ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་བཟུང་དབང་གི་ཆོ་ག་དོན་ཟབ་བཅུད་འདུས། བློ་གྲོས་མཐའ་ཡས།
ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་བཟུང་དབང་གི་ཆོ་ག་དོན་ཟབ་བཅུད་འདུས་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །གང་ཞིག་བརྟེན་ན་ཐར་པའི་སྲོག་བརླིང་ཞིང་། །ཞི་བ་འཆི་མེད་བདག་པོའི་རྒྱལ་ཐབས་སུ།། མོད་ལ་སྦྱོར་བྱེད་བདུད་རྩིའི་བུམ་པ་བཟང་། །སྨིན་བྱེད་འབྱུང་གནས་བླ་མ་ལྷ་ཡིས་སྐྱོངས། །ཐེག་དགུ་ཡོངས་ཀྱི་བཅུད་འདུས་ཆོས་ཀུན་ལ། །རང་དབང་སྒྱུར་བྱེད་དབང་མཆོག་ཀུན་གྱི་ཕུལ། །རང་གཞུང་འཁྲུལ་མེད་བཀླག་ཆོག་འབྲི་བ་ལ། །རྩ་བ་གསུམ་གྱིས་གནང་ཞིང་བྱིན་རླབས་སྩོལ། །ཟབ་ཆོས་ཐམས་ཅད་ཀྱི་ཡང་སྙིང་དོན་ཟབ་དགོངས་འདུས་ཀྱི་ཐུགས་ཀྱི་ཏི་ཀ་ཉམས་སུ་ལེན་པར་འདོད་པའི་སྐལ་པ་ཅན་དག་གི་རྒྱུད་སྨིན་བྱེད་དབང་གི་ཆོ་ག་ཐོག་མར་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དབང་གི་རྒྱབ་ཆོས་ལས་རྣམ་པ་བཅུར་གསུངས་ཏེ། ཐུན་མིན་བསླབ་གསུམ་མངའ་བ་བཅུད་ལྡན་བླ་མའི་མཚན་ཉིད། འཕགས་ནོར་བདུན་གྱིས་འབྱོར་པ་སྣོད་ལྡན་སློབ་མའི་མཚན་ཉིད། ཕྱི་ནང་གསང་བ་ལེགས་ལམ་དུ་ཕྱོགས་པ་དགེ་ལྡན་དུས་ཀྱི་མཚན་ཉིད། དབེན་ཞིང་མཐུན་རྐྱེན་ཚོགས་པ་དབེན་ལྡན་གནས་ཀྱི་མཚན་ཉིད། དབང་སྒྲུབ་རྟེན་མཆོད་བྱིན་ཆས་འཛོམ་པ་འབྱོར་ལྡན་ལོངས་སྤྱོད་ཀྱི་མཚན་ཉིད་དེ་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་། བླ་མ་ལ་སྔ་རོལ་དུ་གསོལ་བ་བཏབ་པ་བླ་མ་སྟ་གོན། དཀྱིལ་འཁོར་དང་སྐུ་གསུང་ཐུགས་རྟེན་བཤམས་པ་དཀྱིལ་འཁོར་སྟ་གོན། ཐེག་དགུའི་ཆོས་རྣམས་བསགས་པ་དབང་རྫས་སྟ་གོན། སྒྲུབ་མཆོད་བདག་འཇུག་བླང་བ་ལྷ་སྟ་གོན། སློབ་མ་རྣམས་སྐྱབས་སེམས་ཡིག་བརྒྱ་མཎྜལ་ལ་འབད་པ་སློབ་མ་སྟ་གོན་རྣམས་སུ་གསུངས་པས་དེ་དག་ཇི་ལྟར་ནུས་པ་བསྒྲུབས་ཤིང་ཚོགས་པར་བྱའོ། །དེ་དག་ལས་སྐབས་ཀྱི་ཐོག་མར་
གཤོམ་གྱི་ལག་ལེན་ནི། སྟེགས་བུ་གཙང་མར་གཞུང་མཐུན་གྱི་དཀྱིལ་འཁོར་རས་བྲིས་བཀྲམ་པའམ། མཎྜལ་ལ་འབྲུའི་ཚོམ་བུ་དབུས་སུ་ཆེ་ཆུང་གསུམ། མཐའ་སྐོར་དུ་དྲུག་བཀོད་པའི་ཁར་ཁྲིའུ་ལ་གཞུང་པོད་དམ་རྒྱུད་ཀྱི་གླེགས་བམ་དར་དམར་ལ་མཐོང་གྲོལ་འཁོར་ལོ་བྲིས་པས་དགབ། དེའང་སྔ་ནས་ཚད་ལྡན་བསྒྲུབས་པ་ཡོད་ན་རབ། མེད་ནའང་གཞུང་མཐུན་བྲིས་པ་ཞིག་ངེས་པར་དགོས་སོ། །དེ་སྟེང་འཕྲུལ་སྟེགས་ལ་ཐུགས་རྗེ་ཆེན་པོའི་སྐུ་དང་རྒྱབ་ཕྱོགས་སུ་མཆོད་རྟེན། མདུན་ཕྱོགས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ལྡན་པ་བཞུགས་སུ་གསོལ། རྒྱབ་ངོས་སུ་བླ་མའི་གཏོར་ཆེན་ནམ་ཟླུམ་གཏོར་པད་འདབ་རྒྱན་སྤྲོས་ཅན་གྱི་གཡས་གཡོན་དུ་བཀའ་གཏེར་སྲུང་མའི་མཆོད་གཏོར་དང་སྨན་རཀ །མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། ཉན་ཐོས་ཀྱི་དབང་རྫས་ཆོས་གོས་ལྷུང་བཟེད་གསེག་ཤང་སྲུང་སྐུད་དམར་པོ། རང་རྒྱལ་ལ་ཤིང་ཏོག་དང་རུས་པའི་ཕྲེང་བ་སོ་ཤིང་། བྱང་སེམས་ལ་དུང་པུསྟི་རྩྭ་ཀུ་ཤའི་ཆུན་པོ་གཉིས་བསྣོལ། ཀྲི་ཡ་ལ་མིག་དར་ཅོད་པན་རྡོར་དྲིལ་རིགས་ལྔའི་ཕྱག་མཚན། ཨུ་པ་ལ་རྡོ་རྗེ་དང་ཕྲེང་བ། ཡོ་ག་ལ་གསེར་ཐུར་དང་མེ་ལོང་། མ་ཧཱ་ལ་རྣམ་རྒྱལ་བུམ་པ་ནི་སྔར་བཀོད་དེས་ཆོག་ཅིང་། ཨ་ནུ་ལ་ཀ་པཱ་ལ་བདུད་རྩི་མངར་གསུམ་སྦྱར་བས་བཀང་བ་དང་རིག་ཙཀ་མེ་ལོང་རྣམས་དང་། ཨ་ཏིའི་སྐབས་འབུལ་རྒྱུ་རིན་ཆེན་སྨན་འབྲུའི་མཎྜལ། སྤྱི་ལ་ལས་བུམ། མཎྜལ་མེ་ཏོག་རྣམས་དཀྱིལ་འཁོར་གྱི་མཐར་སྐོར་རམ་ཉེ་ལོགས་ཅི་བདེ་བར་བཞག །གཞན་ཡང་སྔོན་གཏོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན། ཡུངས་ཐུན་སྤོས་རོལ་སོགས་ཀྱང་ཉེ་བར་བསྡོགས། དེ་ནས་སློབ་དཔོན་གྱིས་ལས་གཞུང་གི་སྔོན་འགྲོ་ནས་བརྩམ། དངོས་གཞི་
བདག་མདུན་དབྱེར་མེད་དུ་བསྒྲུབས། བཟླས་པའི་སྐབས་འཛབ་ཁང་ཕྱེས་ལ་བུམ་པ་སོགས་དབང་རྫས་རེ་རེ་བཞིན་ཐུགས་རྗེ་ཆེན་པོ་ཁྱད་པར་དུ་བསྟིམ་ཞིང་ཡིག་བཅུ་རེ་རེ་བཞིན་བརྒྱ་སྟོང་ཅི་འགྲུབ་བཟླས་ལ་མཆོད་བསྟོད་བསྐུལ་བ་བྱ། དེ་ནས། ལས་བུམ་ནང་དུ་པད་ཉིའི་སྟེང་། །དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཏོ་སྡིགས་མཛུབ་ལྕགས་ཀྱུ་འཛིན། །དུར་ཁྲོད་ཆས་ལྡན་རྟ་ཞལ་འཚེར། །འདོར་སྟབས་མེ་ཀློང་ཧྲཱིཿསྒྲ་སྒྲོག །སྐུ་ལས་བདུད་རྩིའི་རྒྱུན་བབས་གྱུར། །ཅེས་མོས་ལ་ཧྲཱིཿབཟླ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་པའང་བཟླས་ལ་བཞག །དེ་ནས་གཏེར་སྲུང་གཏོར་འབུལ་ཚོགས་མཆོད་ཕུད་འབུལ་བ་ཡན་གྲུབ་པ་དང་། འོག་ནས་འབྱུང་བའི་ཆོ་ག་ཚང་བ་བདག་འཇུག་ཏུ་བླང་། མི་ནུས་ན་རིག་པའི་མེ་ཏོག་དོར་བར་བྱའོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་གསུམ། སྦྱོར་བ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པ། དངོས་གཞི་ཐེག་དགུའི་དབང་སྦྱིན་པ། རྗེས་དམ་ཚིག་བསྒྲགས་བཟུང་ལ་སོགས་པའོ། །དང་པོ་ནི། སློབ་མ་རྣམས་ལས་བུམ་གྱིས་ཕྱི་རོལ་དུ་ཁྲུས་བྱ། སྒོ་དྲུང་དུ་གནས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོར་བཅས༔ སྐུ་གསུམ་ཞིང་ནས་བདག་ལ་དགོངས་སུ་གསོལ༔ བདག་ཅག་དད་པས་ཁྱེད་ལ་སྐྱབས་སུ་གནས༔ འགྲོ་བའི་དོན་དུ་སྨིན་གྲོལ་ཆོས་སྒོ་ཕྱེས༔ ཞེས་ཞུ། དེ་ནས་རིགས་དང་སྐལ་པ་བརྟགས་པའི་དྲི་བ་འདི་ལ་སྙན་གཏོད་པར་ཞུ། ཧྲཱི༔ དམ་ཚིག་མེད་པའི་སྐྱེ་བོ་དང༔
