རྗེ་བཙུན་བསམ་གཏན་གླིང་པའི་ཨ་ཏིའི་ཆོས་སྐོར་གྱི་དཀར་ཆག་ཐེག་མཆོག་རིན་ཅེན་དོ་ཤལ།
རྗེ་བཙུན་བསམ་གཏན་གླིང་པའི་ཨ་ཏིའི་ཆོས་སྐོར་གྱི་དཀར་ཆག་ཐེག་མཆོག་རིན་ཅེན་དོ་ཤལ་ཞེས་བྱ་བ་བཞུགས་སོ། །
དུས་གསུམ་སངས་རྒྱས་ཨྱོན་སྤྲུལ་པའི་སྐུ། །སྣང་བཞི་མཐར་ཕྱིན་པཎ་ཆེན་བི་མ་ལ། །རྒྱ་བོད་རིགས་འཛིན་མུ་ཏིག་ཀ་འཕྲེང་ལྟར། །ཚད་མེད་ཚོགས་རྣམས་སྙིང་དབུས་ཟེའུ་འབྲུར་བསྟེན། །འཇམ་མགོན་འཁོན་རིགས་ཟབ་དོན་གངྒཱའི་ཀླུང་། །ལྡོང་སྟོན་རིམ་བྱོན་ཐུགས་མཚོར་འཁྱིལ་བའི་འཇིངས། །ལེགས་བཞུགས་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ། །དེའི་དབོན་འཇམ་དབྱངས་རྒྱལ་མཆོག་རྟག་ཏུ་བསྔགས། །རང་རིག་སྙན་བརྒྱུད་གདམས་པས་རབ་མྱོས་ཤིང་། ཁྱད་པར་པད་འབྱུང་གཏེར་སྟོན་ཆོས་དབང་སོགས། །མཁས་གྲུབ་དུ་མས་དངོས་ཉམས་བྱིན་བརླབས་པ། །ཟབ་ལམ་གསལ་མཛད་བསམ་གཏན་གླིང་པར་འདུད། །མགོན་ཁྱོད་ཐུགས་ཀྱི་ཀློང་བརྡོལ་ཡང་ཕུར་གྱི། །གདམས་ངག་ཨ་ཏི་སྟོན་མཁས་ཞ་ལུ་པ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །རིན་ཅེན་བསོད་ནམས་མཆོག་གྲུབ་གཙུག་ན་མཛེས། །དམ་པའི་དྲིན་ལས་ཐོས་པའི་གླེགས་བམ་འདིའི། །དཀར་ཆག་སྒྲིགས་ཞེས་རྡོ་རྗེའི་སློབ་དཔོན་གྱིས། །(༢ན)
བཀའ་སྩལ་མི་བཟློག་གཞན་ཕན་རང་ཡིད་ལ། །གོམས་ཕྱིར་འདྲི་བར་ཆོས་སྲུང་གནང་བ་སྩོལ། །དེ་ཡང་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རྣམས་དང་བླ་རེས་སློབ་རེས་ཀྱི་ཚུལ་དུ་བྱོན་ནས་སྙན་བརྒྱུད་ཀྱི་བསྟན་པ་འཛིན་པ་ལྡོང་སྟོན་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་སོགས་རིམ་པར་བྱོན་པའི་གདུང་ལས་མཉམ་མེད་རྗེ་བཙུན་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས་དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ལྡོང་སྟོན་སེང་གེ་རྒྱལ་མཚན་གྱིས་བྱིན་གྱིས་བརླབས། དཔོན་འཇམ་དབྱངས་བསོད་ནམས་རྒྱལ་མཆོག་གིས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གདམས་པ་རྣམས་གནང་ཞིང་རྗེས་སུ་བཟུང་བའི་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོར་གྱུར། ཁྱད་པར་ཨ་ཏི་རྫོགས་པ་ཆེན་པོ་ཀ་དག་སྣང་བཞིའི་ལམ་ལ་རིང་བརྒྱུད་ལ་ལྟོས་མི་དགོས་པར་དུས་གསུམ་སངས་རྒྱས་དཔལ་ཨྱོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དངོས་དང་མནལ་ལམ་དུ་བྱིན་གྱིས་བརླབས་པས་མན་ངག་རྣམས་ཐུགས་ཀྱི་ཀློང་ནས་རང་བརྡོལ་བ་ལྟ་བུར་གྱུར་ལ། གཞན་ཡང་གནུབས་ཡོན་ཏན་རྒྱ་མཚོ་སྤྲུལ་པའི་གཏེར་སྟོན་གུ་རུ་(༢བ)
ཆོས་ཀྱི་དབང་ཕྱུག །མགོན་པོ་འཇམ་དཔལ་དབྱངས། བླ་ཆེན་འབྲོག་མི། ཞང་དགོན་པ་བ། བ་རི་ལོ་ཙཱ་བ། འཁོན་རིགས་འཇམ་དཔལ་རྡོ་རྗེ་ས་སྐྱ་པ་གོང་མ་ལྔ། དཔལ་ལྡན་བླ་མ་དམ་པ་སོགས་ཀྱིས་རྗེས་སུ་བཟུང་བ་ལ་བརྟེན་ནས་མན་ངག་འདི་ཉིད་ཡི་གེར་བཀོད་ཅིང་སྐལ་ལྡན་གྱི་སློབ་མ་རྣམས་ལ་གནང་བས་བསམ་གཏན་གླིང་པའི་ཨ་ཏི་ཞེས་ཟབ་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ་ཅིང་། གསང་སྔགས་གསར་རྙིང་སྤྱི་དང་། ཁྱད་པར་སྔགས་རྙིང་མའི་ཕྱོགས་ལ་བར་སྐབས་སུ་དར་རྒྱས་ཤིན་ཏུ་ཆེ་ནའང་། དུས་དབང་གིས་རང་གཞན་ཀུན་ལ་གལ་ཆུང་ཆོས་སུ་བྱེད་པ་འདི་ཆེས་མང་བས་རིམ་གྱི་འགྲིབ་སྟེ་རྒྱུན་དཀོན་པར་སྣང་བ། ཁོ་བོ་སྔོན་གྱི་བསགས་རྒྱབ་དང་སྨོན་ལམ་གྱི་འཚམས་སྦྱོར་མི་དམན་པས་ཟབ་ཆོས་འདི་ཉིད་ཐོས་པའི་སྐལ་བ་ཅན་དུ་གྱུར་པས་གླེགས་བམ་གང་འདིའི་དཀར་ཆག་འདྲི་བ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པ་བརྒྱུད་པ་དང་ལོ་རྒྱུས་ཀྱི་སྐོར། མན་ངག་ཉམས་ལེན་དངོས་ཀྱི་སྐོར། ཁུངས་དང་རྒྱབ་རྟེན་གྱི་སྐོར། རྩ་གསུམ་ལས་བྱང་ཆོས་སྲུང་གི་སྐོར་དང་བཞི། དང་པོ་ནི། ཤིན་ཏུ་ཉེ་བརྒྱུད་ཀུན་ཏུ་བཟང་པོ་ལ་རྗེ་བསམ་གཏན་གླིང་པས་གསན་པ། ཉེ་བརྒྱུད་སློབ་དཔོན་ཆེན་པོ་པདྨ་ལ་གསན་པ། རིང་བརྒྱུད་ཡང་ཕུར་གློང་བཤགས་རྣམས་ཀྱི་དགོངས་པ་གཅིག་ཏུ་བསྡུས་པ་རྩ་བའི་བརྒྱུད་པ་རིན་པོ་ཆེ་དོན་གྲུབ་དཔལ་འབྱོར་ལ་གསན་པ་དང་། ཕུར་པ་རྩ་དུམ། ཡང་ཕུར་རྩ་དུམ་ལྟ་བའི་གློང་བཤགས་དང་བཅས་པ། བི་མ་ལའི་བསམ་གཏན་མིག་གི་སྒྲོན་མ། ཕུར་པ་ལྕམ་ལུགས་སུ་གྲགས་པའི་རྩ་བ་གསུམ་གྱི་ལས་བྱང་རྣམས་ཀྱི་བརྒྱུད་ཚུལ་མི་འདྲ་བ་སོ་སོ་རང་གི་ཁུ་བོ་མཁན་ཆེན་འཇམ་དབྱངས་བསོད་ནམས་རྒྱལ་(༣ན)
མཆོག་ལ་གསན་པ། གཉན་ལོ་ནས་བརྒྱུད་པའི་རིམ་པ་རྣམས་ཀྱི་མཇུག་ཏུ། སྟོང་ཉིད་མ་རྟོགས་ཐར་པ་གང་གིས་ཐོབ། །རྫོགས་ཆེན་མེད་ན་སྟོང་ཉིད་ཅི་ཕྱིར་གོ །བསོད་ནམས་དམན་པས་རྫོགས་ཆེན་ག་ལ་རྙེད། །དེ་ལ་ཁོ་བོ་མིན་པ་སུ་ཡིས་བསྔགས། །ཞེས་པའི་ཚིགས་བཅད་ལྟར་ན་མཉམ་མེད་ཆེན་པོའི་གསུང་འདྲ་ཡང་། འདིའི་འགོར་ཕ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བསམ་གཏན་གླིང་པ་ཞེས་པའི་ཚིག་རིགས་ལ་དཔགས་ན་དངོས་སློབ་ཞིག་གིས་མཛད་དམ་སྙམ་མོ། །སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་རྫོགས་ཆེན་རྩོད་སྤོང་གི་ཡི་གེ་རྣམས་ལས་རྗེ་བཙུན་བསམ་གཏན་གླིང་པས་སྙིང་པོ་བསྡུས་ཏེ་ཚིག་ཉུང་དོན་རྒྱས་སུ་མཛད་པ་འདིའི་སྦྱར་བྱང་དུ། དེ་སྐད་འདི་ནི་འདྲི་བ་པོ། །ཆོས་སྐུ་ཀུན་བཟང་རོལ་པ་རུ། །འཆར་བར་རེ་བའི་རྣལ་འབྱོར་པ། །གདོད་ནས་རང་གྲོལ་མ་ཡིན་ནམ། །ཞེས་གསུངས་པས་གདོད་ནས་རང་གྲོལ་དེ་མཚན་གྱི་རྣམ་གྲངས་སུ་ངེས་སོ། །རྩོད་སྤོང་འདིས་འགོས་ལྷས་བཙས། ཕོ་བྲང་ཞི་བ་འོད་སོགས་སྔོན་བྱོན་མང་པོའི་འཇམ་ཡིག་དང་། ཕྱིས་ཀྱི་འབྲི་གུང་དཔལ་འཛིན། ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་དུ་མའི་རྩོད་ཡིག་མཐའ་དག་བྱེ་མའི་ཆངས་བུ་ལྟར་གྱུར་ནས་བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པའི་ཚུལ་འདི་ནི་ཤིན་ཏུ་ངོ་མཚར་བར་སྣང་བས་དཔྱོད་ལྡན་རྣམས་སྙིང་ལ་འཆང་བར་བྱའོ། །བི་མ་ལའི་བསམ་གཏན་མིག་གི་སྒྲོན་མའི་བླ་མ་བརྒྱུད་པའི་གསོལ་འདེབས་སྤྱི་གཙུག་ཉི་ཟླ་མ། ཡང་ཕུར་ཐུན་མོང་གི་གདམས་པའི་རྫོགས་ཆེན་བླ་མ་བརྒྱུད་པའི་གསོལ་འདེབས་འགྱུར་མང་ཐིག་ལམ། བརྒྱུད་འདེབས་གོང་འོག་གཉིས་ཀའི་མཇུག་ཏུ་ཤློ་ཀ་རེ་གཉིས་ཙམ་རྗེས་འཇུག་གིས་བཅུག་པ་(༣བ)
ལས་དངོས་གཞི་རྗེ་བཙུན་ཆེན་པོ་ཉིད་ཀྱི་གསུང་དུ་ངེས་ཤིང་། ཁྱད་པར་འགྱུར་མེད་ཐིག་ལེ་མའི་གཤམ་ན། བྱར་མང་བསམ་གཏན་གླིང་པ་ཡིས། །དད་པའི་ཆར་སྤྲིན་གཡོས་ལགས་སོ། །ཞེས་པས་ཀྱང་ཤེས་ནུས། བརྒྱུད་འདེབས་ཕྱི་མ་འདི་ཆོས་འདི་ལ་བཀའ་དྲིན་ཆེ་བའི་བླ་མ་རྣམས་བསྡུས་པ་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མིན་ནོ། །མཉམ་མེད་བསམ་གཏན་གླིང་པའི་བསྟོད་པ་དད་པའི་སྒྲ་དབྱངས་ཞེས་བྱ་བ་སྡེ་སྣོད་འཛིན་པ་སངས་རྒྱས་ལྷུན་གྲུབ་ཀྱིས་མཛད་པ། མཉམ་མེད་ཆེན་པོ་ཉིད་ཀྱིས་ཉམ་ང་བའི་རྩར་རླུང་སེམས་འདུས་པའི་རྟེན་འབྲེལ་གྱིས་དངོས་ཉམས་སུ་ཁུ་འཁྲིག་གི་མཚན་མ་བྱུང་བར་བརྟེན་གནས་ལུགས་མངོན་སུམ་དུ་སྟོན་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་གནས་སྤྱི་བོ་བདེ་ཆེན་མ། མཉམ་མེད་བསམ་གཏན་གླིང་པ་ཉིད་ཀྱི་མནལ་ལམ་བརྡ་ཆོས་ཀྱི་ཚུལ་དུ་འཇམ་དབྱངས། འབྲོག་མི། ཞང་། བ་རི་བ། ས་སྐྱའི་རྗེ་བཙུན་གོང་མ་ལྔ་དང་། དྲུང་ཆོས་རྗེ་པ། །ཨྱོན་ཆེན་པོ། གཏེར་སྟོན་ཆོས་དབང་། གནུབས་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་རྗེས་སུ་བཟུང་ཚུལ་གྱི་རྣམ་ཐར་ཚིག་ཉུང་ཞིང་དོན་ཟབ་པ་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བར་ནུས་པ་རྗེ་བཙུན་རང་ཉིད་ཀྱིས་མཛད་པ། ཡང་དག་དང་ཕུར་པའི་ཆོས་ཀྱི་བྱུང་ཚུལ་བདུད་རྩི་ཁུངས་འབྱིན་རྗེ་བཙུན་བསམ་གཏན་གླིང་པས་མཛད་པ། བྲམ་ཟེ་མི་ཐོད་ཅན་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཀུན་ཏུ་བཟང་པོའི་ཐུགས་ཀྱི་གོང་ནས་བརྟོལ་བའི་ཡང་ཕུར་གྱི་གླེགས་བམ་པྲ་བྷ་ཧསྟི་དང་ཧཱུཾ་ཀ་ར་ལ་བཀའ་བབས་པ། སློབ་དཔོན་ཆེན་པོའི་རྣམ་ཐར་ལས་བརྩམས་ཏེ་བཀའ་གཏེར་གྱི་བྱུང་ཚུལ། བི་མ་ལ་དང་གནུབས་ཀྱི་ལོ་རྒྱུས་སོགས་ཆོས་འདིར་མཁོ་བའི་ཆོས་འབྱུང་(༤ན)
ཚིག་ཉུང་དོན་རྒྱས་པ་ཞིག་སྣང་ངོ་། །གཉིས་པ་མན་ངག་ཉམས་ལེན་དངོས་ཀྱི་སྐོར་ལ། ཨ་ཏི་ཡོ་གའི་ཟབ་འཁྲིད་ཀྱི་ས་གཅད་འགྲོ་ཀུན་དགའ་བསྐྱེད་ཅེས་བྱ་བ་མཉམ་མེད་བསམ་གཏན་གླིང་པ་ཆེན་པོའི་གསུང་རྒྱུན་བླ་མ་སངས་རྒྱས་ལྷུན་གྲུབ་ཀྱིས་ཟིན་བྲིས་སུ་བཏབ་པ། འདི་འཁྲིད་འཆད་པ་ལ་ཤིན་ཏུ་མཁོ་བའི་གཅེས་གནད་ཡིན། ཡང་ཕུར་གཉིས་ཀྱི་ཐུན་མོང་གི་རྫོགས་རིམ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་འཁྲིད་ཡིག་ལམ་རིམ་ཐར་པའི་སྒོ་གཅིག་ཅེས་བྱ་བ་རྗེ་བཙུན་བསམ་གཏན་གླིང་པས་མཛད་པ། འདི་ལ་སྐུ་གསུམ་གྱི་བཞུགས་སྟངས་དང་འོག་གསལ་སྣང་བ་བཞིའི་ལམ་གྱི་རིམ་པ་རྫོགས་ཆེན་སྤྱི་སྐད་དང་མཐུན་པ་ལ་རླུང་སྦྱོར་དང་རིགས་དྲུག་གི་ས་བོན་སྦྱོང་བ་ཕུར་པ་དང་སྦྱར་བ། གཅིག་དུ་བྲལ་གྱིས་གཏན་ལ་ཕབ་པ་རྣམས་ལས་ཁྱད་ཞུགས་པའི་ཞི་ལྷག་དང་སྦྱོར་ཚུལ་སོགས་མན་ངག་ཟུར་ཁྱད་ཅན་ངོ་མཚར་བའི་གནད་གསང་ཆེས་ཤིན་ཏུ་ཟབ་པས། ཇི་སྐད་དུ། དབྱིབས་དང་ཁ་དོག་ཆ་ཚད་ངེས་ན་ཡང་། །རྒྱུ་འབྲས་ངོ་བོ་གསུམ་གྱིས་སྟོང་བས་ན། །གཉེན་པོས་མི་འཇིག་རྐྱེན་གྱིས་མི་འགྱུར་བའི། །དོན་གྱི་རྡོ་རྗེ་འཛིན་པ་ཁོ་བོ་ཙམ། །ཞེས་གསུང་བའང་དོན་ལ་གནས་ཤིང་མཇུག་ཏུ་སྔགས་བདག་གིང་ཆེན་བཅོ་བརྒྱད་དང་དཔལ་སྔགས་ཀྱི་སྲུང་མ་ལ་གཉེར་གཏད་ཤིན་ཏུ་འཇིགས་པ་ཡོད་དོ། །སེམས་འཛིན་གྱི་མན་ངག་ཅུང་ཟད་ཙམ་ཟུར་དུ་ཕྱེ་བ་རྗེ་བཙུན་ཉིད་ཀྱིས་གསུངས་ཏེ། ཞི་གནས་བསྒོམ་པའི་ཚུལ་སྐབས་དོན་འགྲུབ་པ་ཞིག་སྔར་བསྟན་ཟིན་ཅེས་པས་ཀྱང་ཤེས་སོ། །བསམ་གཏན་གྱི་གོལ་ས་གཅོད་པ་རྗེ་བཙུན་བསམ་གཏན་གླིང་པས་མཛད་པ། གོང་གི་མཆོད་བརྗོད་ཀྱི་ཚིག་རྐང་ལྔ་པོ་རི་བོ་རྩེ་ལྔར་ཆོས་རྗེ་པཎྜི་ཏས་ཡེ་ཤེས་(༤བ)
ཀྱི་སྐུ་འཕགས་པ་རིན་པོ་ཆེར་བསྟན་ནས་རྟོགས་པ་དཔེའི་ཕྱག་ཆེན་ངོ་སྤྲད་པའི་ཚེ་འཕགས་པས་མཛད་པར་འདུག །འདིའི་ནང་དུ་རྒྱ་ནག་ཧྭ་ཤང་གི་ལྟ་བ་ངན་པ་ཀ་མ་ལས་བཀག་ལ། ཉང་ཏིང་འཛིན་བཟང་པོར་ལོ་ཟླ་བདུན་གྱི་བར་དུ་རྩེ་གཅིག་ཏུ་གནས་པའི་ཞི་གནས་ལྟེང་པོ་ཡོད་པར་མཁས་པ་བི་མ་ལས་དེ་འདྲས་འཚང་མི་རྒྱ་ཞེས་རྫོགས་ཆེན་བསྟན་པ། ཕྱིས་ཕྱག་ཆེན་མཚན་ཉིད་པ་མ་ཡིན་པར་ལྟ་བ་ལ་ཕྱག་ཆེན་དུ་མིང་བཏགས་པའི་ཟོག་ཆོས་རྣམས་སྡོམ་གསུམ་དུ་བཀག་པ་དང་། སེམས་གནས་ཙམ་གྱི་ཕྱག་ཆེན་བཀའ་བསྟན་བཅོས་ཀྱི་ལུང་ཁུངས་རྣམས་དང་མི་འགྲེལ་ཚུལ་སྙིང་པོ་བསྡུས་ཏེ་བསྟན་པས་ཨ་ཏི་སྒོམ་པ་ལ་ཉེ་བར་མཁོ་ཞིང་ལམ་ལོག་པར་མི་འཁྱམ་པའི་དགོས་པ་ཡོད་དོ། །གསུམ་པ་ཁུངས་དང་རྒྱབ་རྟེན་གྱི་སྐོར་ལ། སྣང་བཞིའི་དོན་སྟོན་པའི་བསམ་གཏན་མིག་གི་སྒྲོན་པ་པཎ་ཆེན་བི་མ་ལས་མཛད་པ། ཚིག་དྲུག་དྲུག་གིས་རྡོ་རྗེ་སེམས་དཔའ་ཞལ་མཐོང་བར་བྱེད་པ་སྤྲོས་པ་གཅོད་པའི་སྒྲོན་མ། རིག་པ་ཚད་ལ་འབེབས་པའི་སྣང་བ་སྟོན་པ། མེའི་ལོག་གནོན་ཞར་བྱུང་དུ་རྨི་ལམ་སྦྱང་བ། རིམ་པ་གཉིས་ལ་འཇུག་པའི་སྒོ་མཉམ་མེད་བསམ་གཏན་གླིང་པས་མཛད་པ། འདིར་བསྐྱེད་རྫོགས་ཀྱི་སྐབས་གསང་འདུས་དུས་འཁོར་གཉིས་དང་མི་འདྲ་བའི་ཁྱད་པར། དེ་བཞིན་མདོ་སྔགས་ཀྱི་ལྟ་བ་ལ་རྟོགས་ལུགས་ཀྱི་སྒོ་ནས་མྱུར་བུལ་སོགས་གནད་འགག་ཡོད་དོ། །རླུང་སྦྱོར་ལ་མཁོ་བ་རིན་པོ་ཆེ་ལུང་གི་ཕྲ་ཐིག །འདི་ཟབ་པ་པོད་བཞིར་ཡོད་པ་དང་འདྲ་མིན་ཞིག་འདུག་རུང་དྲི་མེད་བཤེས་གཉེན་གྱི་གསུང་འགྲོས། སྒྲོན་མ་དྲུག་གི་གནད་སྟོན་པ་གསང་བའི་ཐིགས་པ་ཡང་གསང་སྦས་པའི་དུམ་བུ། རྒྱུད་བཅུ་བདུན་གྱི་ཁོང་སྙིང་(༥ན)
ཉམས་སུ་ལེན་ཚུལ་སྣོད་མིན་ལ་མི་སྟེར་བའི་བཀའ་རྒྱ་ཅན། འདི་གཉིས་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད། གདོད་ནས་དག་པའི་སེམས་ཀྱི་གནས་ལུགས་སྟོན་པའི་རྩ་བ་སློབ་དཔོན་བཻ་རོ་ཙ་ནས་མཛད་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན་དྲུག་པ་གནུབས་ཡོན་ཏན་རྒྱ་མཚོས་མཛད་པ། ཐིག་ལེ་གསང་སྐོར་གྱི་གནད་ཆོག་བཞི་མ། གདམས་པ་ཚིག་གཅིག་མ། གནད་གསུམ་གྱིམན་ངག་ཚངས་པ་ལྷའི་མེ་ཏོག་གི་ཐུགས་གཏེར། ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་སློབ་དཔོན་རིན་པོ་ཆེས་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ལ་མནལ་ལམ་གྱི་ཚུལ་དུ་གསུངས་པ། ཨ་ཏི་ཡོ་གའི་ལམ་གྱི་རིམ་པ་ལ་ཉེ་བར་མཁོ་བ་མཉམ་མེད་བསམ་གཏན་གླིང་པའི་གསུང་འགྲོས་ཐོར་བུ་ཞལ་སློབ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་པ་ཚོགས་ཆེན་སྟན་གཅིག་དཔལ་འབྱོར་བཟང་པོས་འཁྲིད་ཡིག་གི་གོ་རིམ་དང་བསྟུན་ནས་བསྒྲིགས་པར་མཉམ་མེད་ཆེན་པོའི་དངོས་སློབ་གསང་ཕུ་བ་ཆོས་རྒྱལ་བས་ཞུས་དག་མཛད་པ། འདི་ལ་མདོ་སྔགས་བསྟན་བཅོས་ཀྱི་ལུང་འདྲེན་གྱི་རྒྱབ་ཆོས་མང་དུ་ཡོད་དོ། །གླང་པོ་ཆེ་རབ་འབོགས་ནས་བཀོལ་བའི་དྲི་མེད་བཤགས་རྒྱུད་ཀྱི་ཡེ་ཤེས་ལྷ་དང་འཁོན་གཅུགས་བཤགས་པའི་ལེའུ་ཟུར་དུ་ཕྱུང་བ་ལྟ་བའི་ཀློང་བཤགས་ཡེ་ཤེས་སྐུ་མཆོག་ལྟ་བའི་ཀློང་བཤགས་ཀྱི་བཤད་ཐབས་མཉམ་མེད་ཆེན་པོའི་དངོས་སློབ་ཞལ་ཕུབ་ནམ་མཁའི་རྒྱལ་མཚན་གྱིས་མཛད་པ། རྫོགས་པ་ཆེན་པོ་ཕྱི་སྐོར་ནང་སྐོར་གསང་བ་བླ་ན་མེད་པ་རྣམས་ཀྱི་རྣམ་པར་དབྱེ་བ་གསལ་བའི་སྒྲོན་མ་ཞེས་བྱ་བ་མཉམ་མེད་བསམ་གཏན་གླིང་པའི་དགོངས་བཞེད་ལྟར་རྗེ་དཔལ་འབྱོར་བཟང་པོས་མཛད་པ། རྫོགས་པ་ཆེན་(༥བ)
པོའི་ཕྱི་སྐོར་གྱི་གཞུང་དོན་གསལ་བྱེད། འདིའི་མཇུག་ན། གངས་རིའི་ཁྲོད་ཀྱི་ལམ་རྫོགས་པ། །དམ་པའི་དྲིན་ཐོབ་གང་ཡིན་དེས། །དཔལ་ལྡན་དྭགས་པོའི་རིང་ལུགས་པ། །སྐལ་ལྡན་སྐྱེས་བུ་ཞིག་ལ་གདམས། །ཞེས་པ་ལ་དཔགས་ན་མཉམ་མེད་ཆེན་པོའི་གསུང་ཡིན་པ་འདྲའོ། །རེ་ག་ནག་པོ་དང་དྲི་མེད་འོད་ཟེར་གྱི་འཆར་ཚུལ་མཉམ་མེད་ཆེན་པོའི་གསུང་རྒྱུན། ཨ་ཏི་ཕྱི་སྐོར་གྱི་འཁྲིད་ཡིག་ཚིགས་བཅད་མ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ། རྗེ་རང་བྱུང་རྡོ་རྗེ་འདི་ཉིད་མཁའ་འགྲོ་སྙིང་ཐིག་གི་ཆོས་བདག་དང་བི་མ་ལས་བྱིན་གྱིས་བརླབས་པས་སྙིང་ཐིག་གཉིས་ལ་མངའ་བརྙེས་ནས་རྫོགས་ཆེན་གྱི་བསྟན་འཛིན་ཡིན་ནའང་། གང་གི་སྤྲུལ་པར་གྲགས་པའི་མི་བསྐྱོད་རྡོ་རྗེས་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་སྙིང་ནས་སྨོད་ཅིང་། ཟབ་མོ་ནང་དོན་གྱི་བརྒྱུད་པར་བཞུགས་པའི་གྲྭ་ཕྱི་རྒྱལ་བ་གཡུང་སྟོན