Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་དྲུག་པ། འཇུག་པའི་འགྲེལ་པ།


  collapse section
   
   
  collapse section
  collapse section
  collapse section
  collapse section
  collapse section
   
   
   
   
  collapse section
   
  collapse section
   
   
   
   
  collapse section
   
   
   
  collapse section
  collapse section
   
   
ས་དང་པོ་རབ་ཏུ་དགའ་བ།
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   


 
previousས་དང་པོ་རབ་ཏུ་དགའ་བ།next

ས་དང་པོ་རབ་ཏུ་དགའ་བ།

དང་པོ་ལ། ཁྱད་གཞི་སའི་ངོ་བོ་མདོར་བསྟན་པ། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བདང་གསུམ།

དང་པོ་ནི། རྩ་བར། རྒྱལ་བའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། །རྣམ་པར་གྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་གྱུར་ཅིང༌། །ཀུན་ཏུ་བཟང་པོའི་སྨོན་ལམ་རབ་བསྔོས་དགའ་བ་ལ། །རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱའོ། །ཞེས་ས་དང་པོ་ལ་གནས་པའི་རྒྱ༷ལ་བ༷འི་སྲ༷ས་པོ༷་འགྲོ་བ་ཐམས་ཅད་རང་བཞིན་མེད་པར་མཐོང་བས་རང་བཞིན་མེད་པའི་འགྲོ་བ་རྣམས་སྙིང་རྗེའི་དམིགས་ཡུལ་དུ་བཟུང་བ་ཅན་འདི༷་ཡི༷་མཉམ་པར་བཞག་པའི་སེ༷མས་ག༷ང་ཡིན་པ་དེ་ནི་འགྲོ༷་བ༷་རྣ༷མས་རྣ༷མ་པ༷ར་གྲོ༷ལ་བ༷ར་བྱ༷་བའི་ཕྱི༷ར་དུ་སྙི༷ང་རྗེ༷་ཆེན་པོའི་གཞན་དབ༷ང་དུ་གྱུ༷ར་ཅི༷ང༌། བྱང་སེམས་ཀུ༷ན་ཏུ༷་བཟ༷ང་པོ༷འི་སྨོ༷ན་ལ༷མ་གྱི་སྟོབས་ལ་བརྟེན་པས་ར༷བ་ཏུ་བསྔོ༷ས་པའི་ས་དང་པོ་རབ་ཏུ་དག༷འ་བ༷་ཞེས་པའི་མིང་ཅན་གྱི་གཉིས་སུ་སྣང་བ་མེད་པའི་ཡེ་ཤེས་དང༌། རང་གི་འབྲས་བུ་ཡོན་ཏན་གྱི་གྲངས་ལ་སོགས་པའི་མཚོན་བྱར་གྱུར་པ་དེ་ལ༷་ར༷བ་ཏུ༷་གན༷ས་པ༷་ཡི་སེམས་དཔའི་རྒྱུད་ཀྱི་དོན་དམ་པའི་སེམས་དེ༷་ནི༷། འཇིག་རྟེན་ལས་འདས་པའི་སེམས་ད༷ང་པོ༷་ཞེ༷ས་བྱ༷འོ༷། །

རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་སོ། །ས་དང་པོ་ལ་གནས་པའི་རྒྱལ་བའི་སྲས་པོས་སྟོང་ཉིད་ལ་མཉམ་པར་བཞག་པའི་སེམས་གང་ཡིན་པ་དེ་ཆོས་ཅན། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཅིང་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་རབ་ཏུ་བསྔོས་པ་ཡིན་ཏེ། ཁྱོད་ནི་འགྲོ་བ་རྣམས་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་དུ་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེའི་དབང་དུ་གྱུར་ཏེ་སྙིང་རྗེའི་སྒོ་ནས་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་རྫོགས་བྱང་གི་རྒྱུར་བསྔོས་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །བྱང་སེམས་ཀྱི་སའི་མཚན་ཉིད། རང་ལ་བརྟེན་པའི་ཡོན་ཏན་དུ་མའི་རྟེན་དུ་གྱུར་བའི་བྱང་སེམས་ཀྱི་ཡེ་ཤེས་དེ་ཡིན་ནོ། །བྱང་སེམས་ཀྱི་དོན་དམ་པའི་སའི་མཚན་ཉིད་ཡོད་དེ། སྙིང་རྗེ་ཆེན་པོ་སོགས་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཟག་མེད་ཡེ་ཤེས་དེ་ཡིན་པའི་ཕྱིར། དབྱེ་ན་དོན་དམ་པའི་ས་རབ་ཏུ་དགའ་བ་སོགས་བཅུ་ཡོད་དོ། །

