Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
  
  
  
 
འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཀུན་ཤེས་ཀྱི་མཚན་གནང་བ།
 
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousའཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཀུན་ཤེས་ཀྱི་མཚན་གནང་བ།next

འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཀུན་ཤེས་ཀྱི་མཚན་གནང་བ།


GTN006_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་མཁྱེན་བརྩེར་མདོ་མགོན་ལེགས་ལྡན་ལྗང་ནག་གཙང་ཤོད་པའི་ཡིག་ཆའི་སྟེང་ནས་དབང་ལུང་མཛད། དེ་དང་མཉམ་དུ་བུ་འདི་དང་ལུས་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་པ་དང་། ཅི་བསྒོ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་དགོས་པའི་བཅོལ་དམ་དྲག་པོ་མཛད། ཚུལ་དེས་སྲུང་མས་ཕྲིན་ལས་མངོན་སུམ་དུ་སྒྲུབ་པ་རྒྱུ་མཚན་དུ་གཟིགས་ནས། ཞབས་དྲུང་རྡོ་རྗེ་འཆང་དང་། གཏེར་ཆེན་མཆོག་གྱུར་གླིང་པས་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ་སྟེ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དུ་སྔ་འགྱུར་བཀའ་མའི་སྒྲུབ་ཕྲིན་ཡོད་དོ་ཅོག་གི་སྒྲུབ་མཆོད་གསར་འཛུགས་མཛད་ཚེ། དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་ལ་བཀའ་མའི་དབང་ལུང་ཡོངས་རྫོགས་གནང་བའི་མཐའ་རྟེན་དུ་ལེགས་ལྡན་གྱི་དབང་མཛད་དེ་བརྒྱུད་པའི་མཚན་གཤར་དང་། ཁྱད་པར་དུ་རྡོ་རྗེ་འཆང་དངོས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཀྱིས་བཀའ་བསྒོས་པ་བཞིན་བུ་འདིའི་ལུས་དང་གྲིབ་ལྟར་འགྲོགས་ནས་སྔ་འགྱུར་གྱི་བསྟན་པའི་རྒྱལ་མཚན་མཆོག་ཏུ་བསྒྲེང་བའི་ཕྲིན་ལས་མཛོད་ཅིག་ཅེས་བཅོལ། དེ་དུས་དབང་གྲལ་དུ་སྐུ་ཞབས་དགེ་མང་མཆོག་སྤྲུལ་སོགས་འདུས་པ་མང་ཞིག་ཡོད་པ་དང་། ཁོ་བོས་མཆོད་གཡོག་བྱས་པས་མངོན་སུམ་ཚད་མས་མྱོང་བ་ཡིན། རྒྱུ་མཚན་དེའི་ཕྱིར། བསྟན་འཛིན་གྱི་སྐྱེས་བུ་དང་། བསྟན་པ་སྲུང་བའི་ཆོས་སྐྱོང་ཟེར་བ་དེ་འདི་འདྲ་ཞིག་ལ་མཚན་གཞི་ཆགས་པ་རེད་སྙམ་པ་བྱུང་།


GTN006_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༈ བརྡའ་སྤྲོད་ཀུན་བཤད་ཀྱི་མཚན་དུ། ཐོས་བསམ་སྒོམ་པའི་ལུས་སྟོབས་ཡོངས་སུ་རྒྱས་ཤིང་འཆད་རྩོད་རྩོམ་པའི་སྒྲ་ཆེན་གྱིས་ལོག་སྨྲ་རི་དྭགས་མཐའ་དག་ཞུམ་པར་མཛད་ཅིང་། མཁྱེན་བརྩེ་ནུས་པའི་གཡུ་རལ་གྱི་ཁུར་ཆེན་རྣམ་པར་བརྗིད་པའི་གདོང་ལྔའི་དབང་པོ་ཐུབ་བསྟན་གངས་རིའི་རྒྱན་དུ་ཅིར་ཡང་མཛེས་པའི་ཆེད་དུ་བརྗོད་པ་ནི། ༡ ཚང༷ས་སྲས༷་མཚོ་བྱུང་ལྷ་མོ་ཉིད། །དགྱེས༷་པ༷འི་གར་གྱིས་སྙིང་ལ་སིམ། །བློ་༷ལྡན༷་གདོང༷་དྲུག༷་ལང༷་ཚོ་༷འཛིན། །བརྟན་པའི་འཁོར་ལོ་ཁྱོད་མིན་སུ། །༢ ཚོགས་གཉིས་རིན་ཆེན་འབྱུང་གནས་བསྲུབས་སྐྱེས་ལས། །ཉེར་ཐོན་མཚན་དཔེའི་གཟུགས་སྐུ་སྲིད་པའི་མིག ། ཕར་ཕྱིན་བཅུ་ཡི་ཆོ་གའི་འོད་སྟོང་གིས། །མཛེས་བསྒྲུབ་སྲིད་ཞིའི་མཁའ་ལ་རྒྱལ་གྱུར་ཅིག ། ༣ འདི་ན་སྔར་མེད་ཟླ་བ་གསར་པའི་འཛུམ། །ལྔ་རིག་ཆ་ཤས་ཡོངས་རྫོགས་བྲི་གང་བྲལ། །འཆད་རྩོད་རྩོམ་པའི་བསིལ་ཟེར་སྤྲོ་བ་གང་། །


GTN006_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བསྟན་གྲོང་གསུམ་མཐར་གྱི་གཙུག་ན་བཀྲ། །༤གངྒཱ་ལྟོ་བར་བསྐྱིལ་ཞེས་ཛཧྦུ། །སྙེམས་པར་མི་འཚལ་ལུང་རྟོགས་ཤེས་བྱའི་མཚོ། །རྣམ་འདྲེན་གང་གི་མཁྱེན་དཔྱོད་ཡོལ་གོ་རུ། །མ་བཟུང་མེད་པའི་ངོ་མཚར་འདི་ཡིས་ཀྱང་། །༥ ཀུན་མཁྱེན་གོ་སར་བསླབ་གསུམ་རྒྱན་བཀླུབས་སྐུའི། །ལང་ཚོ་འདྲེན་བྱེད་བདུད་རྩིར་ཆགས་པའི་རོས། །སྙིགས་འགྲོ་གདུལ་བ་རྣམ་བཞིའི་དང་པོ་ཡི། །གདུལ་བྱར་མ་གྱུར་གཏམ་གྱི་རྫུན་རིས་ཡལ། །༦འཆད་པ་རྡོ་རྗེའི་ལྗགས་ཀྱི་འཇུག་པ་བརྒྱས། །མདོ་སྔགས་ཟབ་གནད་འགྲོལ་བྱེད་དབྱར་གྱི་རྔ། །བརྡུང་དེས་སྲིད་པ་ཧྲུལ་བྱེད་ལྟས་བཅོ་ལྔ། །མི་འཇིགས་འོད་སྲུང་བྱིན་འདི་ཅི་ཡིས་བརླིང་། །༧ཡུད་རེར་ཏིང་འཛིན་བྱེ་བའི་སྤྲོ་བསྡུ་ལ། །


