Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བཞི་པ།


   
   
   
   
   
   
   
  expand section
   
   
   
  expand section
  expand section
  expand section
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
   
  expand section
   
   
   
   
  collapse section
  expand section
  expand section
  expand section
  expand section


 
previousས་ཡོངས་སུ་གཟུང་བའི་ཆོ་གའི་རིམ་པ།next

ས་ཡོངས་སུ་གཟུང་བའི་ཆོ་གའི་རིམ་པ།


DTG024_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པ་དང༌། བྱ་བ་ལ་མཁས་པའི་གཡོག་དང་རིག་མ་དང་བཅས་པའི་སློབ་དཔོན། དགེ་བའི་གཟའ་ལ་སོགས་པ་ལ་གཙོ་མོའི་ང་རྒྱལ་དང་བཅས་པས། ཕྱོགས་རྣམས་དང་གནས་ཀྱི་བྱེ་བྲག་འབའ་ཞིག་ཏུ་དཀྱིལ་འཁོར་བཞེངས་པ་སྤང་བ་གོ་བར་བྱས་ལ་གྲོང་ཁྱེར་ལ་སོགས་པ་དབང་ལྡན་གྱི་མཚམས་སུའམ། གང་ཡིད་དུ་འོང་བའི་གནས་སུ་བྱང་དང་ཤར་གཞོལ་བའི་རབ་ཏུ་བསྟར་བའི་མཎྜལ་གྱི་ས་གཞི་ངེས་པར་བརྟགས་ལ། དེར་ལྕི་བ་ལ་སོགས་པའི་མཎྜལ་བྱས་པ་དང༌། དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས་ནམ་མཁའ་ལ་གཤེགས་པར་བྱའོ། །དེ་ནས་དེ་ན་གནས་པའི་ཞིང་སྐྱོང་ལ་སོགས་པ་རྣམས་གཏོར་མ་དང་ཉེ་བར་སྤྱོད་པ་ལ་སོགས་པས་མཆོད་དོ། །དེ་ནས་གསོལ་བ་བཏབ་པ་ནི། །གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་དང༌། །དེ་དག་རྣམས་ལས་གཞི་ཉིད། །དཀྱིལ་འཁོར་དོན་དུ་བདག་ལ་སྦྱིན། །ཞེས་པས་ལན་གསུམ་དུའོ། །རྨི་ལམ་ལ་སོགས་པར་དེ་ཉིད་ཀྱིས་གནང་བའམ་དགག་པ་མ་བྱས་ན། ནང་པར་གྱི་ཐུན་དང་པོ་ལ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་ནམ་མཁར་བལྟས་ལ་གསོལ་བ་གདབ་པར་བྱའོ། །ཉི་མ་ཕྱེད་ཀྱི་དུས་སུ་སྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་པ་གདབ་པ་བསྒོམ་པའམ། དྲག་པོའི་སྦྱིན་སྲེག་གིས་བགེགས་རྣམས་བཅོམ་ལས་གཞི་དེ་ཉིད། ཨོཾ་ཨཱཿ་བི་གྷྞཱཾ་ཏ་ཀྲྀ་ཏ་ཧཱུཾ་ཞེས་པ་བཟླས་ཞིང་ཡུངས་ཀར་དང་ཐལ་བ་དང་ཆུ་ཡིས་ནི་ར་མ་ཐ་བྱའོ། །དེ་ཉིད་དུ་སའི་ལྷ་མོ་རྡོ་རྗེའི་འདུག་སྟངས་ཀྱིས་གནས་པ་གསུང་བར་འགྱུར་བའི་སྐུ་མདོག་ལ་སོགས་