སྐབས་འདིའི་ས་ནི་དོན་དམ་པའི་སའམ་དོན་དམ་སེམས་བསྐྱེད་ཀྱི་དབང་དུ་བྱས་པའི་སའི་ངོ་བོའི་ཁྱད་པར་ཟག་མེད་དང༌། གྲོགས་ཀྱི་ཁྱད་པར་སྙིང་རྗེ་དང་སེམས་བསྐྱེད་ཀྱིས་ཟིན་པའི་ཁྱད་པར་དང༌། སའི་སྒྲ་དོན་ཡོན་ཏན་གྱི་རྟེན་བྱེད་པའི་ཁྱད་པར་དང་གསུམ་གྱི་སྒོ་ནས་བཞག་སྟེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་འཐོབ་སྟེ། ཡོནཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །

ས་བཅུ་སོ་སོ་ལ་ཡོན་ཏན་གྱི་གྲངས་དང༌། མཐུ་ནུས་དང༌། ཕར་ཕྱིན་ལྷག་ཚུལ་དང༌། རྣམ་སྨིན་གྱི་སྐྱེ་བ་ལེན་ཚུལ་དང་ཁྱད་པར་བཞི་ཡོད་དེ། རང་འགྲེལ་ལས། དེ་ཡང་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང༌། མཐུ་ཕུལ་དུ་བྱུང་བ་ཐོབ་པ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཀླགས་པ་དང༌། རྣམ་པར་སྨིན་པ་འཕེལ་བའི་བྱེ་བྲག་གིས་ས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བས་དབྱེ་བ་རྣམ་པ་བཅུར་གཞག་གི། འདི་ལ་རང་གི་ངོ་བོའི་ཁྱད་པར་གྱིས་བྱས་པའི་དབྱེ་བ་ནི་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང༌། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་གསུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་ཡིན་ལ་མཐར་ཆོས་ཀྱི་སྤྲིན་ནི་སེམས་བསྐྱེད་པ་བཅུ་པའོ། །ཞེས་གསུངས་པས་སོ། །ས་བཅུ་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཁྱད་པར་མེད་ཀྱང་རྟོགས་ཚུལ་ལ་ཁྱད་པར་ཡོད་དེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་འཕེལ་བར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱི་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ན། །ཟླ་བའི་དཀྱིལ་འཁོར་རྫོགས་པར་གསལ། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོསཀྱི་སྐུ་ཡང་རྫོགས་པར་གསལ། །ཞེས་གསུངས་པས་སོ། །

