Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
ཚོམ་བུ་ཚོགས་སུ་སྒྲུབ་པའི་གཏོང་ཐུན་གསལ་བར་སྤྲོས་པ་ཚངས་པའི་ང་རོ།


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཚོམ་བུ་ཚོགས་སུ་སྒྲུབ་པའི་གཏོང་ཐུན་གསལ་བར་སྤྲོས་པ་ཚངས་པའི་ང་རོ།no next

ཚོམ་བུ་ཚོགས་སུ་སྒྲུབ་པའི་གཏོང་ཐུན་གསལ་བར་སྤྲོས་པ་ཚངས་པའི་ང་རོ།


LT35_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་ཚོགས་སུ་སྒྲུབ་པའི་གཏོང་ཐུན་གསལ་བར་སྤྲོས་པ་ཚངས་པའི་ང་རོ་ཞེས་བྱ་བ་བཞུགས་སོ། །


LT35_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། །གསུང་གི་དབང་ཕྱུག་སྨྲ་བའི་གཏེར། །འཇམ་མགོན་བླ་མ་སྤྱན་རས་གཟིགས། །སྙིང་གི་ཆུ་སྐྱེས་ཟེའུ་འབྲུ་ལ། །བཀོད་ནས་སྒྲུབ་པའི་གཏོང་ཐུན་བརྩམས། །དེའང་ཐོག་མར་མ་ཏྲཾ་བསྒྲལ་ཆོག་གི་གོང་དུ་རྡོ་རྗེ་རྒྱལ་པོ་ཐུགས་ལྟ་དགོངས་ལས་མ་གཡོས་ཤིང་གསུང་བརྗིད་ཅིང་གསལ་བས་འདི་སྐད་དོ། །ཀྱེ། སྐལ་ལྡན་རྡོ་རྗེའི་རྣལ་འབྱོར་ལས་སུ་རུང་ཞིང་། །གསང་བའི་དཀྱིལ་འཁོར་གཉན་པོར་འདུ་བར་འོས་པའི་རྡོ་རྗེའི་མཆེད་ལྕམ་རྣམས་ཚོམ་བུ་ཚོགས་སུ་བསྒྲུབ་པའི་ཕྲིན་ལས་ཀྱི་རིམ་པ་ལ་འཇུག་པའི་ཐོག་མར། ཤིང་རྟ་ཆེན་པོ་སངས་རྒྱས་གསང་བས། ཕྱི་ནང་གསང་བ་སྲུང་བྱ་སྟེ། །སྲིན་


LT35_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱལ་པོ་ཚུལ་བཞིན་མནན། །ཞེས་གསུངས་པས། སྔོན་བྱུང་སྟོན་པའི་རྣམ་ཐར་དང་མཐུན་པར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཏུ་སྦྱར་བ་མ་ཏྲཾ་བསྒྲལ་མནན་གྱི་ཆོ་ག་བགྱིད་པའི་སྐབས་སུ་བབ་པ་སྟེ། དེའང་ལྷན་སྐྱེས་དོན་གྱི་རུ་དྲ་ནི། ཀུན་འདུས་རིག་པའི་མདོ་ལས། བགེགས་ཀྱི་བགེགས་ཏེ་བགེགས་ཆེན་པོ། །དུག་ལྔའི་རྟོག་པ་ཉིད་ལས་སྐྱེས། །ཕྱེད་དང་གསུམ་གྱི་དུར་ཁྲོད་ན། །གཞི་རྩ་ངག་དང་ལུས་སེམས་སོ། །ཞེས་གསུངས་པ་ལྟར་ལུས་སྣང་བ། ངག་ཕྱེད་སྣང་། ཡིད་མི་སྣང་བས་བསྡུས་པའི་ཁམས་གསུམ་གྱི་གྲོང་ཁྱེར་ལ་དབང་བྱེད་པ། བདག་རྟོག་གཟུང་འཛིན་ལས་སྐྱེས་


LT35_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུག་ལྔའི་རུ་དྲ་ཆེན་པོའི་འཁོར་དུ་ཉོན་མོངས་པ་བརྗོད་ཀྱིས་མི་ལང་བ་དང་བཅས་པ་ནི་བསྒྲལ་བྱ། རང་བྱུང་གཉུག་མའི་ཧེ་རུ་ཀ་ཡེ་ཤེས་ཁྲོ་བོའི་ཚོགས་དང་བཅས་པ་ནི་སྒྲོལ་བྱེད། མི་གསང་བའི་གསང་བ་ཆེན་པོ་ཆོས་ཉིད་ཀྱི་དབྱིངས་སུ་བསྒྲལ་ཞིང་རྩད་ནས་གཅོད་པ་ནི་སྒྲོལ་བའི་ཚུལ་ཏེ། སྔ་མ་ལས། མ་རིག་མུན་ཁང་སྒོ་ཕྱེས་ཏེ། །གླང་ཆེན་སྨྱོན་པ་དེ་བཟུང་ནས། །གཟུང་འཛིན་དམ་པོའི་བརྟོད་ཐག་བཅད། །དུག་གསུམ་རྣམ་རྟོག་བརྟོད་ཕུར་ཕྱུང་། །ངན་སོང་འདམ་ནས་དྲངས་ནས་ནི། །ཉོན་མོངས་དཔུང་རྒོད་དེ་བཏུལ་ནས། །ཡེ་ཤེས་ཐབས་ཀྱིས་རྣམ་པར་སྦྱངས། །ཞེས་སོགས་གསུངས་པ་ལྟར་ལམ་གྱི་བསྒྲུབ་བྱའི་དངོས་གཞི་ཡིན་པས་རྒྱུན་ཏུ་ཉམས་སུ་ལེན་དགོས་པ་དང་། མཚན་མ་བརྡའི་རུ་དྲ་ནི། སྔོན་འདས་པའི་དུས་དཔག་ཏུ་མེད་པ་ན་བསྐལ་པ་ཀུན་ཏུ་དགའ་བར་སངས་རྒྱས་མི་བསྐྱོད་པའི་བསྟན་པ་ལ་དགེ་སློང་ཐུབ་དཀའ་གཞོན་ནུའི་སློབ་མ་ཐར་པ་ནག་པོ་ཞེས་བྱ་བས་སློབ་དཔོན་གྱིས་བསྟན་པའི་གབ་པའི་གསང་བ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ལྟ་བ་མ་རྟོགས་པར། སྦས་པའི་གསང་བ་སྦྱོར་སྒྲོལ་བརླངས་པོར་སྤྱོད་པས། རྣམ་སྨིན་གྱི་འབྲས་བུས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མི་བཟད་པ་མྱོང་ཞིང་། ལྷ་རང་རྒྱུད་པར་བསྒོམས་ཤིང་དྲག་སྔགས་རང་


LT35_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གར་བཟླས་པའི་རྒྱུ་མཐུན་གྱི་འབྲས་བུས་ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་སྲིན་པོ་བྱ་ཡི་གཤོག་པ་ཅན་ཏུ་སྐྱེས་ནས་གཟུངས་ཁམས་གནས་རིས་བཅུ་གཉིས་མན་ཆད་དབང་དུ་བྱས་ཤིང་གདུགས་པ་ཅན་མཐའ་དག་བྲན་ཏུ་བཀོལ་བའི་དབང་ཕྱུག་ཆེན་པོ་བསྒྲལ་འོས་ཀྱི་སྐལ་ལྡན་ཏུ་གྱུར་པ་དེ་ཉིད་སྔོན་གྱི་དམ་ཚིག་གིས་འབྲེལ་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཚད་མེད་པའི་ཐུགས་རྗེ་སྐྱེས་ཏེ། རུ་དྲའི་འདོད་ཆགས་བཞི་ལ་དགོངས་པའི་རྒྱུད་སྡེ་བཞི། རྣམ་ཤེས་ཆོགས་བརྒྱད་ལ་དགོངས་པའི་སྒྲུབ་ཆེན་བཀའ་བརྒྱད། ཉོན་མོངས་པ་ལྔ་ལ་དགོངས་པའི་རིགས་ལྔ་ཧེ་རུ་ཀ །གདུལ་བྱ་རྩ་བའི་དངོས་པོ་སྨིན་པའི་ཕྱིར་སྒྱུ་འཕྲུལ་དྲྭ་བ་དཀྱིལ་འཁོར་མཁའ་ཁྱབ་ཏུ་སྤྲུལ་ནས། ཁྲོ་བོ་འཆོལ་བའི་ཚོགས་དང་། ལྟས་ཆེན་པོ་བཅོ་ལྔ་སྤྲོས་ཏེ་སྒྲོལ་བྱེད་ཆོ་འཕྲུལ་ཆེན་པོ་འདུ་མཛད་པས་གདུག་པ་ཅན་མཐའ་དག་འདུན་པ་དང་རིགས་འབྱེད་པ་ལ་སོགས་པའི་རྣལ་འབྱོར་ལ་གནས་ཤིང་། རྣམ་སྨིན་དང་ཚེ་དབང་སོགས་ས་ལ་གནས་པའི་རིག་འཛིན་ཤ་སྟག་ཏུ་སྨིན་པར་མཛད་པ་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་གྱིས་སྒྲོལ་བའི་ཚུལ་སྔགས་ཀྱི་གླེང་གཞིར་སྨོས་པ་གོ་བར་བྱ་བ་དང་། བཏགས་པ་མིང་གི་རུ་དྲ་ནི། ཧེ་རུ་ཀ་སྙིང་རྗེ་རོལ་


LT35_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས། སྐུ་གསུམ་འགྲོ་བའི་ཚུལ་སྟོན་པས། །དུས་ལ་བབ་པའི་སེམས་ཅན་དག །ལས་ལ་བབ་པའི་རྣལ་འབྱོར་པས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཐུགས་རྗེ་ལྕགས་ཀྱུས་བཀུག་ནས་ནི། །ཡང་དག་ཉིད་ལ་ཡང་དག་གྲོལ། །ཡང་དག་བསྒྲལ་ནས་བདེ་ཆེན་ཐོབ། །མི་ལྡོག་ས་ལ་ངེས་པར་ཕྱིན། །ཕྱིན་པ་ཙམ་གྱིས་བདེ་ཆེན་ཐོབ། །རྒྱལ་བའི་ཞིང་ཁམས་དབྱིངས་ཉིད་མཐོང་། །ཞེས་གསུངས་པ་ལྟར། གཞིར་གནས་རང་བྱུང་གི་ཡེ་ཤེས་རང་ངོ་མ་རིག་པར་ཁམས་གསུམ་དུ་འཁྱམས་པའི་དུག་གསུམ་གྱི་རང་གཟུགས་མཚན་རྟོག་གིས་བཅིངས་པའི་གདུག་ཅན་འབྱུང་པོའི་དབང་ཕྱུག་རྣམས་ནི་བསྒྲལ་བྱའི་ཞིང་། སྟོང་པ་ཉིད་དང་སྙིང་རྗེའི་ཟུང་འཇུག་ཕྱག་རྒྱ་གཅིག་པ་དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་ཡེ་ཤེས་ནང་སོན་ཏེ་གཉིས་སྣང་མཐའ་དག་གཉིས་མེད་ཡེ་ཤེས་ཀྱིས་དབང་དུ་བསྒྱུར་བ་དཔལ་ཆེན་རྡོ་རྗེ་སྲིན་པོའི་ཏིང་ངེ་འཛིན་ལས་མི་གཡོ་བ་སྒྲོལ་བྱེད་ཀྱི་གཉེན་པོ། །ཀུན་འདུས་རིག་པའི་མདོ་ལས། དུར་ཁྲོད་ཆེན་པོའི་བཞིན་ཕྱོགས་ནི། །མགོ་བོ་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་གཏད། ཅེས་དང་། སྙིང་རྗེ་རོལ་པའི་རྒྱུད་ལས། གནས་འདི་སྒོ་འདི་སུ་ཡིས་བཅད། །སེམས་


LT35_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་པོས་བཅད་དམ་ཅི། གཟུང་འཛིན་རྐ་ལག་བསྣོལ་བའི་སྒོ། །ཡུལ་ལས་འདས་པའི་ཞབས་ཀྱིས་དབྱེ། །ཞེས་སོགས་རྡོ་རྗེའི་ཚིག་གིས་བསྟན་པའི་དོན་རྣམས་སློབ་དཔོན་གྲུབ་པ་བརྙེས་པའི་ཕྱག་བཞེས་སུ་འབྱུང་བ་རྒྱུད་ཀྱི་དངོས་པོ་བཅུའི་རིམ་པ་མ་ནོར་བའི་སྒོ་ནས་བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའི་སྒྲོལ་བའི་ཚུལ་ལག་ཏུ་ལེན། ཁམས་གསུམ་གྱི་འབྱུང་པོའི་བདག་པོ་དབང་ཕྱུག་ཆེན་པོ་བསྒྲལ་བས་དེའི་བྲན་ཏུ་གྱུར་བའི་བགེགས་རིགས་རྣམས་ཀྱི་འཚེ་བའི་བསམ་སྦྱོར་རང་ཤུགས་སུ་ཞི་བ་དང་། ཁོག་པ་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་ལ་ཌཱ་ཀི་དམ་ཅན་རང་བཞིན་གྱིས་འདུ་བ་དང་། དེའི་ནུས་པས་བར་ཆད་ཞི་ཞིང་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པ་དང་། ནང་གི་རྩ་མདུད་གྲོལ་ཞིང་གསང་བའི་འོག་མིན་ཏུ་བདུད་བཞི་བཅོམ་ནས་མངོན་བྱང་ལྔ་ཡིས་འཚང་རྒྱ་བའི་རྟེན་འབྲེལ་ཁྱད་པར་བསྒྲིགས་པ་ནི་བསྒྲལ་བའི་དགོས་པ་སྟེ། དེ་ལྟ་བུའི་ལས་རིམ་ལ་འཇུག་པ་ན། རྟ་མཆོག་རོལ་བའི་རྒྱུད་ལས། སྲིད་གསུམ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་ལྟར་ཆོས་ཉིད་རང་བཞིན། །ཡེ་


