Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
སེམས་ཙམ་འགོག་ཚུལ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་ཙམ་འགོག་ཚུལ་བཤད་པ།next

སེམས་ཙམ་འགོག་ཚུལ་བཤད་པ།


GLG012_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཙམ་འགོག་ཚུལ་བཤད་པ།གསུམ་པ་ལ། ས་བཅུ་པའི་མདོ་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ། དོན་སེམས་གཉིས་ཡོད་མེད་མཚུངས་པ། ལང་གཤེགས་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ་བཤད་པ་དང་གསུམ། དང་པོ་ལ་ཙམ་སྒྲས་ཕྱི་དོན་མི་འགོག་པ་ས་བཅུ་པའི་ལུང་གིས་བསྒྲུབ་པ། དོན་དེ་ཉིད་མདོ་གཞན་གྱིས་ཀྱང་བསྒྲུབ་པ། ཙམ་སྒྲས་སེམས་གཙོ་བོར་བསྒྲུབ་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། མདོ་


GLG012_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སེམས་ཙམ་མོ་ཞེས་པའི་སྒྲས་ཕྱི་དོན་མི་འགོག་པར་ཐལ། མངོན་དུ་གྱུར་པ་མངོན་དུ་ཕྱོགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས་སྲིད་གསུམ་རྣམ་ཤེས་ཙམ་དུ་གང་རྟོགས་པར་གྱུར་པ་དེས་བདག་རྟག་པ་བཀག་ནས། ཁམས་གསུམ་གྱི་བྱེད་པ་པོ་ནི་གཙོ་བོ་སེམས་ཙམ་ཡིན་པར་ས་དྲུག་པ་བས་རྟོགས་ཞེས་བསྟན་པའི་ཕྱིར། གཉིས་པ་ནི། བསལ་བ་སྔར་ལྟར་ལ། ལང་ཀར་གཤེགས་པའི་མདོ་དེ་ལས་ཀུན་མཁྱེན་གྱིས་མུ་སྟེགས་པའི་བདག་དང་གཙོ་བོ་སོགས་དེ་དག་བྱེད་པོར་འདོད་པའི་ལྟ་ངན་གྱི་རི་བོའི་སྤོ་མཐོན་པོ་འཇོམས་པའི་མདོ་དག་གི་རང་བཞིན་རྡོ་རྗེ་ལྟ་བུ་འདི་ནི་དགོངས་པ་བྱེད་པོ་གཞན་གཅད་པའི་ཕྱིར་དུ་གསུངས་པའི་ཕྱིར། རྒྱུ་མཚན་ཡོད་དེ། བློ་ལྡན་གྱི་བློ་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ལང་གཤེགས་ཀྱི་ལུང་དེས་ཀྱང་ཆོས་ཅན། སེམས་ཙམ་བྱེད་པ་པོར་བསྟན་ཏེ། ཇི་བཞིན་ཏེ་ཇི་ལྟར་རང་རང་གི་བསྟན་བཅོས་དེ་དང་དེ་ལས་མུ་སྟེགས་རྣམས་ཀྱི་གང་ཟག་ལ་སོགས་པ་བྱེད་པ་པོར་སྨྲས་པ་དེ་དག་རྒྱལ་བས་འཇིག་རྟེན་གྱི་བྱེད་པ་པོར་མ་གཟིགས་ནས། སེམས་ཙམ་ཞིག་འཇིག་རྟེན་གྱི་བྱེད་པ་པོར་གསུངས་པའི་ཕྱིར། གསུམ་པ་ནི། ཕྱི་རོལ་ཏུ་གཟུགས་ནི་འགོག་པ་དེ་ལྟར་འཆད་པ་སེམས་ཙམ་