ལོག་ལྟ་ཅན་གྱི་མུ་སྟེགས་དང༔ བློ་ཆུང་ཉན་ཐོས་རང་རྒྱལ་དང༔ སྐལ་པ་མེད་པ་མ་ཡིན་ནམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། དམ་ཚིག་མེད་པའི་སོགས་གོང་ལྟར་གྱི་མཇུག་ཏུ། མ་ཡིན་ལགས། །ཞེས་ཞུ། ཡང་བླ་མས། དད་གུས་སྐལ་པར་ལྡན་ལགས་སམ༔ འཇིག་རྟེན་བྱ་བ་བོར་ནུས་སམ༔ སྡོམ་གསུམ་དམ་ཚིག་སྲུང་ནུས་སམ༔ ཟབ་དོན་ཡེངས་མེད་སྒོམ་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། དད་གུས་སྐལ་པར་ལྡན་ལགས་སོ། །འཇིག་རྟེན་བྱ་བ་བོར་ནུས་ལགས། །སྡོམ་གསུམ་དམ་ཚིག་སྲུང་ནུས་ལགས། །ཟབ་དོན་ཡེངས་མེད་སྒོམ་ནུས་ལགས། །ཞེས་ཁས་བླང་དུ་གཞུག །བགེགས་གཏོར་བསང་སྦྱང་བྱིན་རླབས་དང་། རྟ་མགྲིན་བསྐྱེད་པ་ནས་སྲུང་འཁོར་བསྒོམ་པའི་བར་ལས་བྱང་ལྟར་བྱས་ལ་ཡུངས་ཐུན་གུ་གུལ་རོལ་མོ་དྲག་སྔགས་ཀྱི་སྒྲས་སྐལ་པ་དང་མི་ལྡན་པ་རྣམས་རྒྱ་མཚོའི་མཐར་བསྐྲད་ལ་སྲུང་འཁོར་བརྟན་པོར་བསྒོམ། དེ་ནས་སློབ་མ་རྣམས་བརྐྱང་ཕྱག་འཚལ། ཐར་སྦྱར་བཅས་ནང་དུ་འཁོད་པ་ལ་སློབ་དཔོན་གྱིས། ཐོག་མར་གསོལ་བ་འདེབས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད་ལ་གསོལ་འདེབས་ཀྱི་རྗེས་ཟློས་གྱིས་ཤིག །རང་གི་སྤྱི་གཙུག་སོགས་ནས། བཀའ་སྲུང་དམ་ཅན་གཏེར་བདག་ལ་གསོལ་བ་འདེབས་སོ༔ ཞེས་པའི་བར་ལས་བྱང་ལྟར་གསོལ་འདེབས་ལན་གསུམ་བྱ། དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
ཀྱེ་ཧོ༔ སྤྱན་རས་གཟིགས་དབང་རྒྱལ་ཚབ་འགྲོ་བའི་མགོན༔ ཉམ་ཐག་འགྲོ་དྲུག་སྡུག་བསྔལ་སྐྱབས་པའི་ཕྱིར༔ སོ་སོའི་སྐལ་དུ་གང་ལ་གང་འཚམ་པར༔ ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ ལན་གསུམ་ཞུ། དེ་ནས་ལོ་རྒྱུས་རྒྱས་པར་སྤྲོ་ན་གཏེར་གཞུང་གི་བརྒྱུད་པའི་ལོ་རྒྱུས་འཆད་པར་གསུངས་པ་ལྟར་ལ། བསྡུ་ན། མ་གྱུར་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀུན་བཟང་འོད་མི་འགྱུར་བ་པདྨ་རྒྱལ་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དོན་ཟབ་དགོངས་པ་གཅིག་དྲིལ་གྱི་དབང་སྐུར་ཟབ་མོ་གསན་ལ་དོན་ཉམས་སུ་བླངས་ཏེ་ཚེ་གཅིག་གིས་གདོད་མའི་གྲོལ་སར་སྙོགས་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་དང་ཆོས་གསན་པའི་ཀུན་སྤྱོད་གསལ་བཏབ་ལ་གསན་པར་ཞུ། དེ་ལ་གསན་བྱ་ཆོས་ཀྱི་ལོ་རྒྱུས་ཟུར་ཙམ་བརྗོད་ན། འཁོར་འདས་གཉིས་ཀའི་ཐོག་མ་ཆོས་ཉིད་སྟོང་པའི་དབྱིངས་སུ་ཡེ་ཤེས་ཀྱི་གསལ་མདངས་ཤར་བའི་སྐུ་གསུམ་གཏིང་རྫོགས་ཀྱི་དཀྱིལ་འཁོར་གཉིས་མེད་ཐིག་ལེ་ཆེན་པོར་རང་ངོ་ཤེས་ནས་ཡེ་སངས་རྒྱས་པ། ཐོག་མའི་མགོན་པོ་ཆོས་སྐུ་སྐྱེ་མེད་ཀུན་བཟང་སྣང་བ་མཐའ་ཡས་ཀ་དག་དགོངས་པའི་རྩལ་སྣང་ལྷུན་གྲུབ་ཏུ་རྒྱས་པས། ལོངས་སྐུ་འགག་མེད་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཚད་དང་རིས་སུ་བྲལ་བའི་ཐུགས་རྗེ་རང་བྱུང་དུ་ཤར་ཏེ། སྤྲུལ་སྐུ་རྩོལ་མེད་རིག་པའི་སྐྱེས་བུ་དྲུག་དང་རྡོ་རྗེ་སློབ་དཔོན་གྱི་སྣང་བརྙན་གདུལ་བྱའི་ཡུལ་
དང་འཚམ་པར་སྣང་བའི་སྐུ་གསུམ་དགུ་ཕྲུགས་ཕུན་སུམ་ཚོགས་པ་ལྔ་ལྔའི་བདག་ཉིད་ཅན་རྣམས་རྒྱལ་བ་ཆོས་སྐུའི་ཀློང་ལས་རང་བྱོན་ཅིང་། ཁྱད་པར་བདེ་ཆེན་འོད་ལྔ་འབར་བའི་ཞིང་ཁམས་སུ་བཞུགས་པའི་རིགས་ལྔ་པདྨ་རྒྱལ་པོའི་ཐུགས་ལས་མི་མཇེད་འཇིག་རྟེན་གྱི་ཁམས་འཛམ་གླིང་བྱེ་བ་ཕྲག་བརྒྱར་འོད་ཟེར་དེ་སྙེད་དུ་སྤྲོས་པས། དྷ་ན་ཀོ་ཤའི་མཚོ་གླིང་པདྨ་གེ་སར་གྱི་སྡོང་པོ་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་པདྨ་འབྱུང་གནས་གྲངས་དེ་སྙེད་དུ་སྤྲུལ་ནས་འཛམ་གླིང་ཐམས་ཅད་ཞབས་ཀྱིས་བཅག་སྟེ་གདུལ་བྱ་སྨིན་གྲོལ་ལ་འགོད་པར་མཛད། ལྷག་པར་བོད་ཡུལ་གདོང་དམར་མུན་པའི་གླིང་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བ་ཐུགས་ལས་སྤྲུལ་ཏེ་དགེ་བ་བཅུའི་ཁྲིམས་བཅས་ཤིང་ཆོས་ཀྱི་སྲོལ་གཏོད། དེ་ཉིད་དར་རྒྱས་སུ་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དྲུང་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་གཞོན་ནུར་གྱུར་པ་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཞེས་བྱ་བའི་སྲིད་པར་བཟུང་ནས་བསྟན་པའི་གཞི་མ་དཔལ་གྱི་བསམ་ཡས་བཞེངས་ཤིང་། སློབ་དཔོན་ཆེན་པོ་སོགས་མཁས་གྲུབ་རྣམས་སྤྱན་དྲངས་ཏེ་དམ་ཆོས་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་དབབ་པའི་ཚེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བོད་དུ་གསང་སྔགས་ཀྱི་བསྟན་པ་དར་བའི་ཕྱིར་དབང་རྟེན་གཟུངས་མ་གསང་བ་ཡེ་ཤེས་ཀྱི་རྣམ་རོལ་མཁར་ཆེན་མཚོ་རྒྱལ་བཙལ་ཏེ་སྨིན་གྲོལ་བསྐྱེད་རྫོགས་ཀྱི་གདམས་ངག་དཔག་ཏུ་མེད་པ་དང་། ཁྱད་པར་
ཐུགས་རྗེ་ཆེན་པོ་དབང་ཆེན་རྒྱ་མཚོ་མཐའ་ཡས་ཀྱི་རྒྱུད་བསྐྱེད་རྫོགས་གདམས་པ་རྣམས་གནང་བའི་རྗེས་སུ་ཤངས་ཀྱི་ཟམ་བུ་ལུང་བྲག་དཀར་ཡངས་རྫོང་དུ་ཨོ་རྒྱན་ཡབ་ཡུམ་ཨཱརྻ་ས་ལེ་རྣམས་ཐུགས་དམ་ལ་བཞུགས་པའི་སྐབས་ཤིག །དཔལ་ལྡན་སྔགས་ཀྱི་སྲུང་མས་ལུང་གིས་བསྐུལ་ཏེ་མཚོ་རྒྱལ་གྱིས་སློབ་དཔོན་ལ་དོན་ཏིག་གནང་བར་གསོལ་བ་བཏབ་ཅིང་བཀའ་བཞིན་བསྒྲུབ་པའི་དམ་བཅའ་ཕུལ་བས། དག་པའི་སྣང་བར་གུ་རུ་རིན་པོ་ཆེའི་རྣམ་ཐར་བཀོད་པའི་ཆ་ཤས་བདེ་ཆེན་སྙིང་པོ་བཀོད་པའི་རྒྱན་ལ་སོགས་པ་རིགས་ལྔ་གངས་ཆེན་མཚོའི་ཞིང་དང་། འཁོར་བ་ཡོངས་སྒྲོལ་གྱི་དུར་ཁྲོད་རྣམས་སུ་སྨིན་གྲོལ་གྱི་རྒྱུད་དང་གདམས་པ་ཚང་བར་བསྟན། སླར་དག་སྣང་ལས་སད་པ་ན་གུ་རུ་ཉིད་ཀྱིས་གནང་བ་བསྩལ་པ་ལྟར་གདམས་ངག་རྣམས་དྲུག་ཚན་བཅུ་བཞིར་བསྡུས་ནས་ཤངས་མཚལ་གྱིས་ཡི་གེར་བཀོད། གཏེར་ཁ་གསུམ་དུ་སྦས་ཤིང་རྒྱས་བཏབ་པ་ལས་ཕྱིས་དུས་ལ་བབས་པའི་ཚེ་གཏེར་སྟོན་དྲི་མེད་ལྷུན་པོ་ཐུགས་རྗེ་རང་བྱུང་རྩལ་གྱིས་ཙ་རི་རྡོ་རྗེ་སྒོམ་ཕུག་ནས་དོན་ཏིག་འགྲོ་བ་ཀུན་གྲོལ་གྱི་སྐོར་རྣམས་སྤྱན་དྲངས། མངའ་རིས་གཏེར་སྟོན་གར་དབང་རྡོ་རྗེ་ཟླ་བ་རྒྱལ་མཚན་གྱིས་མང་ཡུལ་བྱམས་སྤྲིན་རྣམ་སྣང་སྐུ་ཕྱལ་ནས་ཟབ་ཏིག་ཆོས་དབྱིངས་རང་གསལ་གྱི་སྐོར་རྣམས་སྤྱན་དྲངས། སྟག་ཤམ་རྡོ་རྗེ་བསམ་གཏན་གླིང་པས་དཔལ་བྲག་བདེ་ལྡན་འོད་གསལ་ཕུག་ནས་དགོངས་འདུས་འགྲོ་བ་ཀུན་སྒྲོལ་