GTN006_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་སྐྱོབ་པའི་ཐུགས་གསང་བཀྲ་བའི་ཚོན། །རྣམ་དཔྱོད་ཀཱ་ཤི་སྐྱོན་སྤངས་དྭངས་པའི་ངོས། །བཀྲ་ལ་སྲས་བཅས་རྒྱལ་རྣམས་གཟིགས་མོར་འབྱམས། །༨ཁྱོད་ཀྱི་རྣམ་ཐར་ལི་ཤི་དར་དྲགས་དྲིས། །རབ་བགོས་པུཥྤེའི་ཚལ་ནས་ཅུང་ཟད་ཙམ། །འཐོར་བའི་བསྟོད་དབྱངས་དབྱར་གྱི་དཔལ་མོ་གང་། །བདག་བློ་འཁྱུད་པའི་བསོད་ནམས་ལྷུན་པོར་འཁུ། །༩ མ་འདྲིས་བརྩེ་བའི་དགྱེས་ཞལ་ཟླ་བ་གསར། །སྐྱེ་དགུའི་སྙིང་ལ་འཇོ་བས་ཉེས་བརྒྱའི་མུན། །བཅིལ་བའི་ནགས་ཀླུང་བསྡུ་བཞིའི་བཟང་པོ་དྲུག ། ཡོངས་སྨིན་དོན་གཉིས་ནོར་བུས་འབྱོར་བར་མཛོད། །ཅེས་ལུང་དང་རྟོགས་པའི་མཛོད་འཛིན་མཁྱེན་རབ་རྨད་བྱུང་རྣམ་འདྲེན་རྗེ་དབོན་བླ་མ་འཇིགས་མེད་མཁྱེན་བརྩེའི་མྱུ་གུ། རང་ཉིད་ནས་ཕྱི་ནང་རིག་པའི་གནས་ལ་གསན་བསམ་ཕུལ་བྱུང་གྲུབ་པར་བརྡའ་སྤྲོད་ཀུན་བཤད་ཀྱི་མཚན་དུ། ཚང༵ས་སྲས༵་དགྱེས༵་པ༵འི་བློ་༷ལྡན༵་གདོང༵་དྲུག༵་དག༵འ་བ༵འི་ལ༵ང་ཚོ༵་ཞེས་པའི་མཚན་འབུལ་བསྟོད་བསྔགས་བཅས། ཆོས་རྗེ་ཐམས་ཅད་མཁྱེན་དངོས་ཀཿ ཐོག་


GTN006_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་འབངས་ཤཱཀྱའི་དགེ་སློང་ལྔ་རིགས་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱིས་དབེན་རི་བདེ་ཆེན་པདྨ་འོད་ནས་ཆེད་དུ་བརྗོད་པ་ཛ་ཡནྟུ། དེ་ལྟར་སྨོན་ཚིག་བརྟན་བཞུགས་བཅས་ཀྱིས་ཤིས་པར་བརྗོད་པའི་མེ་ཏོག་ཆར་དུ་བསྙིལ་བས། ཤེས་བྱའི་གནས་ལ་ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་མཐུ་ཐོབ་སྟེ་ཁྱུང་ཕྲུག་སྒོང་རྒྱ་བརྟོལ་བ་བཞིན་རང་ཡུལ་དུ་ཆིབས་བསྐྱོད་གནང་། སྙིང་པོའི་བསྟན་པ་ལ་ཕན་ཐོགས་འབྱུང་ཚུལ་ཕྱི་མཐའ་གཟིགས་པའི་ལུང་བསྟན་བསྩལ་བ་ལྟར་ཕྱིས་དཔལ་ཀརྨ་པ་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། གཏེར་ཆེན་མཆོག་གྱུར་གླིང་པ། ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས། ཧོར་ཁང་སར་རྒྱལ་བའི་ཡང་སྲིད་རིན་པོ་ཆེ་སོགས་བསྟན་འཛིན་ཆེན་པོ་དུ་མར་སྒྱུ་འཕྲུལ་གྱི་དབང་དང་། རྒྱུད་ཀྱི་བཤད་བཀའ་སོགས་ལན་གྲངས་བསྩལ་བ་དང་། སྒྲོལ་གཡུང་སོགས་ཀྱི་རྒྱུད་འགྲེལ་ལུང་རྒྱུན་ཉག་ཕྲ་བ་རྣམས་ཀྱང་སྐྱེས་ཆེན་དུ་མ་ལ་སྤེལ་བས་ལུང་དོན་མངོན་དུ་གྱུར། སླད་ནས་ཀྱང་རྗེ་འདི་ལ་སངས་རྒྱས་དངོས་སུ་མཐོང་བའི་དད་པ་བརྟན་པོ་ཡོད་པས། དེ་ལྟ་བུའི་ཚུལ་གྱི་གསོལ་འདེབས་ཤིག་དགོས་ཞེས་ཆེད་དུ་བསྐུལ་མ་ཕེབས་པའི་ངོར་གསུང་བ་ནི། མི་འགྱུར༵་འཕོ་མེད༵་བདེ་བ་ཆེན་པོའི་ཐུགས། །མཐུ༵་ནུས་བརྩེ་དང་མཁྱེན་པའི་སྟོབ༵ས་ཀྱིས་འབྱོར། །གཟུགས་སྐུའི་གསང་གསུམ་རྣམ༵་ཐར་བསྐལ་བརྒྱའི་བར། །


GTN006_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྟན་བདུད་བཞིའི་གཡུལ་ལས་རྒྱ༵ལ་གྱུར་ཅིག ། འདི་ནས་བྱང་ཆུབ་བར་དུ་མགོན་པོ་མཆོག ། བརྟན་པའི་འཁོར་ལོའི་རྣམ་པར་སྙིང་གི་དབུས། །རྟག་པར་གོམས་ལས་དོན་བརྒྱུད་བྱིན་རླབས་གཏེར། །མཆོག་ཐུན་དངོས་གྲུབ་སྩོལ་བས་རྗེས་བཟུང་མཛོད། །ཅེས་པའང་རང་སློབ་ལྔ་རིག་སྨྲ་བའི་དབང་ཕྱུག་རྡོ་རྗེ་འཛིན་པ་འཇིགས་མེད་མཁྱེན་བརྩེའི་མྱུ་གུས་རྒྱང་རིང་མོ་ནས་བསྐུལ་ངོར། ཤཱཀྱའི་དགེ་སློང་ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་པར་རྒྱལ་བས་མྱུར་བྲིས་སུ་སྤེལ་བ་དགེ །ཞེས་གསུངས་པས། བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་དངོས་ཀྱི་བྱིན་རླབས་འཇུག་ཟེར་བ་དང་། འདིའི་ཚིག་དོན་ཇི་ལྟ་བ་དོན་བརྒྱུད་ཀྱི་བྱིན་རླབས་དངོས་སུ་འཕོས་པས་སྔར་གྱི་འཕགས་བོད་ཀྱི་གྲུབ་ཐོབ་རྣམས་ཀྱི་བླ་སློབ་ཀྱི་རྟེན་འབྲེལ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་འདིའོ། །དེ་ནས་རྗེ་ཉིད་དགུན་དེར་སྐུ་མཚམས་མཛད། ས་ཕག་དགུང་གྲངས་ང་གསུམ་བཞེས་པའི་ཐོག་ཟླ་བ་གཉིས་པའི་ནང་རི་ཁྲོད་དུ་རྫོགས་ཆེན་རིན་པོ་ཆེ་གདན་འདྲེན་ཞུས་ནས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་གས་གཤིན་གསོན་འབྲེལ་ཐོགས་རྗེས་སུ་འཛིན་པ་དང་། ལྟོས་བཅས་དགོན་ཡུལ་ཚང་མ་དབང་གིས་སྨིན་པར་མཛད། རྒྱ་དངུལ་རྡིལ་ཚད་ཀྱིས་མཚོན་པའི་བརྒྱ་འབུལ་ཞིག་ཕུལ། འབུལ་བའི་རྣམ་བཤད་རྗེ་ཉིད་ཀྱིས་མཛད་དེ་ལུགས་གཉིས་ཀྱི་གཏམ་ཡ་


GTN006_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རབས་སྐྱེ་བོའི་རྣ་བའི་བཅུད་ལེན་དུ་གྱུར་པ་གནང་སྐབས། ངེད་རང་ལ་སྤྲུལ་སྐུ་འབྱུང་རེ་གཏན་ནས་མེད་ཀྱང་། གལ་སྲིད་མི་ལུས་ཞིག་ཐོབ་རྒྱུ་བྱུང་ན། སྨོན་ལམ་ལན་གྲངས་བཏབ་པའི་བདེན་མཐུ་འབྱུང་སྲིད་ན། སྨིན་གྲོལ་གླིང་གི་ཉེ་འདབས་འདྲར་སྐྱེ་སྲིད་དམ་སྙམ། འདི་ཕྱོགས་སྤྲུལ་སྐུ་ཐམས་ཅད་རིན་པོ་ཆེ་ཉིད་ཀྱིས་ཐུགས་ཐག་བཅད་རྒྱུ་རེད་འདུག་པས་དེ་དོན་ཐུགས་ལ་བཞག་དགོས་གསུངས་ནས། ཞེ་རྫོགས་དགོན་ཡུལ་གྱི་མི་མང་འདུས་པ་ནས་ནན་ཞུས་ཕུལ་བ། སླད་ནས་རྫོགས་ཆེན་རིན་པོ་ཆེས་གྲྭ་ནང་དུ་སྨིན་གླིང་གྲྭ་པ་པདྨ་བློ་གྲོས་ཞེས་པར་སྐྱེ་བ་བཞེས་ཚུལ་གྱི་གསུང་ཤོག་དམ་འབྱར་གནང་བ་ད་ལྟ་རྟེན་སྒམ་དུ་ཡོད་འདུག་པ་འདི་ཡིན། དེའི་དབྱར་ཐོག་ཚེས་བཅུའི་རྒྱབ། རབ་འབྱམས་ཚང་ནས་ཁོང་རི་ཁྲོད་ལ་མ་བཞུགས་ཐབས་མེད་ལགས། ཁྱེད་རང་དགོན་ཆེན་སོགས་གར་བདེ་ཞིག་ལ་སྤོ་དགོས་གསུངས་ནས་རྒྱ་དངུལ་སྲང་བཅུ་གནང་སྟེ་བཀའ་ལྡོག་མེད་ལྟ་བུ་ཕེབས། དེ་སྐབས་ལར་རྗེ་ཉིད་ཀྱི་ཐུགས་དགོངས་ལ། ཁོང་བ་སྨིན་གླིང་ནས་ཕྱིར་འཁོར་ནས་རི་ཁྲོད་འདིར་གནས་འཇགས་པ། ད་མི་ཤི་ཁ་གནས་གཞན་དུ་སྤོ་འཇོག་དགོས་གསུངས་པ་ཅུང་ཞིག་འོས་བབ་མི་འདུག་ན་ཡང་། ད་དོན་དུ་ཁེ་དང་རྒྱལ་ཁ་མི་ལ་བསྐུར། གྱོང་དང་བུབ་ཁ་རང་གིས་ལེན་རྒྱུ་འདི་ཆོས་པ་སྤྱིའི་ལུགས་ཡིན་པ་དང་། མ་ཟད་ཁོང་བསྟན་པའི་བདག་པོ་ཡང་ཡིན་པས་ལགས་སོ་ཞུ་བ་ལས་ཐབས་མེད་གསུངས། གྲྭ་པ་རྣམས་ཀྱིས་འོ་ན་འདིར་སྡོད་མ་ཆོག་ན་དགོན་སྡེ་གཞན་ཞིག་ལ་རིང་འགྲོ་བྱ་བ་འཐད་ཞུས་པར། དེ་འདྲ་ཡང་


GTN006_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ད་ལོས་ཆོག་སྟེ། ཕྲན་བླ་མའི་གདན་ས་འདིར་ཞེན་ཆེ་བས་བློས་སྤོབས་པ་མི་འདུག་གསུང་། ཕྲན་ཡང་དེ་སྐབས་སྐུ་རྩར་བསྙེན་ནས་སྒྲ་ཀཱ་ལ་པའི་རི་མོ་ཞིག་སྦྱོང་རྩོལ་བྱས་ཀྱང་། ལྷ་འཁྲུག་ལྟ་བུས་རི་ཁྲོད་ཀྱི་བླ་རྒན་འགའ་བསྙུན་པ་དང་འདས་གྲོང་སོང་། ཕྲན་ཡང་དེ་མཉམ་རིམས་ནད་ལྟ་བུས་ན་ནས་རང་ཁྱིམ་དུ་འོང་དགོས་བྱུང་། དེ་ནས་ཞེ་ཆེན་དགོན་སྟོད་དུ་བླ་མ་འཇིགས་མེད་བློ་གསལ་གཤེགས་པའི་ཁང་ཧྲལ་ཞིག་ཡོད་པ་ཉམས་གསོས་ཕྲན་བུ་བྱས་ནས། མིང་དགོན་སྟོད་ནོར་བུ་རྩེ་ཞེས་པ་བཏགས། ཟླ་བ་དགུ་པའི་ནང་ལ་ཕྱིར་སྤོས་ནས་གདན་འཇགས་པར་མཛད་དེ་བརྗོད་གཞི་སོགས་སྣེ་གཅིག་མེད་པར། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པར་རྣམས་ཀྱི་དཀའ་ཐུབ་བདེ། །ཞེའམ། བྱ་བ་དེ་དག་གི་འགྲོ་ཡུལ་ཐོག་མཐའ་བར་གསུམ་ལ་མི་རང་གང་ཐད་ནས་དཔྱད་ན། ཇི་སྐད་དུ། བདུད་རྩི་ཆུ་ཡི་བསྟན་བཅོས་ལས། མཁས་པ་ཀུན་ལ་སྙོམས་ལྡན་ཞིང་། །ཕྱོགས་རེའི་མིག་ཅན་ཆགས་སྡང་ཆེ། །བུམ་པ་གང་བ་ཁུར་བ་སླ། །ཕྱེད་ཙམ་གང་བ་ཡོ་འཁྱོལ་མང་། །ཞེས་གསུངས་པ་ལྟར་དམ་པའི་རྣམ་ཐར་གཙང་མར་བསྐྱངས། དེ་མ་ཐག་ཕྱོགས་ཀྱི་དད་འདུས་རིགས་ལ། འཆད་རྩོད་རྩོམ་པའི་མཛད་པ་སྔ་མ་ལྟར་ལས་ཉམས་རྒུད་ཅི་ཡང་མ་བྱུང་བའི་ཚུལ་ཡང་། སྔ་མ་ལས། དམ་པ་མཐོ་དམན་འབྱོར་རྒུད་སོགས། །ཅིས་ཀྱང་རང་བཞིན་མི་འགྱུར་ཏེ། །ཆུ་བོ་བསིལ་ལམ་ཚ་ཡང་རུང་། །རླན་གྱི་རང་བཞིན་ག་ལ་འདོར། །ཞེས་དང་། ཆེན་པོ་རེ་ཞིག་རྒུད་ན་ཡང་། །སླད་ནས་གཟི་བྱིན་འབར་བར་འགྱུར། །འཁྱག་གི་སྦུབས་སུ་ཆུད་པའི་