་པས་བལ་ཡུལ་ནས་གསང་བ་སྙིང་པོའི་རྒྱ་དཔེ་རྫུས་མ་བཟོས་ཞེས་སྐུར་པ་གདབ་པ་སོགས་ལ་དཔགས་ན་ཁྱེད་རང་གིས་སྣེའུ་གདོང་གོང་མ་ཆེན་པོར་ཕུལ་བའི་ཆབ་ཤོག་ཏུ། དེང་དུས་དབུ་རུ་བྱང་ཕྱོགས་རྒྱུད་འདི་ན། །གཏེར་སྟོན་ལྕང་ལོ་ཅན་སོགས་བདུད་སྤྲུལ་འགས། ཞེས་ལྷ་སྲས་རྒྱལ་པོའི་རྣམ་འཕྲུལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ལ་ཟུར་ཟ་བར་མཛད་འདུག་ཀྱང་བདུད་དེ་ཁྱེད་རང་གི་ཤངས་སུ་མཛུབ་མོ་འཛུགས་པར་རིགས་སམ། ཟབ་ཆོས་འདི་ཉིད་ཀྱི་བཤད་ཁུངས་ཡང་དག་རྩ་བ། རུ་ལུ་འབྲུ་བརྒྱད་གསེར་འཕྲེང་ཐུགས་ཀྱི་ལྡེ་མིག་སློབ་དཔོན་ཧཱུཾ་ཀ་རས་མཛད་པ། ཟབ་ཆོས་འདི་ཉིད་ཀྱི་བཤད་ཁུངས་ཕུར་པ་རྩ་དུམ། དེ་ཡང་གོང་དུ་ཡང་ཕུར་གཉིས་ཀྱི་རྩ་བ་ཡོད་པའི་རྒྱུ་མཚན་ཡང་ཕུར་ནི་(༦ན)
ཆོས་འདི་ཉམས་སུ་ལེན་པའི་ཡི་དམ་ཡིན་ཅིང་། དེར་མ་ཟད་ལྟ་བའི་སྐབས་ཀྱང་ཡང་དག་རྩ་བ་ནས་ཡིག་འབྲུ་བཅུ་བཞི་དང་། ཕུར་པ་རྩ་དུམ་ནས་ཡིག་འབྲུ་གསུམ་གྱི་དགོངས་པ་དང་སྦྱོར་ལ། སྣང་བཞི་སྒྲོན་དྲུག་གི་སྐོར་ལ་བསམ་གཏན་མིག་སྒྲོན་དང་། ཉམས་ཆགས་སྐོང་བར་ལྟ་བའི་ཀློང་བཤགས་རྣམས་ལ་རྩ་བ་ལྟ་བུར་མཛད་པ་ཡིན་ནོ། །སྡེ་པ་སྣང་རྩེ་བས་ཡང་ཕུར་གཉིས་ལ་སྨིན་བྱེད་དགོས་པ་ཡིན། ཞེས་ཁོ་རང་གི་བློས་དཔྱད་ཀྱིས་བྱིན་རླབས་ཉུང་ངུ་ཞིག་བརྩམས་ནས་རྒྱུན་སྤེལ་བ་ནི་རང་གཏེར་རྣམས་ཀྱང་ཤོག་སེར་ལ་མ་ལྟོས་པར་ཐོགས་མེད་དུ་བརྩམས་པའི་ལང་ཤོར་དང་། ཁྱད་པར་ཆོས་འདིའི་གནད་མ་རྟོགས་པའི་མུན་ནག་འདོམ་འཇལ་ཏེ་ཨ་ཏི་འདི་ནི་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་རྫོགས་རིམ་ཟབ་པའི་མཐར་ཐུག་ཡིན་པས། སྨིན་བྱེད་ཀྱི་དབང་ས་ལུགས་ཡང་ཕུར་གྱི་དབང་ལས་གཞན་དུ་མི་དགོས་ལ། གལ་ཏེ་དེ་ཉིད་མ་ཐོབ་ན་བཀའ་གཏེར་གང་ཡང་རུང་བའི་ཡང་ཕུར་གྱི་སྨིན་བྱེད་ཐོབ་པས་མི་རུང་བ་མ་ཡིན་ནོ། །ཕུར་པ་རྩ་དུམ་གྱི་བཤད་རྒྱུད་ཀྱི་ཟིན་བྲིས་རྗེ་བཙུན་བསམ་གཏན་གླིང་པའི་གསུང་རྒྱུན་བཞིན་གསང་ཕུ་ཆོས་རྒྱལ་བས་མཛད་པ། ཕུར་པ་སྟོད་ལས་ཀྱི་དོན་འགྲེལ་མཉམ་མེད་ཆེན་པོའི་གསུང་རྒྱུན། རྩ་བ་གསུམ་གྱི་བསྟོད་པ་མནལ་ལམ་དུ་ལྷས་གནང་བ་བྱིན་པ་ལ་བརྟེན་ནས་མཉམ་མེད་ཆེན་པོས་མཛད་པ། བུམ་སྨུག་ལུང་དུམ་དཔལ་ཡང་གསང་སྒྲུབ་པའི་བཀོལ་བྱང་སིངྒ་ལའི་སློབ་དཔོན་ཧཱུཾ་ཀ་རས་མཛད་པ། ཟབ་དོན་འདི་ལ་འཇུག་པའི་སྐྱེས་བུ་ཡིད་ཆེས་སླད་ལུང་ཚད་མ་བཀའ་བསྟན་བཅོས་ཀུན་ལས་མཉམ་མེད་(༦བ)
ཆེན་པོས་བཏུས་པ་བར་བར་དུ་གནད་འགག་ཅུང་ཟད་ཀྱིས་འཚམས་སྦྱར་བའི་ཟབ་མོ་ལུང་གི་འཕྲེང་བ་འདི་ལུང་སྦྱོར་ཆུང་བར་ངོས་འཛིན། རྗེ་བཙུན་བསམ་གཏན་གླིང་པའི་གསུང་རྒྱུན་བཀའ་བསྟན་བཅོས་ཀྱི་ལུང་དང་དེ་དག་གི་དཀའ་གནད་བསྟན་པ་རང་ཉིད་ཀྱིས་གསན་པ་དང་ཞལ་སློབ་གཞན་གྱིས་ཟིན་བྲིས་སུ་བཏབ་པ་རྣམས་སྟན་གཅིག་པ་དཔལ་འབྱོར་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ལུང་སྦྱོར་ཆེ་བ་ཡིན། བཞི་པ་རྩ་གསུམ་ལས་བྱང་དང་ཆོས་སྲུང་གི་སྐོར་ལ། རྩ་བ་གསུམ་གྱི་ལས་བྱང་ཞེས་པ་རང་ཉིད་གཟའ་རྒོད་སྒྱིད་རེངས་སུ་བསྒོམས་ནས་བསྟན་མ་བཅུ་གཉིས་དང་མོན་བུ་པུ་ཏྲ་སྤུན་གཉིས་ལ་འཕྲིན་ལས་འཆོལ་བ། འཁོར་ལོ་རྣམ་ལྔའི་གནད་གལ་ཆེ་ཚུལ་གནུབས་ཆེན་གྱི་གསུང་བགྲོས་གུར་མགོན་གྱི་བསྐང་བ་ལས་ཉེ་བར་བཏུས་པ་ཅིག །ན་ག་ཀ་ལའི་གནད་ཀྱི་མན་ངག །མ་མོ་རྦོད་གཏོང་གི་རྣམ་བཤད་གསལ་བར་བྱེད་པའི་སྒྲོན་མ་ཡིད་ཀྱི་མུན་སེལ་ཚོགས་ཆེན་པ་དཔལ་འབྱོར་བཟང་པོས་མཛད་པ། རྩ་གསུམ་ལས་བྱང་གི་གསལ་བྱེད་མཉམ་མེད་བསམ་གཏན་གླིང་པས་ལག་ལེན་མདོ་རུ་དྲིལ་བ། ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་ལ་མ་མོ་རྦོད་གཏོང་ངམ་སྡེ་བརྒྱད་འོ་དོད་མའམ་བདེ་གཤེགས་འདུས་པ་ཞེས་བྱ་བ། གོང་གི་རྩ་བ་གསུམ་གྱི་སྐོར་འདི་རྣམས་བླ་མ་གུ་རུ་པད་མ་འབྱུང་གནས། ཡི་དམ་ཡང་ཕུར། ཆོས་སྐྱོང་ལ་ཡང་ཕུར་སྲུང་། ལ་ལར་བསྟན་མ་བཅུ་གཉིས་དང་པུ་ཏྲ་མིང་སྲིང་། ལ་ལར་གདོང་ཟླ་སྡེ་བརྒྱད་ཐམས་ཅད་ཚང་བ་ལྟ་བུ་མན་ངག་གབ་པའི་ཉམས་ཀྱིས་ཧ་ཅང་མི་གསལ་ཞིང་། གཟའ་རྒོད་སྒྱིད་རེངས་སྦྲུལ་ཞགས་འཛིན་པ་དེ་(༧ན)