གྱི་ཆོས་སྐོར་སྤྱན་དྲངས་པའི། སྔ་མ་གཉིས་ནི་རྒྱུད་འགྲེལ་སོགས་ཆོས་ཚན་མང་ཉུང་ཕྲན་བུ་ཙམ་ལས་ཚིག་དོན་ཐམས་ཅད་ཞུ་དག་ཕེར་ཞིང་། གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ་དོན་ཏིག་དང་ཟབ་ཏིག་གཉིས་ཀའི་བཀའ་བབས་པས་དེ་ཕྱིན་ཆད་ནས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་གྱུར་པ་དང་། ཕྱི་མའང་བསྐྱེད་རིམ་གྱི་སྐབས་སུ་བླ་མ་དགོངས་འདུས་ཀྱི་དཀྱིལ་འཁོར་ཁ་བསྣོན་དུ་བསྒོམ་པའི་ཁྱད་པར་ཙམ་ལས་སྔ་མ་གཉིས་དང་ཚིག་དོན་མཚུངས་ཤིང་བྱིན་རླབས་ཀྱི་རྒྱུན་འདྲེས་པ་སྟེ། དེ་ལྟར་ན་དགོངས་པའི་ཡང་ཏིག་ཆུ་བོ་གཅིག་འདྲེས་ཀྱི་དབང་སྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཞིང་ཁམས་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་མཎྜལ་འབུལ་དུ་གཞུག་གོ །གཉིས་པ་དངོས་གཞི་ལ་གསུམ། བསྟན་པ་ལ་འཇུག་པ། བྱིན་གྱིས་བརླབ་པ། དབང་སྐུར་བའོ། །དང་པོ་ནི། སྔོན་འགྲོའི་ཆོས་དེ་དག་རྣམས་ཀྱིས་ནི། རྩ་བ་ལས། སློབ་བུ་ཐར་པའི་ལམ་དུ་འཇུག་པར་བྱ། །ཞེས་གསུངས་པ་ལྟར་ཐར་པའི་ལམ་འཇུག་གམ། དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་ཀྱི་དོན་ཚང་བ་ཡིན་ཞིང་། དངོས་གཞི་ནི་གཞུང་ལས། དེ་ཡང་རིམ་གྱིས་ཐེག་པ་དགུ་ལ་འཇུག༔ ཅེས་གསུངས་ཤིང་། ཐེག་པ་དགུ་ཡང་གསང་འདུས་མན་ངག་གི་རྒྱུད་ལས། ཉན་ཐོས་རང་རྒྱལ་བྱང་སེམས་
གསུམ༔ གང་ཟག་དབང་པོ་དམན་ལ་དགོངས༔ ཀྲི་ཡ་ཨུ་པ་ཡོ་ག་གསུམ༔ གང་ཟག་དབང་པོ་འབྲིང་ལ་དགོངས༔ མ་ཧཱ་ཨ་ནུ་ཨ་ཏི་གསུམ༔ གང་ཟག་དབང་པོ་རབ་ལ་དགོངས༔ ཞེས་གསུངས་པའི་ཐེག་དགུའི་སྨིན་བྱེད་རིམ་པར་བགྱི་བ་ལ་བསྟན་པ་ལ་འཇུག་པའི་ཆོ་ག་གསུམ། བྱིན་རླབས་རིག་པ་གཏད་པ་གསུམ། དབང་གི་རིམ་པ་གསུམ་རྣམས་སུ་ཡོད་པའི་དང་པོ་ལའང་། ནང་གསེས་ཀྱི་དབྱེ་བས་གསུམ་དུ་མཆིས་པའི་ཐོག་མ་འདུལ་བའི་བསྟན་པ་ལ་འཇུག་པའི་སླད་དུ་འདུན་པ་འདི་བཞིན་དུ་མཛད་འཚལ། ཁྱེད་རང་རྣམས་ཀྱི་མདུན་དུ་བཤམ་པའི་དཀྱིལ་འཁོར་གྱི་དབུས་སུ། བླ་མ་དང་ཐ་མི་དད་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་གི་ཚོགས་དང་བཅས་པས་བསྐོར་བར་མོས་ལ་ཕྱག་ལན་གསུམ་འཚལ་ཞིང་མཎྜལ་འབུལ་བར་ཞུ། ཞེས་ཕྱག་དང་མཎྜལ་འབུལ་དུ་གཞུག །དེ་ནས་པུས་བཙུག་ཐལ་མོ་སྦྱར་བས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ ཇི་ལྟར་སྔོན་གྱི་འཕགས་པ་དེ་དག་གིས༔ སྡིག་པ་མི་དགེ་སྤངས་པ་ཇི་བཞིན་དུ༔ དེ་དག་ཀུན་གྱིས་རྗེས་སུ་བདག་བཟུང་ནས༔ དམ་ཆོས་འདུལ་བའི་བཀའ་ལུང་
གནང་དུ་གསོལ༔ ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས། རིགས་ཀྱི་བུ་དག་ཚུར་ཤོག༔ ཅེས་གསུངས་པ་ཙམ་གྱིས་སྐུ་ལས་འོད་ཟེར་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཕོག་པས། ཁྱེད་རང་རྣམས་ཐ་མལ་པ་མ་ཡིན་པ་སྤྲུལ་པའི་དགེ་སློང་དུ་གྱུར་པར་མོས་ཤིག །ཅེས་བྱས་ལ་གཙུག་ཕུད་བྲེགས་ཤིང་ཆོས་གོས་གསུམ་དང་ལྷུང་བཟེད་གསེག་ཤང་གཏད་ལ། ཧྲཱི༔ ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ ཐར་པའི་རྒྱལ་མཚན་འདི་ཟུངས་ལ༔ སྡིག་པ་ཅི་ཡང་མི་བྱེད་ཅིང༔ དམ་ཆོས་འདུལ་བ་འཛིན་པར་གྱིས༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ སྲུང་སྐུད་གདགས། དེ་ལྟར་དབང་བསྐུར་བ་ཐོབ་ནས་ཉན་ཐོས་ཀྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཉན་ཐོས་ཐེག་པའི་འཇུག་སྒོ་སྐྱབས་སུ་འགྲོ་བ་སྟེ། ཞེས་པས་འཇུག་སྒོ་སྐྱབས་འགྲོ། ལྟ་བ་གང་ཟག་ལ་བདག་མེད་དུ་རྟོགས། སྒོམ་པ་མི་སྡུག་པ་དང་འགོག་པའི་ཞི་གནས་སྒོམ། སྤྱོད་པ་རང་དོན་དུ་མི་དགེ་བ་སྤོང་། ཉོན་མོངས་པ་འདོད་ཆགས་ཁྱད་པར་དུ་སྤང་། འབྲས་བུ་ཟུང་བཞི་ཡ་བརྒྱད་དུ་འདོད་པ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་རྐང་མཐིལ་དུ་ཡི་གེ་ཧཱུྃ་དཀར་པོ་ཞིག་བསམ་ལ། ཧཱུྃ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་དམྱལ་བར་མི་སྐྱེ་ཞིང་། བསྐལ་པ་གྲངས་མེད་གསུམ་
ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད་དོ། །གཉིས་པ་མདོ་སྡེའི་བསྟན་པ་ལ་འཇུག་པའི་སླད་དུ་ཕྱག་དང་མཎྜལ་འབུལ་བར་ཞུ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་ལྟར༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ ཇི་ལྟར་སྔོན་གྱི་སངས་རྒྱས་སྲས་རྣམས་ཀྱིས༔ བསོད་ནམས་ཡེ་ཤེས་དགེ་བ་སྤྱད་པ་ལྟར༔ དེ་དག་ཀུན་གྱིས་རྗེས་སུ་བདག་བཟུང་ནས༔ དམ་ཆོས་མདོ་སྡེའི་བཀའ་ལུང་གནང་དུ་གསོལ༔ ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་དག་ཚུར་ཤོག༔ ཅེས་གསུངས་པ་ཙམ་གྱིས་གསུང་ལས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ལ་ཕོག་པས་ཁྱེད་རང་རྣམས་སྤྲུལ་པའི་རང་རྒྱལ་དུ་གྱུར་པར་མོས་ཤིག །ཤིང་ཏོག་དང་རུས་པའི་ཕྲེང་བ་གཏད། མཎྜལ་ཚོམ་བུ་ལྔ་པར་སོ་ཤིང་འདོར་དུ་གཞུག་ལ། ཧྲཱི༔ ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ རྟེན་འབྲེལ་འདི་ལ་ལེགས་པར་ལྟོས༔ དགེ་བ་ཕུན་སུམ་ཚོགས་སྤྱོད་པའི༔ དམ་ཆོས་མདོ་སྡེ་འཛིན་པར་གྱིས༔ ཨ་བྷི་ཥིཉྩ་མེ་མེ༔ དེ་ལྟར་དབང་བསྐུར་པ་ཐོབ་ནས་རང་རྒྱལ་གྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་རང་རྒྱལ་ཐེག་པའི་འཇུག་སྒོ་ཆོས་
ལ་དམིགས་པའི་སྨོན་པ་སེམས་བསྐྱེད། ལྟ་བ་གང་ཟག་ཆོས་ལ་བདག་མེད་དུ་རྟོགས། སྒོམ་པ་ནི་ཤིང་ཐོག་གམ་རུས་པ་ལ་བརྟེན་ནས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་སྒོམ། སྤྱོད་པ་དགེ་བཅུར་རང་དོན་དུ་སྤྱོད། ཉོན་མོངས་པ་ཁྱད་པར་དུ་ཞེ་སྡང་སྤོང་། འབྲས་བུ་བསེ་རུའམ་ནེ་ཚོ་ལྟ་བུས་བདེ་ཆེན་སར་སྐྱེལ་བ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པར་མཛོད་ཅིག །ཁྱེད་རང་རྣམས་ཀྱི་གསང་གནས་སུ་ཡི་གེ་མེ་དཀར་པོ་རེ་སྒོམས་ལ། མེ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་ཡི་དྭགས་སུ་མི་སྐྱེ་ཞིང་། བསྐལ་པ་གྲངས་མེད་ལྔ་ནས་ས་བཅུ་པོ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད་དོ། །གསུམ་པ་མངོན་པའི་བསྟན་པ་ལ་འཇུག་པའི་སླད་དུ་ཕྱག་དང་མཎྜལ་འབུལ་བར་ཞུ། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་ཅན་མ་ལུས་བསྒྲལ་བར་བྱ༔ དེ་བཞིན་འགྲོ་རྣམས་གྲོལ་བར་བྱ༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༔ མྱ་ངན་འདས་ལ་འགོད་པར་བྱ༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས༔ བྱང་ཆུབ་སེམས་དཔའི་བསླབ་པ་གང་བསླབས་པ༔ དེ་དག་ཀུན་གྱིས་རྗེས་སུ་བདག་བཟུང་ནས༔ དམ་ཆོས་མངོན་པའི་བཀའ་