GTN006_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། །སོས་ཀ་རིམ་གྱིས་འཕྱུར་ནས་འོང་། །ཞེས་གསུངས་པ་ལྟར་རོ། །ལྕགས་བྱིའི་དབྱར་ཐོག་ཟླ་གྲ་ལག་དགོན་མདོ་སྔགས་བཤད་སྒྲུབ་གླིང་དུ་བྱོན། སྐྱབས་རྗེ་དགེ་རྩེ་རིན་པོ་ཆེ་སྐུ་སྔོན་མའི་ཡབ་གཞིའི་དགེ་རྩེ་དཔོན་ཚང་ལ། སྐྱབས་མགོན་ཐམས་ཅད་མཁྱེན་པ་དགེ་རྩེ་རིན་པོ་ཆེའི་ཡང་སྲིད་ཅིག་འཁྲུངས་པ་དེ་ལ་ན་བཟའ་གསོལ་བ་སོགས་མཛད། ཡབ་ཚང་གིས་རྟ་ཆིབས་པ་འགྲོས་ལྡན་གྱིས་མཚོན་པའི་བསྙེན་བཀུར་གཟབ་པར་ཕུལ། རྡ་ཁོག་གི་སྒར་པ་མཐོང་ས་ཞིག་ཏུ། གཞི་ཆེན་བླ་མ་བསོད་ནམས་དཔལ་ལྡན་ཡང་ཕེབས་ཡོད་པར་དང་པོ་སུ་ཡིན་མ་ཤེས་པར། ཞེ་ཆེན་པས་ནུབ་མོ་སྒར་ཐོག་ནས་གསོལ་ཀ་བཏང་སྟེ་རྒྱལ་པོ་དགུ་བརྡུང་རོལ་མོའི་སྐབས། རྒྱལ་པོ་དངོས་སུ་བྱོན་པའི་རྟགས་མཚན་མཐོང་བས། དེ་མ་ཐག་གཞི་ཆེན་སྒར་ནས་རྩད་གཅོད་པར་གྲྭ་ཞིག་བཏང་བྱུང་བས། དེས་ཞེ་ཆེན་དབོན་སྤྲུལ་རེད་ཚུལ་ཞུས་པས། གཞི་ཆེན་ཚང་གིས་སྟག་རྩེ་དགོན་དུ་གདན་འདྲེན་ཞུས་ནས་རྟེན་གསུམ་རྣམས་ལ་རབ་གནས་དང་། དབང་ལུང་འབུལ་ལེན་མང་དུ་མཛད་ནས་ཐུགས་དགོངས་གཅིག་འདྲེས་ལྟ་བུར་གྱུར་ཏེ། དེ་ནས་རྡ་བསེར་བྱང་ཁག་རྣམས་བརྒྱུད་ནས་དབུ་ཐོན་ལེགས་ལམ་གྱིས་དགོན་དུ་གདན་འཇགས་གནང་། ལྕགས་གླང་སྟོན་ཁ་ཡིན་སྙམ་ལ། གཙང་མདའ་སྤྲུལ་དབོན་རྣམས་དཔལ་ཡུལ་དུ་བྱོན་ནས། ཚེས་བཅུའི་གར་འཆམ་གསར་དུ་བསླབ་སྟེ་ཚུར་ལམ་ཞེ་ཆེན་དུ་བྱོན་ནས། དགོན་སྟོད་ནོར་བུ་རྩེའི་གཟིམས་ཤག་ཏུ། རྗེ་འདི་ཉིད་ཀྱི་མདུན་


GTN006_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྙིང་མ་རྒྱུད་འབུམ་དཀར་ཆག་བཅས་ཀྱི་ལུང་དང་། བཀའ་བརྒྱད་གསང་རྫོགས་ཀྱི་དབང་ཆེན་པོད་ལུང་རྣམས་དང་། གཞན་ཡང་དབང་ལུང་མང་ཞིག་ཉིན་མཚན་ཁ་སྦྲེལ་མཛད་ནས་གསན། ཚུར་ཡང་གནམ་ཆོས་སྐོར་མང་ཞིག་གསན་བཞེས་མཛད། དེ་སྐོར་ཕྲན་ཡང་སྐུ་རྩར་ཡོད། ཆུ་སྟག་དགུང་གྲངས་ང་དྲུག་སྟེང་ཕུག་ཁང་དུ་ཕེབས་ནས་བླ་སྤྲུལ་དགོན་པ་བྱིངས་ལ་དབང་ལུང་དང་། དགོན་དེའི་ཉམས་གཟིགས་གང་དགོས་གནང་། དེའི་དབྱར་ཐོག་རྫོགས་ཆེན་དགོན་དུ་བྱོན་ནས་དབྱར་གནས་ལ་བཞུགས། གནས་ཚང་སྔར་ནས་ཁོ་བ་བླ་སློབ་ནང་གཤིན་བཟང་རྩེད་འགྱུར་མེད་ཡིད་བཞིན་ཨཿ ཤར་བླ་མ་ཚང་སར་བཞུགས། ས་གཡོས་ཀྱི་སྔ་ལྟས་ལ་གཟིམས་ལམ་དང་ཉམས་སྣང་འཚུབས་པས། དབྱར་གནས་པ་ལ་མདོ་དགུ་བཟློག་དང་། གནོད་པ་ཟློག་པའི་གསོ་སྦྱོང་ཆ་གསུམ་བཅས་དགོས་ཚུལ་ལན་གྲངས་གསུངས་བཞིན་བསྒྲུབས། ཨ་ཤར་གྱི་ཁྱིམ་དུ་བྱེས་ཐོན་གྱི་བླ་གྲྭ་འགའ་ཞིག་གིས་གཅོད་དབང་ནམ་མཁའ་སྒོ་འབྱེད་ཅིག་ཞུས་པའི་དབང་བཤད་སྐབས་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་། ཁྱད་པར་དུ་གནོད་བྱ་གནོད་བྱེད་གཉིས་གཟུགས་བརྙན་གྱི་དཔེས་ངོ་སྤྲོད་ཚིག་ཉུང་དོན་ཟབ་ཁྱད་དུ་འཕགས་པ་གནང་བ་དེའི་དུས་ཕྲན་ཡང་ཡོད་པ། ཕྱིས་ནས་དབུ་ཕར་གྱི་གཞུང་ལ་སྦྱོང་ཁུལ་བྱས་ཚེ་སྣང་བ་རྣམ་བདུན་གྱི་སྐབས་སོགས་ཀྱི་བཤད་པ་རྣམས་ཀྱི་གནད་འགག་གཅིག་ཏུ་འདུས་པ་ལྟ་བུ་འདུག་པས་ཕྲན་ནས་ངེས་ཤེས་ལྷག་པར་ཐོབ། དབྱར་གྲོལ་འཕྲལ་ཕྱིར་ཕེབས།