LT35_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་། ཐུགས་རྗེ་ཤུགས་ཀྱིས་ཁྲོ་བའི་མཛད་པ་ཕྲིན་ལས་ཀྱང་འདུལ་བའི་ཁྲོ་བོར་བཅོས་པ་སྟེ། དེའང་རྒྱུད་ལས། །ཁྲོ་བོའི་ཚུལ་ཅན་ཁྲོས་པ་ཡིས། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་ལྟ་བ་གྱབ་ཀྱི་ལྷ་དེ་བཞིན་ཉིད་ཀྱི་ངང་ལས། གཉེན་པོ་ཏིང་ངེ་འཛིན་གྱི་ལྷ་དབང་ཆེན་རྟ་མཆོག་རོལ་པའི་ང་རྒྱལ་དང་ལྡན་པས་བསྒྲལ་བའི་ལས་རིམ་ལ་འཇུག་པར་ཞུ། ཞེས་སོ།། ༈ །།སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་དགོད་པའི་སྐབས་རྡོ་རྗེ་རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱི་གཙོ་བོ་ཞྭ་ཆོས་བཅེས་གྲལ་གཤམ་དུ་བཞེངས་ལ། དེང་། བཀྲ་ཤིས་པའི་དགེ་མཚན་རབ་ཏུ་འཆར་བའི་དུས་ཀྱི་ཆར། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་མྱོང་གྲོལ་སྐྱེ་བདུན་རིལ་བུའི་སྒྲུབ་པ་དང་སྦྲེལ་མར་བགྱིད་པའི་སྐབས་སུ་བབ་པ་སྟེ། དེའང་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། རྒྱུད་དོན་གསང་བའི་སྒྲུབ་ཆེན་ལ། །བཞི་སྟེ་ཕུན་སུམ་ཚོགས་གཞི་བཟུང་། །སྟ་གོན་རིམ་པས་སྒྲོམ་དུ་གཞུག །དངོས་གཞི་བསྙེན་སྒྲུབ་གཞུང་བསྲང་སྟེ། །མཐའ་རྒྱས་ཆོ་གས་རྗེས་བསྐྱང་ངོ་། །ཞེས་གསུངས་པ་ལྟར།


LT35_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་། སྔོན་འགྲོ་སྟ་གོན་གྱི་རིམ་པས་བསྒྲུབ་པ་སྒྲོམ་དུ་གཞུག །བསྙེན་སྒྲུབ་ཡན་ལག་བཞིས་བསྒྲུབ་པའི་གཞུང་བསྲང་། ལས་མཐའ་རྒྱས་ཀྱི་རིམ་པས་བསྒྲུབ་པའི་རྗེས་བསྐྱང་བར་བྱ་དགོས། དེའང་གནས་ཕུན་སུམ་ཚོགས་པ་ནི། སྤྱིར་བསྐལ་བཟང་སྒྲོན་མེ་སྟོང་ཕྲག་གཅིག་གིས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་ཁམས་ཁྱད་འཕགས་ཛམ་གླིང་གི་ནང་ཚན་ཡུལ་ཆེན་ཉེར་བཞིའི་ཡ་གྱལ་བོད་ཡུལ་ཁ་བ་ཅན་གྱི་ལྗོངས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་འདུལ་ཞིང་། བྱེ་བྲག་མདོ་ཁམས་སའི་ཐིག་ལེ། བྱང་ཨ་ཏ་རོང་གི་ནང་ཚན། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པ། རྡོ་རྗེ་སེམས་དཔའི་གནས། བཀྲ་ཤིས་པའི་མཛོད། མཁས་པ་དང་གྲུབ་པའི་སྐྱེས་བུ་བརྒྱུད་མར་བྱོན་པ་རྣམས་ཀྱིས་དངོས་གྲུབ་བརྙེས་ཤིང་ཆོས་འཁོར་བསྐོར་བའི་གནས་པ་ལ་སྤྱོད་པའི་དགའ་ལྡན་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་མདོ་སྔགས་ནས་བཤད་པའི་གནས་ཀྱི་མཚན་ཉིད་ཐམས་ཅད་དང་ལྡན་པ། དུས་ཕུན་སུམ་ཚོགས་པ། ཡེ་ཤེས་རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་


LT35_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་པ་ལྟར། སྤྱིར་གཟའ་སྐར་སྦྱོར་བྱེད་འཕྲོད་དང་། དུས་ཚོད་མི་མཐུན་པ་དང་བྲལ་བས་དགེ་ཞིང་ཤིས་ལ། ཁྱད་པར་བདག་ཅག་གི་སྟོན་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་སོགས་རྩ་བའི་རྒྱུད་རྒྱལ་ཆེན་པོ་རྣམས་གསུངས་ཤིང་། སངས་རྒྱས་གཉིས་པ་པདྨཱ་ཀ་ར་གདུལ་བྱ་གཞན་སྣང་དུ་ འདིས་མཚོན་ནས་དུས་ཁ་བསྒྱུར། སློབ་དཔོན་པྲ་ཆེན་ཧ་སྟིའི་སྤྱན་སྔར་ཡོ་གའི་གདམས་པ་གསན་ཅིང་གུ་རུ་བློ་ལྡན་མཆོག་སྲེད་དུ་གྲགས་པའི་དུས། །ཡོ་བྱད་ཕུན་སུམ་ཚོགས་པ། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་པ་ལྟར། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། མཆོད་པའི་ཡོ་བྱད་སྤྱི་དང་བྱེ་བྲག་གཙང་ཞིང་མ་ཚང་བ་མེད་པ། སྒྲུབ་པ་པོ་སྟོན་འཁོར་ཕུན་སུམ་ཚོགས་པ། ལམ་རིམ་ལས། སྟོན་པ་མཛོད་ལྡན་


LT35_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཛིན་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་ལྟ་བ་ཏིང་ངེ་འཛིན་སྤྱོད་པའི་མཛོད་ཡོ་ག་གསུམ་ལ་མཁས་པའི་དོན་དང་ལྡན་ཅིང་། ལན་ནུས་ཟབ་མོའི་དབང་ཆུ་རྫོགས་པ། གསང་བའི་གཉེར་ཐུབ་ཅིང་རྒྱུད་ཀྱི་དངོས་བཅུ་ལ་མཁས་པ། །སྒྲུབ་པའི་ལས་རིམ་ལམ་རྨོངས་ཤིང་། །མན་ངག་ཉམས་མྱོང་དང་ལྡན་པ། །འཁོར་ཡང་རྒྱུད་རྒྱལ་གསང་བ་སྙིང་པོ་ལས། །སྟོན་པ་མཆོད་བརྩོན་རྟོག་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པའི་དོན་དང་ལྡན་ཅིང་། སྣོད་ཀྱི་སྐྱོན་གསུམ་བྲལ་ལ། །ཡོན་ཏན་ལྔ་པོས་རྒྱུད་ཕྱུག་པ། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་གསང་སྔགས་གསར་མ་ལས་ཆེ་བ་དྲུག་གིས་འཕགས་པ་སྔ་འགྱུར་རྙིང་མ་བཀའ་གཏེར་གཉིས་ལས་ཟབ་མོ་གཏེར་གྱི་ཕྱོགས་ལ། ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔ་དང་། དེ་ལའང་བླ་གཏེར་ཐུགས་གཏེར་ལ་སོགས་པའི་དབྱེ་བ་བཅོ་བརྒྱད་མཆིས་པ་ལས། འདིར་ནི་འབྲས་བུ་ལྟ་བུའི་ལྷོ་གཏེར་དང་། དེའང་ཐུགས་གཏེར་ཆེན་པོ་ལྔའི་ཡ་གྱལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་སྟེ། དེ་ཉིད་ཀྱི་རྒྱུད་ལས། ཁབ་


LT35_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རྒྱལ་ཁམས་སུ། །འགྲོ་མགོན་ཐུགས་རྗེའི་འདུལ་ཞིང་དེར། །ཐུགས་རྗེའི་སྤྲུལ་སྲས་བརྒྱུད་འཛིན་གྱི། །ཡིག་བདུན་བསྟན་པ་འཛིན་སྐྱོང་སྲུང་། །རིམ་པ་བཞིན་དུ་དོན་གཉིས་སྤྱོད། །རྒྱུད་མཆོག་འདི་ཡང་དེར་སྣང་འགྱུར། །ཞེས་ལུང་གིས་བསྟན་པ་ལྟར། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད་སྐུ་ཚེ་གཅིག་ལ་གླིང་པ་གསུམ་དུ་གྲགས་ཤིང་། གཏེར་ཁ་ཉི་ཤུ་རྩ་ལྔ་བཏོན་པ་ལ་བར་ཆད་ཅུང་ཟད་ཀྱང་མ་བྱུང་བ་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་ཅན་ནས་ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སྤྱན་དྲངས། བུམ་སྒྲུབ་ཆེན་མོ་ལན་གྲངས་སོ་ལྔ་ཙམ་མཛད་དེ་བོད་ཀྱི་གདུལ་བྱ་ཐུགས་རྗེ་ཆེན་པོའི་ཞིང་དུ་བཀོད། གངས་ཅན་མགོན་པོ་སྤྱན་རས་གཟིགས་དངོས་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་དང་། ཀརྨ་ཆགས་མེད་སོགས་རྩ་བའི་ཆོས་བདག་དང་བཀའ་བབ་སོ་སོས་མཐའ་དབུས་ཀུན་ཏུ་སྤེལ་ཞིང་། ཕྱིས་སུ་འཇམ་པའི་རྡོ་རྗེ་བཤེས་གཉེན་གྱི་ཚུལ་དུ་བྱོན་པ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཞབས་ཀྱིས་རྩ་བའི་གཞུང་ལ་དབྱངས་རོལ་ཕྱག་ལེན་སོགས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་བཀའ་སྲོལ་གྱིས་བརྒྱན་ཏེ་རྣམ་པར་དག་པའི་གཞུང་རང་ལུགས་ལ་བྱིན་རླབས་ཀྱི་བཀའ་བབ་ཅིང་འབྲེལ་


LT35_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཆེ་བ་ཉིད་དེ། གསང་སྙིང་ལས། གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་ནོས་བཞིན་ཏུ་བྱ། །ལེ་ལོ་སྐྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཅེས་པ་ལ་སོགས་ཇི་སྐད་གསུངས་པ་ལེགས་པར་ཚོགས་ཏེ་སྒྲུབ་པའི་ལས་རིམ་ལ་འཇུག་པ་ན། བརྒྱུད་པ་དགུ་ཡི་བཀའ་བབ་འཛིན་ཅིང་ཡོན་ཏན་བརྒྱད་དང་ལྡན་པའི་སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་འདུས་པ་རྒྱ་མཚོའི་མགོན་ཏུ་བཞུགས་ཏེ་གཡོ་མེད་ཀྱི་དགོངས་པས་བྱིན་གྱིས་བརླབས་པར་ཞུ།། །།དེ་དང་དགོངས་པ་མཉམ་ཞིང་དཀྱིལ་འཁོར་གྱི་ལས་རབ་འབྱམས་སྒྲུབ་པར་ནུས་པའི་རྡོ་རྗེ་རྒྱལ་ཚབ། ལས་བཞིའི་ལྟ་སྤྱོད་ཕྲིན་ལས་ལ་དབང་བའི་རིགས་བཞིའི་རྒྱལ་པོ་དང་རྒྱལ་ཐེབས། ཏན་གན་གྱི་སྒྱུ་རྩལ་ལ་མཁས་པའི་རིགས་ལྔའི་གཟུངས་མ། ཆོ་གའི་བྱ་བ་མཐའ་དག་ལ་མཁས་པའི་དཔའ་བོ་རྒྱལ་ཐེབས། མིག་རྣོན་གྱིས་མི་མ་ཡིན་མཐོང་ལྡོག་ནུས་པའི་རྡོ་རྗེ་སྤྱན་པ། དུས་དྲུག་ཐུན་ཚོད་གཟུང་བའི་རྡོ་རྗེ་དྲོད་འཛིན། མཆོད་པའི་ལས་ཁྲིགས་ལ་མཁས་པའི་ཛ་གང་ཕུད་བདག །ཕྱི་ནང་གི་བར་ཆད་སྲུང་བའི་རྡོ་རྗེ་མཚམས་པ།


LT35_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྲི་ཉུ་ལེ་སྐྲོད་གཟིར་ལ་དབང་བའི་གིང་ཆེན་རིགས་བཞི། ཞལ་ཟས་ཀྱི་བྱ་བ་ལ་མཁས་པའི་རྡོ་རྗེ་བྱན་པ་ཕོ་མོ། །མཆེད་ལྕམ་གྱི་དགོངས་པ་སྐོང་བའི་རྡོ་རྗེ་རྡུལ་ཕྱག་ལ་སོགས་པ་ཚོམ་བུ་སྦྲེལ་ཞིང་བསྙེན་སྒྲུབ་ཀྱི་བྱ་བ་ལ་བརྩོན་པའི་རྡོ་རྗེ་མཆེད་ལྕམ་ཐམས་ཅད་རིགས་དང་གོ་རིམ་མཐུན་པའི་གྲལ་ལ་བཞུགས་ཤིང་། རང་རང་གིས་གཉེར་དུ་འོས་པའི་ལྟ་དགོངས་ཕྲིན་ལས་ལ་གཡེལ་བ་མེད་པར་བཀའ་གསང་གཉན་པོའི་གཞུང་དང་མཐུན་པར་ཁུར་དུ་བཞེས་པའི་དགོངས་པ་དང་། དད་མོས་བརྩེ་གདུང་མི་འབྲལ་བའི་ངང་རྗེས་ཟློས་གནང་བར་ཞུ། །ཞེས་སོ། །བསྲེ་བསྣན་གྱི་དམ་ཚིག་བསྒྲག་པའི་སྐབས་སུ་སློབ་དཔོན་ནམ་རྒྱལ་ཚབ་པས། འོ་སྐལ་པ་དང་ལྡན་པའི་རྡོ་རྗེའི་མཆེད་ལྕམ་རྣམས་ཐུགས་མ་ཡེངས་པར་སྙན་ལྷན་ནེར་གསན་པར་འཚལ། དེའང་གསང་བ་འདུས་པའི་རྒྱུད་ལས། དབང་སྲོག་དམ་ཚིག་རྗེས་སུ་བཟུང་། །དབྱེ་ན་ས་ཡ་འབུམ་སྡེ་ལས། །བསྡུ་ན་ཉི་ཤུ་རྩ་ལྔ་སྟེ། །རྩ་བ་སྐུ་གསུང་ཐུགས་ལ་འདུ། །ཉམས་ན་རྡོ་རྗེའི་དམྱལ་བར་འགྲོ། །དེ་ཕྱིར་མིག་འབྲས་ལྟ་བུར་བསྲུང་། །ཉམས་ན་སླར་ལ་བཤགས་པར་བྱ། །ཞེས་གསུངས་པ་ལྟར་སྨིན་བྱེད་ཀྱི་དབང་སྔོན་ཏུ་ནོད་ཅིང་། དབང་སྲོག་དམ་ཚིག་ལ་གནས་


