བ། །དེ་ཡང་རྣམ་པ་ལྔ་རུ་བཤད། །དམ་ཚིག་ལ་སོགས་དབྱེ་བས་སོ། །བསྐྱེད་པའི་རིམ་པའི་སྦྱོར་བ་ནི། །ཕྱིར་ནི་རྣམ་པར་བཤད་པར་མཛོད། །རྩ་ཡི་འཁོར་ལོ་ལ་སོགས་སྦྱོར། །ནང་གི་རྣམ་པར་བཤད་པར་འདོད། །གསང་བ་བྱང་ཆུབ་སེམས་སོགས་པས། །རྟོག་པ་བླ་མེད་ཡང་དག་རིག །དམ་ཚིག་ཡེ་ཤེས་ལས་སུ་གྲགས། །འདོད་པའི་རྣལ་འབྱོར་ཕྱག་རྒྱ་ལས། །འདོད་ཆགས་བྲལ་བ་ཆེན་པོར་གྲགས། །དེ་ལྟར་ཕྱག་རྒྱའི་རྗེས་མཐུན་པ། །ནུས་པའི་ཡིད་ནི་རྣམ་པར་རྒྱལ། །རྣལ་འབྱོར་མི་འཕམ་རླུང་ལས་འགྱུར། །དེ་ཡི་ཇི་ལྟར་འདོད་པ་གནས། །ལུས་རྐྱེན་དབུས་སུ་བསྡིགས་འཛུམ་བཅས། །བསྡིགས་འཛུམ་བྱང་ཆུབ་སེམས་སུ་འགྱུར། །འདིར་ནི་རིམས་པར་ཐེ་ཚོམ་མེད། །དེ་སྲོག་རྒྱལ་བའི་གོ་འཕང་འགྱུར། །དེ་གནོན་ས་ལ་དགའ་བ་མེད། །རླུང་ནི་བརྒྱ་ཕྲག་བཅུ་དྲུག་གིས། །དུས་མ་ཡིན་པར་འཆི་བར་བཤད། །རྩ་ཡི་དབུས་ཀྱི་ནང་དེ་རུ། །རབ་ཏུ་དབྱེ་བ་འཆི་བསླུར་འདོད། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །རྫོགས་པའི་རིམ་པའི་སྦྱོར་བ་ནི། །དེ་ཉིད་རྟོགས་བཟང་གང་རྣལ་འབྱོར། །ཕྱག་རྒྱ་ཆེན་པོ་བདེ་བ་ཆེ། །ཐམས་ཅད་ཉེར་ཐོབ་བླང་བར་བྱ། །བཀའ་བཞིན་དུ་ནི་དེ་ལྟར་བསྒོམ། །དབྱེ་བ་མེད་པར་འདིར་སྐྱོབ་པ། །གནོད་སྦྱིན་ལ་སོགས་གདུལ་བར་བྱ། །བཀའ་ཡི་ནང་དུ་ཁྲོ་བ་དང་། །གསང་སྔགས་འཕོ་བའི་སྦྱོར་བ་ཡིས། །རོ་ལངས་རབ་ཏུ་བསླང་བར་བྱ། །རྟོག་པ་ཐམས་ཅད་རྣམ་པར་སྤང་། །མཚམས་མེད་ལྔ་དང་ལྡན་པ་ནི། །བླ་མའི་སྒོ་བས་སེམས་པ་དང་། །ཆོ་ག་བཞིན་དུ་བསྒྲལ་བ་བྱ། །ལྷ་ཡི་སྦྱོར་བ་སྒྱུ་མ་ལྟར། །ཟས་སུ་ཤ་ལ་སོགས་པ་བཟའ། །རང་དང་གཞན་གྱི་འབྲས་ཐོབ་པར། །གཞོམ་ལ་སོགས་པ་རྗེས་མཐུན་པའོ། །འཁོར་ནི་བཞི་རུ་རབ་ཏུ་བརྗོད། །སྔགས་ཀྱི་ལུགས་དང་ངེས་ཚིག་དང་། །སོ་སོར་ཐར་ལ་སོགས་པ་དང་། །རྫོགས་པ་ལས་བྱུང་རྣལ་འབྱོར་དག །འདི་ཡི་བདག་དང་གཞན་གསལ་བ། །གཅིག་ཏུ་འདི་ལ་གཞོལ་བའོ། །ཕྱག་རྒྱའི་སྦྱོར་བ་ཐམས་ཅད་དུ། །འདོད་པ་ལྔ་པོ་ཉེར་ལོངས་སྤྱོད། །བཟའ་བ་ཉེ་བར་མི་དམིགས་པ། །ཚོགས་ཀྱི་འཁོར་ལོ་ཞེས་རབ་བཤད། །བརྡའ་ནི་ལགས་པ་ལ་སོགས་དབྱེ། །དཔའ་བོ་རྣལ་འབྱོར་བ་ཡི་བརྡའ། །སྟོང་དང་སྙིང་རྗེའི་བདག་ཉིད་ཅན། །འདི་སྦྱོར་རྣལ་འབྱོར་པས་ཤེས་བྱ། །རྟེན་དང་རྟེན་མེད་རྣལ་འབྱོར་གྱིས། །དམིགས་པའི་རིམ་པ་རྣམ་གཉིས་པས། །སེམས་ནི་ངེས་པར་རྒྱལ་བར་འགྱུར། །དམ་བཅའ་བ་ལས་ལོག་པ་ན། །དམ་ཚིག་ཉམས་པར་བརྗོད་པར་བྱ། །དོན་ཡོད་རྡོ་རྗེའི་རྣལ་འབྱོར་གྱིས། །དམ་ཚིག་བླང་བར་འདོད་པ་ཡིན། །དམ་བཅས་པ་ལས་མི་ལོག་པར། །རང་གི་ནན་ཏན་བྱ་བར་བཤད། །ངག་གི་བཟླས་པ་སོགས་དབྱེ་བས། །བཟླས་པ་རྣམ་པ་བཞིར་བཤད་དོ། །དགེ་བའི་ལས་ལ་གེགས་བྱེད་ཕྱིར། །གཤིན་རྗེ་ལ་སོགས་བདུད་འདོད་དེ། །དང་པོར་གཟུགས་མེད་སེམས་ལ་བརྗོད། །གཞོམ་པ་སྔགས་སོགས་སྦྱོར་བས་སོ། །རང་གཞན་དོན་དང་རྗེས་མཐུན་གང་། །རྣམ་པར་སྨིན་པས་དགེ་བར་འདོད། །མདོར་བསྡུས་དེར་ནི་རྣམ་གཉིས་གསུངས། །ཤེས་རབ་སྙིང་རྗེའི་དབྱེ་བས་སོ། །དེས་དབེན་པ་ནི་མི་དགེ་བ། །ས་དང་ཕ་རོལ་ཕྱིན་པ་ཡང་། །གསང་སྔགས་ངེས་པའི་རིམ་པ་ཡིས། །སྦྱིན་སོགས་དགའ་བ་སོགས་ལས་རྣམས། །སངས་རྒྱས་ཆོས་རྣམས་སྟོབས་སོགས་ཏེ། །རང་བཞིན་གྱིས་ནི་དག་པར་བརྗོད། །གང་གང་ངེས་པར་སྦྱོང་ཞིང་དག །སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་འདོད་དེ། །ཡང་ན་བྷ་ག་སོགས་དབྱེ་དང་། །ལས་ཀྱི་ཕྱག་རྒྱ་སོགས་དབྱེ་བས། །གང་ཡང་རྣམ་པ་ལྔར་འདོད་དེ། །ཞི་བ་ལ་སོགས་རབ་དབྱེ་བས། །ལས་ནི་རྣམ་པ་བཞིར་བསྡུས་སོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བསམ་པ་ཐམས་ཅད་རྫོགས་བྱེད་ཕྱིར། །གསུམ་པོ་དཀོན་མཆོག་ཅེས་བཤད་དོ། །དེ་ཡང་དམ་པའི་དོན་འདོད་དེ། །ལུས་སོགས་གཅིག་ཏུ་དེ་མཐར་ཐུག །མཐར་ཐུག་དོན་མིན་ཀུན་སྤངས་ཕྱིར། །འདོད་པའི་འབྲས་བུས་ཀུན་ཐོབ་པས། །དེ་དག་སྐྱབས་སུ་བརྗོད་པར་བྱ། །རང་གཞན་བདག་ཉིད་རྣམ་ཀུན་ཏུ། །མ་ལུས་མི་དགེའི་ཀུན་བྱེད་པ། །སྐྱེ་བོ་མ་ལུས་འདོད་ཅན་ནོ། །སྟོང་ཉིད་སྙིང་རྗེར་ལྡན་པ་དང་། །སྣ་ཚོགས་དོན་ཚུལ་ལ་མཁས་པ། །དབང་རྣམས་བསྐུར་ཞིང་རྗེས་སུ་གནང་། །དེ་ནི་སྒྲུབ་པ་པོ་ཞེས་བརྗོད། །ལྷ་ཡི་རྣམ་པའི་རྣལ་འབྱོར་གྱིས། །གླུ་དང་རོལ་མོའི་རྣམ་པ་དང་། །བཟའ་དང་སྟོན་མོ་བཏུང་སོགས་དང་། །ཕྱག་རྒྱ་ལ་འཁྱུད་སྦྱོར་བ་དང་། །སྔགས་ཀྱི་སྔགས་རིགས་བློ་ལྡན་པས། །མཉམ་པར་བཞག་པས་གཏོར་མ་སྦྱིན། །མཁའ་འགྲོ་མཁའ་འགྲོ་མའི་ཚོགས་ལས། །དུར་ཁྲོད་དུ་ནི་འབྲས་འཐོབ་ཕྱིར། །འཁོར་ལོ་སོགས་ཀྱིས་རབ་ཕྱེ་བའི། །ཕྱག་རྒྱས་བརྒྱན་པར་གསུངས་པ་ཡིན། །རྐང་པ་གཡས་པ་རབ་བརྐྱང་ལ། །གཡོན་པ་བསྐུམ་པའི་སྦྱོར་བ་ལས། །དེ་ནས་གཡས་བརྐྱང་དུ་ཤེས་བྱ། །བཟློག་པ་ལས་ནི་གཡོན་བརྐྱང་ངོ་། །ལུས་སོགས་དྲན་པ་ཉེར་བཞག་སོགས། །བྱང་ཆུབ་པ་ཡི་ཐབས་ཡིན་ཕྱིར། །བྱང་ཆུབ་ཕྱོགས་ཤེས་རབ་ཏུ་བརྗོད། །ཐེག་ཆེན་དོན་ནི་བསྡུས་པའི་ཕྱིར། །སྐྱེད་པར་བྱེད་པས་རྟེན་དུ་འགྱུར། །མངལ་སྐྱེས་ལ་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་བཞིར་ཡང་དག་འདོད། །སྟོན་པ་པོ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པའང་ལྔར་བརྗོད་དོ། །དེ་དེའི་རྟོགས་པ་ལས་བཟློག་ཕྱིར། །མེ་ལོང་ལ་སོགས་ཡེ་ཤེས་ལྔ། །དག་པ་བར་ཆད་མེད་པའོ། །ཚུལ་ཁྲིམས་ལ་སོགས་ཕུང་པོ་ལ། །ཟག་མེད་རྣམ་ནི་གཞན་ཡིན་ནོ། །མ་རིག་བག་ཆགས་སོགས་དབང་གིས། །རྣམ་ཤེས་ཟག་པར་ཤེས་པར་བྱ། །ཐོག་མེད་དུས་ཀྱི་ཉོན་མོང་བདག །བརྟགས་ཕྱིར་འཁྲུལ་པ་ཙམ་ཡིན་ཏེ། །ཡང་དག་མ་ཡིན་དོན་སྒྲུབ་ཅིང་། །ཡང་དག་པ་ཡི་སྒྲིབ་པར་གནས། །མ་རིག་པར་ནི་བརྗོད་པ་སྟེ། །རིག་པ་བཤད་ལས་བཟློག་ཕྱིར་རོ། །རྣལ་འབྱོར་པ་རྣམས་དུས་ཐུང་ངུས། །གྲོལ་བར་རྩེ་གཅིག་སེམས་ཉིད་ཀྱིས། །དེ་ལས་བཟློག་པ་དང་འབྲེལ་ཕྱིར། །དུས་རིང་བ་ལས་དེ་འགྱུར་རོ། །བསོད་ནམས་གཞན་ལ་ཕན་པ་སྟེ། །དེ་ལས་བཟློག་པ་སྡིག་པའོ། །ཡེ་ཤེས་ལ་སོགས་རབ་དབྱེ་བས། །སྐུ་ནི་རྣམ་པ་ལྔར་བཤད་དེ། །ཤེས་ལྡན་སྐྱོན་མེད་ཡོན་ཏན་བཅས། །རྣམ་ཀུན་སྙིང་རྗེའི་བདག་ཉིད་བརྗོད། །མཆོད་པའང་གུས་པ་ལས་ཡིན་ཏེ། །རྩེ་གཅིག་སེམས་ཀྱི་འདུག་སྟངས་སོ། །ཡེ་ཤེས་སེམས་དཔའ་རྣམ་པར་གནས། །རབ་ཏུ་གནས་པ་ཞེས་བྱ་བ། །རང་གི་སེམས་དང་གཞན་གྱི་སེམས། །རྣལ་འབྱོར་ལྡན་པ་གང་རུང་གིས། །རྣམ་རྟོག་རླུང་གི་སྦྱོར་བ་ཡིས། །འགྲོ་བ་དང་ནི་འོང་བར་བརྗོད། །རྣམ་རྟོག་ཅེས་བྱ་འཁྲུལ་བ་སྟེ། །སེམས་ནི་འཁྲུལ་པར་ལྡན་པས་སོ། །སེམས་དང་འཁྲུལ་པའི་སྦྱོར་བ་ལས། །རྨི་ལམ་མཐོང་བ་བཞིན་དུ་བཤད། །སྡུག་བསྔལ་དག་དང་དེ་རྒྱུ་ལས། །སེམས་ཅན་ཐམས་ཅད་གྲོལ་འདོད་པ། །སྙིང་རྗེ་དེ་ནི་རྣམ་པ་གསུམ། །སེམས་ཅན་ཆོས་དང་དམིགས་མེད་དག །བསྡུ་ན་སངས་རྒྱས་དེ་སྲས་བརྗོད། །མོས་པ་སྤྱོད་པའི་ས་ནས་ནི། །ཇི་སྲིད་བཅུ་པའང་བྱང་ཆུབ་སེམས། །བཅུ་གཅིག་པ་ནི་སངས་རྒྱས་ཏེ། །དེ་ཉིད་རྟོགས་ཕྱིར་སངས་རྒྱས་སོ། །ཀུན་ནས་རབ་ཏུ་སྣང་བ་དང་། །རྟོགས་པའི་ཕྱིར་དང་སེམས་ཅན་དོན། །སྣ་ཚོགས་སྤྲོས་པར་བྱ་ཕྱིར་ཏེ། །འདི་ཡང་ཀུན་རྫོབ་དོན་དུ་བཤད། །དེ་ཉིད་དུ་ནི་སྤྲོས་མེད་དེ། །བླ་མའི་ཞལ་ནས་གནས་པ་ཡིན། །དབང་བསྐུར་བཞི་ཡི་དེ་ཉིད་དོན། །དེ་ཉིད་ཤིན་ཏུ་རྙེད་པར་དཀའ། །ཀུན་གྱི་སྲོག་དང་འདྲ་བར་ནི། །འབད་པ་ཡིས་ནི་བསྒྲུབ་བྱ་སྟེ། །དེ་ཚེ་རང་གཞན་རྗེས་འཛིན་པར། །ནུས་པ་ཕུན་སུམ་ཚོགས་ཀུན་ཐོབ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་དང་། རབ་ཏུ་དགྱེས་པ་དང་། ཡིད་ཚིམ་པ་སྐྱེས་པར་གྱུར་ནས། འདི་སྐད་ཅེས་གསུངས་སོ། །ཀྱེ་མའོ་རྡོ་རྗེའི་ཚུལ་ཞི་བ། །ཀུན་ཏུ་བཟང་པོ་བླ་ན་མེད། །ཕུན་སུམ་ཚོགས་པ་ཀུན་སྟེར་བ། །རྟག་ཅིང་ཤིན་ཏུ་རྨད་བྱུང་བ། །གསང་བའི་སྙིང་པོ་རིན་པོ་ཆེ། །རྒྱུད་ཀུན་གྱིས་ནི་དོན་བསྡུས་པ། །ཐེ་ཚོམ་ཐམས་ཅད་གཅོད་པའོ། །གསང་བ་བས་ཀྱང་གསང་བའི་མཆོག །ཅེས་དེ་སྐད་ཅེས་གསུངས་ནས། ཐམས་ཅད་བདེ་བ་ཆེན་པོ་ལ་རྗེས་སུ་ཞུགས་པར་གྱུར་ཏོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་ལས། འཁོར་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་བླ་ན་མེད་པ་རིན་པོ་ཆེ་སྦྱིན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།འཕགས་པ་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་སྟོང་ཕྲག་བརྒྱ་པ་ལས། རྒྱུད་ཐམས་ཅད་ཀྱི་ལུང་གི་མཚན་ཉིད་བསྡུས་པའི་དོན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བར་གྱུར་པ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་འཁོར་ལོས་བསྒྱུར་བ་མ་ལུས་པ་སྤྲོ་བའི་འཕྲིན་ལས་རྒྱས་པ་རྫོགས་སོ།། །།

གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཕྱི་མའི་ལེའུ་ཉེར་གསུམ་པ་དང་། ཉེར་བཞི་པ་ལས། རྒྱ་དཔེ་ཇི་ལྟར་རྙེད་པ་ལ། ཐར་པ་ལོ་ཙཱ་བས་འགྱུར་མཛད། དུས་ཕྱིས་ཤོག་བྱང་གཅིག་མ་ཚང་བའི་རྒྱ་དཔེ་མཐོང་བས་མི་བཅོས་སུ་མི་རུང་བ་རྣམས་གཞོན་ནུ་དཔལ་གྱིས་ལྕགས་ཕོ་སྟག་གི་ལོ་ལ་དཔལ་ཚོང་འདུས་ཀྱི་ཕོ་བྲང་ཆེན་པོར་བཅོས་པའོ། །འདིའི་ཤོག་བྱང་གཅིག་མ་རྙེད་པ་ལ་ཐར་པ་ལོ་ཙཱ་བའི་འགྱུར་ཉིད་བྲིས་སོ། །ཞེས་འགོས་ལོའི་འགྱུར་ཉིད་གཞིར་བཞག་ལ་དྲི་བ་བརྒྱ་དང་གཉིས་པའི་ལན་མན་ཆད་དེར་མ་ཚང་བར་ཁ་ཆེའི་མཁས་པ་ཀུན་དགའ་དཔལ་གྱིས་བསྒྱུར་བ་ནས་བསབས་པའོ། །རྒྱལ་བ་ཀུན་གྱི་གས༵ང་བ༵འི་མཛོད། །སྒྱུ་༵འཕྲུལ༵་སྙིང༵་པོ༵་རྒྱུད༵་ཆེན་གྱི། །རྩ་བ་ལས་འཕྲོས་ཕྱི༵་མ༵འི་རྒྱུད༵། །དུ་མར་སྤར་བའི་དྲྭ་བ་འདི། །གནས་ལྔ་རིག་པའི་མཛོད་འཛིན་ཞིང་། །རྡོ་རྗེ་ཐེག་ལ་རབ་གུས་པ། །བརྟན་པའི་བློ་ལྡན་དེ་ཡིས་སྤེལ། །དགེ་བས་ཐུབ་བསྟན་འཕེལ་རྒྱས་ཤོག །ཅེས་པའང་སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེའི་ཕྱག་མཛོད་རྡོ་རྗེ་རབ་བརྟན་ནས། སྒྱུ་འཕྲུལ་གྱི་རྒྱུད་ཕྱི་མ་འདི་ཉིད་གསར་དུ་བཞེངས་པའི་སྤར་བྱང་དུ། བཙུན་པ་གཞན་ཕན་པས་སྤེལ་བ་དགེ ། སརྦ་མངྒ་ལམ།། །།


previousགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཕྱི་མ།next