མོ་ཞེས་པའི་མདོ་འདིའི་དོན་མིན་ཏེ། ཇི་ལྟར་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་བཤད་པའི་ཚིག་ཕྱི་མ་ཙམ་བསྙད་པ་ཇི་ལྟ་བ་བཞིན་དུ་གཟུགས་སེམས་གཉིས་ལས། ཕྱི་མ་ཙམ་ཞིག་གཙོ་བོར་གྱུར་པས་མདོ་ལས་འཇིག་རྟེན་ལ་སེམས་ཙམ་མོ། །ཞེས་གསུངས་པའི་ཕྱིར། གལ་ཏེ་ཁམས་གསུམ་པོ་འདི་དག་སེམས་ཙམ་མོ་


GLG012_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མཁྱེན་ནས་ས་བཅུ་པ་དེ་ལས་ཕྱི་རོལ་གྱི་གཟུགས་ཉིད་དགག་པར་མཛད་ན་ནི་སླར་ཡང་དེ་ལས་བདག་ཉིད་ཆེན་པོས་སེམས་གཏི་མུག་དང་ལས་ལས་སྐྱེ་བར་ཅིའི་ཕྱིར་གསུང་སྟེ་གསུང་མི་རིགས་པར་ཐལ། རང་བཞིན་གྱིས་གྲུབ་ན་རྒྱུ་ལས་སྐྱེས་པར་འགལ་བའི་ཕྱིར། སེམས་ཙམ་ཆོས་ཅན། ཁྱོད་ཉིད་འཇིག་རྟེན་གྱི་བྱེད་པོ་ཡིན་ཏེ། ཁྱོད་ཀྱིས་བསགས་པའི་ཐུན་མོང་མིན་པའི་ལས་ནི་སེམས་ཅན་གྱི་འཇིག་རྟེན་དང་། ཐུན་མོང་བ་སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད་པས་འགྲོ་བ་མ་ལུས་པ་ལས་ལས་སྐྱེས་པར་གསུངས་ཤིང་། སེམས་སྤངས་ནས་ནི་ལས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། ས་བཅུ་པའི་མདོ་ཆོས་ཅན། ཁྱོད་ཀྱིས་སེམས་ལས་གཞན་པའི་བྱེད་པོ་བཟློག་པ་སྟེ་བཀག་གི གཟུགས་བཀག་པ་ནི་མིན་ཏེ། གལ་ཏེ་གཟུགས་ཡོད་མོད་ཀྱི། དེ་ལ་ནི་སེམས་བཞིན་བྱེད་པ་པོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། གཟུགས་མེད་པར་འདོད་ན་ནི་རང་གི་སེམས་ཡོད་པར་མ་འཛིན་ཅིག །སེམས་ཡོད་པར་འདོད་པ་ཉིད་ནའང་ཕྱི་རོལ་གྱི་གཟུགས་མེད་པར་མ་འཛིན་ཅིག་སྟེ། དོན་སེམས་གཉིས་ཡོད་མེད་མཚུངས་པར་ཐལ། འཇིག་རྟེན་པའི་དེ་ཉིད་དེ་རྣམ་གཞག་ལ་གནས་པ་ལ་ཕྱི་རོལ་གྱི་གཟུགས་ཕུང་སོགས་ཕུང་པོ་འཇིག་རྟེན་ལ་གྲགས་པ་སྟེ་ལྔ་ཆར་ཡོད་ལ། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འཆར་བར་འདོད་པ་ན་རྣལ་འབྱོར་པ་མཉམ་པར་བཞག་པ་ལ་དེའི་ངོར་ཕུང་པོ་དེ་ལྔ་འབྱུང་བར་མི་འགྱུར་བའི་ཕྱིར། མདོར་ན་དོན་སེམས་གཉིས་ཡོད་མེད་མཚུངས་ཏེ། དོན་