LT35_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

པས་གྲོལ་བྱེད་ཀྱི་ལམ་ལ་འཇུག་དགོས། དམ་ཚིག་ནི་སྲོག་གི་དབང་པོ་དང་མཚུངས་ལ། ལམ་གྱི་རིམ་པ་གཞན་རྣམས་ནི་དབང་པོ་ཡན་ལག་གཞན་དང་མཚུངས་པས་ན་རྣམ་པ་ཐམས་ཅད་དུ་དམ་ཚིག་ཁོ་ན་ལ་གཅེས་སྤྲས་སུ་འབད་འཚལ། དེའང་གསང་སྔགས་ཡོ་ག་གསུམ་གྱི་གཞུང་ལ་དམ་ཚིག་གི་དབྱེ་བསྡུ་བསམ་གྱིས་མི་ཁྱབ་པ་འབྱུང་ཡང་། རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་སུ་འདུ། དེའང་སྐབས་འདིར་ནི་རྩ་བ་སྐུ་གསུང་ཐུགས་གསུམ། ཡན་ལག་དམ་ཚིག་ཉེར་ལྔའི་དབྱེ་བས་བསྡུས་པ་སྟེ། རྩ་བ་སྐུའི་དམ་ཚིག་ཏུ། སློབ་དཔོན་སྒེག་བ་རྡོ་རྗེས། །སྤྱི་དང་འདྲས་དང་དམ་ཚིག་དབང་། །ཉམས་ཆགས་སྐོང་དང་ཤེས་རྒྱུད་དགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་གསུངས་པ་ལྟར་བླ་མ་དྲུག་དང་། ཁྱད་པར་དབང་བསྐུར་རྒྱུད་བཤད་མན་ངག་ནོད་པ་སྟེ་བཀའ་དྲིན་སུམ་ལྡན་གྱི་རྡོ་རྗེ་སློབ་དཔོན་ནི་སྙིང་ལས་ཀྱང་གཅེས་པར་བཀུར་ཞིང་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བལྟ། སྤྱི་དང་། རིང་བ་དང་། ཉེ་བ་དང་། མཐུན་པའི་མཆེད་རྣམས་དང་། ཁྱད་པར་དཀྱིལ་འཁོར་གཅིག་ལ་འཚོགས་པ་འདྲེས་པའི་མཆེད་རྣམས་མིག་གི་འབྲས་བུ་ལྟར་གཅིག་གིས་གཅིག་ལ་དག་སྣང་བརྩེ་གདུང་རྒྱུན་མི་ཆད་


LT35_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། གསུང་གི་དམ་ཚིག་ཏུ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ། །དུས་གསུམ་རྒྱུན་ཏུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཚུད། །ཅེས་པ་ལྟར་ཡུལ་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་ཡུལ་ཅན་རང་རིག་རྟོགས་གོམས་ཀྱིས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར། སྔགས་གསུམ་དང་། ཕྱག་རྒྱ་བཞི་རབ་ཀྱིས་ཆུ་བོའི་རྒྱུན། འབྲིང་ཉིན་མཚན་དུས་དྲུག །ཐ་མས་ཀྱང་ལོ་ཟླ་ལས་མི་འདའ་བ་བྱ། ཐུགས་ཀྱི་དམ་ཚིག་ཏུ། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུགས་དང་གྲུབ་རྟགས་གསང་། །ཞེས་སྤྱི་གསང་བཞི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པར་གསང་བཞི་གཞན་དག་ལ་དད་པ་སྐྱེ་བའི་སྔགས་ཀྱི་རྫས་དང་ཡོ་བྱད་སོགས་གསང་བར་འོས་པ། སློབ་དཔོན་དང་མཆེད་ཀྱིས་གསང་བར་གཉེར་གཏད་པ་སྟེ་གསང་བ་བཅུ་པོ། དམ་ཉམས་དམ་མེད་དཀྱིལ་འཁོར་མ་མཐོང་བ་སོགས་ལ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་སྨྲ་བར་གསང་། ཡན་ལག་གི་དམ་ཚིག་ཏུ། སྦྱོར་སྒྲོལ་བརྫུན་སྨྲ་ཚིག་བརླང་མ་བྱིན་ལེན་


LT35_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཐབས་ཀྱིས་ཟིན་པའི་སྦྱང་བྱ་ལྔ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་རང་བཞིན་ཤེས་པས་མི་སྤངས་པ་ལྔ། དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་མདངས་ཆེན་ཏེ་འཛིན་རྟོག་སྤངས་ནས་ངང་དུ་བླང་བ་ལྔ། ཕུང་པོ་འབྱུང་བ་དབང་ཡུལ་ལྔ་ལ་སོགས་པ་རིགས་ཀྱི་ཡབ་ལྔ་ཡུམ་ལྔར་ཤེས་པར་བྱ་བ་ལྔ། བདེ་གཤེགས་རྡོ་རྗེ་རིན་ཆེན་པདྨ་ཀརྨ་སྟེ་ལམ་གྱི་རིམ་པས་བསྒྲུབ་པར་བྱ་བ་ལྔ་བཅས་ཡོངས་དྲིལ་ཉེར་ལྔ་པོ་རྣམས་དང་། གཞན་ཡང་སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉེར་ལྔ། སྤྱོད་པ་རྒྱུན་གྱི་དམ་ཚིག་བརྒྱད། གལ་མདོ་ངེས་པའི་དམ་ཚིག་བཞི་ལ་སོགས་པར་ཅི་ནུས་ཀྱིས་སློབ་ཅིང་། ཁྱད་པར་སྒྲུབ་ཆེན་འདི་ལྟ་བུའི་སྐབས་སུ་མི་བྱ་མི་རུང་བའི་གལ་པོ་ཆེའི་དམ་ཚིག་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། བླ་མ་བཀུར་ཞིང་གསུང་མི་གཅག །ཐུན་བཞིའི་རྣལ་འབྱོར་ཡན་མི་བྱ། །ལྷ་དང་སྔགས་ལ་ཐེ་ཚོམ་སྤངས། །མཆེད་ལྕམ་རྣམས་ལ་གདུང་སེམས་བསྐྱེད། །སེམས་ཅན་རྣམས་ལ་སྙིང་རྗེས་སྐྱོང་། །ང་རྒྱལ་རློམས་སེམས་ཞེ་སྡང་སྤང་། །འདོད་ཆགས་ཕྲག་དོག་ཁར་མི་བཏང་། །གསང་སྔགས་ལྟ་སྤྱོད་ཟུང་དུ་འབྲེལ། །རྫོགས་བསྙེན་བསྒྲུབ་པ་མཐའ་རུ་དབྱུང་། །ལེ་ལོ་གཉིད་དང་ཆང་དབང་སྤང་། །ཞེས་


LT35_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་མོས་གུས་དག་སྣང་ལ་གཞི་བཅའ། །ལྷ་སྔགས་ཏིང་འཛིན་གྱིས་གཞུང་བསྲང་། །སྡོམ་པ་དམ་ཚིག་ལ་རྒྱབ་བརྟེན། གཉིད་དང་ལེ་ལོ་ཆང་སོགས་བག་མེད་པའི་རྒྱུ་དང་ལྟུང་བ་འབྱུང་བའི་སྒོ་རྣམས་རིང་དུ་སྤངས། དད་སྤྲོ་བརྩོན་འགྲུས་དྲག་པོས་རྩེ་གཅིག་ཏུ་འབད་པ་ཤིན་ཏུ་གལ་ཆེ་སྟེ། སྤྱིར་གསང་སྔགས་ཀྱི་དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བ་མནར་མེད་ཆེན་པོར་སྐྱེས་ནས་ནམ་མཁའ་ཇི་སྲིད་བར་ཐར་བའི་གོ་སྐབས་མེད་པར་གསུངས་ཤིང་། ཁྱད་པར་སྒྲུབ་ཆེན་འདི་ལྟ་བུ་ནི་ཤིན་ཏུ་ཟབ་ཅིང་གཉན་པས་དུག་སྦྲུལ་མགོའི་ནོར་བུ་ལེན་པ་ལྟར་ཁེ་ཉེན་ཆེ་བའི་ཕྱིར། བག་ཡངས་རང་གར་སྤྱད་པ་དང་དམ་ཚིག་ལས་ཉམས་ན་ཉམས་པ་པོ་རང་ཉིད་ལ་འདི་དང་ཕྱི་མར་མི་ཤིས་པ་དུ་མ་འབྱུང་བ་མ་ཟད། ཚོགས་ཀྱི་དཀྱིལ་འཁོར་དུ་འདུས་པའི་རྣལ་འབྱོར་གཞན་ཀུན་ལའང་དེའི་ཉམས་གྲིབ་ཀྱི་ཤན་ཕོག་བར་འགྱུར་ཏེ། ཀུན་འདུས་རིག་པའི་མདོ་ལས། ཅི་ཕྱིར་འོ་མ་ཉུང་ངུ་ཞིག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་འགྱུར། །ཞེས་གསུངས་པས་དུས་རྟག་ཏུ་བག་ཡོད་དྲན་ཤེས་དང་མ་བྲལ་བ་གལ་ཆེ། དམ་ཚིག་བསྲུངས་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ།


LT35_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་འཚོ་བ་དང་མ་བྲལ་ན་དབང་པོའི་ལོངས་སྤྱོད་ཐམས་ཅད་ཤུགས་ལས་འབྱུང་བ་ལྷར་ལམ་གྱི་ཡོན་ཏན་མཐའ་དག་གོང་དུ་འཕེལ་ཞིང་། ཁྱད་པར་བསྒྲུབ་ལ་བརྩོན་ན་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པར་འགྱུར་ཏེ། རྒྱུད་ལས། དད་བརྩོན་དྲག་པོས་བསྒྲུབ་གྱུར་ན། །མཚམས་མེད་ལྔ་སྤྱད་མི་ཡིས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །ཅེས་སོགས་གསུངས་པའི་དོན་རྣམས་ཐུགས་ལ་བཞག་ནས་སྤང་བླང་ལ་བསྒྲིམས་པ་ཞུ། གསང་བའི་སྒྲུབ་ཆེན་འདི་ལྟ་བུའི་སྐབས་སུ། ཆོ་གའི་ལས་འགྲིགས། མཆོད་པའི་བཀོད་པ་སོགས་སྤྲོས་པ་ཇི་ཙམ་རྒྱས་བཞིན་ཚོགས་མྱུར་དུ་རྫོགས་པ་དང་དངོས་གྲུབ་མྱུར་དུ་འཐོབ་པ་སོགས་དགོས་པ་ཆེན་པོ་ཡོད་པས་བློ་དམན་འབྱོར་བ་ཆུང་བའི་རིགས་ཅན་ཡིན་ནམ་གཏོགས་སླ་ཆོས་དང་སྙོམས་ལས་དང་ཆོད་ཡོད་རས་ཆོད་ཀྱིས་སྤྲོས་པ་བསྡུ་མི་རུང་སྟེ། ཨོ་རྒྱན་ཆེན་པོའི་ཞལ་ནས། བློ་དང་ཁམས་ཀྱིས་ནུས་ཚད་ཀྱིས་གཞུང་རྒྱས་པར་ཁྲིགས་བསྐྱང་ན་ངེས་པར་དངོས་གྲུབ་རྣམ་གཉིས་ཆེ་ལ་མྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོ་ག་ཕྲ་མོ་ཡན་ཆད་ཀྱང་ཕལ་ཆེར་རྒྱུད་ལས་བྱུང་ཞིང་། འགག་ཞིག་བླ་མ་གྲུབ་པ་བརྙེས་པའི་བཀའ་སྲོལ་ཕྱག་བཞེས་


LT35_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དྷཱ་ཀི་མས་ལུང་བསྟན་པ་དང་། ཨོ་རྒྱན་ང་ཉིད་ཀྱིས་ཡང་ལེ་ཤོད་དུ་ཉམས་དང་སྦྱར་བ་ཡིན་པས་ཀུན་ཏུ་ཐེ་ཚོམ་སྤོངས་ལ་སྒྲུབས་ཤིག །གང་ཐེ་ཚོམ་ཅན་རྒྱུ་སླ་དེས་ཆོག་གཟུ་ལུམ་མཁན་རྣམས་ལ་དངོས་གྲུབ་ཏིལ་འབྲུ་ཙམ་ཡང་མེད་དོ། །དེ་བས་དད་ཅིང་མོས་པ་ཁོ་ནས་ཉམས་སུ་བླང་བར་བྱའོ། །ཞེས་ཡང་ཡང་གསུངས་པ་དང་། ཀུན་འདུས་རིག་པའི་མདོ་ལས། མུ་སྟེགས་ལ་སོགས་སྡེ་པ་རྣམས། །རྣལ་འབྱོར་སྤྱོད་ལ་འཕྱ་བ་ལ། །ཤིན་ཏུ་བླན་ཅིང་སྦ་བའི་ཕྱིར། །སྦས་པའི་བརྡ་ཡིས་བསྟན་པར་བྱ། །ཞེས་འབྱུང་བ་ལྟར། རྡོ་རྗེ་རྒྱལ་པོ་ནས་རྡོ་རྗེ་རྡུལ་འཕྱག་གི་བར་ཐམས་ཅད་ཀྱང་གསང་བའི་མཚན་སོ་སོ་ནས་སྨོས་པ་དང་། ཨ་ལ་ལ་ཧོཿལ་སོགས་པ་ངག་བརྡ་དམ་ཚིག་གི་ཕྱག་རྒྱ་དང་། བ་ལ་མ་དན་དང་ཟླ་རྒྱས་ཟླ་ཕྲོམ་ལ་སོགས་སྒྲ་བརྡ་དམ་ཚིག་གི་ཕྱག་རྒྱ་དང་། རྒྱུད་ནས་འབྱུང་བའི་ལག་པའི་བརྡ་སོགས་ལུས་བརྡ་དམ་ཚིག་གི་ཕྱག་རྒྱ་སྟེ་སྦས་པའི་བརྡ་སོ་སོས་མཚོན་པ་ལས་ཐ་མལ་པའི་མིང་ནས་སྨོས་བ་དང་བརྡས་མ་མཚོན་པ་སོགས་ནམ་ཡང་མི་རུང་ཞིང་། དེའི་དགོངས་པའང་སྔ་མ་ལས། བརྡ་ཡི་ཡོན་ཏན་ཆེན་པོ་ནི། །གྲངས་ཀྱང་བསམ་གྱིས་མི་ཁྱབ་ན། །མདོར་བསྡུས་རྣམ་པ་བཞི་ཡོད་དེ། །གཞན་གྱི་སྤྱོད་