སྐབས་འདིའི་ས་ནི་དོན་དམ་སེམས་ཀྱི་དབང་དུ་བྱས་ནས་བཞག་པ་ཡིན་ཏེ། རང་འགྲེལ་ལས། ཇི་ལྟར་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་དང༌། འབྲས་བུའི་ལམ་ལ་གནས་པའི་དབྱེ་བས་ཉན་ཐོས་ཀྱི་ས་བརྒྱད་རྣམ་པར་འཇོག་པ་དེ་བཞིན་དུ། ཐེག་པ་ཆེན་པོར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུ་ཡིན་ནོ། །ཡང་ཇི་ལྟར་ཉན་ཐོས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སྐྱེད་པ་ནི། འབྲས་བུ་དང་པོ་ལ་ཞུགས་པའི་གནས་སྐབས་ཡིན་པར་མི་འདོད་པ་དེ་བཞིན་དུ། འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཡང་ཡིན་ཏེ། དཀོན་མཆོག་སྤྲིན་གྱི་མདོ་ལས། མོས་པ་ཆེན་པོའི་ཡང་ཆེན་པོས་སྤྱོད་པའི་ཆོས་ཉིད་ཀྱི་ས་དང་པོ་དེ་མ་ཐག་ཏུ་ཐོབ་པར་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མོས་པས་སྤྱོད་པའི་སྐད་ཅིག་དེ་ལ་གནས་པ་ཡང༌། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་མིའི་མདོག་ལས་ནི་འདས་ལ། ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ནི་ཤིན་ཏུ་འདས་ལ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ་ཞེས་དེ་ཉིད་ལས་རྣམ་པར་བཤད་དོ། །ཡང་གང་གི་ཚེ་འདི་རབ་ཏུ་དགའ་བ་ཞེས་བྱ་བའི་ས་དང་པོ་ལ་ཞུགས་པར་གྱུར་པ། ཞེས་གསུངས་པས་སོ། །སའི་སྐད་དོད་བྷུ་མི་ཞེས་པ་རྟེན་དང་གནས་ལ་འཇུག་པས་ན་སྐབས་འདིར་ཡོན་ཏན་དཔག་མེད་ཀྱི་རྟེན་ནམ་གནས་ཞེས་བརྗོད་དོ། །སྐབས་འདིར་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ཡོད་དེ། བདེན་འཛིན་གྱི་མ་རིག་པ་དང༌། དེའི་བག་ཆགས་གང་རུང་གིས་བསླད་པ་ནི་ཟག་བཅས་དང༌། དེས་མ་བསླད་པ་ནི་ཟག་མེད་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། མ་རིག་པའི་རབ་རིབ་དང་བྲལ་བ་དག་གི་ཡེ་ཤེས་ཟག་པ་མེད་པའི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་ནི་མ་ཡིན་ནོ། །ཞེས་དང༌། རང་འགྲེལ་ལས། མ་རིག་པའི་རབ་རིབ་གྱིསགནོད་པ་བྱས་པ། ཞེས་གསུངས་པས་སོ། །

གཉིས་པ་ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ་ལ།

རང་རྒྱུད་མཛེས་པར་བྱེད་པའིཡོན་ཏན། གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་དང་པོར་ལྷག་པའི་ཡོན་ཏན་གཞན་བསྟན་པ་དང་གསུམ། དང་པོ་ལ། ཡོན་ཏན་སོ་སོར་ཕྱེ་སྟེ་བཤད་པ་དང༌། ཡོན་ཏན་མདོར་བསྡུས་ཏེ་བསྟན་པ་དང་གཉིས། དང་པོ་ལ། དོན་ལྡན་གྱི་མཚན་ཐོབ་པའི་ཡོན་ཏན་དང༌། རིགསསུ་སྐྱེ་བ་སོགས་བཞིའི་ཡོན་ཏན་དང༌། ས་གོང་མ་གནོན་པ་སོགས་གསུམ་གྱི་ཡོན་ཏན་དང་གསུམ།