GLG012_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དུ་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་ཡིན་པའི་ཕྱིར། གཟུགས་སོགས་དེ་དག་ཤེས་རབ་ཀྱི་ཕར་ཕྱིན་གྱི་མདོར་ནི་སངས་རྒྱས་ཀྱིས་མཚུངས་པར་རང་བཞིན་གྱིས་གྲུབ་པ་བཀག་ཅིང་། མངོན་པའི་ཆོས་ལས་ནི་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་གསུངས་པའི་ཕྱིར། ཤེས་བྱ་ཆོས་ཅན། སེམས་ཙམ་པ་ཁྱོད་ཀྱིས་བདེན་གཉིས་ཀྱི་རིམ་པ་འདི་དག་བཤིག་ནས་ཀྱང་། གཞན་རྫས་གྲུབ་ནི་བསྒྲུབས་ཀྱང་མི་འགྲུབ་སྟེ། སྔར་བཀག་ཟིན་པའི་ཕྱིར། དེ་ལྟ་བུའི་ལུང་རིགས་ཀྱི་རིམ་པས་དངོས་པོ་རྣམས་གདོད་མ་ནས་དེ་ཁོ་ན་ཉིད་དུ་མ་སྐྱེས་ཤིང་། འཇིག་རྟེན་གྱི་ཐ་སྙད་དུ་སྐྱེས་པར་རིག་པར་བྱ་སྟེ། བདེན་གཉིས་ཀྱི་རིམ་པ་མ་བཤིག་པར་འདོད་ན་དོན་དམ་དུ་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་དུ་འདོད་དགོས་པ་དེའི་ཕྱིར། གསུམ་པ་ལ། ཕྱི་རོལ་མེད་པའི་སེམས་ཙམ་དུ་གསུངས་པ་དྲང་དོན་དུ་བསྟན་པ། མདོའི་དྲང་ངེས་ཀྱི་དོན་རྟོགས་པའི་ཐབས་བསྟན་པའོ། །དང་པོ་ལ་གཉིས། དྲང་དོན་དུ་ལུང་གིས་བསྟན་པ། རིགས་པས་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། དེ་འདྲ་བའི་མདོ་གཞན་ཡང་དྲང་དོན་དུ་བསྟན་པའོ། །དང་པོ་ནི། ལང་གཤེགས་ཀྱི་མདོ་སྡེ་གང་ལས་ཕྱི་རོལ་གྱི་སྣང་བ་ཡོད་པ་མིན་ཞིང་སེམས་ནི་སྣ་ཚོགས་པར་སྣང་ངོ་ཞེས་གསུངས་པ་དེ་ཡང་ཆོས་ཅན། ཁྱོད་ཀྱིས་ཕྱི་དོན་མེད་པར་བསྟན་པ་མ་ཡིན་ཏེ། ཁྱོད་ཀྱིས་གཟུགས་ལ་ཤིན་ཏུ་ཆགས་པ་གང་ཡིན་པ་དེ་དག་ལ་གཟུགས་ཀྱི་ཉོན་མོངས་བཟློག་ཕྱིར་དྲང་དོན་དུ་གསུངས་པའི་ཕྱིར། དེ་ཡང་དྲང་དོན་ཉིད་ཡིན་ཏེ། མདོ་འདི་ནི་སྟོན་པས་


GLG012_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ནད་པ་ནད་པ་ལ། །ཞེས་སོགས་ཀྱི་སྐབས་སུ་དྲང་དོན་དུ་གསུངས་ཤིང་། འདི་ནི་དྲང་དོན་ཉིད་དུ་རིགས་པས་ཀྱང་འཐད་པ་སྟེ་འགྲུབ་པའི་ཕྱིར། གཉིས་པ་ནི། སེམས་ཙམ་པས་འདོད་པའི་རྣམ་པ་དེ་ལྟ་བུའི་མདོ་སྡེ་གཞན་ཡང་ནི་ཆོས་ཅན། དྲང་དོན་ཡིན་ཏེ། དྲང་དོན་ཉིད་དུ་སྔར་བཤད་པའི་ལུང་འདིས་གསལ་བར་བྱེད་པའི་ཕྱིར། གཉིས་པ་ནི། སངས་རྒྱས་ཆོས་ཅན། ཁྱོད་ཀྱིས་དང་པོར་ཤེས་བྱ་ཕྱི་རོལ་དགག་པར་མཛད་པ་ཡིན་ཏེ། ཤེས་བྱ་མེད་ན་ཤེས་པ་བཀག་པས་བདག་མེད་བདེ་བླག་ཏུ་འགྲུབ་