ཡོངས་འཛིན་གྱི་རྣམ་གཞག
ཡོངས་འཛིན་གྱི་རྣམ་གཞག །གསུམ་པ་ཡོངས་འཛིན་བཤད་པ་ལ་གསུམ། གོ་རིམ་གཞན་གྱི་དགོས་པ་བསྟན་པས་མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། མདོར་བསྟན་དུ་ཡོངས་སུ་འཛིན་པ་རྟོག་པའི་སྔར་གསུངས་པ་ལ་དགོས་པ་ཡོད་དེ། རྒྱན་གྱི་ཚིགས་སུ་བཅད་པའི་སྡེབ་སྦྱོར་སླ་བ་མཐུན་པར་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཡང་རྒྱས་བཤད་དུ་ཡོངས་འཛིན་རྟོག་པའི་མཇུག་ཐོགས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ་ལ་དགོས་པ་ཡོད་དེ། རྗེས་སུ་གསུངས་པ་དེའི་སྟོབས་ཀྱིས་ཇི་སྐད་བཤད་པའི་སྦྱོར་བ་བཞི་ཀ་ཁྱད་པར་དུ་འགྱུར་རོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ནང་གི་ཡོངས་འཛིན་དང་། ཕྱིའི་ཡོངས་འཛིན་གཉིས། དང་པོ་ནི། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་ཞིང་། སྟོང་ཉིད་ཟབ་མོའི་དོན་ལ་སེམས་མི་འགོང་མི་སྐྲག་པ་ཉིད་ལ་སོགས་པའི་ཐབས་མཁས་དང་། དེའི་མི་མཐུན་ཕྱོགས་ཉན་རང་གི་ཡིད་བྱེད་དང་བདེན་ཞེན་ཅི་རིགས་བོར་བའི་ཡེ་ཤེས་ཆོས་ཅན། རྣམ་པ་ཀུན་དུ་བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཡིན་ཏེ། སྲིད་ཞིའི་མཐའ་འགོག་བྱེད་ཀྱི་དེའི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་
འདོམས་པར་བྱེད་པའི་བདག་རྐྱེན་དུ་གྱུར་བའི་དགེ་བའི་བཤེས་གཉེན་བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་གྱི་མཚན་ཉིད་ཟེར་ན། དེའི་ཡོངས་འཛིན་དུ་གྱུར་པའི་སེམས་ཙམ་པ་ཆོས་ཅན་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་འཕགས་པའི་ཡོངས་འཛིན་དུ་གྱུར་པའི་སེམས་ཙམ་པ་ཡོད་པའི་ཕྱིར། དེར་ཐལ། སེམས་ཙམ་རྣམ་བདེན་པའི་ལྟ་བ་ལ་གནས་པའི་གསེར་གླིང་པ་དེ་ཇོ་བོ་རྗེའི་ཡོངས་འཛིན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སེམས་ཙམ་པ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། བྱང་སེམས་སྦྱོར་ལམ་པ་སྲིད་ཞིའི་མཐའ་གང་རུང་དུ་ལྟུང་བར་འགོག་པར་བྱེད་པའི་བྱང་སེམས་སྦྱོར་ལམ་པའི་མངོན་རྟོགས། དེའི་ནང་གི་ཡོངས་འཛིན་གྱི་མཚན་ཉིད། བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་འདོམས་པའི་དེའི་བདག་རྐྱེན་དུ་གྱུར་པའི་དགེ་བཤེས་གཉེན་དེ་སྐབས་འདིར་བསྟན་གྱི་བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་གྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཐབས་ཤེས་ཁྱད་པར་ཅན་གཉིས་ཆོས་ཅན། ཁྱོད་བྱང་སེམས་སྦྱོར་ལམ་པ་སྲིད་མཐར་ལྟུང་བ་འགོག་བྱེད་ཡིན་པར་ཐལ། ཁྱོད་དེ་སྲིད་ཞིའི་མཐའ་ལྟུང་བ་འགོག་བྱེད་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་དེ་སྲིད་མཐར་ལྟུང་བ་འགོག་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། ཟེར་ན་མ་ཁྱབ། གཉིས་པ་ཕྱིའི་ཡོངས་འཛིན་ནི། བྱང་སེམས་སྦྱོར་ལམ་པ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སོགས་སུ་སྟོན་པར་བྱེད་ཅིང་། དེའི་མི་མཐུན་ཕྱོགས་བདུད་དང་སྡིག་གྲོགས་སོགས་བོར་བའི་མཆོག་གི་སྤྲུལ་སྐུ་དེ་ཆོས་ཅན། རྣམ་པ་ཀུན་དུ་དེའི་ཕྱིའི་ཡོངས་འཛིན་ཡིན་ཏེ། ཐབས་ཤེས་རྫོགས་པར་འདོམས་པའི་དེའི་བདག་རྐྱེན་བྱེད་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། གསུམ་པ་འགྲེལ་པ་ནི་ཟབ་མོའི་དོན་ལ་སེམས་མི་འགོང་ཞིང་མི་སྐྲག་པ་དང་། ལ་སོགས་པས་ལམ་རིམ་པ་བཞིན་དུ་བཀྲི་བའི་ཐབས་མཁས་པས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་དངོས་
པོ་མཐའ་དག་གང་ཟག་དང་ཆོས་ཀྱི་བདག་མེད་པ་ལ་སོགས་པ་སྟོན་པར་བྱེད་པ་དང་། སེམས་བསྐྱེད་ཕྱིན་དྲུག་སྟོན་ཅིང་ཐེག་ཆེན་སྤོང་དུ་འཇུག་པ་སྡིག་གྲོགས་སུ་སྟོན་པ་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་ཆོས་སེར་སྣ་ལ་སོགས་པ་དང་མི་ལྡན་པར་སྟོན་པའི་སྤྲུལ་སྐུ་ཆོས་ཅན། ཁྱོད་བྱང་སེམས་སྦྱོར་ལམ་པའི་ཡོངས་སུ་འཛིན་པ་ཡིན་ཏེ། དེ་ལ་ཐེག་ཆེན་གྱི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། །