LT35_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མ་ཡིན་དང་། །རྣལ་འབྱོར་རིག་པའི་སྤྱོད་ཡུལ་དང་། །སྦས་པས་གྲུབ་ཐག་ཉེ་བ་དང་། །གསང་བའི་དམ་ཚིག་མི་ཉམས་ཤིང་། །བརྡ་ལ་དགའ་བའི་མ་སྲིང་རྣམས། །ཉེ་ཞིང་གདུང་བའི་ཐབས་སུ་འགྱུར། །ཞེས་གསུངས་སོ། །སྒྲུབ་པའི་མཆེད་རྣལ་འབྱོར་པ་མང་དུ་འདུས་པ་འདིའང་བཟླས་བརྗོད་ཏིང་ངེ་འཛིན་གཅིག་གིས་ཆད་པ་གཅིག་གིས་མཐུད་པས་དགོངས་པ་ཟབ་མོ་ལ་བར་གསེང་གིས་མི་ཆོད་པ་སོགས་དགོས་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་གློག་ལས། དཔེར་ན་འཇིག་རྟེན་མི་རྣམས་ཀྱང་། །མང་པོ་འདུས་ན་དཀའ་བའང་འགྲུབ། །དེ་བཞིན་རྡོ་རྗེ་མིང་སྲིང་སྤུན། །དངོས་གྲུབ་སྒྲུབ་པའི་གྲོགས་མཆོག་ཡིན། །དཔེར་ན་སྲོགས་དང་ལྡན་པའི་མི། །འཚེ་བ་རྣམས་ཀྱིས་མི་ཚུགས་བཞིན། །དེ་བཞིན་རྣལ་འབྱོར་གྲོགས་ལྡན་ཀྱང་། །རྒོལ་བ་རྣམས་ཀྱིས་མི་ཚུགས་ཤིང་། །འབྲས་བུ་མྱུར་དུ་འགྲུབ་པར་འབྱུང་། །ཞེས་འབྱུང་སྟེ། དཔེར་ན་གལ་པོ་ཆེའི་ལས་བྱེད་པ་ན་གྲོགས་བཟང་བ་ལ་བློ་གཏོད་དགོས་པ་ལྟར། མཆེད་རྣམས་ཕན་ཚུན་དག་སྣང་བརྩེ་གདུང་རྒྱུན་མི་ཆད་པ་གལ་ཆེ་བ་ལས་ཁོང་ཁྲོ་རྩོད་འཛིངས་སོགས་བྱས་ཚེ་དམ་ཚིག་ཉམས་པས་ངེས་པར་མི་ཤིས་


LT35_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་བ་དང་། རོལ་མོའི་བརྡུང་བཀྲོལ་དང་། །དབྱངས་གདངས་ཀྱི་རིགས་འདི་རྣམས་ཀྱང་རྣམ་དཔྱོད་དང་མཛེས་བྲིགས་ཁོ་ན་མ་ཡིན་ཞིང་དགོས་པ་ཆེན་པོ་ཡོད་པ་ཡིན་ཏེ། གུ་རུའི་བཀའ་ལས། གསང་སྔགས་རོལ་མོས་བསྐུལ་ན་བྱིན་རླབས་ཆེ། །ཞེས་དང་། གཏེར་དུ་སྦས་པའི་གསང་སྔགས་ཆོ་ག་རྣམས། །བོན་གྱེར་མི་བྱ་ཚིག་དང་དོན་ཏུ་བསྡེབ། །འུར་ཀློག་མི་བྱ་སྙན་པའི་དབྱངས་ཀྱིས་བརྗོད། །ཅི་ཕྱིར་ཞེ་ན་གསང་སྔགས་གྱེར་ཞིང་བསྒོམ། །ཞེས་དང་། དེ་ཕྱིར་དབྱངས་ཀྱིས་བསྒྲུབ་པས་དངོས་གྲུབ་སྟེར། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ལས་དང་པོ་པས་ཚིག་རྐྱང་ཙམ་གྱིས་བསྒོམ་དོན་གསལ་ཐེབས་དཀའ་བས་གྱེར་བསྒོམ་ཞེས་ཚིག་དལ་བར་འདོན་པ་དང་། དབྱངས་སོགས་གྱེར་པ་དང་ལྷན་ཅིག་དོན་གསལ་འདེབས་པ་ཡིན་པས་དབྱངས་རོལ་སོགས་གང་དྲན་བྱུང་རྒྱལ་མ་ཡིན་པར་གོང་མ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མ་འཆུག་པ་མཛད་དགོས། སྒྲུབ་ཕྲན་ཟུར་དུ་འཇུག་པ་འདི་རྣམས་ཀྱང་མཁོས་ཆེན་གྱི་རྒྱས་སྤྲོས་ཙམ་མ་ཡིན་པ་དགོས་པ་ཤིན་ཏུ་ཆེན་པོ་དང་ལྡན་པ་ཡིན་ཏེ། གསང་རྫོགས་རྒྱུད་ལས། བསྙེན་སྒྲུབ་ཁོག་ནས་སྒྲུབ་ཕྲན་དབྱུང་། །མ་ཚང་ཁ་བསྐང་དངོས་གྲུབ་མྱུར། །


LT35_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་བ་ལྟར། སྤྱིར་འདི་ལྟ་བུའི་སྒྲུབ་ཆེན་གྱི་དཀྱིལ་འཁོར་གཅིག་ལ་བརྟེན་ནས་རང་རང་མོས་པའི་ལྷ་གང་བསྒྲུབས་ཀྱང་དུས་གཞན་ཏུ་སོ་སོས་བསྒྲུབས་པ་ལས་བདུན་འགྱུར་གྱིས་འགྲུབ་ཐག་ཉེ་བ་ཁྱད་ཆོས་ཡིན་པ་དང་། ཁྱད་པར་མཐོ་རིས་ཡོན་ཏན་བདུན་ལས་དོན་ཏུ་གཉེར་བྱའི་གཙོ་བོ་ཚེ་བསྲིང་བ་ལ་ཚོམ་ཆེན་འཆི་མེད་དགའ་ཚལ་དུ་གསང་འདུས་ཚེ་སྒྲུབ། དམ་སྲི་ཉུ་ལེ་སོགས་སྒྲུབ་པའི་བར་ཆད་ཟློག་པ་ལ་ཕུར་ཁང་བདུད་དཔུང་ཟིལ་གནོན་ཏུ་རྡོ་རྗེ་ཕུར་པའི་སྒྲུབ་པ། དམ་ཚིག་ཉམས་ཆག་སྦྱོང་བ་ལ་གྲོ་ལོད་སྒྲུབ་ཁང་པདྨ་འོད་འཁྱིལ་དུ་རྡོ་རྗེ་སེམས་དཔའི་སྐོང་ཆོག་དང་དྲི་མེད་བཤགས་རྒྱུད། ཕྲིན་ལས་ལྷག་ཆད་ཁ་སྐོང་བ་ལ་ལས་བྱང་གཞུང་སྲོང་མཁན་འདུ་ཁང་ཆེན་མོའི་ལྡེབ་གཡབ་ཏུ་བཞུགས་པ་བཅས་སྒྲུབ་ཆེན་འདིའི་ཆ་ལག་ཏུ་མེད་ཐབས་མེད་ཅིང་། སོ་སོར་བསྒྲུབས་པའི་དངོས་གྲུབ་ཀྱང་འདུས་པའི་མཆེད་ལྕམ་སྤྱི་ལ་དུས་གཅིག་ཏུ་འཐོབ་པར་འགྱུར་བ་ཡིན་པས། སྒྲུབ་ཁག་སོ་སོས་ཀྱང་གཞུང་ཟུར་གྱི་ཕྱོགས་འཛིན་མེད་པར་དགོངས་པ་མཐུན་ཅིང་ཏིང་འཛིན་མི་གཡེལ་བ་རྩེ་གཅིག་ཏུ་འབད་དགོས། ཨོ་རྒྱན་ཆེན་པོའི་ཞལ་ནས། དམ་ཚིག་ཉམས་ན་དངོས་གྲུབ་རྡུལ་ཙམ་མི་འབྱུང་བས།


LT35_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ནི་མཚོར་བར་ཉམས་སྲིད་པས་སྐོང་བཤགས་རྒྱུན་བཙུགས་ཏེ་འབད་དོ། །དམ་ཅན་སྤྲིན་ལྟར་གཏིབས་པས་དངོས་གྲུབ་ཆར་ལྟར་འབེབས་འཕྲོ་ལ་དམ་ཕྲ་མོ་ཞིག་ཉམས་ཀྱང་རླུང་སྤྲིན་ལ་ཕོག་པ་ལྟར་དམ་ཅན་གྱེས་ནས་དངོས་གྲུབ་ཆད་པས་བར་ཆད་ཀྱིས་ཚུགས་སྲིད་པའི་ཕྱིར་སྐོང་བཤགས་ཤིན་ཏུ་གཅེས་པས་ནན་ཏན་ཏུ་བྱའོ། །ཞེས་གདམས་པར་མཛད་པ་ལྟར། གལ་ཏེ་སྤྱི་དང་བྱེ་བྲག་དམ་ཚིག་གཉེར་དུ་གཏད་པ་ལས་འདས་ཤིང་ཉམས་ན་དེ་མ་ཐག་ཏུ་སྐོང་ཞིང་བཤགས་པའི་ཐབས་ཀྱིས་སྦྱོང་དགོས་ཏེ། ཀུན་འདུས་རིག་པ་ལས། གལ་ཏེ་གང་ཟག་དབང་གིས་ན། །ཉམས་པའི་ཆད་པ་བྱུང་བ་ལ། །མགོན་མཚུན་ཆོས་ཉིད་ཆུ་ཕབ་ནས། །སྐོང་ཟློག་ཆོ་ག་རྒྱ་ཆེར་བྱ། །ཞེས་གསུངས་པ་དང་། སྒྲུབ་པ་པོ་ལས་དང་པོ་པ་རྣམས་དངོས་སུ་དམ་ཚིག་ཉམས་པ་མཚོར་ཀྱང་། རང་བཞིན་གྱིས་ཉམས་པ་དང་། ཞར་བྱུང་དུ་ཉམས་པ་ཤིན་ཏུ་མང་བས་སྐོང་བཤགས་ལ་རྟག་ཏུ་འབད་པ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། སྔ་མ་ལས། ཇི་ལྟར་བཙོ་བླག་མཁན་དག་གིས། །རས་དཀར་སྦྱངས་བས་ཚོན་འཇེན་ལྟར། །རྣལ་འབྱོར་ལས་ནི་དང་པོ་རྣམས། །སྐོང་དང་སྦྱོང་བའི་ལས་རྣམས་གཅེས། །ཞེས་


LT35_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐོང་ཆོག་མཁན་ཟུར་དུ་བཞུགས་དགོས་པའི་རྒྱུ་མཚན་ཀྱང་དེ་ཡིན་ལ། སྒྲུབ་པ་པོ་སོ་སོ་ནས་ཀྱང་ནང་ནུབ་ཐུན་མཚམས་ཐམས་ཅད་དུ་ཉམས་ཆགས་བཤགས་པའི་ཆོ་ག་ལ་བརྩོན་པ་གལ་ཆེ་སྟེ། དེའང་རབ་འཁོར་འདས་རོ་མཉམ་གྱི་ལྟ་བ་བླ་མེད་མཆོག་གི་དམ་ཚིག་གིས་བསྐང་སྟེ། རྒྱུད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་དང་། གསང་བ་ཡོངས་རྫོགས་ལས། །ཡང་དག་དོན་གྱི་དམ་ཚིག་ཏུ། །འཁོར་འདས་ཆོས་རྣམས་རང་རིག་སེམས། །གདོད་ནས་རང་བྱུང་ཆོས་སྐུའི་ངང་། །དེ་ཉིད་ངེས་ན་བསྲུང་ཉམས་མེད། །མི་བསྲུང་བླ་ཡིས་དོར་དུ་མེད། །ཉམས་སྐྱོན་ཐོབ་བྱའི་འབྲས་བུ་མེད། །མ་སྤངས་མི་གནས་གཟུང་འཛིན་འདས། །ཞེས་པ་ལྟར་དང་། འབྲིང་པོས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་ཤེས་ཤིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པ་དང་། ཐ་མས་ཀྱང་གནོང་འགྱོད་དང་བཅས་པའི་སྒོ་ནས་ཕྱག་བསྐོར་སྨྲེ་བཤགས་ལ་སོགས་པས་སྦྱང་དགོས་ཏེ། ཀུན་འདུས་རིག་པ་ལས། བཤགས་པའི་ཐབས་བཞི་ནི།