པའི་ཕྱིར་ཏེ། དེ་མེད་ན་ཤེས་པ་བདེན་གྲུབ་བསལ་བ་ནི་བདེ་བླག་ཏུ་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་ལུང་གི་དྲང་ངེས་ཀྱི་ལོ་རྒྱུས་ཤེས་པར་བྱ་སྟེ། ཀུན་རྫོབ་གཙོ་བོར་བཤད་པའི་མདོ་སྡེ་གང་དེ་ཉིད་ལས་ལོག་པའི་དོན་ཅན་དེ་དྲང་དོན་དུ་གསུངས་པའང་རྟོགས་ནས། དེ་ཉིད་ལས་རིམ་གྱིས་དྲང་བར་བྱ་ཞིང་སྟོང་ཉིད་སྟོན་པའི་དོན་ཅན་གྱི་མདོ་ངེས་དོན་དུ་ཤེས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། བདག་གཞན་གཉིས་ཀ་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་ཏེ། གང་གི་ཕྱིར་ན། རེ་རེ་ལས་སྐྱེ་བ་ལ་བཤད་ཟིན་པའི་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཉིད་ཡིན་པའི་ཕྱིར། གཉིས་ཀ་ལས་སྐྱེ་བ་འདི་ནི་འཇིག་རྟེན་ལས་ཀྱང་ཡོད་པ་མིན་ཞིང་། དེ་ཁོ་ན་ཉིད་དུ་ཡང་འདོད་པ་མིན་ཏེ། གང་གི་ཕྱིར་ན། རེ་རེ་ལས་སྐྱེ་བ་བདེན་གཉིས་གང་དུའང་གྲུབ་པ་མ་ཡིན་པའི་ཕྱིར། བཞི་པ་ནི། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འབྱུང་བར་འགྱུར་


GLG012_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་དེའི་ཚེ་དངོས་པོ་མཐའ་དག་ཆོས་ཅན། དུས་རྟག་ཏུ་རང་གི་རྒྱུ་ཡིན་མིན་ཐམས་ཅད་ལས་སྐྱེ་བར་འགྱུར་བར་ཐལ། དངོས་པོ་ཐམས་ཅད་རྒྱུ་མིན་པར་མཚུངས་ཤིང་། ཁྱོད་སྐྱེ་བ་དུས་ཚིགས་ལའང་མི་ལྟོས་པའི་ཕྱིར། འབྲས་བུ་འབྱུང་བའི་ཆེད་དུ་འཇིག་རྟེན་པ་འདི་ཡིས་ས་བོན་སོགས་བརྒྱ་ཕྲག་གི་སྒོ་ནས་སྡུད་པ་བྱེད་པར་ཡང་མི་འགྱུར་བར་ཐལ། རྒྱུ་མེད་ལས་འབྱུང་བའི་ཕྱིར། འཇིག་རྟེན་རང་རྒྱུ་ལས་སྐྱེ་བ་ཡིན་པར་ཤེས་པར་བྱ་དགོས་ཏེ། གལ་ཏེ་འགྲོ་བ་མཐའ་དག་རྒྱུ་ཡིས་སྟོངས་པར་འགྱུར་ན། ནམ་མཁའི་ཨུཏྤལའི་དྲི་དང་མདོག་ཇི་བཞིན་དུ་ཚད་མས་གཟུང་དུ་མེད་པ་ཉིད་དུ་འགྱུར་བ་ཡིན་ན། ཤིན་ཏུ་ཆེས་བཀྲ་བའི་འཇིག་རྟེན་ཚད་མས་འཛིན་པའང་ཡིན་པ་དེའི་ཕྱིར། རྒྱང་འཕེན་དེས་ནི་ཆོས་ཅན། ཇི་ལྟར་འཇིག་རྟེན་ཕ་རོལ་ཡོད་མེད་སོགས་ཕྲ་མོ་རྟོགས་པར་མི་འགྱུར་ཏེ། ཤིན་ཏུ་རགས་པའི་དོན་ལྔ་ལ་ཡིད་ཀྱི་མུན་པ་མཐུག་པོ་འདི་ཉིད་དུ་ཡོད་པའི་ཕྱིར་དང་། འབྱུང་བ་བཞི་པོ་དེ་དག་ཁྱོད་ཀྱི་གཞུང་ལས་བཤད་པའི་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི་ཡུལ་དུ་འགྱུར་བ་དེ་ཡོད་པ་མ་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་རྒྱང་འཕེན་བདག་ཉིད་ཆོས་ཅན། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་པར་བྱ་བ་ཡིན་ཏེ། ཕ་རོལ་ལ་སྐུར་འདེབས་དེའི་ལྟ་བའི་རྣམ་པའི་རྟེན་མཚུངས་པའི་ལུས་ཀྱི་ཁ་དོག་དང་ལྡན་པ་ཉིད་ཡིན་པའི་ཕྱིར། དཔེར་ན་གང་ཚེ་འབྱུང་བའི་བདག་ཉིད་བདེན་གྲུབ་ཏུ་ཁས་ལེན་པ་བཞིན་ནོ། །ཤེས་བྱ་ཆོས་ཅན། སྔར་དངོས་སུ་མ་བཤད་པའི་འབྱུང་བ་འདི་དག་བདེན་པས་ཡོད་པ་མ་ཡིན་ཏེ། ཇི་ལྟར་


GLG012_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་ཡོད་པ་མིན་པ་དེ་ལྟར་བཤད་ཟིན་པའི་ཕྱིར། རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་གོང་དུ་རང་དང་གཞན་ལས་དང་གཉིས་ཀ་ལས་དང་། རྒྱུ་མེད་ལས་སྐྱེ་བ་ཐུན་མོང་དུ་ནི་བཀག་ཟིན་པའི་ཕྱིར། གསུམ་པ་ནི། དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་དང་བྲལ་ཏེ། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་ལ་མ་ལྟོས་པར་སྐྱེ་བ་ཡོད་པ་མིན་པའི་ཕྱིར། གཉིས་པ་ལ་དངོས་དང་། དོན་བསྡུ་བ་གཉིས། དང་པོ་ནི། བྱིས་པ་ཆོས་ཅན། ཁྱོད་ཀྱི་སྔོ་སོགས་འཛིན་པའི་ཤེས་པས་དེའི་རང་བཞིན་མཐོང་བ་མ་ཡིན་ཏེ། གང་གི་ཕྱིར་སྤྲིན་ཚོགས་དང་མཚུངས་པའི་གཏི་མུག་སྟུག་པོས་བསྒྲིབས་པ་འཇིག་རྟེན་ལ་ཡོད་པ་དེ་ན་སྔོ་སོགས་ཡུལ་རྣམས་ལ་ངོ་བོས་གྲུབ་པའི་ལོག་པ་དག་ཏུ་བདེན་ཞེན་ཅན་ཁྱོད་ལ་སྣང་བར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། གཏི་མུག་གི་སྐྱོན་གྱི་དབང་གིས་མི་མཁས་པ་རྣམས་ཀྱིས་འདུས་བྱས་ལྟ་ཞིག་སྣ་ཚོགས་བློ་གྲོས་ཀྱི་ཤེས་པས་བདེན་པར་མེད་ཀྱང་བདེན་པར་རྟོགས་པར་འགྱུར་བ་ཡིན་ཏེ། ཇི་ལྟར་རབ་རིབ་ཀྱི་མཐུ་ཡིས་འགའ་ཞིག་གིས་ཟས་ལ་སྐྲ་ཤད་དང་། ཟླ་གཉིས་དང་། རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་ལོག་པར་འཛིན་པར་བྱེད་པ་དེ་བཞིན་དུ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གལ་ཏེ་གཏི་མུག་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱི་ལས་འབྱུང་ལ་གཏི་མུག་མེད་པར་ལས་དེ་མི་འབྱུང་ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་མ་རིག་པ་དང་འདུ་བྱེད་རང་བཞིན་གྱིས་གྲུབ་བོ་སྙམ་དུ་འཛིན་པ་ཞིག་ཡོད་པར་བཤད་པ་ནི་མི་མཁས་པ་ཁོ་ནས་རྟོགས་པར་ཏེ་དེའི་དབང་དུ་བྱས་པར་གོར་མ་ཆག་སྟེ།