ལུང་གནང་དུ་གསོལ༔ ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། ཀྱེ༔ བྱང་ཆུབ་སེམས་དཔའ་དག་ཚུར་ཤོག༔ ཅེས་གསུངས་པ་ཙམ་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཕོག་པས་ཁྱེད་རང་རྣམས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་གྱུར་པར་མོས་ཤིག །དུང་དང་པུསྟི་ལག་ཏུ་གཏད། རྩྭ་ཀུ་ཤའི་ཆུན་པོ་གཉིས་སྟན་དང་སྔས་ཀྱི་ཚུལ་དུ་གཏད་ལ། ཧྲཱི༔ ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ བྱང་སེམས་སྨོན་འཇུག་བསྐྱེད་པར་གྱིས༔ རང་གི་སེམས་ནི་ཡོངས་སུ་འདུལ༔ དམ་ཆོས་མངོན་པ་འཛིན་པར་གྱིས༔ ཨ་བྷི་ཥིཉྩ་པད་པད༔ དེ་ལྟར་དབང་སྐུར་པ་ཐོབ་ནས་བྱང་ཆུབ་སེམས་དཔའི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་བྱང་སེམས་ཐེག་པའི་འཇུག་སྒོ་ནི། སེམས་ཅན་ལ་དམིགས་པའི་འཇུག་པའི་སེམས་བསྐྱེད། ལྟ་བ་སེམས་ཙམ་པ་དང་དབུ་མ་པའོ། །སྒོམ་པ་སྟོང་ཉིད་སྙིང་རྗེའོ། །སྤྱོད་པ་ཚད་མེད་བཞི་དང་བསྡུ་བའི་དངོས་པོ་བཞིས་རང་ལས་གཞན་གཅེས་པར་འཛིན་པའོ། །ཉོན་མོངས་པ་ཁྱད་པར་དུ་གཏི་མུག་སྤོང་། འབྲས་བུ་ས་བཅུ་ལ་སྦྱོར་བ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད། ཁྱེད་རང་རྣམས་ཀྱི་ལྟེ་བར་ཡི་གེ་པད་དཀར་པོ་རེ་རེ་སྒོམས་ལ་པད་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་དུད་འགྲོར་མི་སྐྱེ་ཞིང་། བསྐལ་པ་གྲངས་
མེད་གསུམ་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད་དོ། །དེ་ལྟར་སྐུ་ཉན་ཐོས། གསུང་རང་རྒྱལ། ཐུགས་བྱང་ཆུབ་སེམས་དཔའི་དབང་གིས་འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་ནི། དེས་བསྟན་པ་ལ་འཇུག་པའི་རིམ་པ་གསུམ་སོང་ནས། གཉིས་པ་བྱིན་གྱིས་བརླབ་པ་ལའང་གསུམ་དུ་ཡོད་པའི་དང་པོ་ཀྲི་ཡའི་རིག་པ་གཏད་ནས་ལུས་བྱིན་གྱིས་བརླབ་པ་ལ། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའམ་མ་རིག་པའི་སྒྲིབ་པ་དང་བཅས་པའི་བརྡར་གདོང་གཡོགས་འཆིང་བར་ཞུ། ཞེས་གདོང་བཅིང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གསར་པའི་ཆུན་པོ་རེ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད་ལ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་དབུས་སུ་བླ་མ་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་རིགས་ལྔ་གངས་ཆེན་མཚོ་བླ་མ་རིག་འཛིན་ཡི་དམ་མཁའ་འགྲོ་དམ་ཅན་དང་བཅས་པ་བཞུགས་པར་མོས་ལ་ཕྱག་དང་མཎྜལ་འབུལ་བར་ཞུ། ཐལ་མོ་སྦྱར་ལ། ཕྱིའི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་རྣམས་ཀྱི་དོན་དུ་ཡང༔ རིགས་ལྔའི་སྡོམ་པ་བཟུང་བར་བགྱི༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔
སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ བླ་མ་ལ་ནི་སྐྱབས་སུ་མཆི༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ཉིད་འཇུག་པར་འཚལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས། རྣམ་པར་སྣང་མཛད་ཀྱི་དབུའི་མཛོད་སྤུ་ལས་འོད་ཟེར་དཀར་པོ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨཱོཾ་དཀར་པོའི་ཚུལ་དུ་གནས་པས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒྲིབ་པ་བྱང་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ལས་འོད་ཟེར་འཕྲོས་ཏེ་འཇིག་རྟེན་ཐམས་ཅད་འོད་ཟེར་དཀར་ཁྲུག་ཁྲུག་ཏུ་འདུག་པ་ལ་ཤེས་པ་གཏོད་ཅིག །སྤོས་གུ་གུལ་རོལ་མོ་བཅས། ཧྲཱི༔ རྣམ་དག་ཆོས་དབྱིངས་རབ་འབྱམས་ཀློང་ཡངས་ནས༔ ལྷུན་གྲུབ་ཡེ་ཤེས་ཆོ་འཕྲུལ་རིགས་ལྔར་ཤར༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ འགྲོ་དོན་སྐུར་བཞེངས་ཐུགས་རྗེས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཀཱ་ཝཱ་ཙི་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླས་ཤིང་བྱིན་དབབ་པས། སྐུའི་བྱིན་ཕེབ་པའི་རྟགས་སུ་འདར་བ་དང་མཐོང་སྣང་ཡིད་དུ་འོང་བ་འབྱུང་བས་བརྟན་པར་བྱས་པར་མོས་ཤིག །སྤྱི་བོར་རྡོ་རྗེས་བདུད་རྩི་བཞག་ལ། ཛྙཱ་ན་ཀཱ་ཡ་ཏིཥྛ་བཛྲ༔ ཞེས་པས་བརྟན་པར་བྱ། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་ལ་བསྐོར་བ་བྱས་ཏེ་སླར་ཤར་གྱི་སྒོ་དྲུང་འཁོད་པར་མོས་ལ་མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་དུ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བར་སྨྲོས་ཤིག །ཅེས་བརྡ་
སྦྱར་ལ་ཁ་དོག་དྲི། དེ་ལ་ཁ་དོག་དཀར་པོར་མཐོང་ན་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུས་མངོན་སྤྱོད། མཐིང་གས་མཆོག །ཁྲ་བོར་མཐོང་ན་ལས་སྣ་ཚོགས་སུ་འགྲུབ་པ་ཡིན་ནོ། །ཞེས་ལུང་བསྟན་ནོ། །སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་ལྟོས་པ་མེད་པར་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧྲཱི༔ བདག་གི་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ ཡེ་ཤེས་ལྷ་ཞལ་བསྟན་དུ་གསོལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་མེ་ཏོག་དཀྱིལ་འཁོར་དུ་དོར་བས་ལྷའི་སྐུ་གསུང་ཐུགས་གང་དུ་ཕོག་པའི་རིགས་དང་སྦྱར་ལ། གསང་མཚན་རྣམ་སྣང་རྡོ་རྗེ། མཐའ་ཡས་རྡོ་རྗེ། མི་བསྐྱོད་རྡོ་རྗེ་སོགས་སུ་བཏགས། མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་སེམས་ཅན་རྣམས༔ མ་རིག་རྨོངས་པས་ལྡོངས་པ་ཡི༔ ལས་ཀྱི་རབ་རིབ་བསལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཐུར་མ་ཐོགས་ལ། ཀྱེ༔ མ་རིག་རྨོངས་པས་ལྡོངས་པ་རྣམས༔ བདེ་གཤེགས་རྣམས་ཀྱི་ཡེ་ཤེས་ཀྱིས༔