དང་པོ་ནི། རྩ་བར། དེ་ནས་བཟུང་སྟེ་དེ་ནི་ཐོབ་པར་གྱུར་བ་ཡིས། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་ས་དང་པོ་ལ་ཞུགས་པ་དེ༷་ན༷ས་བཟུ༷ང་སྟེ༷་བྱང་ཆུབ་སེམས་དཔའ་དེ༷་ནི༷་དོན་དམ་པའི་སེམས་དེ་ཐོ༷བ་པ༷ར་གྱུ༷ར་པ༷་དེ་ཡི༷ས་སོ་སྐྱེས་ས་ལས་འདས་པའི་དོན་དམ་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ཞེ༷ས་བྱ༷འི་གསལ་བའི་སྒྲ༷་ཉི༷ད་ཀྱི༷ས་བསྙ༷ད་དམ་བརྗོད་དོ༷། །དེ་དང་མི་མཐུན་པའི་སོ་སྐྱེས་བྱང་སེམས་ལ་སོགས་པ་རྣམ་པ་གཞན་གྱིས་བརྗོད་པ་མ་ཡིན་ཏེ། དེའི་ཚེ་དེ་འཕགས་པ་ཡིན་པའི་ཕྱིར་རོ། །ཞེས་རང་འགྲེལ་ལས་སོ། །རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་སྒྲས་ཟིན་དང༌། སྐབས་འདིའི་འཇུག་པ་རྩ་འགྲེལ་དུ་ཚིག་ཟིན་ལ་བྱང་ཆུབ་སེམས་དཔའ་ཞེས་པ་བྱང་འཕགས་ལ་སྦྱར་ནས་བཤད་པས་ཅུང་ཟད་དཔྱད་པའི་གནས་ཡོད་མོད་ཀྱང༌། དོན་དམ་སེམས་བསྐྱེད་རྒྱུད་ལ་སྐྱེས་པའི་བྱང་སེམས་སམ་བྱང་འཕགས་ཀྱི་དབང་དུ་བྱས་པ་ཡིན་པ་ལས་བྱང་སེམས་ལ་སོ་སྐྱེ་ཡོད་དེ། དཀོན་བརྩེགས་ལས། ཐེག་ཆེན་གྱི་ས་དེ་ལས་ས་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་ས་དང༌། རབ་ཏུ་དགའ་བ་དང༌། ཞེས་པ་ནས། ཆོས་ཀྱི་སྤྲིན་དང༌། སངས་རྒྱས་ཀྱི་ས་ཀུན་འོད་དེ་ས་བཅུ་གཉིས་པོ་དེ་དག་གོ། །དེ་ལ་སེམས་མ་བསྐྱེད་པའི་ས་གང་ཞེ་ན། བྱང་ཆུབ་སེམས་དཔའ་བདེན་པ་མངོན་སུམ་དུ་མ་མཐོང་པའི་བྱིས་པའི་སྤྱོད་པ་མོས་སྤྱོད་ཀྱི་ས་དང༌། ཞེས་པ་ནས། རང་གི་ཕྱི་ལོག་དེ་མ་ཐག་ཏུ་ས་དང་པོ་འཐོབ་པར་འགྱུར་བའི་ས་ལ་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སའོ། །

ཞེས་དང༌། མདོ་དེ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་མིའི་ཁ་དོག་ཅན་ལས་ནི་འདས་ལ། ལྷའི་ཁ་དོག་ནི་མ་ཐོབ་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདས་པ་ཡིན་ཏེ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ། །ཞེས་དང༌། བསླབ་བཏུས་ལས། སོ་སོ་སྐྱེ་བོ་ལ་ཡང་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། འདི་ནི་ཚིག་ཙམ་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། མདོ་སྡེ་དུ་མ་མཐོང་བ་ལས་ཏེ། ཞེས་དང༌། བསླབ་བཏུས་ལས།

དཀོན་མཆོག་གི་ཟ་མ་ཏོག་གི་མདོ་ལས་ཀྱང་སོ་སོ་སྐྱེ་བོ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཤེས་ཏེ། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ངེས་མ་ངེས་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཕྱུགས་ཀྱི་ཤིང་རྟ་ལྟ་བུའི་བྱང་སེམས་རང་ལམ་ལས་ཕྱིར་ལྡོག་པར་བཤད་པ་དང༌། ནམ་སྙིང་གི་མདོ་ལས་རྩ་ལྟུང་བྱུང་བའི་བྱང་སེམས་ཡོད་པར་བཤད་པ་རྣམས་ཀྱིས་བྱང་སེམས་ལ་སོསྐྱེས་ཡོད་པར་གྲུབ་པ་ཡིན་ནོ། །