GTN006_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་དགུ་པའི་ཚེས་དྲུག་ལ་རྫོགས་ཆེན་དགོན་པ་ས་གཡོས་ཀྱི་འཇིགས་པ་ཆེན་པོས་བླ་རབས་བཞིའི་རིང་གི་རྟེན་བཞེངས་རྣམས་ཐལ་བར་བརླག་པ་དང་། བླ་གྲྭ་བརྒྱ་དང་བདུན་ཙམ་ལྔ་ལམ་དུ་བཏང་སྟེ་ཤིན་ཏུ་ཉམས་ཉེས་པར་གྱུར། ཞག་བདུན་བརྒྱད་མཚམས་ནས་རྗེ་ཉིད་ཡར་རྫོགས་ཆེན་དགོན་དུ་ཕེབས། དཔོན་སློབ་མཆོག་སྤྲུལ་གཙོས་ཀུན་ལ་མ་ལེགས་འབུལ་བ་དང་། གསུང་མཛད་ནང་ལུགས་སྣ་ཚོགས་གནང་། ཁྱད་པར་སྔར་ལོ་ཞིག་ཁྲོ་ཤུལ་ནང་ལ་བྱོན་སྐབས། གོ་ཆ་བླ་བྲང་གི་བུམ་སྒྲུབ་དབུ་བཞུགས་མཛད་པ་ལ་འབུལ་བ་བརྒྱ་དངུལ་རྡིལ་ཚད་ཞིག་དང་། སྔར་གོ་ཆ་གོང་མ་ས་སྐྱའི་དབུ་བླར་ཕེབས་པའི་ཚེ་ས་སྐྱའི་ནང་མཛོད་ནས་བྱུང་བའི་ཧོར་སྦུབ་རྒྱུ་བཟང་ཞིང་སྐད་ཆེ་སྙན་ཅན་ཆེ་ཆུང་འཚམས་པ་རྙེད་དཀའ་བའི་དངོས་རྫས་གྱ་ནོམ་པ་དེ་གཉིས་འདམ་ཁ་གཏད་པས། རྗེ་ཉིད་ཀྱིས་རྒྱ་དངུལ་ནམ་ཡང་ལོན། འདི་འདྲ་ད་རེས་བས་ལག་ཕོག་ཕར་ཞོག་མིག་མཐོང་ཡང་དཀའ་གསུངས་ནས་སྦུབ་ཆོལ་བཞེས་རྒྱུ་མཛད། གྲྭ་པ་རྣམས་ཀྱིས་ཉིད་ལྷ་ཆ་ལ་དགའ་བའི་ཤུགས་མ་གཏོགས། རྒྱ་དངུལ་རྡིལ་ཚད་ཀྱི་དོད་ཐུབ་རང་ཨེ་འོང་ན་ཞུས་པས། དེང་སང་དུས་ཀྱིས་ཅ་ལག་གང་བཟང་ལ་རིན་ཐང་མེད་པ་རེད་མ་གཏོགས། འདི་ལ་ཐ་ན་ཡང་གསེར་རྡིལ་ཚད་ཞིག་རི་ངེས་ཡིན་གསུངས་ནས་དགྱེས་བཞིན་བཞེས། དེ་ཉིད་རྫོགས་ཆེན་བླ་བྲང་ལ་ཐུགས་གསོས་སུ་ཕུལ་ཏེ། མིང་ལ་མཐུ་སྟོབས་འབྲུག་སྒྲ་ཐོགས་གསུངས། ད་ལྟ་བླ་བྲང་གི་ནང་མཛོད་གཅེས་དགུའི་གྲལ་ན་ཡོད་


GTN006_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡིན། དེ་ནས་ཕྱིར་བྱོན་ནས་ཟླ་བ་བཅུ་པའི་ནང་ལ་དགོན་སར་ཆོས་རྗེས་གདན་ཞུས་བྱུང་བས་དེར་ཕེབས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་འགྱུར་རྒྱུན་བཞུགས་རིགས་ཀྱི་ལུང་དང་། རྙིང་ལུགས་བཀའ་གཏེར་གྱི་དབང་ལུང་མང་ཞིག་ཀྱང་ཕུལ། རྟ་མགྲིན་ཡང་གསང་ལ་ལྗགས་སྒྲིགས་དགོས་གསུངས། ཆོས་རྗེ་རིན་པོ་ཆེའི་བཀའ་གནང་ལྟར་མཛད་ནས། དེ་ལ་རྙིང་ལུགས་ཀྱི་སྒྲུབ་ཕྲིན་ཕྱག་བཞེས་དང་འབྲེལ་བའི་ཚུལ་ཆོས་རྗེ་ལ་བསླབ་པའི་ཞར་ལ་སྒྲུབ་གཞུང་སྲུང་བཟློག་བསད་པའི་ལས་རྣམས་མཐར་ཆགས་སུ་བཏང་། ཚུར་ལ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་བཀའ་འབུམ་ཡོངས་རྫོགས་དང་། ཐུའུ་ཀྭན་བཀའ་འབུམ་ལས་ཁ་ཤས་སོགས་དབང་ལུང་དུ་མ་གསན། ད་ལྟ་ཧོར་གྱི་དགོན་སྡེ་རྣམས་ལ་རྒྱལ་བཀའ་ཞེ་རྫོགས་ཀྱི་བརྒྱུད་པ་ཅན་གྱི་ལུང་རྒྱུན་ཡོད་རྒྱུ་དེ་ཡིན། དེ་ནས་དབྱར་སྟོད་ཚེས་བཅུའི་གདོང་ལ་ཡར་ཕེབས། དེ་སྐོར་ཞིག་ནས་ཕུག་ཁང་དགེ་རྩེ་བླ་མ་འགྱུར་མེད་སྟོབས་རྒྱས་དང་། ཚ་བོ་པདྨ་རྒྱལ་མཚན་གཉིས་སྐུ་རྩར་བཅར་ནས་སྒྲ་དབྱངས་ཅན་མ་དང་། ཀ་ལཱ་པ་གཉིས། སྙན་ངག་སྡེབ་སྦྱོར། སྡོམ་གསུམ་གྱི་བཤད་པ། རྒྱུད་བཤད། དབང་ལུང་། གདམས་ཁྲིད་དུ་མ་གསན་བཞེས་དང་། པདྨ་རྒྱལ་མཚན་བསྙེན་པར་རྫོགས། མཁས་དང་གྲུབ་པའི་ཡོན་ཏན་གྱིས་འབྱོར་བའི་ཚུལ་དང་མཐུན་པའི་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་སྙན་གྱི་ཅོད་པན་སྲིད་ན་མཛེས་པའི་ཟླ་མེད་པ་བཅིངས། འགྱུར་མེད་