མིག་མཆོག་དམ་པ་དབྱེ་བར་བྱ༔ དཀྱིལ་འཁོར་ལྷ་ཚོགས་འདི་ལ་ལྟོས༔ ཙཀྵུཿཔྲ་བེ་ཤ་ཡ་ཨཱ༔ ཞེས་མིག་དར་བསལ། ཀྱེ། སྐལ་ལྡན་རིགས་ཀྱི་བུ་རྣམས། འདི་ལྟར་བརྡ་སྐུ་གསུང་ཐུགས་ཀྱི་རྟེན་བཀོད་པ་འདིས་མཚོན་ནས། རྟགས་སྐུ་གསུང་ཐུགས་རིགས་གསུམ་སེམས་དཔའི་རྣམ་པར་ཤར་བ་དེའང་། དོན་སྟོང་གསལ་འགག་པ་མེད་པའི་ཆོས་ཉིད་དུ་རྟོགས་པར་གྱིས་ཤིག །བརྡ་དཀྱིལ་འཁོར་ཁ་དོག་ལྔ་ལྡན་དུ་ཡོད་པ་འདིས་མཚོན་ནས། རྟགས་རིགས་ལྔ་ཡུམ་ལྔའི་རྣམ་པར་ཤར་བ་དེའང་། དོན་རང་བྱུང་ཡེ་ཤེས་ལྔའི་ངོ་བོ་དོན་དམ་ཆོས་ཉིད་ཀྱི་དབྱིངས་སུ་རོ་མཉམ་པར་ཤེས་པར་མཛོད་ཅིག །ཅེས་དོན་རྟགས་བསྟན་ལ། རྣམ་རྒྱལ་བུམ་པ། ཅོད་པན། རྡོར་དྲིལ། རིགས་ལྔའི་ཕྱག་མཚན་རྣམས་ཀྱིས་དབང་བསྐུར་ལ། ཧཱུྃ༔ ཆུ་དང་ཅོད་པན་རྡོ་རྗེ་དྲིལ་བུ་དང༔ མིང་གི་དབང་མཆོག་དམ་པ་བསྐུར་བ་ཡིས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པ་དང༔ ཀྲི་ཡ་རིག་པའི་དབང་ལྔ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཎི་ཎི༔ ཞེས་བུམ་ཆུ་འཐོར་ཞིང་བླུད། དེ་ལྟར་དབང་བསྐུར་པ་ཐོབ་ནས་བྱ་བའི་རྒྱུད་ཀྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཀྲི་ཡ་བའི་འཇུག་སྒོ་ནི་ཁྲུས་དང་གཙང་སྦྲ་ལ་སོགས་པའི་སྤྱོད་པ་ནས་འཇུག །ལྟ་བ་དོན་དམ་སྐྱེ་བ་མེད་པའི་ངང་ནས་ཀུན་རྫོབ་རང་དང་ལྷ་རྗེ་འབངས་སུ་ལྟ་བའོ།
སྒོམ་པ་ནི། སྟོང་པའི་ལྷ། སྒྲའི་ལྷ། གདན་གྱི་ལྷ། ཡིག་འབྲུའི་ལྷ། ཕྱག་མཚན་གྱི་ལྷ། སྐུ་ཡོངས་རྫོགས་ཀྱི་ལྷ་རིགས་གསུམ་མགོན་པོར་བསྐྱེད་པ་སྟེ། དོན་གྱི་ལྷ་དྲུག་བསྒོམ་པའོ། །སྤྱོད་པ་ལུས་ངག་ཡིད་གསུམ་དག་པར་སྤྱོད་པའོ། །ཉོན་མོངས་པ་ནི་ཁྱད་པར་དུ་ཁོང་ཁྲོ་སྤོང་བའོ། །འབྲས་བུ་རིགས་གསུམ་མགོན་པོའི་ཡོན་ཏན་ཐོབ་པ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་སྲོག་པ་རྩར་ཡི་གེ་ཎི་དཀར་པོ་རེ་རེ་སྒོམས་ལ་ཎི་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་དུའང་མི་ཁོམས་པའི་གནས་སུ་མི་སྐྱེ་ཞིང་། མི་ཚེ་བདུན་ན་ས་བཅུ་གཉིས་པ་ནོན་པར་འགྱུར་རོ། །ཞེས་གཟེངས་བསྟེད་དོ། །གཉིས་པ་ཨུ་པའི་རིག་པ་གཏད་ནས་ངག་བྱིན་གྱིས་རློབ་པའི་སླད་དུ་ཕྱག་དང་མཎྜལ་འབུལ་བར་ཞུ། ནང་གི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། ཧྲཱི༔ བླ་མ་སངས་རྒྱས་སྐུ་གསུང་ཐུགས༔ སྐྱེ་འགག་འཁྲུལ་མེད་རང་གི་སེམས༔ གཉིས་འཛིན་རྟོག་པས་མི་སྤང་ཞིང༔ ཡེ་ཤེས་རིགས་ལྔར་བསྒྲུབ་པར་བྱ༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ སངས་རྒྱས་ཀུན་གྱི་རང་བཞིན་གསུང༔ བླ་མ་ལ་ནི་སྐྱབས་སུ་མཆི༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་འཇུག་པར་འཚལ༔ ཞེས་གསོལ་བ་བཏབ་པས་
རྣམ་པར་སྣང་མཛད་ཀྱི་ལྗགས་ལས་འོད་ཟེར་དམར་པོ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་མགྲིན་པར་ཨཱཿདམར་པོའི་ཚུལ་དུ་གནས་པས། ཁྱེད་རང་རྣམས་ཀྱི་ངག་གི་སྒྲིབ་པ་སྦྱངས་ནས་ཚངས་པའི་དབྱངས་ཀྱི་འཇིག་རྟེན་གསུམ་པོ་གང་ཞིང་འཇིག་རྟེན་ཐམས་ཅད་འོད་ཟེར་དམར་ཁྲུགས་ཁྲུགས་འདུག་པ་ལ་ཤེས་པ་གཏོད་ཅིག །བྱས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གྲངས་མང་དྲག་ཏུ་བཟླ། གསུང་གི་བྱིན་ཕེབས་པའི་རྟགས་སུ་ངག་རང་རྡོལ་དུ་སྨྲ་བ་དང་། རྒྱལ་བའི་གསུང་ཐོས་པར་འགྱུར་ཏེ་དེ་བརྟན་པར་བྱས་པར་མོས་ཤིག །མགྲིན་པར་རྡོ་རྗེས་བདུད་རྩི་བཞག་ལ། ཛྙཱ་ན་ཝཱ་ཀ་ཏིཥྛ་བཛྲ༔ ཞེས་བརྟན་པར་བྱ། རྡོ་རྗེ་དང་ཕྲེང་བ་གཏད་ལ། ཧཱུྃ༔ རྡོ་རྗེ་ཕྲེང་བ་སངས་རྒྱས་མ་ལུས་ཀྱི༔ ཕྱག་ན་གནས་ཀྱིས་ཁྱོད་ཀྱང་བཅང་བར་གྱིས༔ གསུང་གི་བྱིན་རླབས་ངག་ལ་ཞུགས་པ་དང༔ ཨུ་པ་བརྟུལ་ཞུགས་སྔགས་ཀྱི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ་མ་མ༔ དེ་ལྟར་དབང་བསྐུར་པ་ཐོབ་ནས་སྤྱོད་པའི་རྒྱུད་ཀྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཨུ་བྷ་ཡའི་འཇུག་སྒོ་ནི་བདེན་གཉིས་ཟུང་འཇུག་གི་ཏིང་ངེ་འཛིན་གྱིས་འཇུག །ལྟ་བ་དོན་དམ་སྐྱེ་མེད་ལས་ཡེ་ཤེས་ཀྱི་ལྷ་དང་དཔོན་གཡོག་ཏུ་བལྟ་བའོ། །སྒོམ་པ་ལྟ་སྤྱོད་ཟུང་འཇུག་ཏུ་རྒྱལ་བ་རིགས་ལྔ་བསྒོམ་པའོ། །སྤྱོད་
པ་ནི་ཕྲིན་ལས་རྣམ་པ་བཞིས་གཞན་དོན་བྱེད་པའོ། །ཉོན་མོངས་པ་ཁྱད་པར་ཕྲག་དོག་སྤང་བའོ། །འབྲས་བུ་ནི་རིགས་ལྔའི་གོ་འཕང་ཐོབ་པ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་ལྟག་པར་ཡི་གེ་མ་དཀར་པོ་རེ་རེ་སྒོམས་ལ་མ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་ལྷ་མ་ཡིན་དུ་མི་སྐྱེ་ཞིང་། མི་ཚེ་ལྔ་ནས་ས་བཅུ་གསུམ་ཐོབ་པར་འགྱུར་རོ། །གསུམ་པ་ཡོ་གའི་རིག་པ་གཏད་ནས་ཡིད་བྱིན་གྱིས་རློབ་པའི་སླད་དུ་ཕྱག་དང་མཎྜལ་འབུལ་བར་ཞུ། གསང་བའི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། ཧྲཱི༔ ཆོས་རྣམས་ཡེ་ཤེས་ལྔར་རྟོགས་པས༔ ཉོན་མོངས་སྤང་བར་མི་བྱེད་ཅིང༔ རང་གྲོལ་ངང་དུ་སྤྱད་པར་བྱ༔ རྟོག་བྲལ་ཆེན་པོར་གནས་པར་བྱ༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས༔ བླ་མ་ལ་ནི་སྐྱབས་སུ་མཆི༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ཉིད་གཞུག་པར་འཚལ༔ ཞེས་གསོལ་བ་བཏབ་པས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཧཱུྃ་མཐིང་གའི་ཚུལ་དུ་གནས་པས། ཁྱེད་རང་རྣམས་ཀྱི་ཡིད་ཀྱི་སྒྲིབ་པ་སྦྱངས་ནས་ཐུགས་ཀའི་འོད་