དང་ཡི་དམ་རྣམས་ངོ་བོ་གཅིག་པ་འདྲ་བ་ཞིག་འདུག་པ་རྫོགས་ཆེན་གྱི་སྐབས་འདིར་རྩ་གསུམ་མཐའ་དག་རྟོགས་ན་ཀུན་ཏུ་བཟང་པོ་མ་རྟོགས་ན་དྲེགས་པ་རྒྱུད་གསུམ་གྱི་རྣམ་པར་འཆར་ཞིང་། དོན་རང་གི་རིག་པར་ཐག་ཆོད་པའི་བཟང་ངན་དང་དགག་བསྒྲུབ་མེད་པ་ཞིག་གནད་དུ་ཆེ་བ་ལ་དགོངས་སམ་སྙམ། དེ་ཡང་གཟའ་རྒོད་སྦྲུལ་ཞགས་འཛིན་པ་དམར་ནག་འདི་གཉིས་ལ་གནོད་སྦྱིན་དམར་ནག་ཏུ་ཡང་འབོད་ཅིང་ཆོས་ཉིད་ཀྱི་སྲུང་པར་གྲགས་ལ། ཁྲི་སྲོང་རྣམ་འཕྲུལ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་སྐྱིད་སྨད་ཆུ་ཤུར་དུ་བྲག་སྟོན་པོའི་སྔགས་འཆང་ལེགས་ལྡན་རྡོ་རྗེ་ལ་ཆོས་འདི་གསན་པའི་ལོ་རྒྱུས་སུ་གཏོར་སྒམ་གྱི་ལོགས་ལ་སྲུང་མ་གནོད་སྦྱིན་དམར་ནག་གི་ཐང་སྐུ་བཀྲམ་འདུག་ཚུལ་གནད་པས་ཀྱང་ཤེས་ནུས་སོ། །རྗེ་བཙུན་མི་ལས། རོང་སྟོན་དང་ལྷ་དགའ་ཡན་ཆད་དུ། །སྤྱིར་དྲིན་ཆེན་གྱི་བླ་མ་བཅུ་ཙམ་བཞུགས། །ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས་ཞེས་གསུངས་པའི་གཟའ་གདོང་དམར་ནག་དེ་ཕལ་ཆེར་ལས་འབྲེལ་སྩལ་དང་། རཏྣ་གླིང་པའི་གཟའ་གདོང་དམར་ནག་དང་དབྱིབས་འདྲ་བ་ལ་དེ་ལས་རྒྱས་པ་ཞིག་གནུབས་ལུགས་ལ་ཡོད་པ་དེ་ཡིན་པར་འདོད། འབྲི་གུང་ཕྱོགས་སུ་གཤིན་རྗེ་གཟའ་གདོང་དམར་ནག་ལ་ངོས་འཛིན། འགའ་ཞིག་གནོད་སྦྱིན་དམར་ནག་འདི་ཉིད་ཡིན་ཞེས་སྨྲ་བ་སོགས་མི་མཐུན་པ་སྣང་ངོ་། །དམ་ཅན་སྤྱིའི་གནད་སྡོད་སྟོན་མཉམ་མེད་བསམ་གླིང་པས་མཛད་པ་འདིར་པུ་ཏྲའི་ལོ་རྒྱུས་ནི་ཡོངས་གྲགས་དང་། དེ་མིན་ཁྱབ་འཇུག་གི་ཀིང་ཀང་ལས་ཕུར་སྲུང་གི་བསེ་མོ་བཞི་དང་དཔེ་ཧར་བྱུང་བ། གློག་མ་སྲིན་གནས་ཚུལ་གྱི་སྒོ་ནས་གདོང་མོ་བཞིར་བསྟན་པ། སྡེ་བརྒྱད་(༧བ)
གིང་ཆེན་བཅོ་བརྒྱད། དགེ་བསྙེན་ཉེར་གཅིག་དབང་ཕྱུག་ཉེར་བརྒྱད་སོགས་ཀྱི་འབྱུང་ཁུངས་དང་ངོས་འཛིན་ལོ་རྒྱུས་བྱིངས་ལ་མ་གྲགས་པའི་ལེགས་བཤད་ངོ་མཚར་ཅན་སྣང་ངོ་། །གཏུམ་པོ་ཁྱི་གཟུགས་ཅན་གྱི་ལོ་རྒྱུས་འདིའི་བརྗོད་བྱར་ཏ་ཐཱ་ག་ཏ་རཀྵི་ཏས་གནོད་སྦྱིན་ཁོལ་པོར་བསྒྲུབས་ཚུལ། དེའི་མཇུག་ཏུ་ན་མགོན་པོ་ཞལ་གྱི་བསྟོད་པ་སྲིན་གཟུགས་མ་དང་པཎྜི་ཏ་དང་གཉན་ལོ་གྲོ་མོ་ཤ་དཀར་དུ་མཇལ་ཚུལ་འདུག་པ་ལ་དཔགས་ན་གཏུམ་པོ་ཁྱི་གཟུགས་དེ་ཞལ་དང་རྒྱུད་གཅིག་གམ་སྙམ། པུ་ཏྲ་མིང་སྲིང་བཀའ་གཏེར་ནས་བྱུང་བའི་ལོ་རྒྱུས། གནོད་སྦྱིན་དམར་པོའི་ཉམས་ལེན་འདི་སྲུང་མ་གནོད་སྦྱིན་དམར་ནག་གཉིས་སུ་གྲགས་པའི་དམར་པོའི་སྐོར་རོ། །མཇུག་ཏུ་རྣམ་སྲས་ལ་བརྟེན་ནས་མི་ནོར་ཟས་གསུམ་དབང་དུ་བྱེད་པ་ཞིག་སྣང་། ཟང་ཟང་ལྷ་བྲག་གི་གཏེར་བྱོན་གྱི་སྲོག་བདག་བདུད་ཀྱི་རྒྱལ་པོའི་སྒྲུབ་ཐབས། ལོ་རྒྱུས། མཆོད་འཕྲེང་རྣམས། བདུད་རྒྱལ་འདི་ལ་ལེགས་ལྡན་དང་སྟོང་དཔོན་སོགས་མིང་སྣ་ཚོགས་ཡོད་ཀྱང་དོན་དུ་རྒྱལ་པོ་དཔེ་ཧར་ཉིད་ལ་ངོས་འཛིན་པ་ཡིན་ནོ། །ཟབ་ཆོས་འདི་ཉིད་ཀྱི་བླ་མ་བརྒྱུད་པ་ལ། ཤིན་ཏུ་ཉེ་བརྒྱུད་ནི། རྗེ་བཙུན་བསམ་གླིང་པ་ཉིད་ཀྱི་ཐུགས་ཀྱི་ཀློང་ནས་བརྡོལ་བས་སྟོན་པ་ཀུན་ཏུ་བཟང་པོ་དངོས་ལ་གསན་པ་ཡིན། ཉེ་བརྒྱུད་ནི། སློབ་དཔོན་པད་མ་འབྱུང་གནས་ཀྱིས་དངོས་ཉམས་སུ་བྱིན་གྱིས་བརླབས་པས་ཨྱོན་ཆེན་པོ་ལ་གསན་པ་དང་། དེ་ལས་ཅུང་ཟད་རིང་ཙམ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གསུངས་པ་ཡིན། རྫོགས་ཆེན་བསམ་གཏན་མིག་སྒྲོན་གྱི་རིང་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་ཧཱུཾ་ཀ་ར། ཨྱོན་སངས་རྒྱས་གཉིས་པ། པཎ་ཆེན་(༨ན)