གཉིས་པ་རིགས་སུ་སྐྱེས་པ་སོགས་བཞིའི་ཡོན་ཏན་བཤད་པ་ནི།

རྩ་བར། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། །འདི་ཡི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པར་གྱུར། །བྱང་ཆུབ་སེམས་དཔའ་དེ་ནི་དགའ་བ་མཆོག་ཏུ་གྱུར་འཆང་ཞིང༌། །

འཇིག་རྟེན་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པར་གྱུར་པའང་ཡིན། །ཞེས་གཞན་ཡང་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདི༷་ནི༷་སོ་སྐྱེས་ས་དང་ཉན་རང་གི་ས་ཐམས་ཅད་ལས་འདས་ཟིན་པ་དང༌། སངས་རྒྱས་ཀྱི་སར་ངེས་པར་འགྲོ་བའི་ལམ་རྒྱུད་ལ་སྐྱེས་པའི་ཕྱིར་ན་དེ༷་བཞི༷ན་གཤེ༷གས་པ༷་རྣ༷མས་ཀྱི༷་རི༷གས་སུ༷འ༷ང་སྐྱེ༷ས་པ༷་ཡིན་ཏེ༷། ལམ་གཞན་དུ་མི་འགྲོ་བར་རང་ལམ་དུ་རིགས་ངེས་པ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་ཐེག་ཆེན་དུ་ཞུམ་པའི་བསམ་པ་སྤངས་པ་དང༌། སངས་རྒྱས་ངེས་པར་ཐོབ་པར་ཤེས་ནས་ལམ་རྒྱུན་མི་ཆད་དུ་སྒྲུབ་པའི་ཕྱིར། ཡང་ས་དང་པོ་བ་འདི༷་ཡི༷་ནི་གང་ཟག་རང་བཞིན་གྱིས་མ་གྲུབ་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བས་གང་ཟག་བདེན་གྲུབ་ཏུ་དཔྱད་ནས་འཛིན་པ་དང་གང་ཟག་རང་རྐྱ་ཐུབ་པ་སོགས་སུ་འཛིན་པའི་འཇིག་ལྟ་ཀུན་བཏགས་དང༌། ཐར་བ་ལ་ཐེ་ཚོམ་པའི་ཕྲ་རྒྱས་ཀྱི་ཐེ་ཚོམ་དང༌། ལམ་མིན་ལམ་དུ་འཛིན་པའི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་ཀུ༷ན་ཏུ༷་སྦྱོ༷ར་བ༷་གསུ༷མ་པོ༷་ཐ༷མས་ཅ༷ད་སྤ༷ངས་པ༷ར་གྱུ༷ར་པ་ཡིན་ཏེ། དེ་ཚེ་དེ་གསུམ་གྱི་ས་བོན་འགགས་པས་སླར་མི་སྐྱེ་བའི་ཕྱིར། གསུམ་པོ་ལས་གཞན་སྤངས་པར་མ་བཤད་པ་ཅི་ཡིན་སྙམ་ན། མཛོད་ལས། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག། ཐར་བར་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ནོ། །ཞེས་གསུངས་སོ། །ཡང་ས་དང་པོ་བའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་སངས་རྒྱས་ཀྱི་རིགས་ངེས་པ་ལ་ཞུགས་པས། ས་དང་པོའི་ཡོན་ཏན་གྱི་འབྲས་བུ་ཐོབ་པ་དང༌། མཐོང་སྤང་གི་རྐྱེན་དང་བྲལ་བའི་རྒྱུ་ལས་ཐུན་མོང་མ་ཡིན་པའི་དགའ་བ་སྐྱེས་པས་ན་རབ་ཏུ་དགའ་བ་མངའ་བའི་ཕྱིར་རྒྱལ་སྲས་དེ༷་ནི༷་དག༷འ་བ༷་མཆོ༷ག་ཏུ༷་འགྱུ༷ར་བ་འཆ༷ང་བ་ཡིན་ཞི༷ང་རབ་ཏུ་དགའ་བ་ཁྱད་པར་དུ་འཕགས་པ་ཡོད་པའི་ཕྱིར་ན་ས་འདི་ལ་རབ་ཏུ་དགའ་བ་ཞེས་བརྗོད་པའི་ཕྱིར་རོ། །ས་དང་པོ་ལ་གནས་པའི་བྱང་སེམས་ནི་ནུས་མཐུ་ཁྱད་པར་དང་ལྡན་པ་ཡིན་ཏེ། འཇི༷ག་རྟེ༷ན་གྱི་ཁ༷མས་མི་གཅིག་པ་བརྒྱ༷་ཀུ༷ན་ན༷ས་གཡོ༷་བ༷ར་བྱེད་ནུ༷ས་པ༷ར་གྱུ༷ར་པ༷འ༷ང་ཡི༷ན་པའི་ཕྱིར་རོ། །མདོར་ན་ས་དང་པོ་བ་ཆོས་ཅན། ཡོན་ཏན་ཁྱད་པར་ཅན་དང་ལྡན་ཏེ། དོན་དམ་པའི་བྱང་སེམས་ཀྱི་མཚན་ཐོབ་པའི་ཡོན་ཏན་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཡོན་ཏན་དང༌། མཐོང་སྤང་ཀུན་སྦྱོར་གསུམ་སྤང་བའི་ཡོན་ཏན་དང༌། དགའ་བ་མཆོག་དང་ལྡན་པའི་ཡོན་ཏན་དང༌། འཇིག་རྟེན་པའིཁམས་བརྒྱ་གཡོ་བར་བྱེད་ནུས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །

གསུམ་པ་ས་གོང་མ་གནོན་པ་སོགས་གསུམ་གྱི་ཡོན་ཏན་བཤད་པ་ནི།

རྩ་བར། ས་ནས་སར་གནོན་བྱེད་ཅིང་གོང་མར་རབ་ཏུ་འགྲོ་བར་འགྱུར། །དེ་ཚེ་འདི་ཡི་ངན་འགྲོའི་ལམ་རྣམས་མཐའ་དག་འགགས་པར་གྱུར། །དེ་ཚེ་འདི་ཡི་སོ་སོའི་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད། །

ཅེས་བྱང་སེམས་ས་དང་པོ་པས་ནི་ས༷་དང་པོ་ན༷ས་ས༷་གཉིས་པར་གནོ༷ན་པར་བྱེ༷ད་པ་ལ་སྤྲོ་བ་ཆེ་བར་གྱུར་ཅི༷ང་ས་གོ༷ང་མ༷ར་ར༷བ་ཏུ༷་འགྲོ༷་བ༷ར་འགྱུ༷ར་བ་དང༌། ས་དང་པོ་ཐོབ་པ་དེ༷་ཡི་ཚེ༷་བྱང་སེམས་འདི༷་ཡི༷་ངན༷་འགྲོ༷འི་ལས་ཉོན་སྐྱེ་བའི་ལ༷མ་རྣ༷མས་མཐ༷འ་ད༷ག་འག༷གས་པ༷ར་གྱུ༷ར་བ་ཡིན་ཏེ། ངན་འགྲོར་སྐྱེ་བའི་ལས་དང་ཉོན་མོངས་པའི་ས་བོན་སྤངས་བའི་ཕྱིར་ཏེ། ཀུན་བཏུས་ལས་ཀྱང་ངན་སོང་བའི་ཕུང་པོ་ཁམས་སོགས་མཐོང་སྤང་དུ་བཤད་པའི་ཕྱིར་རོ། །ཡང་ས་དང་པོ་ཐོབ་པ་དེ༷འི་ཚེ༷་བྱང་སེམས་འདི༷་ཡི༷་སོ༷་སོ༷་སྐྱེ༷་བོ༷འི་ས༷་རྣ༷མས་གནས་སྐབས་ཐ༷མས་ཅ༷ད་དུ་ཟ༷ད་པ་ཡིན་ཏེ། བྱང་སེམས་འཕགས་པ་ཡིན་པའི་ཕྱིར་རོ། །དེས་ན་བྱང་སེམས་ས་དང་པོ་ལ་ཡོན་ཏན་ཁྱད་པར་ཅན་གསུམ་དང་ལྡན་ཏེ། ས་གོང་མ་གནོན་པར་འགྱུར་བའི་ཡོན་ཏན། ངན་འགྲོའི་ལམ་མཐའ་དག་འགག་པའི་ཡོན་ཏན། སོ་སྐྱེས་གནས་སྐབས་སྤངས་པའི་ཡོན་ཏན་གསུམ་དང་ལྡན་པའིཕྱིར་རོ། །