LT35_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཆེན་པོས་རྒྱུད་ཀྱི་བག་ཆགས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དང་། ཏིང་ངེ་འཛིན་ཆེན་པོའི་མེས་བག་ཆགས་ཐམས་ཅད་བསྲེག་སྟེ་མེད་པར་བྱ་བ་དང་། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་བག་ཆགས་ཀྱི་མུན་ནག་བསལ་ཏེ་དེ་དག་དག་པར་བྱ་བ་དང་། སྤྱོད་པ་རླབས་པོ་ཆེའི་ཆུས་བཀྲུ་བའོ། །ཞེས་སོགས་རྒྱས་པར་གསུངས་པའི་དོན་ནོ། །དབང་པོ་མཆོག་དམན་སྤྱིའི་གསང་སྔགས་ཀྱི་དམ་ཚིག་ཉམས་ཆག་སྦྱོང་བྱེད་ཁྱད་པར་དུ་འཕགས་པ་ནི་རྡོར་སེམས་ཡི་གེ་བརྒྱ་པའི་བསྒོམ་བཟླས་ཡིན་ཏེ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་གང་གིས་ཐོས་པ་དེས་རྒྱལ་བ་མང་པོ་ལ་སྔོན་ཏུ་བྱ་བ་བྱས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་ཞིང་ཁམས་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །ཐེག་པ་ཆེན་པོར་ངེས་པར་འབྱུང་བ་དག་ཡིན་ནོ། །མངོན་པར་ཤེས་པ་དག་དང་ལྡན་པ་ཡིན་ནོ། །སངས་རྒྱས་ཀྱི་སྲས་སུ་ངེས་པ་དག་ཡིན་ནོ། །ལྷག་མཐོང་གི་མིག་དང་ལྡན་པ་དག་ཡིན་ནོ། །ཞེས་སོགས་དང་། རྟ་མཆོག་རོལ་པའི་རྒྱུད་ལས། གསང་སྔགས་རྒྱལ་པོ་བླ་མེད་པ། །


LT35_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་བརྗོད་པ་ཙམ་གྱིས་ཀྱང་། །སྡིག་པ་མ་ལུས་ཟད་བྱེད་ཅིང་། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད། །ཞེས་སོགས་རྒྱུད་ལུང་མན་ངག་ཀུན་ནས་མཐའ་ཡས་པ་གསུངས་པས་ད་ལྟ་འུར་འདོན་དང་། སྒྲུབ་པ་འདི་ཉིད་མ་གྲོལ་གྱི་བར་དུ་ཐུགས་བསྙེལ་མེད་པ་ཐུན་སྐབས་ཐམས་ཅད་དུ་སོ་སོས་བཟླས་བསྒོམ་མཛད་པར་ཞུ། ཞེས་བརྗོད་ལ་ཡིག་བརྒྱ་གསུམ་ལ་སོགས་པ་དང་། ཡང་སྙིང་བརྒྱ་རྩ་བཟླར་གཞུག །དགེ་བ་བསྔོ།། ༈ །།བསྙེན་བཟླས་ལ་བབ་པའི་ཚེ་རྡོ་རྗེ་རྒྱལ་ཚབ་པས་འདི་སྐད་དོ། །འོ། རྡོ་རྗེའི་འདུས་པ་རྒྱ་མཚོ་རྣམས་ཀྱི་ཐུགས་མ་ཡེངས་ཤིང་བསྙེན་བཟླས་མི་བཅད་པར་ཤུབ་བུར་བཟླ་བཞིན་པའི་ངང་གསན་འཚལ། དེའང་རང་རེ་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཁྱམས་ཏེ་རྣམ་པར་གྲོལ་བའི་སྐབས་མི་ཕྱེད་པ་འདི་སེམས་ཡུལ་ལ་ཡེངས་པ་གཅིག་པུས་ལེན། རང་སེམས་རང་གིས་གཉེར་ཁམ་བྱས་ན། རྣམ་རྟོག་གི་གཡེང་བ་ནི་ཆུའི་གཉེར་མ་བཞིན་འཛད་པའི་དུས་མི་སྲིད་པར་རང་སེམས་རང་གིས་འཚོ་བསྐྱང་བྱ་དགོས། ཁྱད་པར་གསང་སྔགས་ཀྱི་སྒྲུབ་ཆེན་གཉེན་པོ་འདི་ལྟ་བུའི་སྐབས་


LT35_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལུས་ལྷ་རུ་བསྒོམ། ངག་གིས་འཛབ་སྔགས་བཟླ། ཡིད་མོས་གུས་དག་སྣང་སྙིང་རྗེ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བསྒྲིམས་པ་མ་གཏོགས་སྒོ་གསུམ་ཐ་མལ་དུ་བཏང་མི་རུང་། མ་ཡེངས་ཤིང་ཏིང་འཛིན་བརྟན་ན་ཞག་གྲངས་དང་བཟླས་གྲངས་མང་པོ་ལ་མི་ལྟོས་པར་མྱུར་དུ་འགྲུབ་པར་འགྱུར་ལ། སེམས་ཡེངས་ན་དུང་ཕྱུར་ལ་སོགས་པ་བཟླས་ཀྱང་ཉམས་དང་རྨི་ལམ་གྱི་འགྲུབ་རྟགས་ཙམ་ཡང་འབྱུང་བར་དཀའ་སྟེ། བྱང་གཏེར་ཐུགས་སྒྲུབ་ཆེན་མོ་ལས། མཆོག་ཐུན་དངོས་གྲུབ་ཐོབ་བྱའི་ཕྱིར། །ཡི་གེ་འདུས་པ་ལྷ་ཡི་ལྷ། །གང་བཟློས་གཞུང་གི་ཏིང་འཛིན་བསྐྱང་། །ཡུལ་གཞན་མཚན་མས་གཡེང་བ་ཡི། །བསྐལ་བར་བཟླས་ཀྱང་འབྲས་བུ་མེད། །དེ་ཕྱིར་མ་ཡེངས་ཏིང་འཛིན་གཅེས། །ཞེས་གསུངས་ཤིང་། ཏིང་ངེ་འཛིན་ལ་སྤྱིར་དབྱེ་བ་བསམ་གྱིས་མི་ཁྱབ་ཀྱང་སྐབས་འདིར་ནི། གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། །ཡེ་ཤེས་འཇིག་རྟེན་གང་བསྒྲུབས་ཀྱང་། །སྲོག་སྡོམ་གཟེར་བཞིས་མ་ཐེབ་ན། །ནམ་ཡང་དོན་མེད་ཡུག་ས་རྐྱང་། །དྲང་དོན་རྫུན་གྱི་འཕྲུལ་འཁོར་ཡིན། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་


LT35_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་ན་ཉི་མ་ཀུན། །མ་བཟུང་བ་ཡང་སྟོང་སྲོག་ཐོབ། །དེ་ཕྱིར་སྲོག་གི་གཟེར་བཞི་གཅེས། །ཞེས་གསུངས་པ་ལྟར་སྲོག་སྡོམ་གཟེར་བཞི་ནི་བསྙེན་སྒྲུབ་སྤྱི་ལ་མེད་དུ་མི་རུང་བ་གལ་པོ་ཆེ་ཡིན་ལ། དེའང་། །ཏིང་འཛིན་གཟེར་དང་སྙིང་པོའི་གཟེར། །དགོངས་པའི་གཟེར་དང་འཕྲོ་འདུའི་གཟེར། །ཞེས་པ་ལྟར་ལས། དང་པོ་ཏིང་འཛིན་དམིགས་པའི་གཟེར་ནི་ལྷ་སྣང་ལ་སེམས་རྩེ་གཅིག་ཏུ་བཞག་པ་སྟེ། དེའང་རྒྱུད་དང་གྲུབ་བརྙེས་མང་པོའི་བཀའ་སྲོལ་གྱི་རིམ་པ་མི་འདྲ་བ་མང་ཡང་། འདི་ནི་བཀའ་བརྒྱད་ཡོངས་འདུས་ལས། །དང་པོ་ལྷ་ཡི་རྣམ་པ་བསྒོམ། །རྣམ་པ་སེམས་སུ་ཤར་ཙམ་ན། །ཐ་མར་རྟོག་པ་འཇིག་པར་འགྱུར། །བར་དུ་ལྷ་ཡི་ང་རྒྱལ་བསྒོམ། །ང་རྒྱལ་བརྟན་པོར་གྱུར་ཙམ་ན། །རང་དབང་རང་གིས་ཐོབ་པ་ཡིན། །མཐར་ནི་ལྷ་ཡི་བྱིན་རླབས་བསྒོམ། །བྱིན་རླབས་ནུས་པས་གཞན་སྣང་སྒྱུར། །རང་རིག་དོན་དམ་མཇལ་བར་འགྱུར། །ཞེས་གསུངས་པ་ལྟར་བསྒོམ་བྱའི་ལྷ་དང་དཀྱིལ་འཁོར་གྱི་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་གྱི་སྒོ་ནས་སྐད་ཅིག་ཀྱང་མ་ཡེངས་


LT35_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པས་སྣང་ཉམས་ཤེས་ཉམས་མཐོང་ཉམས་ཏེ་ཡུལ་གསུམ་གྱད་དུ་གྱུར་ནས་ཡི་དམ་གྱི་ལྷ་དངོས་སུ་མཇལ་བར་འགྱུར། གཉིས་པ་སྙིང་པོ་སྔགས་ཀྱི་གཟེར་ལ། ལུས་དང་ཡན་ལག་གི་ཡི་གེ་འདུས་ནས་ཡི་དམ་གྱི་ལྷ་བསྐྱེད་པ་ན་གྲུབ་པ་བཞི་རང་བཞིན་གྱིས་ལྡན་པ་ནི་སྔགས་ཀྱི་ངོ་བོ་སྟེ། ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་གསུངས་པ་ལྟར། གཉུག་མའི་ཡེ་ཤེས་གཞོམ་དུ་མེད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་གདོད་ནས་རང་ལ་རང་ཆས་སུ་གནས་པ་ཆོས་ཉིད་རང་བཞིན་གྱིས་གྲུབ་པ། རྩ་རླུང་ཐིག་ལེ་རྟོག་ཚོགས་ཀྱི་རྣམ་པ་ཐམས་ཅད་ཡི་གེ་དང་། སྔགས་དང་། ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོར་རང་ཆས་སུ་ཤར་བ་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དེ་ཉིད་སྐྱེ་འགག་མེད་པའི་ཡེ་ཤེས་སུ་རང་སྣང་བས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབ་པ་བྱིན་རླབས་ཀྱིས་གྲུབ་པ། སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གོམས་པའི་སྦྱོར་བས་མཆོག་གི་དངོས་གྲུབ་སྐུ་ལྔ་ལྷུན་གྱིས་གྲུབ་པ་དང་། ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བ་མཐུས་གྲུབ་པ་སྟེ། དེ་ལྟ་བུའི་སྔགས་


LT35_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནུས་པས་དངོས་གྲུབ་རྣམ་གཉིས་ལ་སྦྱོར་བའི་ཕྱིར་ནུས་མཐུ་ཁྱད་པར་ཅན་ཏུ་གྱུར་པ། ངེས་ཚིག་ནི། མནྟྲའི་སྒྲ་ལས་ཡིད་ཤེས་བདེ་བའི་ལམ་གྱིས་མྱུར་དུ་སྐྱོབ་པའི་དོན་ཏེ། འདོད་པའི་ལོངས་སྤྱོད་ལྔ་པོ་ལ། །ཅི་བདེ་བར་ནི་སྤྱད་པས་འགྲུབ། །ཅེས་པ་ལྟར་རོ། །དབྱེ་ན་སྤྱི་དང་ཁྱད་པར་གཉིས་ལས། སྤྱིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད། དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྔགས་ཏེ་ངག་ཏུ་རྗོད་པར་བྱེད་པའི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པ་གཟུངས་སྔགས་དང་། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད། དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོགས་པའི་གཉེན་པོར་གྱུར་པ་རིག་སྔགས་དང་། དྲན་པ་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་བྱེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་གཟུངས་སྔགས་ལ་སོགས་པ་དང་། ཁྱད་པར་གསལ་བཀྲ་ལས། །རྩ་བ་བསྐྱེད་དང་ལས་སྔགས་དང་། །ཞེས་པས་རྒྱུ་མ་ནོར་བ་རྩ་བའི་སྔགས། སྐྱེད་བ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་ཞེས་སྔ་འགྱུར་གྱི་རྒྱུད་སྡེ་རྣམས་སུ་འགྱུར་བ་ལས། འདིར་སྐབས་སུ་བབ་པ་ནི་ཕྱི་མ་ཉིད་དེ། དེ་ཉིད་ཇི་ལྟར་བཟླ་བའི་


LT35_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཡང་། ཡེ་ཤེས་རྔམ་གློག་གི་རྒྱུད་ལས། བསྒོམ་དང་བཟླས་དང་འཕྲོ་འདུའི་སྔགས། །ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲས་བསྐྱོད་ནས། །སྒྲིབ་པའི་བུད་ཤིང་བསྲེག་པར་བྱ། །བཟླས་བརྗོད་སྔགས་ཀྱི་བརྟུལ་ཞུགས་ཀྱང་། །སྒྲ་ཆེན་མ་ཡིན་ཆུང་བར་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པར་མ་ཡིན་དལ་བར་མིན། །ཡིག་འབྲུ་ཡན་ལག་ཉམས་པར་མིན། །ཡེངས་མིན་གླལ་སོགས་བར་ཆོད་མིན། །རྒྱུ་བའི་སེམས་རྣམས་སྤང་བ་དང་། །བཟླས་པའི་སྐྱོན་བཅུ་སྤངས་ནས་ནི། །གྲངས་དང་དུས་དང་མཚན་མ་ཡི། །བསྙེན་པ་རབ་ཏུ་རྫོགས་པར་གཅེས། །ཞེས་དང་། བྱང་གཏེར་ལས། བཟླ་ཐབས་སྐྱོན་བཅུ་རབ་སྤངས་ལ། །ཆུ་བོའི་གཞུང་བཞིན་ཉིན་མཚན་ཏུ། །ལྷ་དང་མཉམ་པར་སྦྱར་ཏེ་བཟླ། །དག་དང་མ་དག་སྟོང་འགྱུར་ལ། །ཏིང་འཛིན་ཡོད་མེད་འབུམ་དུ་འགྱུར། །དེ་ཕྱིར་མ་ཡེངས་དག་པར་བཟླ། །ཞེས་གསུངས་པ་ལྟར་བཟླས་པའི་སྐྱོན་རྣམས་སྤངས་ལ་སྔགས་སྒྲ་མི་བཅད་པར་བཟླས་པས་ཡི་དམ་གྱིས་ལུང་སྟོན། ནུས་པའི་རྩལ་རྫོགས། དམ་ཅན་བྲན་ཏུ་འཁོལ་བར་འགྱུར། གསུམ་པ་དགོངས་པ་མི་འགྱུར་བའི་