བི་མ་ལ་མི་ཏྲ། བལ་པོ་ཤྲཱི་ལ་མཉྫུ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁར་ཆེན་བཟའ་འཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག །སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་སྟོན་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེང་གེ །ཉང་ཏིང་འཛིན་བཟང་པོ། སྦ་སྒོམ་བློ་གྲོས་དབང་ཕྱུག །ལྡང་བ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །གྲུབ་ཐོབ་ལྕེ་སྒོམ་ཆེན་པོ། སློབ་དཔོན་གཉེར་སྒོམ་ཆེན་པོ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །མཚུངས་མེད་ཤེས་རབ་རིན་ཅེན། འབྲི་ཕྱུག་པ་རིན་ཅེན་འབུམ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །མཉམ་མེད་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས། ཞལ་ཕུག་ནམ་མཁའ་རྒྱལ་མཚན། རིན་པོ་ཆེ་ནམ་མཁའ་རྡོ་རྗེ། གྲུབ་མཆོག་ངག་དབང་ཆོས་རྒྱལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་། དེ་སྲས་འཁོན་སྟོན་ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་། ཞ་ལུ་མཁན་ཆེན་རིགས་ཀུན་བདག་པོ་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་བ་ནི་བྱང་ཆུབ་ཀྱི་བར་དུ་བཀའ་དྲིན་གཞལ་བར་དཀའ་བ་ཡིན་ནོ། །ཡང་དག་རྩ་བའི་བརྒྱུད་པ་ནི། སྟོན་པ་ཀུན་ཏུ་བཟང་པོ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་ཧཱུཾ་ཀ་ར། མཁས་པ་བི་མ་ལ་མི་ཏྲ༔ གཉགས་ཛྙ་ན་ཀུ་མཱ་ར། འོ་བྲན་(༨བ)
དཔལ་གྱི་གཞོན་ནུ། འོ་བྲན་དཔལ་གྱི་དབང་ཕྱུག །འོ་བྲན་ཆོས་ཀྱི་འབྱུང་གནས། འོ་བྲན་གྲགས་པ་རྒྱ་མཚོ། འོ་བྲན་དབང་གི་རྒྱལ་པོ། འོ་བྲན་རྟ་མཆོག་རྒྱལ་པོ། འོ་བྲན་རི་རབ་བརྟན་པ། རིན་པོ་ཆེ་དོན་གྲུབ་དཔལ་འབྱོར། མཉམ་མེད་བསམ་གཏན་གླིང་པ་མན་གོང་ལྟར། ཕུར་པ་རྩ་དུམ་གློང་བཤགས་དང་བཅས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ལས་ཀྱི་དབང་མོ་ཆེ། པྲ་ཧསྟི། ལྷ་ལྕམ་ཨུ་པ་དཱ་ན། ཨྱོན་སངས་རྒྱས་གཉིས་པ། ཇོ་མོ་འཚོ་རྒྱལ། ཨཱ་ཙཱཪྻ་ནུ་རུ། ཇོ་བོ་ལང་ལབ། ཁྱི་གྱང་འགྱེལ། སྟོང་གསུམ་སྒོམ་ཆེན། ཐག་བཙུན་ཤེས་རབ་འོད། གནུབས་ཆེན་གྲུབ་ཐོབ་ཀྱི་རྣམ་ཐར་ལ་ཚད་བཟུང་མི་འདུག་ཀྱང་ལང་ལབ་རྭ་ལོ། མི་ལ་སོགས་དུས་མཚུངས་ཤིང་། མི་ལ་གནུབས་ཆུང་པའི་སློབ་མ་ཡིན་པས་འདི་གནུབས་ཀྱི་ཞལ་ངོ་ཕྱི་མ་གཅིག་དང་ནོར་རམ་སྙམ་དཔྱད་དོ། །སངས་རྒྱས་ཡེ་ཤེས། རྒྱ་ཆོས་གྲགས། ཡོལ་ལྕགས་རྒྱ་སྟོན་འབར། རྣལ་འབྱོར་གཞུང་སྨོན། ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་སངས་རྒྱས་ཉི་འབུམ། རྗེ་དོན་གྲུབ་གཞོན་ནུ། དཔྱལ་འཕགས་པ་དཔལ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན། འཇམ་དབྱངས་རྒྱལ་མཆོག །མཉམ་མེད་ཆེན་པོ་མན་གོང་ལྟར། ཡང་ན་ཨྱོན་ཆེན་པོ་ནས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁམས་པ་སྒོམ་ཆེན། མཆོག་གི་ལེགས་པ། ཤེས་རབ་ཚུལ་ཁྲིམས། མཆོག་གི་སེམས་དཔའ། འཁོན་དཀོན་ཅོག་རྒྱལ་པོ། མཐའ་བཞི་སྟོན་པ། རྡོ་རྗེ་དྲག་རྩལ། རྡོ་རྗེ་ཐོད་འཕྲེང་རྩལ། རོལ་པའི་རྡོ་རྗེ། གློ་བོ་ལོ་ཙཱ་བ། (༩ན)