DTG024_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང་ལྡན་པར་བསྒོམས་ལ། ཞལ་བསིལ་ལ་སོགས་པས་མཆོད་ནས་ཨེ་ཧྱེ་ཧི་ལ་སོགས་པའམ། ལྷ་མོ་ཁྱོད་ཉིད་ལ་སོགས་པས་ལན་གསུམ་དུ་གསོལ་བ་བཏབ་སྟེ། དེ་ལྟར་མཛོད་ཅིག་ཅེས་གནང་བ་བྱིན་པ་དང་དེ་ཡིད་ཀྱིས་ནམ་མཁའ་ལ་བཞུགས་པར་བྱའོ། །དེ་ནས་ས་གཞི་དེ་གེགས་མེད་པར་ཤེས་པར་བྱས་ལ། བ་ཧུ་ན་གའི་ལྟོ་བར་བཀོད་ནས་སྦྱངས་པ་དང༌། སྔགས་ཀྱིས་ས་གཞི་དག་པར་བྱ་བ་དང་ཏིང་ངེ་འཛིན་གྱིས་དག་པར་བྱ་བ་རྣམས་ནི་ས་སྦྱང་བར་རྣམ་པ་གསུམ་གཞན་དུ་ཤེས་པར་བྱའོ། །དེ་ནས་སློབ་དཔོན་ཕྱག་རྒྱ་ལྔ་ཡིས་བརྒྱན་ལ། མེ་ཏོག་གིས་སྤྲས་པའི་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་བསྡད་ད། རྡོ་རྗེ་དྲིལ་བུ་འཛིན་པ་བྲི་བྱའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པ་སྲུང་བའི་འཁོར་ལོ་ལ་སོགས་པས་བགེགས་རྣམས་འཇོམས་པར་བྱེད་པས་སྤོས་སྣོད་བཟུང་སྟེ་ཧཱུཾ་ལས་རྡོ་རྗེའི་ལྕེ་དང་ལྡན་པར་བརྗོད་པ། ཕྱོགས་རྣམས་ཀུན་ན་གནས་པ་ཡིས། སངས་རྒྱས་བདག་ལ་དགོངས་སུ་གསོལ། །འདིར་ནི་རྡོ་རྗེ་ཆེ་གེ་བདག །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །སངས་རྒྱས་ཐམས་ཅད་བྱོན་པར་ཞུ། །འདིར་ནི་དངོས་གྲུབ་གནང་བར་མཛོད། །ཅེས་པས་སྙན་གསན་ཕབ་ནས་མཆོད་དེ། མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་བཞིའི་རྣལ་འབྱོར་དང་ལྡན་པའི་སློབ་མ་ཕྱོགས་བཞིར་གནས་ཏེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པས་སམ། གཅིག་ཕྱོགས་བཞི་རུ་རིམ་པས་ཕྱིན་ནས་བརྗོད་པ། སེམས་དཔའ་ཀུན་ལ་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་བཞིན་གཤེགས་ཀུན་རང་བཞིན་བྲལ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཆོས་རྣམས་ཞི་བ་ལས་བྱུང་མཆོག །རྣམ་པར་དག་པའི་ཡེ་ཤེས་སྤྱོད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་ཉིད་བྲལ་བ་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པ་སོ་སོ་ནས་གསོལ་བ་འདེབས་སུ་