ཟེར་གྱིས་འཇིག་རྟེན་ཁམས་ཐམས་ཅད་མཐིང་ཁྲུགས་ཁྲུགས་པས་གང་བ་ལ་ཤེས་པ་གཏོད་ལ་སེམས་མ་ཡེངས་པར་མཛོད་ཅིག །ཅེས་སེམས་གཏོད་དུ་གཞུག །ཐུགས་ཀྱི་བྱིན་ཕེབས་པའི་རྟགས་སུ་བདེ་གསལ་མི་རྟོག་པའི་ཉམས་མྱོང་བཟང་པོ་སྐྱེ་བར་འགྱུར་བས་དེ་བརྟན་པར་བྱས་པར་མོས་ཤིག །སྙིང་གར་རྡོ་རྗེས་བདུད་རྩི་བཞག་ལ། ཛྙཱ་ན་ཙིཏྟ་ཏིཥྛ་བཛྲ༔ ཞེས་པས་བརྟན་པར་བྱ། མིག་ཐུར་དང་མེ་ལོང་བཟུང་ལ། ཧཱུྃ༔ མིག་ཐུར་མ་རིག་སྒྲིབ་སེལ་སྤྱན་ལྔ་ལྡན༔ མེ་ལོང་ཆོས་རྣམས་གསལ་བའི་དབང་བསྐུར་བས༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པ་དང༔ ཡོ་གའི་སློབ་དཔོན་དབང་མཆོག་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ དེ་ལྟར་དབང་བསྐུར་པ་ཐོབ་ནས་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཡོ་གའི་འཇུག་སྒོ་ནི་ལས་དང་ཏིང་ངེ་འཛིན་ལས་འཇུག་པའོ། །ལྟ་བ་ནི་དོན་དམ་དུ་སེམས་བསྐྱེད་ལ། ཀུན་རྫོབ་ཡེ་ཤེས་ཀྱི་ལྷ་དང་དམ་ཚིག་གི་ལྷ་གཅིག་གྲོགས་གཅིག་ཏུ་ལྟ་བའོ། །སྒོམ་པ་ནི་གདན་གྱི་བྱང་ཆུབ། སྐུའི་བྱང་ཆུབ། གསུང་གི་བྱང་ཆུབ། ཐུགས་ཀྱི་བྱང་ཆུབ། ཡེ་ཤེས་སེམས་དཔའི་བྱང་ཆུབ་སྟེ་བྱང་ཆུབ་པ་ལྔ་ལ་བརྟེན་ནས་ལྷའི་དཀྱིལ་འཁོར་བསྒོམ་པའོ། །སྤྱོད་པ་ནི་སེམས་ཅན་གྱི་དོན་དུ་ཡེ་ཤེས་ཀྱི་ལྷ་སྒྲུབ་ཅིང་
ཐབས་ཤེས་འབྲེལ་བའོ། །ཉོན་མོངས་པ་ཁྱད་པར་དུ་ང་རྒྱལ་སྤོང་བའོ། །འབྲས་བུ་ནི་རྡོ་རྗེ་འཆང་གི་ཡོན་ཏན་རྫོགས་པ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡི་གེ་ཨཱོཾ་དཀར་པོ་རེ་རེ་སྒོམས་ལ་ཨཱོཾ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་ལྷའི་སྡུག་བསྔལ་མྱོང་བར་མི་འགྱུར་ཞིང་། མི་ཚེ་གསུམ་ནས་འོག་མིན་གྱི་ས་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད། དེ་ལྟར་སྐུ་ཀྲི་ཡ། གསུང་ཨུ་པ། ཐུགས་ཡོ་ག་གསུམ་གྱིས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་ནི། དེ་དག་གིས་བྱིན་རླབས་རིག་པ་གཏད་པའི་རིམ་པ་གསུམ་སོང་ནས། གསུམ་པ་དབང་སྐུར་བ་ལའང་གསུམ་དུ་ཡོད་པའི། དང་པོ་མ་ཧཱ་ཡོ་གའི་སྤྲོས་བཅས་བུམ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་སྤྱན་དམིགས་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་དབུས་སུ་བླ་མ་དང་ཀུན་བཟང་ཡབ་ཡུམ་ཐ་མི་དད་པར་བཞུགས་པ་ལ། ཐུགས་རྗེ་ཆེན་པོ་རིགས་ལྔ་ཡབ་ཡུམ། སྤྲུལ་པའི་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་དམར་གསལ་ཞལ་གཅིག་ཕྱག་གཉིས་པ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ།
ཕྱག་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་པདྨ་དམར་པོའི་སྡོང་བུ་བསྣམས་ཤིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་ཐུགས་ཀར་དམ་ཚིག་གི་ལྷ་རྡོ་རྗེ་སེམས་དཔའ་ཚོན་གང་བ་ཞིག་བཞུགས་པར་མོས་ཤིག །བདུད་རྩིའི་ཆུ་སྦྱིན་ལ། ཧཱུྃ༔ ཁྱོད་ཀྱི་རྡོ་རྗེ་སེམས་དཔའ་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་དམ་ཚིག་སྲུངས༔ འདི་ནི་ཁྲོ་ཆུ་ཁོལ་མའི་དམ་ཚིག་ཆུ༔ དམ་ཚིག་བསྲུང་ན་ཡེ་ཤེས་བདུད་རྩིར་འགྱུར༔ ཐ་ཚིག་རྡོ་རྗེའི་དམ་ལས་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། ས་མ་ཡ་ཨི་དནྟུ་ན་ར་ཀན༔ དེང་ཕྱིན་ཆད་རྩ་བ་དང་ཡན་ལག་གིས་བསྡུས་པའི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ས་མ་ཡ་འབུམ་སྡེ་རྣམས་ལ་བླང་དོར་ཚུལ་བཞིན་དུ་བྱ་དགོས་སོ། །དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཅིང་གསོལ་བ་ལྟར༔ བདག་ཀྱང་དྲང་བའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ཅེས་གསོལ་བ་བཏབ་པས། ཀུན་ཏུ་བཟང་པོའི་སྐུ་ལས་འོད་ཟེར་དཀར་པོ་ཞིག་འཕྲོས་པས། ཁྱེད་རང་རྣམས་ཀྱི་ཕྱི་ནང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར། ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་ཆུ་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་
བོར་བབས་པས་ལྷའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གཉིས་མེད་དུ་གྱུར་པར་མོས་ཤིག །རྣམ་རྒྱལ་བུམ་པ་ཐོགས་ལ། ཧྲཱི༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ ལྷ་དང་གཉིས་མེད་ཡེ་ཤེས་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་འགྲུབ་པར་ཤོག༔ ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། མེ་ཏོག་འཐོར་ལ་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། འདིར་སྤྲོས་པ་ལ་དགའ་ན་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་བདུན་གྱི་དབང་སྤྱི་འགྲེ་བསྐུར་བའང་བཤད་དོ། །མ་ཧཱ་ཡོ་གའི་བུམ་དབང་འདི་ཉིད་ལ་ཡང་། བདག་གཞན་ཐམས་ཅད་ལྷར་བསྐྱེད་པ་བུམ་དབང་། ཡེ་ཤེས་ཀྱི་བདུད་རྩི་སྤྱི་བོར་བླུགས་པ་གསང་དབང་། ཁྱེད་རང་རྣམས་དང་གཉིས་སུ་མེད་པར་འདྲེས་པས་ཤེར་དབང་། སྒོམ་མཁན་ངོ་བོར་མ་གྲུབ་པ་རྩལ་དབང་སྟེ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་སུ་ཐོབ་པ་ཡིན་ནོ། །དེ་ལྟར་དབང་སྐུར་པ་ཐོབ་ནས་མ་ཧཱ་ཡོ་གའི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་མ་ཧཱ་ཡོ་གའི་འཇུག་སྒོ་ནི་བུམ་པའི་དབང་ཡིན་ཏེ། འདིར་བུམ་པའི་དབང་གཞན་ལས་ཁྱད་པར་འཕགས། གཞན་དུ་ས་སྟེགས་བས་འདིར་པུསྟི་ཁྱད་པར་དུ་འཕགས། གཞན་དུ་རྡུལ་ཚོན་
བས་འདིར་ཡི་གེ་ཁྱད་པར་དུ་འཕགས། གཞན་དུ་ལྷ་བསྟན་པ་བས་འདིར་ལྷའི་སྐུ་ཁྱད་པར་དུ་འཕགས། གཞན་དུ་དཀྱིལ་འཁོར་གྱིས་བརྒྱན་པ་བས་འདིར་མཆོད་རྟེན་ཁྱད་པར་དུ་འཕགས། ལྟ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་སྒོམ་པའོ། །སྒོམ་པ་ནི་དེ་བཞིན་ཉིད་དང་། ཀུན་ཏུ་སྣང་བ་དང་། རྒྱུའི་ཏིང་ངེ་འཛིན་ལས་ལྷ་ཡབ་ཡུམ་གྱི་དཀྱིལ་འཁོར་སྒོམ་ཞིང་ཡེ་ཤེས་པ་དང་དམ་ཚིག་གཉིས་མེད་དུ་བསྟིམ་པའོ། །སྤྱོད་པ་ནི་སྦྱོར་སྒྲོལ་གྱིས་ཉོན་མོངས་པ་གནས་འགྱུར་ནས་ཡེ་ཤེས་སུ་གྲོལ་བའོ། །འབྲས་བུ་ནི་སྤྲུལ་སྐུ་ཐོབ་པར་འགྱུར་བས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡི་གེ་ཨཱོཾ་དཀར་པོ་རེ་སྒོམས་ལ་ཨཱོཾ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ལུས་ཀྱི་སྒྲིབ་པ་དག་ཅིང་སངས་རྒྱས་ཀྱི་སྐུར་འགྱུར། གསང་སྔགས་ཀྱི་རྫས་དང་ཡོ་བྱད་བརྟེན་པ་ལ་དབང་། སྐྱེ་བ་ཕྱི་མར་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་ཨ་ནུ་ཡོ་ག་ལ་ཕ་རྒྱུད་མ་རྒྱུད་ཀྱི་དགོངས་པས་དབང་གཉིས་སུ་གསུངས་པའི་དང་པོ་སྤྲོས་མེད་གསང་བའི་དབང་སྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཤེས་རབ་མ་མཚན་དང་ལྡན་པ་ཕུལ་བའི་མོས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྡུག་