འཕགས་པ་རིན་པོ་ཆེ། མང་མཁར་ལོ་མཆོག་པ། བླ་མ་དཔལ་ལྡན་སེང་གེ །དྲུང་ཆོས་རྗེ་པ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ། མཁན་ཆེན་རྒྱལ་མཆོག་མན་གོང་ལྟར། ཕུར་པ་ལྕམ་ལུགས་སུ་གྲགས་པ་རྩ་བ་གསུམ་གྱི་ལས་བྱང་གཟའ་གདོང་དང་བཅས་པའི་བརྒྱུད་པ་ནི། ཨྱོན་ཆེན་པོ་ནས། ཅོག་རོ་དཔལ་གྱི་མཆོད་གནས། འཁོན་རྡོ་རྗེ་རིན་ཅེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཡོན་ཏན་འབྱུང་གནས། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་ཅོག་རྒྱལ་པོ། བརྩེ་བ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ས་པཎ། སློབ་དཔོན་འོད་ཟེར་ཤཱཀྱ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་མན་གོང་ལྟར། ཡང་ན་འཕགས་པ་རིན་པོ་ཆེ་ནས་དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། དྲུང་ཆོས་རྗེ་པ། ཡར་ཀླུངས་པ་མན་གོང་བཞིན་ནོ། །ཨ་ཧོ་བསྐལ་བརྒྱར་རྙེད་དཀའ་ཐེག་པའི་རྩེ། །ཚེ་གཅིག་འཇའ་ལུས་འགྲུབ་པ་སྣང་བཞིའི་ལམ། །ཟབ་དོན་བསམ་གཏན་གླིང་པའི་ཐུགས་ཀྱི་བཅུད། །མངོན་སུམ་མྱོང་འདི་བསོད་ནམས་ཕུང་པོས་རྙེད། །སྟོབས་འབྱོར་དམ་པའི་མིང་གིས་བཟང་རྫུ་འདེབས། །ཐ་སྙད་རྟོག་གེའི་ཁེངས་པའི་ངེས་དོན་སྤོང་། །ཕལ་ཆེར་ཚེ་འདིའི་ལྟོ་གོས་འཁོལ་པོར་སོང་། །རྙེད་དཀའི་(༩བ)
དལ་འབྱོར་སྟོང་པར་འཛད་པ་མང་། ཁོ་བོའི་སྔོན་བྱོན་དམ་པའི་རྣམ་ཐར་ལ། །ཡར་བལྟས་ཚད་ལྡན་བཤེས་གཉེན་མང་བསྟན་པས། །གྲངས་མེད་ཟབ་རྒྱས་ཆོས་ཚུལ་ཐོས་པ་ཡིས། །རང་ཞེ་རང་ལ་མི་ཁྲེལ་སྤོབས་མཐོར་སོན། །ཆོས་དཀོན་ཡིད་བཞིན་ནོར་འདྲའི་གླེགས་བམ་གྱི། །ཆོས་ཀྱི་བཞུགས་ཚུལ་འཁྲུལ་མེད་རིན་ཅེན་འཕྲེང་། །དཀར་ཆག་སྲད་བུར་བརྒྱུས་པ་སྣོད་ལྡན་ཆེད། །ཡིན་གྱིས་དམ་ཅན་མ་འཁྲེན་སྟོང་གྲོགས་མཛོད། །ཀུན་བཟང་རང་ངོ་མ་འཕྲོད་འཁོར་འཁྱམས་འགྲོ། །དགེ་འདིས་སྒྲིབ་གཉིས་ཕ་མཐར་རྡོ་རྗེ་སེམས། །གདོད་ནས་སྙིང་དབུས་བཞུགས་པའི་རང་རིག་མགོན། །དབུལ་པོས་སྒྱེད་རྡོའི་གསེར་བཞིན་རྙེད་པར་ཤོག །སྤྱི་དང་ཁྱད་པར་ངེས་གསང་ཐེག་པ་ཡི། །སྨིན་གྲོལ་ཆོས་ཀྱིས་རྒྱལ་བསྟན་སྤེལ་མཛད་པའི། །རྡོ་རྗེ་འཛིན་རྣམས་བསྐལ་བརྒྱར་ཞབས་བརྟན་ཞིང་། །ཐུབ་བསྟན་སྲིད་མཐའི་བར་དུ་གནས་པར་ཤོག །སྒོ་གསུམ་རྣམ་དག་ལྷ་སྔགས་ཏིང་འཛིན་ཆུས། །འཁྲུལ་ཚོགས་རྟོག་པའི་དྲི་མ་ཀུན་སྦྱངས་ཏེ། །ཀ་དག་དབྱིངས་ལས་ལྷུན་གྲུབ་འོད་ལྔའི་མདངས། །ལེགས་ཤར་དོན་གཉིས་བསམ་འཕེལ་བཀྲ་ཤིས་ཤོག །ཅེས་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་བསམ་གཏན་གླིང་པའི་ཨ་ཏིའི་ཆོས་སྐོར་གྱི་དཀར་ཆག་ཐེག་མཆོག་རིན་ཅེན་དོ་ཤལ་ཞེས་བྱ་བ་འདི་ནི། ཞ་ལུ་མཁན་ཆེན་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། རྡོ་རྗེ་འཆང་ཕ་བོང་ཁ་བ་དཔལ་(༡༠ན)
འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས། གསང་ཆེན་རྙིང་མའི་སྨིན་གྲོལ་གདམས་པའི་ཚུལ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་དཀར་བ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་ཟིལ་གནོན་གྱི་ལོ་སྨིན་དྲུག་ཅན་གྱི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་གིས་བགྱིས་པ་འདིས་ཀྱང་ཐེག་མཆོག་སྙིང་པོའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག། །།ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྒྲུབས། མངྒ་ལཾ།།