DTG024_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞུག་གོ །དེ་ལྟར་གསོལ་བ་འདབས་པ་མེད་ན་བདག་ཉིད་ཏིང་ངེ་འཛིན་གྱིས་སོ། །དེ་ནས་སྔོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ལ། བསྒྲོམས་པའི་དཀྱིལ་འཁོར་རྡོ་རྗེ་ཁུ་ཆུར་གཉིས་ཀྱི་མཛུབ་མོ་རྩེ་སྡང་དེ་སྤྱི་གཙུག་དུ་ཁ་ཕྱོགས་པ་བཟུང་ལ། ཧཱུཾ་ཧཱུཾ་བཛྲ་ཨུ་ཏ་ཏིཥྛ་ཞེས་བརྗོད་དེ་བཏེག་ནས་ནམ་མཁའ་ལ་བཞུགས་སུ་གསོལ་ནས་སྐྱིལ་ཀྲུང་བཤིག་སྟེ་ལངས་ལ། ཤར་དུ་ཁ་ཕྱོགས་པ་དང་རྐང་པ་གཤིབས་ནས་ཐལ་མོ་སྤྱི་བོར་སྦྱར་བ་དང༌། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ཏེ། སེམས་ཅན་རྣམས་མ་རིགས་པའི་མུན་པས་བསྒྲིབས་པས་བདུད་ཀྱིས་བྱིན་གྱིས་བརླབས་པ་བལྟས་ལ། བདུད་རྣམས་གཞོམ་པའི་ཕྱིར་སྐད་ཅིག་གིས་རྡོ་རྗེ་ཕག་མོར་བསྐྱེད་པ་ལ་མིག་གཉིས་བྱིན་གྱིས་བརླབས་ལ་རྡོ་རྗེའི་ལྟ་བ་དེས་ཕྱོགས་ཀུན་དུ་བལྟ་ཞིང་ང་རྒྱལ་བྱས་ལ། བདག་ནི་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་སེམས་མ་ཉིད་ཀྱང་བདག །བདག་ནི་སངས་རྒྱས་རྒྱལ་མོ་ཆེ། །བདག་ནི་རྣལ་འབྱོར་རྒྱལ་མོ་སྟེ། །བདག་ནི་ཕྱག་ན་རྡོ་རྗེར་བརྟན། །ཞེས་བརྗོད་པས་སོ། །དེ་ནས་རྐང་པའི་མཐིལ་དུ་ཧཱུཾ་ལས་བྱུང་བའི་འབར་བཞིན་པའི་རྡོ་རྗེ་བསམས་ཏེ། སྐབས་ཀྱི་དབྱེ་བས་རོལ་པ་དང་བཅས་པའི་པདྨའི་ལག་ཀོར་བྱ་ཞིང༌། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། རྡོ་རྗེ་འགྲོས་ཀྱིས་དབང་ལྡན་ན་ཕར་ལ་གཡོན་སྐོར་གྱིས་སློབ་མ་དང་བཅས་པས་དཀྱིལ་འཁོར་གྱིས་གཞི་ལ་གར་བྱ་ཞིང་བརྗོད་པས། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དགས་དང༌། ཤ་ཟ་དང༌། བརྗེད་བྱེད་དང༌། འབྱུང་པོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། སྨྱོ་བྱེད་དང༌། རྒན་པོ་དང་རྒན་མོའི་འཁོར་དང་བཅས་པ་དང༌། བྱ་ཁྱུང་དང༌། དྲི་ཟ་དང༌། མིའམ་ཅི་དང༌། གསང་སྔགས་གྲུབ་པ་རྣམས་ས་ཕྱོགས་འདི་མ་ཡིན་པའི་གནས་གཞན་དུ་རྒྱུ་གཅིག །སློབ་དཔོན་ཆེ་གེ་མོ་བདག་སློབ་མ་ཆེ་གེ་མོ་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དང༌། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བྲི་བར་བྱའོ། །དེའི་ཕྱིར་རྡོ་རྗེ་རྣལ་འབྱོར་མའི་བཀའ་སྩལ་གནང་ནས་མྱུར་བར་འགྲོ་བར་གྱིས་ཤིག །གལ་ཏེ་གང་ཞིག་མི་འགྲོ་བར་གྱུར་ན་དེའི་སྤྱི་བོར་རྡོ་རྗེ་འོད་ཟེར་ཤིན་ཏུ་འབར་བ་འདིས་འབར་


DTG024_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་རབ་ཏུ་འབར་ནས་རྡོ་རྗེ་ཡེ་ཤེས་ཆེན་པོས་མགོ་ཚལ་པ་བརྒྱར་བྱེད་དོ་ཞེས་པ་ལན་གསུམ་བརྗོད་པ་དང༌། མཁའ་འགྲོ་མ་ལ་སོགས་པ་ཁྲོ་བོའི་ལྷ་མོ་རྣམས་སྤྲོས་ཏེ། སྒྲུབ་ཐབས་སུ་གསུངས་པའི་ཆོ་གའི་རིམ་པས་བགེགས་རྣམས་གཞོམ་པར་བྱས་པས་དཀྱིལ་འཁོར་གྱི་ས་གཞིའི་ས་འོག་ཡན་ཆད་རྡོ་རྗེ་ལྟ་བུར་བྱིན་གྱིས་བརླབ་པོ། །དེ་ནས་རྐང་པའི་མཐིལ་བྱིན་གྱིས་བརླབས་ལ་བཅག་པར་བྱའོ། །དེ་ནས་མཎྜལ་དྲི་ཡིས་ཉེ་བར་བྱུགས་ཏེ། མེ་ཏོག་ལ་སོགས་པས་མཆོད་བ་དང༌། སྒོ་བཞི་ནས་སྤོས་སྣོད་བཟུང་ལ་གླུ་དང་གར་ལ་སོགས་པས་ཀྱང་མཆོད་དོ། །དེ་ནས་ས་ལ་རེག་ལ་བཅོམ་ལྡན་འདས་མའི་སྔགས་བརྒྱ་རྩ་བརྒྱད་དང༌། ཡི་གེ་བརྒྱ་པ་ལན་བརྒྱད་བཟླས་ནས། དེ་ཉིད་དུ་ལྷ་མོ་རྣམས་ཀྱི་འཁོར་ལོ་སྤྲོ་བ་དང་བསྡུ་བ་བྱས་ལ་ཉལ་ལོ། །དེས་ནི་ས་ཡོངས་སུ་གཟུང་བའི་ཆོ་གའི་རིམ་པའོ།། །།


previousས་ཡོངས་སུ་གཟུང་བའི་ཆོ་གའི་རིམ་པ།next