GLG012_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་གསུངས་པས་མཐོང་བ་ན། འདུ་བྱེད་རྣམས་རང་བཞིན་མེད་པའི་སྟོང་ཉིད་ཁོང་དུ་ཆུད་ཅིང་མུན་པ་སྟུག་པོ་ལྟ་བུ་རྣམས་བློ་བཟང་པོ་ཉི་མ་དང་འདྲ་བས་རྣམ་པར་བསལ་ནས་གྲོལ་བར་འགྱུར་བའི་ཕྱིར། གལ་ཏེ་དངོས་པོ་རྣམས་དེ་ཉིད་དུ་སྟེ་རང་བཞིན་གྱིས་མེད་ན་མོ་ཤམ་གྱི་བུ་ཇི་ལྟ་བ་བཞིན་དུ་ཐ་སྙད་དུ་ཡང་དེ་དག་མེད་པ་ཉིད་དུ་འགྱུར་བ་དེའི་ཕྱིར། དེ་དག་རང་བཞིན་གྱིས་ཡོད་པ་ཉིད་དོ་ཞེ་ན། ཤེས་བྱ་ཆོས་ཅན། སྐྲ་ཤད་མཐོང་ལ་མོ་ཤམ་གྱི་བུ་མི་མཐོང་བའི་ཁྱད་པར་མེད་དེ། གང་དག་རབ་རིབ་ཅན་སོགས་ཡུལ་དུ་གྱུར་པའི་སྐྲ་ཤད་ལ་སོགས་དེ་དག་དང་མོ་ཤམ་གྱི་བུ་གཉིས་མ་སྐྱེས་པར་མཚུངས་པའི་ཕྱིར། རེ་ཞིག་རབ་རིབ་རྩད་བཅད་པར་བྱས་ནས། དེའི་ཕྱི་ནས་རང་བཞིན་གྱིས་མ་སྐྱེས་པར་མཚུངས་པ་ལ་གཟུགས་དང་མོ་ཤམ་གྱི་བུའི་ཁྱད་པར་འདྲི་བའི་མ་རིག་པའི་རབ་རིབ་ཀྱི་རྗེས་འབྲེལ་གྱི་བློ་ཅན་རྣམས་ལ། གལ་ཏེ་རྨི་ལམ་གྱི་ཁང་ཁྱིམ་དང་དྲི་ཟའི་གྲོང་ཁྱེར་དང་བཅས་པ་དང་། སྨིག་རྒྱུའི་ཆུ་དང་། མིག་འཕྲུལ། གཟུགས་བརྙན་ལ་བྱད་བཞིན་སོགས་སྐྱེ་བ་མེད་པར་མཐོང་ན། རྨི་ལམ་གྱི་ཁང་ཁྱིམ་སོགས་མཐོང་བར་འགྱུར་ཞེས་རྩོད་རིགས་པར་ཐལ། དེ་དང་མོ་ཤམ་གྱི་བུ་གཉིས་མེད་པར་མཚུངས་པའི་ཕྱིར། གཟུགས་སོགས་འདི་ཆོས་ཅན། དོན་དམ་པར་མེད་ན་ཐ་སྙད་དུ་ཡང་མེད་དོ་ཞེས་སྨྲ་མི་རིགས་ཏེ། རང་བཞིན་གྱིས་སྐྱེ་བ་མེད་ཀྱང་མོ་ཤམ་གྱི་བུ་ལྟར་འཇིག་རྟེན་གྱིས་མི་མཐོང་བ་མིན་པའི་ཕྱིར། གཉིས་པ་ནི། རྟག་ཏུ་རང་བཞིན་གྱིས་མི་སྐྱེ་སྟེ། ཇི་ལྟར་སྟོན་པས་ཆོས་