བསྔལ་ནད་རྣམས་བསལ་བའི་ཕྱིར༔ བདེ་ཆེན་མཛེས་མ་འདི་ལ་དགྱེས་མཛད་ནས༔ བདུད་རྩི་བདེ་བའི་རྒྱུན་དེ་བདག་ལ་སྩོལ༔ ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་ཞུ། ཞེས་གདོང་གཡོགས། བླ་མ་སངས་རྒྱས་ཡབ་ཡུམ་གཉིས་རྡོ་རྗེ་དང་པདྨ་བདེ་བ་ཆེན་པོར་སྦྱོར་བ་བྱས་ཏེ། རྒྱལ་བ་ཐམས་ཅད་ལ་བདེ་བ་ཆེན་པོའི་མཆོད་པ་ཕུལ་ནས་ཡེ་ཤེས་ཀྱི་འོད་ཟེར་ཚུར་འདུས་བདག་གི་ཞལ་དུ་ཐིམ་པས་སྐུའི་བཅུད་དུ་གྱུར་ནས། རྡོ་རྗེའི་ནང་ནས་ཐོན། པདྨའི་ནང་དུ་ཕབ། པདྨའི་ནང་ནས་ཐོན། ཀ་པཱ་ལའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པར་གྱུར། གདོང་གཡོགས་བསལ། ཧྲཱི༔ ལྟོས་ཤིག་སྐལ་ལྡན་མིག་ཅན་རིགས་ཀྱི་བུ༔ དམ་རྫས་བདུད་རྩི་བླ་མེད་མཆོག་གི་རྫས༔ འདི་ལ་སྤྱད་ན་སངས་རྒྱས་སྐུ་གསུང་ཐུགས༔ རྡོ་རྗེའི་དམ་ཚིག་ཆེན་པོ་འགྲུབ་པར་འགྱུར༔ ཨེ་ས་མ་ཡ་ཧཱུྃ༔ ཧོ༔ གོང་གི་དུས་སུ་ཕྱིའི་དལ་ཡིན་ཏེ༔ འདིར་དེ་ལས་ཟབ་པ་རྡོ་རྗེ་སློབ་དཔོན་གྱི་སྐུའི་དལ་ཡིན་པས༔ ང་དང་ཀུན་བཟང་ཡབ་ཡུམ་ཐ་མི་དད་པའི་གནས་ནས༔ འོད་ཟེར་བདུད་རྩི་དཀར་དམར་འཕྲོས་པས༔ ཁྱེད་རང་གི་སྙིང་གའི་ནང་ནས་ལུས་ཀྱི་རྩ་རླུང་ཐིག་ལེ་ཐམས་ཅད་ལ་ཐིམ་པར་མོས་ཤིག༔ ཀ་པཱ་ལའི་བདུད་རྩི་སྦྱིན་ལ། ཧཱུྃ༔ ཆོས་དབྱིངས་རྣམ་
དག་ཡུམ་གྱི་མཁའ་ཀློང་ནས༔ བདེ་ཆེན་བཅུད་ལྡན་ཡབ་ཀྱི་བྱང་སེམས་འཕྲོས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྩ་རླུང་ཐིག་ལེ་ཟག་མེད་གྲོལ་བར་ཤོག༔ ཨ་བྷི་ཥིཉྩ་ཨ་ཨཱ༔ ཨ་ནུ་ཡོ་གའི་གསང་དབང་འདི་ལ་ཡང་། བླ་མ་ཡབ་ཡུམ་གྱི་བྱང་སེམས་ལྕེ་ཐོག་ཏུ་བཞག་པས་བུམ་དབང་། དེའི་རོ་མྱང་བས་གསང་དབང་། བདེ་བས་རྩ་རླུང་ཐིག་ལེ་གང་བ་ཤེས་རབ་ཡེ་ཤེས། བདེ་སྟོང་གཉིས་མེད་དུ་བལྟས་པ་རྩལ་དབང་སྟེ་བྱང་སེམས་ལ་བརྟེན་པའི་དབང་བཞི་རྫོགས་སུ་ཐོབ་པ་ཡིན་ནོ། ཁྱེད་རང་རྣམས་ཀྱི་མགྲིན་པར་ཡི་གེ་ཨཱཿདམར་པོ་རེ་སྒོམས་ལ་ཨཱཿབརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ངག་གི་སྒྲིབ་པ་དག་ཅིང་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། སྐྱེ་བ་ཕྱི་མ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད། དེ་ནས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་རང་གི་ལུས་ལོངས་སྤྱོད་ཕུལ་བར་མོས་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ བླ་མ་བདེ་བ་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་བདེ་བ་ཆེན་པོ་བསྐྱེད་པའི་ཕྱིར༔ ཤེས་རབ་ཡེ་ཤེས་དྷཱ་ཀི་གནང་མཛད་ནས༔ ཟག་མེད་དགའ་བའི་བདག་ཉིད་བསྩལ་དུ་གསོལ༔ དམ་ཚིག་
གི་མེ་ལོང་བསྟན་ནས། ཧཱུྃ༔ ཆོས་རྣམས་མེ་ལོང་གཟུགས་བརྙན་འདི་ལྟ་བུ༔ དམ་ཚིག་གཟུངས་མ་ལས་ཀྱི་དཔའ་མོ་ཡི༔ བདེ་སྟོང་ཟུང་འཇུག་རྡོ་རྗེ་བྷ་ག་ལ༔ གཉིས་མེད་ཆེན་པོར་ལོངས་སྤྱོད་བྱེད་ནུས་སམ༔ ཞེས་དྲིས་པའི་ལན་དུ། ནུས་ལགས། ཞེས་བརྗོད། རིག་མ་དངོས་སམ་གཟུགས་བརྙན་གཏད་ལ། ཁྱེད་རང་ལ་བདེ་ཆེན་སྐྱེད་པའི་རིགས་ལྡན་གྱི་ཕྱག་རྒྱ་གཏད་པ་དང་སྲིན་ལག་སྦྲེལ་བར་མོས། བླ་མ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་མཐིང་ག་ཞིག་བྱུང་ནས། ཁྱེད་རང་ཡབ་ཡུམ་གྱི་ཐུགས་ཀར་ཕོག །ཡབ་ཡུམ་གཉིས་མེད་དུ་སྦྱོར་བ་བྱས་པས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྐྱེས་པར་མོས་ཤིག །དེ་གཉིས་ཀྱི་མགོ་ཐོག་ཏུ་སློབ་དཔོན་གྱི་ཕྱག་བཞག་ལ། ཧཱུྃ༔ ཁྱེད་གཉིས་ལྷར་གསལ་རྡོ་རྗེ་པདྨར་སྦྱོར༔ བྱང་སེམས་བསྐྱིལ་བ་བཟློག་དང་བཀྲམ་པ་ཡིས༔ བདེ་ལ་སེམས་བཟུང་སྟོང་པ་ཉིད་དང་འདྲེས༔ གཉིས་མེད་བདེ་བ་ཆེན་པོ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ རིག་མ་ལས་སྐྱེས་པའི་དགའ་བཞི་མཐར་ཐུག་པ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་བ་ཡིན་པས་རང་ངོ་ལ་མཉམ་པར་ཞོག་ཅིག །ཅེས་མཉམ་པར་འཇོག་ཏུ་བཅུག །ཨ་ནུ་ཡོ་ག་ཤེས་རབ་ཡེ་ཤེས་ཀྱི་དབང་འདི་ལ་ཡང་། སློབ་བུ་ཡབ་ཡུམ་ལྷར་གསལ་བ་བུམ་དབང་། བྱང་ཆུབ་ཀྱི་སེམས་ཕབ་པ་གསང་དབང་། བདེ་བ་ཆེན་པོའི་ཉམས་སྐྱེས་པ་ཤེར་
དབང་། བདེ་བ་སྟོང་ཉིད་དང་བསྲེ་བ་ཚིག་དབང་སྟེ་ཕྱག་རྒྱ་ལ་བརྟེན་པའི་དབང་བཞི་རྫོགས་སུ་ཐོབ་པ་ཡིན་ནོ། །དེ་ལྟར་དབང་སྐུར་པ་ཐོབ་ནས་ཨ་ནུ་ཡོ་གའི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཨ་ནུའི་འཇུག་སྒོ་ནི་གསང་དབང་དང་ཤེར་དབང་སྟེ། གསང་དབང་ནི་གོང་གི་བུམ་དབང་ལས་ཁྱད་པར་དུ་འཕགས་ཏེ། དེ་ཡང་པུསྟིའི་དཀྱིལ་འཁོར་ལས་བླ་མའི་སྐུའི་དཀྱིལ་འཁོར་དུ་ཁྱད་པར་འཕགས། བླ་མ་རྗེ་བཙུན་ལས་བླ་མའི་ཡུམ་ཁྱད་པར་དུ་འཕགས། ལྷའི་འདྲ་འབག་ལས་བླ་མ་ཡབ་ཡུམ་ལྷར་གསལ་བ་ཁྱད་པར་དུ་འཕགས། རྒྱན་གྱི་མཆོད་རྟེན་ལས་བླ་མའི་སྐུ་གསུང་ཐུགས་ཁྱད་པར་དུ་འཕགས། ཤེས་རབ་ཡེ་ཤེས་ཀྱི་དབང་ནི་གསང་དབང་ལས་ཁྱད་པར་དུ་འཕགས་ཏེ། བླ་མ་ཕྱི་རོལ་དུ་གནས་པ་བས། རང་ལུས་བླ་མའི་དཀྱིལ་འཁོར་དུ་གནས་པ་ཁྱད་པར་དུ་འཕགས། བླ་མའི་ཡུམ་གྱི་ཕྱི་རོལ་དུ་གནས་པ་ལས། བདག་དང་སྦྱོར་བ་ཁྱད་པར་དུ་འཕགས། བྱང་སེམས་ཕྱི་རོལ་དུ་གནས་པ་ལས། རང་ལས་སྐྱེས་པ་ཁྱད་པར་དུ་འཕགས། གཞན་གྱིས་བྱིན་གྱིས་བརླབས་པ་ལས། རང་ལ་གནས་པ་ཁྱད་པར་དུ་འཕགས་པའོ། །ཨ་ནུ་ཡོ་གའི་ལྟ་བ་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་དོ། །སྒོམ་པ་སྟོང་ཉིད་ཀྱི་ངང་ལས་རང་གསལ་