GTN006_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྒྱས་ཡར་ཕེབས་ནས་ལོ་མཚམས་བཅོ་ལྔ་ལྷག་ཙམ་བཞུགས། སླད་ནས་དུས་ཟིང་སྐབས་ཕུག་ཁང་དགོན་པ་འཐོར་ཉམས་དུས་ལྷ་ཁང་གསར་བཟོ་སོགས་མཛད་པ་རྒྱ་ཆེ། པདྨ་རྒྱལ་མཚན་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ལ་ཤེས་རབ་གསུམ་གྱི་སྤོབས་པ་མཆོག་ཏུ་དགེ་བ། རྗེ་འདི་ཉིད་ཀྱི་གསན་ཡིག་བཻ་ཌཱུརྱ་བུམ་བཟང་ཁ་སྐོང་ཆ་ལག་དང་བཅས་པ་བསྒྲིགས་པའི་ཡི་གེའི་མཐུན་རྐྱེན་བསྒྲུབས་པ་དང་། རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཕྱིའི་རྣམ་པར་ཐར་བ་ལྗགས་རྩོམ་གསར་དུ་མཛད་པའི་ཡི་གེ་པ་སྟེ། མདོར་ན་ལུགས་གཉིས་ཀྱི་སྒོ་ནས་ཐུགས་ཟིན་གྱི་སློབ་མ་མཆོག་ཏུ་གྱུར་ཏེ། ཡར་ཕེབས་ནས་ཕུག་ཁང་གཞུང་གི་བླ་བྲང་གི་བླ་མ་མཛད་དགོས་པར་རྗེའི་བཀའ་གནང་ལྟར་དང་ལེན་མཛད། བྱང་འབྲོག་རྫ་རྒྱུད་ཉིན་སྲིབ་ལ། རྙིང་མ་དང་། དགེ་ལྡན་གྱི་བསྟན་པ་སྤེལ་མའི་ཚུལ་དུ་ཡོད་པས། སྔོན་ཆད་རྙིང་ལུགས་ལ་མཚམས་པ་གྲུབ་ཆེན་པདྨ་ཀུན་བཟང་དང་། དགེ་ལྡན་ལུགས་ལ་མང་དགེ་རྒོད་ཚངས་པ་དགེ་ལེགས་ཡར་འཕེལ་གཉིས་བསྟན་འཛིན་གྱི་སྐྱེས་བུ་དགེ་བའི་བཤེས་གཉེན་མཆོག་ཏུ་གྲགས་པ་ཡིན་ཞིང་། ཕྱིས་སུ་རྙིང་ལུགས་ལ་ཕུག་ཁང་བླ་མ་པདྨ་རྒྱལ་མཚན་དང་། དགེ་ལུགས་ལ་previous hit ཆུ་ཧུར་དགེ་བཤེས་འཕགས་པ་བློ་བཟང next hit་གཉིས་མཁས་གྲུབ་ཕུལ་བྱུང་མངའ་བས་ཆོས་སྨྲ་བའི་སྤོབས་པས་འགྲོ་ཀུན་རྗེས་སུ་འཛིན་ནུས་པའི་གྲགས་པ་ཐོབ་པ་ཞིག་བྱུང་བ་ཡིན་ནོ། །ཆུ་ཡོས་ལོར་རྫོགས་ཆེན་དཔོན་སློབ་ལྷ་སར་ཕེབས་པ་དང་ཆབས་ཅིག་ཉེ་


GTN006_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བར་གནས་པའི་བླ་མ་དོན་གྲུབ་དཔལ་འབྱོར་ཕ་བུ། སེང་ཚ་བླ་མ་དོན་གྲུབ་བཀྲ་ཤིས་བཅས་ལྷ་ལྡན་ལ་ཆེད་བཏང་གིས། ཆོས་འཁོར་རྣམ་གསུམ་དང་། སྨིན་གླིང་གཙོས་དབུས་ཕྱོགས་ཀྱི་མཆོད་གནས་ཡོངས་ལ་གཏོང་སྒོ་ཕྱག་རྫས་གང་ཡོད་སྤངས་དག་མཛད་དེ་ཕུལ། རྫོགས་ཆེན་དཔོན་སློབ་སྐུ་རྐྱེན་བཟློག་ཕྱིར་ཀཿ ཐོག་རྨོག་ཚ་རིན་པོ་ཆེས་ཆག་ཆེན་སྦུབ་བཤིག་ཅིག་བབ་བྱུང་བ། རྗེ་ཉིད་མ་གཏོགས་ཞེ་རྫོགས་ལ་ཕྱག་ལེན་ཤེས་མཁན་མེད་པས་རྫོགས་ཆེན་དུ་གདན་ཞུས་གནང་བ་ལྟར་ཕེབས་ནས་ངེད་རང་གིས་བྱང་འདྲེན་པ་བྱས་ཏེ་དཔོན་སློབ་བཅུས་གནད་སྨིན་དུ་བསྒྲུབས། ཤིང་འབྲུག་དགུང་གྲངས་ང་བརྒྱད་བཞེས་ཐོག །རྫ་ཆུ་ཁ་བའི་སྡེ་ཤོག་འགའ་ཞིག་རྩེ་བས་བསུ་ཁྲིད་བྱས་པའི་རྐྱེན་གྱིས། སྡེ་དགེའི་དམག་ཆེན་ཆས་པའི་བར་འདུམ་ལ། ཀཿ ཐོག་རྨོག་སྤྲུལ་དང་། རྫོགས་ཆེན་རིན་པོ་ཆེ། རྗེ་བླ་མ་ཉིད་བཅས་ཕེབས་དགོས། ཤར་ཚེ་རྫོགས་ཆེན་གྱི་བླ་མཆན་ལྟ་བུ་མཛད་ནས་བྱོན། རྩེ་བ་དང་སྡེ་དགེའི་ཁ་མཆུ་ལེགས་ལམ་དུ་ཞོག་པས་རྫ་རྒྱུད་པ་བྱིངས་སྡོད་ཟོས་བདེ་བར་བྱུང་། རྨ་ཁོག་བཞུགས་དུས་བསྟན་པའི་བདག་པོ་ཞེ་ཆེན་རབ་འབྱམས་དངོས་ཀྱིས་གཏེར་སྟོན་གྱི་མཛད་པ་བསྐྱངས་པས། དགོན་པ་ལ་རྒྱལ་ཚབ་སྤྲུལ་སྐུ་བཞུགས་ནའང་བསྙུན་བབ་སོགས་ཀྱིས་བསྟན་པའི་འགན་ཆེན་ཐེག་དཀའ་འདུག་པས། རྗེ་བླ་མ་ལ་གཟིགས་དགོས་གསུངས་ནས་བདག་པོའི་བཀའ་རྒྱ་དང་རྒྱ་དངུལ་


GTN006_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་ཉེར་ལྔའི་སྐྱེས་དང་ཧོར་འདྲ་ཆེད་བཏང་འབྱོར། སླར་ལེགས་ལམ་གྱིས་རང་ཡུལ་དུ་ལྡོག་སྐབས་ཀཿ ཐོག་རྨོག་སྤྲུལ་རིན་པོ་ཆེ་ཞེ་ཆེན་དུ་གདན་ཞུས་ཕུལ་བ། ཁོང་སྐུ་ཞབས་ལྕང་སྐྱ་དང་མཇལ་དགོས་པའི་ཐུགས་བྲེལ་སྟབས་ཀྱིས་བྱོན་རྒྱུ་མ་རེད་པས། ཡོ་འབོམ་ཁ་མདོར་གསོལ་སྟོན་དང་། རྒྱ་དངུལ་རྡིལ་ཚད་ཀྱི་གཙོས་པའི་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། ཀཿ ཐོག་པས་ཀྱང་རྗེ་ཉིད་ལ་ཀཿ ཐོག་ཏུ་གསན་བསམ་མཛད་དུས་སུ་ཡང་རྨོག་སྤྲུལ་སྙིང་གི་ནོར་བུ་ཞེས་ལུགས་གཉིས་ཀྱི་ནང་གཤིན་འགྲན་བྲལ་ཡིན་ནས་ཡིན་བཞིན་འབྲལ་དཀའ་བ་ཙམ་དུ་གྱུར། དེ་རྗེས་ཕྲན་ལ་སྒྲ་ཙནྡྲ་པ་སྐུ་ཞབས་སི་ཏུ་རིན་པོ་ཆེའི་འགྲེལ་ཆེན་སྟེང་ནས་བཤད་ལུང་མཛད། རྫ་ཆུ་ཁ་བའི་བླ་གྲྭ་འགའ་ལ་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་ཁྲིད་བཅས་གནང་། ཞེ་ཆེན་པའི་བསྟན་པའི་འགན་ཁུར་ཆེ་ཕྲའི་རིགས་ལ་ཐུགས་ཁུར་ལྷག་པར་མཛད། ཤིང་སྦྲུལ་ང་དགུ་བཞེས་ལོ་ཁྲོམ་ཐར་ཁོག་ཏུ་དབྱར་ལྡོམ་ལ་བྱོན། རིམ་པར་སྡེ་གཞུང་མའི་ནང་དུ་ཕེབས་ནས་བླ་དཔོན་རྣམས་དང་ཞིབ་ཆ་མཛད་ནས། མཚོ་ཕུ་ལ་ཆིབས་བསྐྱོད་གནང་བ། བླ་མ་སྒྲུབ་ཆེན་རིན་པོ་ཆེར་གྲགས་པའི་མཚན་དང་། སྔར་ཀཿཐོག་པ་རྡོ་རྗེ་འཆང་གི་མདུན་ནས་སློབ་གྲྭ་གཅིག་གིས་བསྡུས་པའི་རྒྱུ་མཚན་དང་། རྗེ་ཉིད་བཤད་སྒྲུབ་ཀྱི་ཕྲིན་ལས་ཟླ་མེད་པ་ཡིན་པས། ཆིབས་བསུ་རིང་ཐུང་། སེར་སྦྲེང་སོགས་དང་། ཁྱད་པར་སྒྲུབ་ཆེན་ཉིད་དཀར་ཆས་བག་དྲོ་བ་ཞིག་མཛད་ནས། ཕྱག་གཡས་གཡོན་གཉིས་གྲྭ་པ་གཉིས་ཀྱིས་བརྟེན་ཏེ།