GLG012_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞི་ཞིང་རང་བཞིན་གྱིས་མྱ་ངན་ལས་འདས་པར་གསུངས་པའི་ཕྱིར་ཏེ། མོ་ཤམ་གྱི་བུ་ལྟར་དངོས་པོ་ཀུན་རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེའི་ཕྱིར། མོ་ཤམ་གྱི་བུ་དང་མཚུངས་པར་མི་འགྱུར་ཏེ། བུམ་སོགས་ལྟར་དངོས་པོ་ཀུན་འཇིག་རྟེན་དུ་གྲགས་པ་དེ་བཞིན་ཡིན་པའི་ཕྱིར། གསུམ་པ་ནི། དངོས་པོ་རྣམས་ཆོས་ཅན། རྒྱུ་རྐྱེན་ལས་རབ་ཏུ་སྐྱེ་སྟེ། གང་གི་ཕྱིར་རྒྱུ་མེད་པ་དང་། དབང་ཕྱུག་གི་རྒྱུ་སོགས་བདག་གཞན་གཉིས་ལས་མི་སྐྱེ་ཞིང་སྐྱེ་བ་དེའི་ཕྱིར། ཤེས་བྱ་ཆོས་ཅན། རྟེན་འབྱུང་གི་རིགས་པ་འདི་ཡིས་ནི་ལྟ་བ་ངན་པའི་དྲ་བ་མཐའ་དག་གཅོད་པར་བྱེད་དེ། གང་གི་ཕྱིར་དངོས་པོ་བརྟེན་ནས་རབ་ཏུ་འབྱུང་བར་རྟོགས་པས་མཐར་འཛིན་གྱི་རྟོག་པ་འདི་དག་གིས་བརྟག་པར་མི་ནུས་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། དངོས་པོ་བདེན་འཛིན་མེད་པར་མཐར་འཛིན་གྱི་རྟོག་པ་འདི་རྣམས་མི་འབྱུང་སྟེ། དངོས་པོ་ཇི་ལྟར་བདེན་པ་མེད་པར་ཡོངས་སུ་དཔྱད་ཟིན་པའི་ཕྱིར། ཁྱབ་སྟེ། མཐར་འཛིན་གྱི་རྟོག་པ་རྣམས་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་ཡོད་ན་འབྱུང་བར་འགྱུར་བའི་ཕྱིར་ཏེ། དཔེར་ན་རྒྱུ་བུད་ཤིང་མེད་པར་འབྲས་བུ་མེ་ཡོད་པ་མིན་པ་དེ་བཞིན་ནོ། །བཞི་པ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་ལས་དཔྱད་པ་བྱས་པ་དེ་རྩོད་པ་ལ་ཆགས་པའི་ཕྱིར་དུ་མ་མཛད་ཀྱི། རྣམ་པར་གྲོལ་བའི་ཕྱིར་དེ་ཉིད་བསྟན་ཏེ། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས་ལ། རྣམ་པར་མི་རྟོག་པ་ན་རྣལ་འབྱོར་པ་ནི་གྲོལ་བར་འགྱུར་བས། རྒྱུ་མཚན་དེས་ན་མཐར་འཛིན་གྱི་རྟོག་པ་རྣམས་ལོག་པར་གྱུར་པ་གང་ཡིན་པ་དེ་རྣམ་པར་དཔྱོད་པའི་འབྲས་བུ་མཁས་པ་རྣམས་གསུངས་པའི་ཕྱིར། གལ་ཏེ་དེ་ཁོ་ན་ཉིད་རྣམ་པར་བཤད་པ་ན་གཞན་གྱི་གཞུང་གིས་བཏགས་པ་རྣམས་འཇིག་པར་འགྱུར་ན་དབུ་མ་པ་ལ་ཉེས་པ་མེད་དེ། དེའི་ཚེ་གཞན་ཕྱོགས་སྟོབས་ཆུང་བས་རང་ཉིད་འཇིག་པའི་ཕྱིར། ཤེས་བྱ་ཆོས་ཅན།
རང་གཞན་གྱི་ཕྱོགས་གཉིས་ལ་འདོད་ཆགས་དང་ཁོང་ཁྲོ་རྣམ་པར་བསལ་ཏེ་རིགས་པས་རྣམ་པར་དཔྱོད་པ་དེ་ནི་མྱུར་དུ་གྲོལ་བར་འགྱུར་ཏེ། རང་གཞན་གྱི་ལྟ་བ་ལ་ཆགས་པ་དང་འཁྲུག་པ་གང་ཡིན་པ་དེ་ནི་འཁོར་བར་འཆིང་བྱེད་ཀྱི་རྟོག་པ་ཉིད་ཡིན་པ་དེའི་ཕྱིར།


previousསེམས་ཙམ་འགོག་ཚུལ་བཤད་པ།next