Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
ཚེ་སྒྲུབ་ཟབ་མོ་མདའ་འཕེལ་མའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྙེ་མ།
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཚེ་སྒྲུབ་ཟབ་མོ་མདའ་འཕེལ་མའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྙེ་མ།next

ཚེ་སྒྲུབ་ཟབ་མོ་མདའ་འཕེལ་མའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྙེ་མ།


JKT013_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཚེ་སྒྲུབ་ཟབ་མོ་མདའ་འཕེལ་མའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྙེ་མ་བཞུགས་སོ། །ན་མོ་གུ་རུ་བྷ འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རས་ཆེན་དཔལ་འབྱོར་བཟང་པོའི་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ཅན་གྱི་


JKT013_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཆོས་རྣམ་པ་གསུམ་གྱི་ཡ་གྱལ། གནས་སྐབས་སུ་ཚེའི་བར་ཆད་ཐམས་ཅད་ཞི་ཞིང་རིང་པོར་འཚོ་བ་དང་། མཐར་ཐུག་འཆི་མེད་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཚེ་དཔག་མེད་ལྷ་བཅུ་བདུན་མ་ལྟས་དང་ཆོ་འཕྲུལ་དངོས་སུ་སྟོན་པའི་ཚེ་དབང་ཟབ་མོ་མདའ་འཕེལ་མ་ཞེས་ཡོངས་སུ་གྲགས་པ་འདི་ལ་སྨིན་གྲོལ་ཡན་ལག་དང་བཅས་པ་ལས་དང་པོ་སྨིན་བྱེད་དབང་ནི། རྡོ་རྗེ་སློབ་དཔོན་བསྙེན་པ་ལས་སུ་རུང་ཞིང་ཏིང་ངེ་འཛིན་ལ་བརྟན་པ་རྗེས་སུ་མཐུན་པ་ཐོབ་པས་རས་ཆེན་རྡོ་རྗེ་འཆང་རང་ཉིད་ཀྱི་ཕྱག་བཞེས་འཁྲུལ་མེད་ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་དབང་ཆོག་འཆི་མེད་འབྱུང་བ་སོར་བཞག་ལྟར་མཛད་ན་ཤིན་ཏུ་ལེགས་ཀྱང་། བསྙེན་པ་མ་ཐེམས་པ་དང་། ལས་དང་པོ་པའི་སློབ་དཔོན་དག་གིས་དབང་བསྐུར་བའི་ཚེ་དམིགས་པ་གསལ་བ་སོགས་ཀྱི་ཆེད་ཐོག་མར་སློབ་དཔོན་རང་ཉིད་ཀྱིས་སྒྲུབ་མཆོད་བདག་འཇུག་སྔོན་དུ་འགྲོ་བས། སློབ་མ་ལ་དབང་བསྐུར་བ་སོགས་ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན་གྱི་དབང་ཆོག་འཆི་མེད་དཔལ་སྟེར་བཞིན་ལ། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་གི་མཇུག་ཏུ། ཚེ་གཏོར་གྱི་དབང་བསྐུར་བ་ཞྭ་ལུ་མཁན་ཆེན་གྱིས་མཛད་པ་ལྟར་སྦྱར་ན་རྒྱས་པའི་ཡན་ལག་ཏུ་འགྱུར་རོ། །གྲོལ་བྱེད་ཀྱི་


