Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

6 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
 
 
  
  
  
 
  
  
  
  
  
  
  
  
  
 
  
  
  
  
བཀའ་སྲུང་དྲང་སྲོང་ཆེན་པོ་རཱ་ཧུ་ལའི་མངའ་གསོལ།
  
  
 
  
  


6 occurrences of གཏེར་སྲུང་
[Clear Hits]

 
previousབཀའ་སྲུང་དྲང་སྲོང་ཆེན་པོ་རཱ་ཧུ་ལའི་མངའ་གསོལ།next

བཀའ་སྲུང་དྲང་སྲོང་ཆེན་པོ་རཱ་ཧུ་ལའི་མངའ་གསོལ།

༄༅། །བཀའ་སྲུང་དྲང་སྲོང་ཆེན་པོ་རཱ་ཧུ་ལའི་མངའ་གསོལ་ནི། །ཀ་དག་སྤྲོས་བྲལ་ཆོས་སྐུ་བརྗོད་འདས་ཀྱང་། །ཁ་དོག་མ་འགག་རྩལ་ལས་སྲིད་ཞིའི་མདངས། །ག་དར་ཤེལ་གོང་ངོས་སུ་གཟུགས་འཕོས་བཞིན། །ང་བདག་གཟུང་འཛིན་སྐྱོན་བྲལ་གཟའ་མཆོག་ཤར། །ཅ་ཅོའི་ཚིག་གིས་འབོད་དུ་མི་འཚལ་ཡང་། །ཆ་ལུགས་མཁའ་ལ་སྣང་བའི་འཇའ་ཚོན་བཞིན། །ཇ་ཆང་སྐྱེམས་ཕུད་འདོད་ཡོན་བདུད་རྩིའི་མཚོ། །ཉ་ཟླ་ཚ་ཟེར་བསྲེས་ལྟར་དགྱེས་པར་བཞེས། །ཏ་ཐཱ་ག་ཏའི་བསྟན་སྲུང་གཙོ་བོ་ཁྱོད། །ཐ་མལ་འབྱུང་པོ་མ་ཡིན་ཡེ་ཤེས་པ། །ད་ལྟ་དྲེགས་པའི་གཙོ་བོར་མངའ་གསོལ་ལོ། །ནཱ་ག་ལ་སོགས་སྡེ་བརྒྱད་དབང་དུ་སྡུད། །པ་ཝ་སངས་སོགས་གཟའ་བརྒྱད་ཁྱོད་ཀྱི་འཁོར། །ཕ་ཉིད་སྲིན་རྒྱལ་མ་ཡང་ཀླུ་མོ་སྟེ། །བ་དན་དཀར་པོས་མཁའ་དབྱིངས་སྤུད་པ་ལྟར། །མ་ལུས་དྲེགས་པའི་བླ་རུ་མངའ་གསོལ་ལོ། །ཙ་མ་ར་ལྟར་ཁེངས་ལྡན་དགྲ་སྡེའི་དཔུང་། །ཚ་གྲང་དབལ་གྱིས་གཞོམ་བྱེད་རཱ་ཧུ་ལ། །ཛ་ཡའི་བསྟན་སྲུང་མཆོག་ཏུ་མངའ་གསོལ་ལོ། །ཝ་སྤྲེལ་སྟག་ལྟར་རྔམ་པའི་དགྲ་སྡེ་སྒྲོལ། །ཞྭ་མོའི་ཏོག་ལྟར་མཐོ་བའི་བསྟན་སྲུང་ཁྱོད། །ཟ་བྱེད་དྲེགས་ཚོགས་ཡོངས་ཀྱི་གཙུག་ན་དཔའ། །འ་འོལ་ཙམ་མིན་སྙིང་ནས་ཁྱོད་བསྟེན་ཞིང་། ཡ་མཚན་ལྷག་པའི་ལྷ་རུ་མངའ་གསོལ་ལོ། །རཱ་ཛ་སྣང་སྲིད་དྲེགས་པའི་རྗེ་བོ་ཁྱོད། །ལ་ལ་ཙམ་མིན་འགྲོ་བའི་སྲོག་དབུགས་བདག །ཤ་ཟ་འབོད་སྒྲོག་པདྨའི་བཀའ་བཞིན་དུ། །ས་བཅུའི་སེམས་དཔའ་མཆོག་ཏུ་མངའ་གསོལ་ལོ། །ཧ་ལའི་རྒྱུད་ལྡན་དགྲ་སྡེ་ཡོངས་གཞོམ་ནས། །ཨ་ཏིའི་ཀློང་དུ་བྱང་ཆུབ་ལྡོག་མེད་མཛོད། །མངའ་གསོལ་བྱས་སོ་བསྟན་དང་འགྲོ་བའི་དོན། །ལྷུན་གྱིས་གྲུབ་ནས་སྐུ་གསུམ་རྒྱལ་བ་ཡི། །གོ་འཕང་མཆོག་ལ་འགོད་པའི་ཕྲིན་ལས་མཛོད། །ཅེས་དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལའི་མངའ་གསོལ་རྡོ་རྗེའི་ཕྲེང་བ་འདི་ཉིད་པདྨ་ནོར་བུས་བསྐུལ་ངོར་རྡོ་བླས་སྨྲས་བཞིན་འཇིགས་མེད་བསོད་ནམས་མཆོག་ལྡན་གྱིས་ཡི་གེར་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །ན་མོ་ཤྲི་མ་ཧཱ་ཀ་ལ་ཡེ། དཔལ་མགོན་ཚོགས་ཀྱི་བདག་པོ་ལ་གཏོར་མ་འབུལ་བར་འདོད་ན། ཕུད་གཏོར་རྒྱས་བསྡུས་ཅི་རིགས་བཤམས་ནས་ཆབ་ཀྱིས་སྦྱངས་ཤིང་། རཾ་ཡཾ་ཁཾ། ལན་གསུམ། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ནས་འདི་བཞིན་བརྗོད། །གདོད་ནས་འཁོར་འདས་དབྱེར་མེད་ཀྱང་། །ལྷུན་གྲུབ་རྩལ་ལས་སྲིད་དང་ཞིའི། །སྒྱུ་འཕྲུལ་རོལ་པ་མཐའ་ཡས་པའི། །མངོན་རྟོགས་རྣམ་འགྱུར་བསམ་ལས་འདས། །དེ་ཕྱིར་རྒྱལ་ཀུན་བསྟན་སྲུང་མཆོག །རྒྱལ་བའི་བཀའ་སྡོད་ཚུལ་འཛིན་པའི། །ཚོགས་བདག་མ་ཧཱ་ཀ་ལ་ཆེ། །ཡབ་ཡམ་གཙོ་འཁོར་སྤྲུལ་པར་བཅས། །འདིར་གཤེགས་དགྱེས་པའི་གདན་བཞུགས་ལ། །ཕྱི་ནང་གསང་བ་ཡང་གསང་གི། །མཆོད་རྫས་བསྐང་རྫས་སྒྲུབས་རྫས་སོགས། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །ཚོགས་བདག་ཡབ་ཡུམ་གསོལ་ཞིང་མཆོད། །སྐུ་གསུང་ཐུགས་མགོན་གསོལ་ཞིང་མཆོད། །ཕྱོགས་བཅུའི་སྡེ་བརྒྱད་མགོན་པོ་སོགས། །གཙོ་འཁོར་ཡོངས་རྫོགས་གསོལ་ཞིང་མཆོད། །དཔལ་མགོན་བདུན་ཅུ་གསོལ་ཞིང་མཆོད། །དགྲ་ལྷ་བཅུ་གསུམ་གསོལ་ཞིང་མཆོད། །ཕོ་ཉ་ཡང་འཁོར་གསོལ་ཞིང་མཆོད། །གསོལ་ཞིང་མཆོད་པའི་མཐུ་སྟོབས་ཀྱིས། །དམ་ཚིག་ཉམས་ཆག་བསྐང་བ་དང་། །ཞི་རྒྱས་དབང་དྲག་ལ་སོགས་པའི། །རབ་འབྱམས་ཕྲིན་ལས་གང་བཅོལ་ཀུན། །ཐོགས་མེད་འགྲུབ་པའི་སྡོང་གྲོགས་དང་། །འཕྲལ་ཕུག་དགའ་བདེའི་དཔལ་ཡོན་གྱིས། །གཡེལ་མེད་སྐྱོང་བའི་བཀྲ་ཤིས་ཤོག །འདི་ནི་དད་དམ་ནོར་འཆང་བ། །ཀུན་བཟང་འཆི་མེད་ཀྱིས་བསྐུལ་ངོར། །རྡོ་བླས་སྤེལ་བའི་དགེ་བ་ཡིས། །ལུགས་ཟུང་དཔལ་ཡོན་ཕུན་ཚོགས་ཤོག །དགེའོ།། །།


previousབཀའ་སྲུང་དྲང་སྲོང་ཆེན་པོ་རཱ་ཧུ་ལའི་མངའ་གསོལ།next