GTN006_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ཀྱི་རེང་བུ་ཞིག་བསྣམས་ཤིང་དགོན་པའི་གཤམ་བར་དུ་བསུ་བར་ཕེབས། མཇལ་མ་ཐག་རྗེ་ཉིད་ཀྱང་ཆིབས་ལས་བཞེངས་ཏེ། དེ་ཉིད་དུ་མཇལ་དར་གཏོང་ལེན་སོགས་མཛད། དེ་ནས་རིམ་པར་དབང་ལུང་འབུལ་ལེན་དུ་མ་དང་། བྱང་སྡོམ་རྒྱལ་སྲས་ལམ་བཟང་གནང་། ཁྱད་པར་འབའ་ཕྱོགས་ན་ཀཿ ཐོག་དགེ་རྩེ་རྡོ་རྗེ་འཆང་གི་ཡང་སྲིད་བརྡའ་ཁོག་ན་བཞུགས་རྒྱུ་དེ་སྐུ་ནར་མ་སོན་པར་གཤེགས་སོང་བ་དེ་སླར་འཁྲུངས་ཡོད་པ་ལ། སྒྲུབ་ཆེན་རིན་པོ་ཆེས་ངོས་འཛིན་དང་སྐུ་བདག་གནང་བ་དེ་ལ། སྔར་བརྡའ་ཁོག་ནས་དགེ་རྩེའི་ཡབ་གཞིས་ཀྱིས་ཕུལ་རྒྱུའི་རྟ་ཆིབས་ཆེན་དེ་ད་རེས་རང་ཟོག་རང་བདག་ལ་ཕུལ་བ་ཡིན། རྟེན་འབྲེལ་ལེགས་པའང་ཡོད་གསུངས་ནས་དགེ་སྤྲུལ་འདི་པ་ལ་ཕུལ། དེ་ནས་མཚོ་ཕུ་བས་གསོལ་སྟོན་དང་འབུལ་བ་བསྙེན་བཀུར་རྒྱ་གང་ཆེ་བསྒྲུབས་ཏེ། སླར་ཁྲོམ་ཁོག་བརྒྱུད་འཛིང་རྨེ་རྟིང་ཕྱོགས་ལ་ནས་བསོད་མཛད། རྨེ་ཤོད་རྫོང་སར་དུ་ཞབས་དྲུང་འཇམ་དབྱངས་མཁྱེན་བརྩེ་དང་མཇལ། ཁོང་ལ་ཉང་གཏེར་ཁྲོས་ནག་གི་དབང་ལུང་ཁྲིད་གསུམ་སོགས་ཕུལ། ཚུར་ཡང་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང་ཁྲིད་དང་། གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་། ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་ཁྲིད་ལུང་སོགས་གསན། དེ་ཕྱོགས་སུ་ཞབས་དྲུང་ཉིད་ཀྱིས་ཞབས་འདེགས་མཛད་པས་རྙེད་པ་བཟང་ཞིང་རིམ་པར་ལེགས་ལམ་གྱིས་ཞེ་དགོན་དུ་འབྱོར། འདི་སྐབས་ནས་བླ་བྲང་དངོས་དང་དགོན་སྟོད་གཉིས་རེས་མོས་ལྟ་བུར་


GTN006_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས། བླ་བྲང་དང་དགོན་པའི་འགན་ཁུར་ཆེ་ཕྲ་གང་ཡོད་ལ་གཟིགས་རྟོག་ཞིབ་ཆ་གནང་། དེ་འཕྲོས་རྟ་ལུགས་གཉིས་ཀྱི་ལོ་སྔ་ཕྱི་འདི་ཡིན་ཞིབ་ཆ་མ་ངེས་ཀྱང་དགོན་སྟོད་གཟིམས་ཆུང་ནས་བླ་མ་དྷརྨཱ་ཙཀྲ་དང་། རྡོར་སློབ་བླ་མ་རང་གྲོལ་སོགས་ལ་བཀའ་འགྱུར་ལྗགས་ལུང་ཞིག་གནང་བར་མཛད། ཕུག་ཁང་བླ་མ་ལེགས་བཟང་ལ་སྒྲ་དབྱངས་ཅན་མ་དང་། སྙན་ངག་སྡེབ་སྦྱོར་སོགས་ཐུན་མོང་དང་། ཐུན་མིན་གྱི་རིག་གནས་སྐོར་རྣམས། དང་པོ་རྗེ་ཉིད་ཀྱིས་གནང་། རྗེས་སུ་བླ་མ་དོན་འགྲུབ་བཀྲ་ཤིས་ཀྱིས་ཁྲིད་བཤད་མཛད། མཁས་པའི་གྲགས་པ་དང་། སྒོམ་པའི་ཉམས་མྱོང་གིས་མཛེས་པའི་ཀུན་བཤད་ཀྱི་མཚན་སྙན་གྱིས་བསྔགས། ལེ་དགོན་ནས་ཟུར་མཁར་ཟླ་བའི་འོད་ཟེར་གྱི་ཡང་སྲིད་ཀྱང་ཕེབས་ཏེ་སྒྲ་དབྱངས་ཅན་མ་དང་། སྙན་ངག །སྡེབ་སྦྱོར། རྩིས་དཀར་ནག །སྔགས་ཆོག་གཏོང་ལུགས་ཀྱི་རྣམ་བཞག་མང་པོ་དང་། སེམས་བསྐྱེད་ཆོ་ག །སྡོམ་གསུམ་དང་། གསང་སྙིང་གིས་བཤད་པ་སོགས། ཁོང་ས་ཐག་ཡང་ཉེ་བས་དུས་རྒྱུན་སྟབས་ནམ་བདེར་བྱོན་ནས་གསན་བསམ་རྫོགས་པར་མཛད། བརྡའ་སྤྲོད་ཀུན་བཤད་ཀྱི་མཚན་དུ། འཆད་རྩོད་རྩོམ་པའི་ཡོན་ཏན་ཆེ་ཞིང་། བསྟན་འགྲོའི་དོན་ཆེན་སྨོན་ལམ་བཟང་པོ་དུས་སུ་སྨིན་པས་འགྲུབ་པར་འགྱུར་པའི་བསྔགས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ་བའི་ཚིགས་སུ་བཅད་པས་མངའ་གསོལ། རང་ཡུལ་ནས་ཀྱང་མཁས་བཙུན་བཟང་པོའི་རྣམ་ཐར་འཆང་བ་ཡིན་ཀྱང་། ཁྱད་པར་དབུས་ཕྱོགས་སུ་བྱོན་ནས། ལྷོ་བྲག་ལྷ་ལུང་དང་། སྨིན་གྲོལ་གླིང་ལ་སྒྲ་སོགས་