LT35_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གཟེར་ནི། །ལྷ་སྣང་རིག་པའི་རང་རྩལ། རིག་པ་སྟོང་གསལ་འགྱུར་མེད་གཉུག་མའི་ཀློང་དུ་མཚན་མའི་རྟོག་པ་གང་ཤར་ཡང་ཀ་དག་ཀུན་བཟང་གི་དགོངས་པ་ལས་མི་འདའ་བ་ཐག་ཆོད་པ་སྟེ། ཡོངས་རྫོགས་རྒྱུད་ཆེན་ལས། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུད་ན་མེད་ཅིང་རུ་དྲ་ཡང་། །ལོགས་ན་མེད་དེ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །གསལ་ལ་མ་འགག་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ། །འགྱུ་དྲན་རྣམ་རྟོག་བསམ་ཡས་ཀྱང་། །ཡོངས་སུ་རྫོགས་པ་དཔལ་གྱི་འཁོར། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །རང་བཞིན་ཉིད་ལས་གཡོས་པ་མེད། །ཅེས་པ་ལྟར་རབ་རྣམས་ཀྱིས་བསྐྱེད་རྫོགས་ཟུང་འཇུག །།འབྲིང་རྣམས་ཀྱིས་རེས་མོས། ཐ་མས་ཀྱང་ལྷ་སྣང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་ཏེ་ཨ་མ་འཐས་པ་མཛད་པས་བར་ཆད་ཡུལ་བུད། ཏིང་འཛིན་གྱི་གོལ་ས་ཆོད། །མཆོག་གི་དངོས་གྲུབ་འཐོབ་པའི་ཉེར་རྒྱུར་འགྱུར། །བཞི་པ་འཕྲོ་འདུ་སྣ་ཚོགས་ཀྱི་གཟེར་ནི། དམིགས་པ་ཕྱོགས་


LT35_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་མི་ཞེན་པར་སྤྱི་དང་བྱེ་བྲག་གི་ཏིང་འཛིན་དགོངས་པའི་འཕྲོ་འདུ་སྣ་ཚོགས་ལ་བསླབ་པ་སྟེ། ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས། །སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ། །གང་ལྟར་བསམ་པ་དེ་ལྟར་སྣང་། །སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས། །ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས། །ཕན་གནོད་ལས་ཀ་གང་ཡང་འགྲུབ། །དཔེར་ན་ནོར་བུ་གཅིག་ཉིད་ལ། །མཆོད་གསོལ་རྐྱེན་གྱི་བྱེ་བྲག་ཏུ། །ཇི་ལྟར་འདོད་པ་སོ་སོར་སྐོང་། །ཞེས་པ་ལྟར་ཏིང་འཛིན་ལ་བརྟེན་པ་ཐོབ་ནས་ཞི་རྒྱས་དབང་དྲག་ལས་རབ་འབྱམས་ཀྱི་ཁ་སྒྱུར་ཅུང་ཟད་རེ་བྱས་པས། ལྷ་གཅིག་དང་སྔགས་གཅིག་གིས་ཀྱང་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གཞན་ཡང་བསྒྲུབ་བྱའི་ལྷ་དང་། སྒྲུབ་བྱེད་ཀྱི་ཆོ་ག །སྒྲུབ་པ་པོ་རྣལ་འབྱོར་རང་དང་བཅས་པ་ཨ་འཐས་མཚན་མར་མི་ཞེན་པ་ཤེས་བྱ་བཅུ་དང་མ་བྲལ་བར་དགོས་ཏེ། གསང་རྫོགས་རྒྱུད་ལས། སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ཆུ་ཟླ་དང་། །ཆུ་བུར་མིག་སྐྱོན་སྤྲུལ་པ་སྣ་ཚོགས་ཏེ། །ཤེས་བྱ་བཅུ་ཚུལ་གསང་སྔགས་ཉམས་སུ་བླངས། །ཞེས་གསུངས་པས། སྒྲུབ་ཐབས་ཐམས་ཅད་རང་མཚན་བདེན་དངོས་སུ་མ་གྲུབ་པ་སྒྱུ་མ་


LT35_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ། མིང་ཚིག་ཐམས་ཅད་ཐ་སྙད་ཙམ་ལས་དོན་ལ་དམིགས་སུ་མེད་པ་སྨིག་རྒྱུ་ལྟ་བུ། སྤྱོད་ལམ་ཐམས་ཅད་མེད་བཞིན་སྣ་ཚོགས་སུ་ཤར་བ་རྨི་ལམ་ལྟ་བུ། དངོས་པོ་ཐམས་ཅད་ཤར་ཡང་ངོ་བོས་སྟོང་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། གནས་ཁང་ཐམས་ཅད་སྣང་ཡང་བདེན་པ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྔགས་སྒྲ་ཐམས་ཅད་ངོ་བོ་མ་གྲུབ་ཀྱང་རྐྱེན་ལ་བརྟེན་པ་བྲག་ཆ་ལྟ་བུ། ལྷ་སྐུ་ཐམས་ཅད་གསལ་ལ་རྟོག་པ་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ། རྟོག་ཚོགས་ཐམས་ཅད་ཤར་ཡང་རང་སར་གྲོལ་བ་ཆུའི་ཆུ་བུར་ལྟ་བུ། ཏིང་འཛིན་ཐམས་ཅད་མེད་བཞིན་ཅིའང་འཆར་བ་མིག་ཡོར་ལྟ་བུ། ཆོ་འཕྲུལ་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་སྤྲུལ་པ་ལྟ་བུར་ཤེས་པར་བྱའོ། །ཁྱད་པར་བཟླས་པ་སྔགས་ལ་འདུ་ཤེས་དགུ་དང་ལྡན་དགོས་ཏེ། ལྷ་དང་སྔགས་ཀྱི་དེ་ཁོ་ན་ཉིད་མཉམ་པས་སྔགས་ལྷར་ཤེས། སྔགས་གཅིག་བཟླས་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འགྲུབ་པས་སྔགས་དཀྱིལ་འཁོར་དུ་ཤེས། བཟླས་བརྗོད་འཕྲོ་འདུས་རྒྱལ་བ་ཐམས་ཅད་མཉེས་པས་སྔགས་མཆོད་པར་ཤེས། ཉམས་དང་རྟོགས་པ་བསྐྱེད་པས་སྔགས་བྱིན་རླབས་སུ་ཤེས། མཆོག་དང་ཐུན་མོངས་


LT35_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པས་སྔགས་དངོས་གྲུབ་ཏུ་ཤེས། ལས་རབ་འབྱམས་སྣ་ཚོགས་གྲུབ་པས་སྔགས་ཕྲིན་ལས་སུ་ཤེས། དངོས་འཛིན་བཅོམ་ཞིང་སྐྱེ་མེད་དུ་གྲོལ་བས་སྔགས་ཆོས་ཉིད་དུ་ཤེས། ཉམས་ཆགས་སྐོང་ཞིང་སྡིག་སྒྲིབ་སྦྱོང་བས་སྔགས་སྒྲིབ་སྦྱོང་དུ་ཤེས། འདོད་པ་ཐམས་ཅད་སྐོང་བས་སྔགས་ཡིད་བཞིན་གྱི་ནོར་བུར་ཤེས་པའོ། །དེ་ལྟར་འཛབ་སྔགས་རྒྱུན་མི་ཆད་པར་བཟླ་ཞིང་བསྙེན་སྒྲུབ་ཡན་ལག་བཞི་ལ་གནས་པས་འགྲུབ་པའི་རྟགས་ཀྱང་རིང་པོར་མི་ཐོགས་པར་དབང་པོ་དང་སྐལ་པའི་ཁྱད་པར་ཇི་ལྟ་བ་འབྱུང་སྟེ། བདུད་རྩི་རོལ་བའི་རྒྱུད་ལས། དེ་དག་དུས་བཞིར་སྤྱོད་བྱེད་ཅིང་། །ཀུན་ཏུ་བསྙེན་དང་ཉེ་བསྙེན་དང་། །སྒྲུབ་དང་སྒྲུབ་ཆེན་བརྩོན་པ་ཡིས། །འདོད་པའི་འབྲས་བུར་སྦྱོར་བྱེད་པས། །དེ་དག་ཇི་བཞིན་གོམས་པའི་མཐུས། །ཐམས་ཅད་ཆོས་ཀྱི་ཚུལ་རྒྱུན་སྣང་། །རིགས་མཐུན་གཞན་གྱིས་མི་ཤིགས་པའོ། །ཞེས་དང་། བསྙེན་སྒྲུབ་ཕྱག་རྒྱ་བཞིར་གནས་པས། །ལ་ལ་ཐང་ཅིག་ཡུད་ལ་འགྲུབ། །ལ་ལ་ཉིན་ཞག་གཅིག་གིས་འགྲུབ། །ལ་ལ་ཉིན་ཞག་བདུན་གྱིས་འགྲུབ། །ལ་ལ་ཉི་ཤུ་རྩ་གཅིག་ན། །ལ་ལ་ཟླ་བ་ལོ་ཡི་དུས། །དེ་དག་ཐེ་ཚོམ་མེད་


LT35_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྲུབ། །ཅེས་འབྱུང་སྟེ་བསྙེན་སྒྲུབ་ཡན་ལག་བཞི་ལའང་། ལམ་དུས། བསྒྲུབ་དུས། སྦྱོར་དུས་ཀྱི་དབང་དུ་བྱས་པ་གསུམ། བསྒྲུབ་དུས་ལའང་རྙིང་མ་བཀའ་མ་དང་། གསར་མའི་རྒྱུད་སྡེ་རྣམས་ནས་ཕྲིན་ལས་ཆོ་གའི་གོ་རིམ་དང་སྦྱར་བ་ཁོ་ན་འབྱུང་ཡང་། གཏེར་མའི་ཕྱོགས་འདིར་ནི་ཛབ་བཟླས་ཁོ་ན་ལ་སྦྱོར་བའང་མང་སྟེ། དེའང་ཟླ་བ་སྐར་ཕྲེང་གི་དགོངས་པ་བསྙེན་པ། འགལ་མེ་ཀླད་སྐོར་གྱི་དགོངས་པ་ཉེ་བསྙེན། རྒྱལ་པོས་ཕོ་ཉ་འགྱེད་པའི་དགོངས་པ་སྒྲུབ་པ། བུང་བ་ཚང་ཞིག་གི་དགོངས་པ་སྒྲུབ་པ་ཆེན་པོ་དང་སྦྱར་བ་ལགས་སོ། །དེ་ལ་ཐོག་མ་ནས་བདག་མདུན་སོ་སོར་བསྐྱེད་མི་དགོས་པ་གསང་སྔགས་སྔ་འགྱུར་བའི་ཁྱད་ཆོས་ཡིན་པས། བདག་མདུན་དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་བསྒྲུབ། བསྙེན་བཟླས་ལ་འཇུག་པ་ན་མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་མདུན་དཀྱིལ་བུམ་པ་ལ་སོགས་པའི་གོ་སར་དཀྱིལ་འཁོར་སྤྲོ་བ་ལ་ཛབྲ་ཁོང་དབྱེ་བ་ཞེས་ཐ་སྙད་མཛད་པ་ཡིན་ལ། ཛབྲ་དམིགས་སྐབས་སུ་གང་བབ་རིམ་པར་སྦྱོར་ཚུལ་གཞུང་གསལ་ཉིད་ལ་རྟོག་དཔྱོད་དང་ཏིང་འཛིན་མི་གཡེལ་བ་ཅི་ནས་གལ་ཆེ། བློ་དམན་དམིགས་པ་


LT35_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསལ་བས་དཀྱིལ་འཁོར་བསྒོམ་པར་མི་ནུས་པའི་རིགས་རྣམས་ཀྱིས། རང་ཉིད་གཙོ་བོ་སྤྱན་རས་གཟིགས་སུ་གསལ་བའམ། སྤྱན་རས་གཟིགས་དངོས་ཡིན་སྙམ་པའི་ང་རྒྱལ་ཙམ་བསྒོམ་ཡང་ཕན་ཡོན་ཚད་མེད་དེ། པདྨ་རྒྱལ་པོའི་རྒྱུད་ལས། སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །བསྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྒྲིབ་པ་འདགས་པར་བྱེད། །ཅེས་གསུངས་པ་དང་། སྔགས་ཡི་གེ་བདུན་པའི་ཕན་ཡོན་མདོ་རྒྱུད་ཀུན་ནས་བསམ་གྱིས་མི་ཁྱབ་པ་གསུངས་པ་འདིར་སྨོས་ཀྱིས་མི་ལོངས་ལ། མདོར་བསྡུས་གསང་འདུས་རྒྱུད་ལས། རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས། །སྟོང་གསུམ་འཇིག་རྟེན་ཁམས་འདི་དག །ཏིལ་འབྲུར་བསིལ་ནས་བགྲང་ན་འཛད། །ཡིག་བདུན་ཡོན་ཏན་ཟད་མི་ཤེས། །འཇིག་རྟེན་སེམས་ཅན་སྲོག་བཏོན་པའི། །བསོད་ནམས་འཕགས་པས་བགྲང་བར་ནུས། །ཡིག་བདུན་ལན་གཅིག་བརྗོད་པ་ཡི། །ཡོན་ཏན་བརྗོད་པ་ག་ལ་ནུས། ཁམས་གསུམ་སེམས་ཅན་མ་ལུས་པ། །སངས་རྒྱས་སར་བཀོད་ཡོན་ཏན་ནི། །བགྲང་བར་