གྱི་ཡེ་ཤེས་པ་དྲན་རྫོགས་སུ་བསྐྱེད་པའོ། །སྤྱོད་པ་ཐམས་ཅད་ཡེ་ཤེས་སྒྱུ་མའི་རོལ་པར་སྤྱོད་པའོ། །ཉོན་མོངས་པ་ཡེ་ཤེས་སུ་རང་གྲོལ་བའོ། །འབྲས་བུ་ནི་བདེ་ཆེན་ལོངས་སྐུ་ཐོབ་པར་འགྱུར་བས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །དེ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཡི་གེ་ཧཱུྃ་མཐིང་ག་རེ་སྒོམས་ལ་ཧཱུྃ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ཡིད་ཀྱི་སྒྲིབ་པ་དག་ཅིང་། སངས་རྒྱས་ཀྱི་ཐུགས་སུ་གྱུར་ཏེ། ཕྱག་རྒྱ་བསྟེན་པ་ལ་དབང་། འཆི་ཁར་བདེ་བ་ཆེན་པོའི་སྐུ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད། གསུམ་པ་ཨ་ཏི་ཡོ་ག་རབ་ཏུ་སྤྲོས་མེད་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་སྨན་དང་རིན་པོ་ཆེ་དང་འབྲུའི་མཎྜལ་རྣམས་རིམ་བཞིན་འབུལ་མཛོད། མོས་གུས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ ཀུན་ཏུ་བཟང་པོ་དགོངས་སུ་གསོལ༔ བདག་ཅག་བློ་བྲལ་ཡེ་ཤེས་སྐྱེད་པའི་ཕྱིར༔ ཆོས་ཉིད་དོན་གྱི་དགོངས་པ་བསྟན་མཛད་ནས༔ ཡང་དག་ཟབ་དབྱིངས་ཆེན་པོ་བདག་ལ་སྩོལ༔ འདིར་དཔོན་སློབ་ཐམས་ཅད་སྟོད་གཡོགས་ཕུད་དེ་ལངས་ལ་མིག་གི་ལྟ་སྟངས་ནམ་མཁའི་དབྱིངས་སུ་གཏོད་པར་གསུངས་པས་དེ་བཞིན་མཛད་པར་ཞུ། བླ་མས་དལ་བུས་འདི་ལྟར་བརྗོད། ཀྱེ་ཧོ༔ ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་འདི་ལྟར་སྒོམས༔ སྟེང་
ཕྱོགས་ནམ་མཁའི་ཁམས་སུ་གམ་གམ་སོང༔ འགྲོ་མཁན་རང་གི་སེམས་ལ་ཅེར་གྱིས་ལྟོས༔ མ་ཕྱིན་མི་གནས་སྤྲོས་བྲལ་དམ་ཚིག་ཡིན༔ ཞེས་པའི་མཐར། དེ་ནས་སྣང་སྲིད་འཁོར་འདས་ཐམས་ཅད་འོད་དུ་ཞུ་ནས་བླ་མ་ལ་ཐིམ། བླ་མ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །ཅེས་བྱས་ལ་རང་མལ་དུ་བཞུགས་ཏེ་ངོ་སྤྲད་པ་ནི། འོ་ ཁྱོད་རང་རྣམས་ཀྱིས་འདི་ལྟར་དུ་རྟོགས་ཤིག །སྣོད་བཅུད་འཁོར་འདས་ཐམས་ཅད་རང་གི་སེམས་ལ་མ་ཤར་བ་སྤུ་ཙམ་ཡང་འདུག་གམ། དེ་མི་འདུག་ན་རང་གི་སེམས་ལ་དངོས་པོ་འདུག་གམ། དེ་མི་འདུག་ན་དངོས་མེད་སྟོང་པ་ཉིད་ལ་འཁོར་བའི་སྡུག་བསྔལ་འདུག་གམ། དེ་མི་འདུག་ན། འོ་ན་སྡུག་བསྔལ་འབྱུང་བ་འདི་གང་གིས་ལེན། དེ་སེམས་འགྱུ་དང་བཅས་པའི་བློ་འདིས་ལེན་ན། སེམས་ཟད་ན་སངས་རྒྱས་པ་ཡིན་ནོ། །ཞེས་ངོ་སྤྲད། ད་ཁྱེད་རང་རྣམས་ཡི་གེ་ཧྲཱིཿདཀར་པོ་ཞིག་ཏུ་གྱུར་པར་བསམ། ཧྲཱིཿདེ་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་སླར་མ་ལྡོག་ཅིག །ཧཱུྃ༔ སེམས་ཟད་བློ་ཟད་འཁྲུལ་པ་ཟད་པའི་དབྱིངས༔ སྨྲ་བསམ་བརྗོད་མེད་མཐའ་བྲལ་བདེ་ཆེན་ཀློང༔ དུས་གསུམ་སངས་རྒྱས་དགོངས་པ་འདི་རྟོགས་ན༔ ཀ་དག་རྒྱལ་ས་ཟིན་ནས་སླར་མི་ལྡོག༔ ཧྲཱིཿཧྲཱིཿཧྲཱིཿ
ཞེས་དར་གཅིག་མཉམ་པར་གཞག །དེ་ལྟར་ཨ་ཏི་ཡོ་གའི་རྩལ་དབང་འདི་ལ་ཡང་། སྣང་བ་སེམས་སུ་བསྟན་པ་བུམ་དབང་། སེམས་སྟོང་པར་བསྟན་པ་གསང་དབང་། སྟོང་པ་བདེ་ཆེན་དུ་བསྟན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། བདེ་ཆེན་བློ་འདས་སུ་བསྟན་པ་རྩལ་དབང་སྟེ་རིག་རྩལ་ལ་བརྟེན་པའི་དབང་བཞི་རྫོགས་སུ་ཐོབ་པ་ཡིན་ནོ། །དེ་ལྟར་དབང་སྐུར་པ་ཐོབ་ནས་ཨ་ཏི་ཡོ་གའི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཨ་ཏིའི་འཇུག་སྒོ་རྩལ་དབང་ངོ་། །ཞེས་པས། འཇུག་སྒོ་རྩལ་དབང་ཡིན་ཏེ། འདི་ཤེས་རབ་ཡེ་ཤེས་ཀྱི་དབང་ལས་ཁྱད་པར་དུ་འཕགས། དེ་ཡང་ལུས་ཀྱི་དཀྱིལ་འཁོར་ལས་སེམས་ཀྱི་དཀྱིལ་འཁོར་ཁྱད་པར་དུ་འཕགས། ཕྱི་རོལ་ལས་ཀྱི་ཕྱག་རྒྱ་ལས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བ་ཁྱད་པར་དུ་འཕགས། སྤྲོས་བཅས་ཀྱི་བདེ་བ་ལས། ཟག་མེད་ཀྱི་བདེ་བས་ཁྱད་པར་དུ་འཕགས། བྱིན་གྱིས་བརླབས་པ་ལས། བློ་ལས་འདས་པ་ཁྱད་པར་དུ་འཕགས་པའོ། །ལྟ་བ་མཐའ་བྲལ་རེ་དོགས་མེད་པའོ། །སྒོམ་པ་བློ་འདས་གཟུང་འཛིན་མེད་པའོ། །སྤྱོད་པ་ཤར་གྲོལ་བླང་དོར་མེད་པའོ། །ཉོན་མོངས་པ་ཡེ་ནས་ཡེ་ཤེས་ཆེན་པོར་དག་པའོ། །འབྲས་བུ་ལྷུན་རྫོགས་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བས་དེ་དག་ལམ་དུ་ཁྱེར་སྙམ་པས་ཧྲཱིཿབརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་སྒོ་གསུམ་གྱི་སྒྲིབ་པ་མ་ལུས་
པ་དག་ཅིང་། སྟོང་གསལ་ཆོས་ཉིད་བསྒོམ་པ་ལ་དབང་། ཉམས་སུ་བླངས་ན་ཚེ་འདིར་ཆོས་ཀྱི་སྐུ་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད་དོ། སྤྱི་དོན་གསུམ་པ་ཡོན་ཕུལ་ཞིང་དགའ་སྟོན་བྱ་བ། སྒྲུབ་པའི་དམ་བཅའ་ཕུལ་བ་ལ་སོགས་པ་རང་གཞུང་ལྟར་བྱ་དགོས་ཀྱང་། འདིར་སྤྱི་ཙམ་དུ། དེ་ལྟར་དེ་དག་རྣམས་ཀྱི་སྒོ་ནས་དོན་ཟབ་དགོངས་པ་འདུས་པའི་བྱིན་རླབས་ཀྱི་ཆུ་རྒྱུན་གཅིག་ཏུ་དྲིལ་བའི་དབང་སྐུར་ལེགས་པར་ཕུལ་གྲུབ་པ་ཡིན་པས་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་སྤྱི་དང་། ཁྱད་པར་དུའང་འདི་ལྟ་སྟེ། ཧྲཱི༔ དམ་ཚིག་རིགས་དྲུག་སེམས་ཅན་ལ༔ སྙིང་རྗེས་མ་ཡི་བུ་བཞིན་སྐྱོང༔ ཡི་གེ་བཅུ་པ་རྒྱུན་དུ་བགྲང༔ གཞན་དོན་བྱེད་པར་སེམས་བསྐྱེད་གྱིས༔ ཇི་སྐད་སྨོས་པའི་གནས་རྣམས་ལ་བསྲུང་སྡོམ་གྱི་རིམ་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱ། སློབ་མ་རྣམས་གྱེས་ལ་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་རྗེས་ཀྱི་བྱ་བ་རྣམས་ཕྲིན་ལས་ཀྱི་བྱང་བུ་དཀྱུས་བཞིན་དུ་བགྱིས་པས་གྲུབ་བོ། །སྲིད་མཚོར་ཡུན་རིང་དུབ་པའི་སྐྱེ་བོ་ཡང་། །བསྟན་ལ་རིམ་འཇུག་ནས་བཟུང་བློ་འདས་ཀྱི། །ཐེག་པའི་བར་དུ་ཡུད་ཀྱིས་བགྲོད་བྱེད་པའི། །ཐབས་མང་དཀའ་བ་མེད་པའི་ཚུལ་འདི་རྨད། །ཐེག་སྒོ་ཀུན་གྱི་ཡང་ཞུན་བསྡུས་པ་ལ། །
དོན་ཟབ་དགོངས་འདུས་ཞེས་སུ་མཚན་གསོལ་བའི། །ཟབ་ལམ་འདི་ཉིད་ཉི་ཟླའི་དཀྱིལ་འཁོར་བཞིན། །སྲིད་པའི་ཁམས་སུ་འགྲིབ་མེད་ཀུན་གསལ་ཤོག །ཅེས་དོན་ཟབ་དགོངས་པའི་བྱིན་རླབས་གཅིག་ཏུ་འདུས་པའི་སྨིན་བྱེད་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་བཀའ་དྲིན་ལས་སྐལ་པ་བཟང་པོའི་དཔྱིད་དུ་ལེགས་པར་ཐོབ་པས། ཆོས་ཚུལ་འདིའི་རྒྱུན་ཉག་ཕྲ་བ་ལ་ཞབས་ཏོག་ཏུ་འགྱུར་བའི་ལྷག་བློས་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་ཏུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཡིག་ཆ་སྔ་ཕྱི་རྣམས་ཀྱི་དོན་མ་ནོར་བར་བསྡེབས་པ་དགེ་ལེགས་འཕེལ།། །།