JKT013_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་གཙོ་བོར་བསྐྱེད་བཟླས་ཀྱི་སྒོ་ནས་ཚེ་སྲིང་བའི་བསྟེན་པ་བྱེད་ཚུལ་ནི། བཀྲ་ཤིས་ཤིང་བྱིན་ཆགས་པའི་དབེན་གནས་སུ་དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་རྣམས་ཚུལ་བཞིན་དུ་བཤམ། རབ་བཞི་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉི་ཤར་ནས་བརྩམས་ཏེ་ཐུན་བཞིའི་རིམ་པས་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་དང་། །ཐུན་སོ་སོའི་མཐར་དབང་བླང་བ་སོགས་བྱས་ན་གཞུང་དང་མཐུན་ཞིང་བསྙེན་སྒྲུབ་སྒྲགས་མར་འགྱུར་བས་ཤིན་ཏུ་ལེགས། གལ་ཏེ་སྤྲོས་པས་མ་འཆུན་ན་བདག་བསྐྱེད་རྐྱང་པ་ལ་བརྟེན་ནས་བསྙེན་པ་རྫོགས་པར་བཏང་། གྲོལ་ཁར་དཀྱིལ་འཁོར་བཤམས་ནས་དངོས་གྲུབ་ཀྱི་སླད་དུ་དབང་བླང་བ་སོགས་བྱ། གང་ལྟར་ཡང་སྔགས་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་བཟླ། བཟླས་དམིགས་གཞུང་དུ་གསལ། སྔགས་ཀྱི་དོན། ཨོཾ་ཨཱཿཧཱུྃ་ནི་རྡོ་རྗེ་གསུམ་གྱི་ས་བོན། བཛྲ་རཏྣ་ཨཱ་ཡུཥེ། རྡོ་རྗེ་རིན་པོ་ཆེའི་ཚེའི་ཆེད་དུ། ཧཱུྃ་བྷྲཱུྃ་སེམས་བརྟན་པར་གྱུར་ཅིག །ཚེ་བྷྲཱུྃ། ཚེ་བརྟན་པར་གྱུར་ཅིག །གཡུ་བྷྲཱུྃ། བླ་བརྟན་པར་གྱུར་ཅིག །ནྲྀ་བྷྲཱུྃ། སྲོག་བརྟན་པར་གྱུར་ཅིག །བནྡྷ་བྷྲཱུྃ། ཐིག་ལེ་བརྟན་པར་གྱུར་ཅིག །ཨཱ་ཡུཛྙཱ་ན་བྷྲཱྃ། ཚེ་དང་ཡེ་ཤེས་བརྟན་པར་གྱུར་ཅིག །ཨོཾ་སྔགས་ཀྱི་མགོ་འདྲེན།


JKT013_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མཱ་ར་ཎི། འཆི་བ་མེད་པ། ཛི་བནྟི་སིདྡྷི་ཕ་ལ། འཚོ་བའི་རྒྱུན་གྱི་དངོས་གྲུབ་བཟང་པོ། ཧཱུྃ། སྡུས་ཤིག །ཅེས་པ་སྟེ། མི་ཤིགས་དྭངས་མ་གསུམ་ལྡན་རྡོ་རྗེ་རིན་པོ་ཆེའི་ཚེ་སྒྲུབ་པའི་སླད་དུ། ཚེ་བརྟེན་པ་དང་། རྟེན་དང་། རྣམ་ཤེས་དང་། དེ་རྣམས་འབྲལ་བའི་ཚོགས་པ་དག་བརྟན་པར་བྱ་བ་དང་། དེ་ལ་བརྟེན་ནས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བརྟན་ཅིང་ནུས་ལྡན་བྱ་བ་སྟེ། འདི་ལས་བརྩམས་ཏེ་དོན་མང་དུ་སྤྲོས་པས་ཆོག་མོད། རེ་ཞིག་བཞག་གོ །བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་དམིགས་བསལ་མ་བྱས་ཀྱང་རུང་། སྤྲོ་ན་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་གསང་བ་སྤྱིའི་ལུགས་བཞིན་བྱ། ཚོགས་ཀྱི་མཆོད་པ་སོགས་ཀྱང་དེ་དང་འདྲའོ། །གཉིས་པ་རྫོགས་རིམ་ནི། འདི་ཉིད་ཀྱི་གཞུང་རང་དུ་བུམ་ཅན་གྱི་རླུང་སྦྱོར་དང་། རྗེས་གཞིག་གི་བྱིང་པས་འོད་གསལ་ལ་འཇུག་པའི་ཚུལ་ཙམ་འབྱུང་བ་ནི་བསྐྱེད་རིམ་གྱི་སྐབས་སུའང་བསྒོམ་པར་བྱ་བ་ཡིན་ལ། རྒྱས་པར་དོན་དུ་གཉེར་ན་གཏུམ་མོ་ཞག་བདུན་མ་ཞལ་ཤེས་དང་བཅས་པ་དང་། ཁྱད་པར་འཆི་མེད་རླུང་སྦྱོར་སོགས་བརྒྱུད་ལྡན་དམ་པའི་ཞལ་ལས་བླང་བར་བྱའོ། །ཡན་ལག་གཞན་ནི། ཚེ་གེགས་སེལ་བ་དང་། རིང་འཚོའི་རྟེན་འབྲེལ་སྤེལ་བ་སོགས་ཀྱི་ཆེད་དུ་ལས་ཚོགས་རབ་འབྱམས་སྒྲུབ་པའི་ཚུལ་ཐ་དད་པ་