LT35_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ཀྱི་ཡི་གེ་བདུན། །གཅིག་བརྗོད་ཡོན་ཏན་བགྲང་མི་ནུས། །ཡིག་བདུན་དབང་དང་ལུང་ཐོབ་མིས། །ལས་དང་ལས་ཀྱི་རྣམ་སྨིན་རུང་། །མི་དགེ་བཅུ་དང་མཚམས་མེད་ལྔ། །དུས་འདི་ཉིད་ནས་སྦྱོང་བར་བྱེད། །ཡང་སྙིང་ཡིད་ལ་སུས་བྱེད་ཚད། །ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར། །བར་ཆད་སེལ་ཞིང་འགྲོ་བ་འདུལ། །ཡང་སྙིང་མཐོང་ཐོས་དྲན་རེག་རུང་། །བསྒོམ་བཟླས་འབྲི་འཆང་སྟོན་པ་རྣམས། །ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །ཅེས་གསུངས་པ་དང་། གསང་སྒྲུབ་ཀྱི་ཏིང་ངེ་འཛིན་འདིའང་ཏིང་འཛིན་ཐམས་ཅད་ལས་ཟབ་ཅིང་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱུད་ལས། དེ་ལྟར་འོད་ཟེར་འཕྲོ་འདུ་རྣམས། །རྒྱལ་བ་མཉེས་མཆོད་རྒྱུན་མི་འཆད། །སེམས་ཅན་སྒྲིབ་སྦྱོང་རྒྱུན་མི་འཆད། །བདག་ལ་དངོས་གྲུབ་རྒྱུན་མི་འཆད། །རྒྱུན་མི་ཆད་པ་སུམ་ལྡན་གྱི། །ཏིང་འཛིན་འདིས་ཟབ་འཇིག་རྟེན་འདིར། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །ཞེས་གསུངས་པས་ཐམས་ཅད་ཀྱིས་ལུས་ལྷ། །ངག་སྔགས། སེམས་ཏིང་ངེ་འཛིན་གྱི་འཕྲོ་འདུ་ལ་ཡང་ཡང་སྦྱང་ཞིང་། ཐམས་ཅད་ཆོས་ཉིད་


LT35_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ཕྱག་རྒྱས་འདེབས་པ་གལ་ཆེ། མདོར་ན་དམ་ཚིག་མ་ཉམས་པ་དང་། །སེམས་མ་ཡེངས་པ་ཁོ་ན་གཙོ་ཆེ་ཞིང་འགྲུབ་པའི་རྟགས་དངོས་ཉམས་རྨི་ལམ་དུ་བྱུང་ན་རྒྱུན་གྱི་དངོས་གྲུབ་ལེན་པ་དང་། བར་ཆད་ཀྱི་རྟགས་བྱུང་ན་དེ་ཟློག་པའི་ཐབས་སྤྱི་དང་ཁྱད་པར་ཉུ་ལེ་སྐྲོད་པ་སོགས་ཀྱང་དེ་མ་ཐག་ཏུ་བྱ་དགོས་པས། སློབ་དཔོན་རྣམས་དང་རྡོ་རྗེ་སྤྱན་པ་གཙོར་བྱས་སྒྲུབ་མཆེད་ཐམས་ཅད་ཀྱི་ཐུགས་ལ་ནན་ཏན་ཏུ་བཞག་པར་ཞུ།། ༈ །།ཉིན་བཞི་པ་ལ་བབ་པའི་སྐབས་ཙམ་དུ། འོ་སྒྲུབ་མཆོག་རྡོ་རྗེའི་རྣལ་འབྱོར་རྣམས་གསན་པར་འཚལ། དེའང་རྒྱུད་ལས། འཁོར་ལ་བཀའ་བསྒོ་དགེ་སྦྱོར་བསྐུལ། །ཞེས་གསུངས་པས་འགྲུབ་ན་ཉིན་མཚན་ཐུན་སོ་སོར་དམིགས་པའི་གསལ་འདེབས་དང་། དག་སྦྱོར་ལ་བསྐུལ་མ་འདེབས་དགོས་པ་ཡིན་ཀྱང་། ལོངས་ཁྱབ་དབང་གིས་དེ་ལྟར་མི་འགྲུབ་པའི་དབང་དུ་བྱས་ནས། ཉིན་སྔ་མ་དག་ཏུ་རྒྱས་པར་སྨོས་པ་ལགས་ཤིང་། དེ་རིང་གི་སྐབས་སུ་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུངས་འདི་ལ་རྩེ་གཅིག་ཏུ་གསན་པར་ཞུ། ཧོཿ སྐལ་བ་དང་ལྡན་པའི་མཆེད་ལྕམ་རྣལ་འབྱོར་པ་རྣམས། སློབ་དཔོན་ནི་ཡི་དམ་ལྷའི་རྣམ་པར་ཟུངས་ཤིག །


LT35_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཐ་མལ་མིའི་འདུ་ཤེས་སུ་བཟུང་ན་མི་རུང་ངོ་། །སྐུ་གསུམ་ལྷུན་གྲུབ་ཀྱི་སྙིང་པོར་སྒོམས་ཤིག །དེ་དང་མཉམ་པའི་ཡོན་ཏན་འབྱུང་ངོ་། །མཆེད་ལྕམ་རྣམས་ཡེ་ཤེས་ཀྱི་ལྷ་དང་ལྷ་མོར་སོམས་ཤིག །འཇིག་རྟེན་གྱི་འཁྲུལ་ངོ་གཏམ་དང་ངན་རྟོག་སྤོངས་ཤིག །བཞད་གད་དང་། བྲེ་མོའི་གཏམ་དང་། སྨྱོ་ཐབས་དང་། བཟི་འཆོས་དང་། དྲེགས་སྤྱོད་རྩིངས་སྤྱོད་ངན་སྤྱོད་ཡེ་མ་བྱེད་ཅིག །བདུད་ཀྱི་གླགས་ཚོལ་བ་ནི་མང་ངོ་། །དངོས་གྲུབ་སད་ལ་མ་སྐུར་ཅིག །གཞན་ཡང་འཇིག་རྟེན་འདིའི་ཆེད་དུ་འཇུག་སྙམ་པའི་སེམས་མ་སྐྱེད་ཅིག །གཅིག་ལ་གཅིག་གིས་ཟུར་སྨོད་དང་། འཕྱ་ཚིགས་བཏང་བ་དང་ཁྲོ་ཚིག་མ་བྱེད་ཅིག །བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གྱི་སྐབས་སུ། སྒྲ་ངན་མ་འདོན། ཀུ་ཅོམ་འདེབས་ཤིག །སློབ་དཔོན་རྣམས་ཀྱིས་བུ་ལྟ་བུའི་བརྩེ་སེམས་བསྐྱེད་ལ། བྱམས་སྙིང་རྗེའི་སྒོ་ནས་མ་ཤེས་པ་རྣམས་ལ་སློབ་ཤིག །བྱམས་པས་མི་ཆུན་པའི་མ་རུང་པ་རྣམས་ལ་དྲག་པོས་ཚར་ཆོད་ཅིག །མཆེད་ལྕམ་རྣམས་ཀྱིས་ཀྱང་བླ་མ་དང་རྒྱལ་ཐེབས་ཀྱི་སློབ་དཔོན་རྣམས་སྤྱི་གཙུག་གི་ཡིད་བཞིན་ལྟར་ཁུར་ཅིག །སྒོས་མཐུན་


LT35_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྡེབ་དང་། ཕྱོགས་རིས་དང་། ཕམ་ཁ་དང་། ཉེ་རིང་མ་བྱེད་ཅིག །གཟུངས་མ་རྣམས་ཀྱིས་ཀྱང་བཟའ་ཤུགས་སུ་འདུ་བར་མ་རེ་མ་སེམས་པར། མཐོ་དོགས་དང་། ཆགས་སེམས་དང་། མིག་སེར་ཕྲག་དོག་སྤོངས་ཤིག །སྒོས་མཛའ་དང་། གཡོ་ཁྲོམ་མ་བྱེད་པར་ཕྱོགས་རིས་མེད་པར་སྐྱོངས་ཤིག །ལྕམ་དྲལ་རྣམས་གཅིག་ལ་གཅིག་གིས་བརྙས་ཆོས་སོགས་གཏན་ནས་མི་རུང་བས། རེ་ཆེ་དང་ཞེ་བཞག་མཁོན་འཛིངས་མ་བྱེད་ཅིག །འཛབ་བཟླས་ཀྱི་བར་ལོངས་གཏམ་སོགས་ཀྱིས་གྲྭ་མི་གཅག །ཆང་དབང་དང་གཉིད་དབང་ལེ་ལོ་ཚོད་ཡོད་ཡེངས་མ་ལམ་དུ་དུས་འདའ་བར་མ་བྱེད་པར་བསྒྲུབ་པ་ལ་བརྩོན་ཅིག །འདི་ལྟར་བཀའ་བསྒོ་བ་ལས་གང་སུ་འདའ་བ་དེ་ནི་བདུད་དབང་དུ་འགྱུར་རོ། །བདུད་དབང་དུ་སོང་བ་ལ་དངོས་གྲུབ་མེད་པའི་སྟེང་དུ་མི་རུང་བ་སྣ་ཚོགས་འོང་བས་སྒྲིམས་ཤིག །བྱམས་པའི་ངག་དང་རྒྱལ་བའི་བཀའ་ལ་ཉོན་ལ་འདི་བཞིན་ཏུ་སྤང་བླང་ཚུལ་ལྡན་ཏུ་གྱིས་ཤིག །གལ་ཏེ་འདི་ལ་མི་ཞུགས་པ་རྣམས་ནི་རིན་ཆེན་གླིང་ནས་སྟོང་ལོག་བྱ་བ་ཡིན་པས། སྙིང་མ་རུ་ཡ་བར་སྒྲུབས་ཤིག །ཅེས་རྡོ་རྗེའི་གསུང་འདི་ཉིད་གཏེར་གཞུང་གི་སྒྲུབ་ཆེན་རྣམས་སུ་


LT35_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་འབྱུང་བས་ཐམས་ཅད་ཀྱིས་ནན་ཏན་ཏུ་ཐུགས་ལ་བཞག་སྟེ་དུས་ཐམས་ཅད་དུ་དྲན་པ་དང་ཤེས་བཞིན་མ་བྲལ་བས་ལྷ་བསྒོམ་སྔགས་བཟླས་ལ་ནན་ཏན་མཛད་ན་དུས་གཞན་ཏུ་བཟླས་བསྒོམ་བྱས་པ་ལས་སྒྲུབ་ཆེན་འདིའི་སྐབས་སུ་བརྒྱ་འགྱུར་གྱི་ཕན་ཡོན་ཆེ་བ་གནས་དུས་རྟེན་འབྲེལ་འཚོགས་པའི་དབང་ལས་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། སྙིགས་མའི་དུས་སུ་ཐུགས་རྗེ་ཆེན་པའི་བསྟན་པ་དར་བར་འབྱུང་སྟེ། ཀུན་ཀྱང་མ་ི་དུང་ཕྱུར་ལ་སོགས་དར་བའི་ཚེ། རང་བཞིན་འདྲེན་པ་བས་སྒྲུབ་ཆེན་འདི་ཉིད་བརྒྱ་འགྱུར་གྱི་ཡོན་ཏན་ཆེའོ། །ཞེས་ཨོ་རྒྱན་ངའི་བཀའ་འོ། །ཞེས་གསུངས་པས། དཔེར་ན་སྒྲུབ་ཆེན་སྐབས་འདིར་ཡིག་དྲུག་བྱེ་ཆུང་གཅིག་སོང་ན་དུར་ཕྱུར་གཅིག་ཏུ་འགྱུར་ཞིང་། མ་མཐའ་ཡང་སྟོང་ཕྲག་གཅིག་བཟླས་ན་འབུམ་ཐེར་གཅིག་འགྱུར་ངེས་ཡིན་པ་དང་། གང་ཟག་རང་རང་སོ་སོས་ལོ་བདུན་ཉིན་མཚན་སྐད་ཅིག་ཀྱང་མ་གཡེལ་བར་བསྒྲུབས་པའི་བྱིན་རླབས་ནུས་རྟགས་འབྲས་བུ་ཐམས་ཅད་སྒྲུབ་ཆེན་སྐབས་འདིར་ཞག་བདུན་གྱི་ཁོར་གསུ་འབྱུང་བ་ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པས་ཡང་ནས་ཡང་དུ་བཀའ་སྩལ་བ་ལས། རང་འདོད་ཀྱི་སྤྲོ་


LT35_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཙམ་མ་ཡིན་པས་ངེས་ཤེས་ཐུགས་ཐག་པ་ནས་བསྐྱེད་དེ་དམ་ཚིག་དང་བཟླས་བསྒོམ་ལ་གཡེལ་མེད་དུ་བརྩོན་པར་འཚལ། སྐབས་འདི་དག་ཏུ་ལོངས་ཁྱབ་དང་འཛབ་དམིགས་ཀྱི་འཁྲུལ་འཁོར་སོགས་གསལ་ཞིང་རྒྱས་པར་འཆད། ལོངས་ཁྱབ་མེད་པའམ་མི་སྤྲོ་ན་གཞུང་དོན་དམིགས་པ་གསལ་འདེབས་ཡོད་བཞིན་པས་འཐུས་སོ། །དེ་ནས་མཐའ་རྒྱས་མར་མེ་སྨོན་ལམ་བྱ་བའི་སྐབས་སུ་བབ་པ་ན། རྒྱལ་ཐེབས་ཀྱི་གཙོ་བོས་ཞྭ་ཆོས་བཅས་གྲལ་གཤམ་དུ་བཞེངས་ཏེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་སྟེ་ཚོམ་བུ་ཚོགས་སུ་སྒྲུབ་པའི་བྱ་བ་བར་ཆད་མེད་པར་མཐར་ཕྱིན་པས། མོས་ལྡན་སྤྲོ་བ་བསྐྱེད་པའི་ཕྱིར་དུ་འབྲས་བུ་རིག་འཛིན་འགྲུབ་པའི་དུས་ཀྱང་ཅུང་ཟད་བརྗོད་ན། སྤྱིར་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པའི་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྟོགས་བྱ་གཞིའི་རྒྱུད། རྟོགས་བྱེད་ལམ་གྱི་རྒྱུད། མཐར་ཕྱིན་འབྲས་བུའི་རྒྱུད་བཅས་གསུམ་གྱིས་བསྡུས་ཤིང་། ལམ་ཐབས་ཀྱི་རྒྱུད་ལ་དབྱེ་བ་མཐའ་ཡས་ཀྱང་ཁྱད་པར་གྱི་དབང་དུ་བྱས་ཏེ་ཐབས་ཀྱིས་ངེས་པའི་ལམ་དང་ཤེས་རབ་རྣམ་པར་གྲོལ་བའི་ལམ་


