Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསུར་མཆོད་ཕྲིན་ལས་ལྷུན་གྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསུར་མཆོད་ཕྲིན་ལས་ལྷུན་གྲུབ།next

གསུར་མཆོད་ཕྲིན་ལས་ལྷུན་གྲུབ།

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ རྒྱལ་བསེན་འགོང་ཐེའུ་དམ་སྲི་དུས་མཐའི་གཤེད་མ་སོགས་ཞི་ཕྱིར་གསུར་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགསཿ སྐྱབས་སེམས་སྔོན་དུ་བཏང་ལཿ རང་ཉིད་ཐུགས་རྗེ་ཆེན་པོར་གསལ་ལ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་གྱུརཿ རཾ་ཡཾ་ཁཾཿ ལན་གསུམཿ ཨོཾ་ཨཱཿཧཱུྃཿ ལན་གསུམ་དང་ནམ་མཁའ་མཛོད་ཀྱིས་བྱིན་གྱིས་བརླབས་ལཿ སྟོང་པའི་ངང་ལས་བྷྲུཾ་ལས་སྣོད་ཡངས་པརཿ ཁཾ་ལས་འདོད་ཡོན་གཟུགས་སྒྲ་དྲི་ལ་སོགསཿ རང་རང་གང་འདོད་ལོངས་སྤྱོད་བསམ་ལས་འདསཿ མ་ཚང་མེད་པའི་རྫས་ཀྱིས་ཡོངས་གང་གྱུརཿ ཨོཾ་ཨཱཿཧཱུྃཿ གསུམ་དང་སམ་བྷ་ར་ལན་བདུན་བརྗོདཿ དེ་བཞིན་གཤེགས་པ་མཚན་བཞིའི་མཐརཿ ཧོཿ རང་སྣང་ལས་ལ་གྲུབ་པའི་རྒྱལ་པོ་ཆེཿ སྣང་སྲིད་འཁོར་བའི་ཆོ་འཕྲུལ་སྣ་ཚོགས་བརྫིསཿ སེམས་ཅན་སྤྱི་དང་རྣལ་འབྱོར་སྔགས་འཆང་གིསཿ ས་ལམ་བྱང་ཆུབ་སྒྲུབ་པའི་གེགས་བྱེད་རྣམསཿ སྣང་སྟོང་གདོད་ནས་དག་པའི་དྲི་གསུར་འདིསཿ ཐམས་ཅད་དགྱེས་མཉེས་བུ་ལོན་ལན་ཆགས་སོདཿ སྔོན་ནས་བསགས་པའི་སྡུག་བསྔལ་ཀུན་ཞི་སྟེཿ རྣམ་མཁྱེན་སྐུ་བཞིའི་རྒྱལ་སར་སངས་རྒྱས་ཤོགཿ ཨོཾ་ཨཱཿཧཱུྃཿ ཨཱཿ ཀུན་བཟང་དགོངས་ཀློང་ཆོས་དབྱིངས་གཏེར་ཆེན་ལཿ དྲི་གསུར་རེག་གྲོལ་ནམ་མཁའ་གང་བར་སྤྲོཿ དམ་སྲི་བདུད་མོ་དྲི་ཟའི་ཚོགས་ལ་བསྔོཿ ཡེ་ཐོག་གདོད་མའི་ས་ལ་ཕྱིན་པར་ཤོགཿ ཨོཾ་རབ་འབྱམས་རྒྱལ་བའི་ཐུགས་སྤྲུལ་འགྲོ་བའི་མགོནཿ སྔགས་འཆང་རྣལ་འབྱོར་གོང་མའི་བརྒྱུད་འཛིན་པའིཿ མི་མཐུན་རྒུད་པའི་ཚོགས་ཀུན་ཞི་བ་དངཿ རྒྱལ་ཁམས་འགྲོ་ཀུན་སྐྱོང་བའི་བཀྲ་ཤིས་ཤོགཿ ཨེ་མ་མ་འོངས་དུས་ཀྱི་ཐ་མ་ནཿ རྒྱལ་བསེན་འགོང་ཐེའུ་དམ་སྲི་ཁ་དར་ཚེཿ རིམས་ཡམས་ནད་རིགས་གློ་ཧོན་སྣ་ཚོགས་འབྱུངཿ དེ་དུས་སྐྱོབས་ཕྱིར་གསུར་མཆོད་ཕྲིན་ལྷུན་འདིཿ བན་བོན་སྐྱ་སེར་སུས་བཏོན་གདོན་ངན་འཇོམསཿ བསླུ་མེད་པདྨའི་ཐ་ཚིག་ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ ཅེས་པ་འདི་ཡང་རྒྱལ་ཁ་བཀྲ་ཤིས་ཆོས་གླིང་ནས་གར་དབང་རྒྱལ་མཆོག་གླིང་པས་དག་པར་ཞལ་བཤུས་པའོཿ བཀྲ་ཤིསཿ མང་ག་ལཾཿ


previousགསུར་མཆོད་ཕྲིན་ལས་ལྷུན་གྲུབ།next