JKT013_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་བསྒྲུབ་ཏུ་རུང་ཞིང་། ཁྱད་པར་མེ་ཏོག་དང་རྡེའུ་བཅུད་ལེན། རླུང་དང་རིག་པའི་བཅུད་ལེན་སོགས་བཀའ་བརྒྱུད་འདི་ཉིད་ལས་འོངས་པ་དག་ཚུལ་བཞིན་ཏུ་བསྟེན་ན་འཆི་མེད་གྲུབ་པའི་རིག་འཛིན་གྱི་དབང་པོར་འགྱུར་བ་ནི་ངེས་པའོ། །གོང་དུ་བཤད་པའི་བདག་བསྐྱེད་རྐྱང་བ་ལ་བརྟེན་ནས་བསྙེན་པ་བྱ་བའི་ཚུལ་གྱི་ངག་འདོན་ནི། སྐྱབས་སེམས་ཡི། ཚད་མེད་བཞི་བསྒོམ་པ་དཀྱུས་ལྟར་དང་། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྟོང་པར་སྦྱང་། སྐད་ཅིག་ཙམ་གྱིས་རྡོ་རྗེ་ཆེན་པོའི་ནང་། །གནས་ཡུལ་ཐམས་ཅད་ཕོ་བྲང་གཞལ་ཡས་ཁང་། །འདབ་བརྒྱད་གྲུ་བཞི་སྒོ་བཞི་ལྕགས་རིར་བཅས། །ཞེས་སོགས་དཀྱུས་ལྟར་ལ། བདག་མདུན་ཐ་མི་དད་པ་ལ་ཡེ་ཤེས་དགུག་བསྟིམ་སོགས་ཀྱི་ཚེ། བདག་ཉིད་ཁོ་ན་བྱས་པས་འཐུས་ཤིང་། བཟླས་པའི་མཇུག་ཏུ་རྫོགས་རིམ་བསྒོམ། སླར་ཡང་ཆུ་ལས་ཉ་འཕར་བའི་ཚུལ་དུ་ཐུན་མཚམས་ཀྱི་ལྷར་ལྡང་། གནས་གསུམ་བསྲུང་། བསྔོ་སྨོན་ཤིས་བརྗོད་སོགས་བྱས་པས་དོན་འགྲུབ་པ་ཉིད་དོ། ཞེས་པའང་བྱ་བྲལ་བ་མཉྫགྷོ་ཥས་ཟིན་བྲིས་སུ་བཏབ་པ་ཨཱ་ཡུརྫྙཱ་ན་བརྡྷནྟུ་སརྦ་ཛ་ག་ཏཾ།


previousཚེ་སྒྲུབ་ཟབ་མོ་མདའ་འཕེལ་མའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྙེ་མ།next