GTN006_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གནས་ཀུན་ཤིན་ཏུ་ཉག་ཕྲ་བར་གྱུར་པ་ལ། བསླབ་སྦྱང་གི་ཡོངས་འཛིན་མཛད་པས་ད་ལྟ་ཤེས་མཁན་མང་ཞིག་ཡོད་པར་སྐད། ཁོང་རང་དེང་སང་བསམ་ཡས་མཆིམས་ཕུ་ན་ཚེ་དང་སྒྲུབ་པ་མཉམ་ནས་བཞུགས་ཡོད་པ་དེ་ཡིན། ལུག་ལོའི་ནང་རྫོགས་ཆེན་རིན་པོ་ཆེའི་སྐུ་ཕྱིར་རྐྱེན་བཟློག་ལ་བཀའ་བརྒྱད་ཁྲོམ་ཕྱིས་བབ་པར་གདན་འདྲེན་ཞུས་པ་དེར་ཕེབས་ནས། ཀཿ ཐོག་པའི་ལུགས་ཕྱག་ལེན་རྒྱས་པ་ལྟར་མཛད་པས། མདོས་རྫོངས་སྐབས་སུ་ལྟས་དང་། ཆོ་འཕྲུལ་སྣ་ཚོགས་བྱུང་བ་དང་། གླུད་རྫོངས་སྤྲང་འཁྱམ་ཞིག་གིས་ཁྱེར་བས་ཞག་ལྔ་དྲུག་བར་ཁོ་རང་ཕྱི་ལ་ལྕགས་སྤྱང་བདུན་བརྒྱད་ཙམ་གྱིས་དེད་ནས་བྱུང་། འབྲི་ཆུ་བརྒལ་ནས་གར་སོང་མ་ཤེས་ཟེར། འདི་དུས་ཕྲན་ཀྲོམ་མཚོ་ཕུ་སོགས་ལ་སོང་ནས་མེད་ཀྱང་ཀུན་གྱིས་ངག་ལམ་དུ་ཐུན་མོང་དུ་གྱུར་བཞིན་བྲིས་པ་ཡིན། ཡང་སྒ་རྫོགས་གཉིས་ཉག་རོང་མགོ་རོ་བའི་དུད་གཞིའི་སྐོར་གྱིས་གྲྭ་གྱོད་ཚབས་ཆེན་སློང་དུས་རྫོགས་ཆེན་རིན་པོ་ཆེ་ཉིད་ཀྱི་དགོངས་བབ་ལྟར། མཁར་རྡོའི་གཏེར་བྱོན་དྲག་པོ་ཕུར་ཤམ་ཅན་གྱི་སྒོ་ནས་གྱོད་སྲི་མནན་པ། རྗེ་བླ་མ་འདི་ཉིད་མ་གཏོགས་སུ་ལའང་དབང་ལུང་དང་ཕྱག་ལེན་མི་འདུག་པས་ངེད་རང་ནས་བྱང་འདྲེན་བསྐུལ་ཏེ་དཔོན་གཡོག་ཉུང་ཤས་ཀྱིས་སྒྲུབ་པ་ཞག་བདུན་དུ་མཛད། ལས་མཐའ་མནན་བསྲེག་འཕང་བས་བསྡུས། དེ་ཕྱིན་ཆད་སྒ་རྫོགས་གཉིས་ཁྲིམས་ར་འགྲིམ་དགོས་པའི་གླེང་བརྗོད་མ་བྱུང་། སྤྲེལ་ལོ་རེ་གཉིས་བཞེས་ཐོག་ཞབས་དྲུང་འཇམ་དབྱངས་མཚན་ཅན་དབུས་


GTN006_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕེབས་སྐབས་འཕྲད་འདོད་དང་། ཐར་རྩེ་མཁན་ཆེན་རྣལ་འབྱོར་འཇམ་དཔལ་བཟང་པོ་མཇལ་ཕྱིར་དགོན་ཆེན་དུ་ཆས་པ་ལ་འབྲུམ་འཕྲོས་ཀྱིས་སྡོམ་རས་བྱོན་སྐབས་མ་བྱུང་བས། དེ་ཕྱིན་ཞབས་དྲུང་རིན་པོ་ཆེ་དང་ཡང་བླ་སློབ་མཇལ་འཕྲད་མ་བྱུང་། ཚུར་ཕེབས་ནས་དབྱར་ཐོག་ཉག་རོང་ཕྱོགས་ཀྱི་བླ་གྲྭ་འགའ་ལ་བཀའ་བརྒྱད་གསང་རྫོགས་ཀྱི་དབང་ལུང་རྫོགས་པར་གནང་། ཕྲན་ཡང་ཡོད། དེ་ནས་ཞབས་དྲུང་རྡོ་རྗེ་འཆང་གི་ཉེ་བར་གནས་པ་སྨན་པ་ཚེ་དབང་དོན་གྲུབ་དང་། སྟག་སྒང་སྤོ་འགུར་བླ་མ་ཨོ་རྒྱན་བསམ་གྲུབ། རྩེ་བ་མདའ་མཁན་བུ་སངས་རྒྱས་ཆོས་འཕེལ་རྣམས་ལ། སྒྲ་ཀ་ལཱ་པའི་རི་མོ་དང་། སྙན་ངག་སྡེབ་སྦྱོར་སོགས་བསླབ། ལོ་གསར་རྙིང་མཚམས་སུ་ཁྲོ་ཤུལ་ལ་བུམ་སྒྲུབ་ཅིག་གི་དབུ་བཞུགས་ལ་ཕེབས། དབྱར་ཐོག་བརྡའ་གྲ་ལག་དགོན་དུ་དགེ་མང་གཅོད་རྒན་དང་། རྗེ་ཉིད་བླ་སློབ་ཤིན་ཏུ་ནང་གཤིན་མཆོག་ཏུ་གྱུར་པ་ཡིན་གཤིས་ཀྱིས། སྐུ་གཤེགས་སྐབས་དགོངས་རྫོགས་ལ་གདན་ཞུས་བྱུང་བས་དེར་བྱོན། གསུང་ཆོག་གནང་དགོས་རིགས་ཞིབ་པ་མཛད། གྲ་ལག་དགོན་པ་ཀཿ ཐོག་པའི་དགོན་ལག་ཡིན་པས་དེར་བཞུགས་ནས་སི་ཏུ་རིན་པོ་ཆེ་ལ་སྒྲ་དབྱངས་ཅན་མ་དང་། སྙན་ངག །མིང་གི་མངོན་བརྗོད། སྡེབ་སྦྱོར་སོགས་ཐུན་མོང་གི་རིག་པ་དང་། གཞན་དབང་ལུང་ཐུགས་མཁོའི་རིགས་དང་། གསང་སྙིང་རྒྱུད་བཤད་སོགས་ཕུལ།


previousའཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཀུན་ཤེས་ཀྱི་མཚན་གནང་བ།next