LT35_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། གྲོལ་ལམ་ལའང་གཅིག་ཅར་བ་དང་། རིམ་གྱིས་བ་གཉིས་ལས། འདིར་ཕྱི་མའི་དབང་དུ་བྱས་ཏེ། རྒྱུད་རྒྱ་ལ་གསང་བ་སྙིང་པོ་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་ཏུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕེབ་ནས། རྐྱེན་འཇུག་པའི་མཚན་ཉིད། ཏིང་ངེ་འཛིན་ལ་མེས་སྒོམ་དང་ངེས་རྫོགས་ཀྱི་ཚུལ་གཉིས་ལས། སྐབས་འདིར་མོས་སྒོམ་ཙམ་གྱིས་ཚོམ་བུར་འདུས་པའི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་ཏུ་བསྒྲུབ་པའི་འབྲས་བུའང་། དབང་པོ་རབ་འབྲིང་ཐ་མ་དང་སྐལ་པ་བཟང་ངན། དད་བརྩོན་སོགས་ཀྱིས་རིམ་པ་ལྟར་སྐྱེ་བ་འདིའམ་བར་དོའམ། ཡང་མཐའ་སྐྱེ་བ་བདུན་ཚུན་ཆད་རིག་པ་འཛིན་པའི་ས་ལ་གནས་པར་འགྱུར་ཏེ། ཨོ་རྒྱན་ཆེན་པོའི་ཞལ་ནས། སྒྲུབ་ཆེན་འདི་ལྟ་བུ་རབ་ལོ་སྒྲུབ། འབྲིང་ཟླ་སྒྲུབ། ཐ་མ་ཞག་སྒྲུབ་ཙམ་བྱས་ན་ཡང་སྒོ་གསུམ་གྱི་སྒྲིབ་པ་བྱང་ཞིང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་། མཆོག་ཐུན་མོང་གི་དངོས་གྲུབ་སྣ་རེ་ཐོབ་པ་གདོན་མི་ཟ། ཞེས་གསུངས།


LT35_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ལན་གཅིག་མ་ཡིན་པར་ཡང་ཡང་སྒྲུབ་ན་ཤིན་ཏུ་སྐལ་པ་དམན་པས་ཀྱང་ངེས་པར་འགྲུབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་ཏེ། བྱང་གཏེར་ལས། ལན་གསུམ་སྒྲུབ་ན་དངོས་གྲུབ་རྣམ་གཉིས་འཐོབ། །རིག་འཛིན་གྲལ་ལ་ཐེ་ཚོམ་ཡོད་རེ་ཀན། །མཆོག་དང་ཐུན་མོང་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཚུལ་བཞིན་སྒྲུབ་ལ་ཞུགས་ན་འབྲས་བུ་འགྲུབ་པ་ལྟ་ཅི་སྨོས། སྒྲུབ་ཆེན་འདི་ལྟ་བུ་ལ་བཟང་ངན་གྱི་འབྲེལ་བ་ཅུང་ཟད་ཐོགས་པ་རྣམས་ཀྱང་བྱང་ཆུབ་ཀྱི་ས་བོན་ཐེབས་པར་འགྱུར་ཏེ། བྱང་གཏེར་དྲག་པོ་ཐུགས་ཀྱི་སྒྲུབ་སྐོར་ལས། དད་ལྡན་སྣོད་ལྡན་གང་ཟག་ལ། །རྩེ་གཅིག་སྒོམ་པའི་སྐལ་མེད་ན། །མཐོང་ངམ་ཐོས་སམ་རེག་པ་ཡིས། །བྱང་ཆུབ་ལམ་ལ་བགྲོད་པའི་ཐབས། །འདི་ཉིད་ཡིན་ནོ་ཉམས་སུ་ལོངས། །ཞེས་གསུངས་སོ། །གསང་སྔགས་སྤྱི་ལས་ཀྱང་སྙིགས་མའི་དུས་འདིར་གཏེར་ཆོས་ཟབ་མོ་རྣམས་བྱིན་རླབས་དང་འགྲོ་དོན་ཆེ་བར་གསུངས་ཏེ། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་པ། །དེ་སྲིད་གཏེར་གྱིས་འགྲོ་བ་དཔག་མེད་འདྲེན། །དེ་ཕྱིར་གཏེར་ལ་དད་དང་གུས་པ་


LT35_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །དེ་ཡང་དྲང་དོན་ཡིན་གྱི་དེ་ལས་གཞན། །བླ་མེད་ཐེག་ཆེན་སྙིང་པོའི་དོན་རྣམས་དང་། །གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར། །འདི་གྲོལ་འདི་མ་གྲོལ་གྱི་རྣམ་དབྱེ་བྲལ། །འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད། །ཅེས་སོགས་ལུང་མཐའ་ཡས་པ་འབྱུང་བ་དང་། གཏེར་ཆོས་ཟབ་མོ་འདི་རྣམས་ཀྱི་དབང་ལུང་ཕྱག་ལེན་བསྙེན་བསྒྲུབ་སོགས་གཞུང་དང་མཐུན་པར་རང་གིས་བགྱིད་ཅིང་གཞན་ལ་སྤེལ་ནུས་པ་ནི་ཨོ་རྒྱན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན་པར་ལུང་གིས་བསྟན་ཏེ། དེ་ཉིད་ལས། ང་སྤྲུལ་གང་འབྲེལ་ངན་སོང་སྐྱེ་སྒོ་གཅོད། །བཀའ་ཤོག་འདི་འཛིན་སྔགས་ཀྱི་རྣལ་འབྱོར་པ། །ང་སྤྲུལ་བསྟན་སྲུང་ཡིན་པར་ཤེས་པར་གྱིས། །གང་བབ་རྒྱུད་རྣམས་འབྲེལ་ཚད་དོན་ལྡན་ཏེ། །མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས། །ཕྱི་རབས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤོངས། །གུས་པས་བཀུར་བསྟི་ཕུར་དུད་འབྲེལ་བ་ཐོགས། །ཞེས་གསུངས་པ་དང་། གཏེར་ཆོས་ལ་མོས་ཤིང་དད་པ་སྐྱེ་བ་རྣམས་ཀྱང་སྔོན་ཨོ་


LT35_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆེན་པོ་བོད་དུ་ཕེབས་པའི་སྐབས་སུ་སྨོན་ལམ་ཐེབས་པའི་ལས་འཕྲོ་ཅན་ཏུ་ལུང་གིས་བསྟན་ཏེ། ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་གྱི་ཞལ་ནས། །མ་འོངས་གཏེར་གྱི་ཆོས་ལ་མོས་པ་ཀུན། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམ། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན། །ཅེས་གསུངས་སོ། །དེ་ལྟར་ལས་འཕྲོ་སྐལ་པ་བཟང་པོ་དང་ལྡན་པས་གསང་སྔགས་གཉན་པོའི་དཀྱིལ་འཁོར་གཅིག་ཏུ་འདུས་ཤིང་སྣང་གསལ་གྱི་མར་མེ་གཅིག་ལ་བལྟས་པ་ནི། ཤིན་ཏུ་འདྲེས་པའི་མཆེད་དུ་གྱུར་པ་ཡིན་པས། ཕྱིན་ཆད་ཀྱང་སློབ་དཔོན་ལ་ཡི་དམ་དངོས་སུ་འདུ་ཤེས་པ་དང་། མཆེད་རྣམས་གཅིག་གིས་གཅིག་ལ་དག་སྣང་ཁོ་ན་སྦྱོང་བ་སོགས་བག་ཡོད་དྲན་ཤེས་དང་ལྡན་པས་གསང་བའི་དམ་ཚིག་སྲོག་ལྟར་བསྲུང་ཞིང་། སྒོ་གསུམ་དཀྱིལ་འཁོར་རྣམ་གསུམ་དང་མ་བྲལ་བར་མཛད་ན། སྐྱེ་བ་འདི་ཉིད་ལ་ཚོགས་སྦྱོར་གྱི་ལམ་བགྲོད་དེ་མཚན་ཉིད་གསུམ་ལྡན་གྱི་རྣམ་སྨིན་རིག་འཛིན་མངོན་ཏུ་བྱེད་ཅིང་། རིམ་གྱིས་མཐོང་སྒོམ་མི་སློབ་པ་སྟེ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་མཐར་ཕྱིན་ནས། འབྲས་དུས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་


LT35_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ལྔ་ཕྲག་ལྔའི་བདག་ཉིད་ཅན་གདོད་མའི་མགོན་པོའི་གསང་བ་ལྷུན་གྱིས་གྲུབ་སྟེ། ནམ་མཁའ་ཇི་སྲིད་དེ་སྲིད་དུ་སངས་རྒྱས་ཀྱི་མཛད་པའི་རོལ་མོ་མཐའ་ཡས་པ་འཆར་བར་འགྱུར་བས། དེ་ལྟ་བུའི་ཚུལ་རྣམས་ཐུགས་ལ་ངེས་ཤིང་། སྤྲོ་བ་ཆེན་པོ་དང་ལྡན་པའི་ངང་། སྒྲུབ་པའི་མཐའ་རྒྱས་ཀྱི་བྱེ་བྲག་རྟེན་འབྲེལ་ཁྱད་འཕགས་མར་མེ་སྨོན་ལམ་གདབ་པའི་སྐབས་སུ་བབས་པ་སྟེ། དེའང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སྒྲོན་མའི་སྣང་བ་མི་ཤེས་པ། །མཐོང་བྱ་ཀུན་ལ་མུན་པས་བསྒྲིབ། །ནམ་ཡང་སྣང་བར་མི་འགྱུར་ཏེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །སྒྲོན་མེ་འབར་བ་གང་བསྲེལ་བ། །ཀུན་ལ་མུན་པ་སངས་གསལ་བའི། །མ་ནོར་མ་བཅོས་དེ་བཞིན་ཉིད། །སྒྲོན་མ་དམིགས་བུས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར་མི་ཤེས་པའི་མུན་པ་སེལ་ཞིང་གནས་ལུགས་ཀྱི་སྣང་བ་མཚོན་པར་བྱེད་པ་ནི་སྒྲོན་མའི་མིང་དུ་གྲགས་ཏེ། དེའང་གསང་བའི་བདག་པོས། རིན་ཆེན་འབར་བའི་སྒྲོན་མ་བསྲེལ་བར་བྱའོ། །ཞེས་བརྡའི་སྒོ་ནས་བསྟན་པ་ལྟར། གཞི་ཆོས་ཉིད་ཀྱི་ཀོང་བུར་ལམ་ཆོས་ཅན་གྱི་མར་


LT35_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཁུས་གཏམས་ཏེ། འབྲས་བུ་རང་རིག་རང་གསལ་གྱི་མར་མེ་འབར་བ་བརྡའི་སྒྲོན་མེ་འདིས་མཚོན་བྱེད་དུ་བྱས་ནས། ཤེས་རབ་རང་བྱུང་གི་སྒྲོན་མ་ལུས་ཅན་ཀུན་གྱི་སྙིང་ལ་བཞུགས་པའི་རང་གདངས་རྒྱངས་ཞགས་ཆུའི་སྒྲོན་མ་ལ་ཤར་ཏེ། དབྱིངས་རྣམ་དག་དང་ཐིག་ལེ་སྟོང་པའི་སྒྲོན་མ་ཚད་དུ་ཕེབས་པས་མཚོན་བྱ་རྟགས་ཀྱི་སྒྲོན་མ་སྣང་བ་བཞི་པོ་མཐར་ཕྱིན་ནས། འགྲོ་བ་ཐམས་ཅད་ལ་རང་བྱུང་ཡེ་ཤེས་ཆེན་པོའི་སྒྲོན་མ་རང་ཆས་སུ་བཞུགས་ཀྱང་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པའི་མུན་པས་བསྒྲིབས་པ་དེ་ཉིད། ས་རྣམ་པར་བཀོད་པ་ཉི་ཤུ་རྩ་གཅིག་གི་ཡེ་ཤེས་སྣང་བ་གོང་དུ་འཕེལ་བས་བཅོམ་སྟེ། རང་གནས་ཀྱི་སྐུ་དང་ཞིང་ཁམས་ཚད་མེད་པ་མཚན་གཞི་དོན་གྱི་སྒྲོན་མེ་མངོན་ཏུ་གསལ་བར་མཛད་པའི་ཐུགས་འདུན་རྩེ་གཅིག་དང་རྗེས་ཟློས་གནང་བར་ཞུ། །འདི་ཡང་ག་སའི་སྤྲོས་བཅས་དང་། །མཁས་པའི་བཤད་ཡམ་ཁོ་ན་མིན། །ལེགས་པར་ཉན་ཅིང་བློས་བཟུང་ན། །ཚིག་ལས་ངེས་པའི་དོན་རྣམས་གོ། །དེ་ཕྱིར་ལེགས་བཤད་ཉི་ཟེར་གྱིས། །དཔྱོད་ལྡན་བློ་ཡི་པདྨོ་བྱེ། །རྨོངས་པའི་མུན་པ་མཐར་བསྐྲད་ནས། །ཡེ་ཤེས་སྣང་བའི་དཔལ་འབར་ཤོག །ཅེས་པའང་རབ་ཡིད་བག་ཡོད་


LT35_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གླང་ལོར་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བསྟན་པའི་སྣང་བྱེད་དབོན་སྤྲུལ་གསུམ་པ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཞབས་ཀྱིས་ཐུགས་གསང་བུམ་སྒྲུབ་ཆེན་མོ་ལོ་བསྟར་གསར་འཛུག་མཛད་པའི་སྐབས་སུ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་གཙུག་ལག་ཁང་དེ་ཉིད་དུ་བགྱིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཚོམ་བུ་ཚོགས་སུ་སྒྲུབ་པའི་གཏོང་ཐུན་གསལ་བར་སྤྲོས་པ་ཚངས་པའི་ང་རོ།no next