གཉིས་པ་ཡོན་ཏན་མདོར་བསྡུས་ཏེ་བསྟན་པ་ནི།

རྩ་བར། འདི་ནི་འཕགས་པ་བརྒྱད་པ་ཇི་ལྟ་དེ་ལྟར་ཉེ་བར་བསྟན། །ཞེས་མདོར་བསྡུས་ན་བྱང་སེམས་ས་དང་བོ་པ་འདི༷་ནི༷་དགྲ་བཅོམ་འབྲས་གནས་དང་དགྲ་བཅོམ་ཞུགས་པ་ནས་མས་ནས་བགྲང་བའི་འཕ༷གས་པ༷་བརྒྱ༷ད་པ༷་རྒྱུན་ཞུགས་ཞུགས་པ་ཇི༷་ལྟ༷་བ་དེ༷་ལྟ༷ར་ཡིན་པར་ཉེ༷་བ༷ར་བསྟ༷ན་པ་དེ་ཡིན་ཏེ། རང་འགྲེལ་ལས། མདོར་ན་ཇི་ལྟར་འཕགས་པ་རྒྱུན་དུ་ཞུགས་པ་ལ་རང་དང་རྗེས་སུ་མཐུན་པའི་འཕགས་པའི་ཆོས་རྟོགས་པ་ལས་སྐྱོན་དང་བྲལ་ཞིང༌། ཡོན་ཏན་འབྱུང་བར་གྱུར་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་ལ་ཡང་ས་རྟོགས་པ་ལས་རང་དང་འཚམ་པའི་ཡོན་ཏན་འབྱུང་བ་དང༌། སྐྱོན་ཟད་པར་རྒྱུན་དུ་ཞུགས་པའི་དཔེའི་སྒོ་ནས་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །ཞེསགསུངས་པའི་ཕྱིར་རོ། །

གཉིས་པ་གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན་ལ།

ས་འདིར་ཉན་རང་རྣམས་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་དང༌། ས་བདུན་པར་ཉན་རང་རྣམས་བློ་སྟོབས་ཀྱིས་ཟིལ་གྱིས་གནོན་པ་དང༌། དེའི་གྲུབ་དོན་འཕྲོས་དང་བཅས་པ་དང་གསུམ། དང་པོ་ནི། རྩ་བར། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང༌། །ཐུབ་དབང་གསུང་སྐྱེས་དང་བཅས་རང་སངས་རྒྱས་རྣམས་ནི། །བསོད་ནམས་དག་གི་དབང་གིས་ཕམ་བྱས་རྣམ་པར་འཕེལ། །

ཞེས་ས་གཉིས་པ་སོགས་སུ་གནས་པ་མ་ཟད་རྫོ༷གས་པ༷འི་བྱ༷ང་ཆུ༷བ་ཀྱི་སེ༷མས་ཀྱི་ལྟ༷་བ་རྫོགས་པའི་བྱང་ཆུབ་ཀྱི་སེམས་ས་ད༷ང་པོ༷་རབ་ཏུ་དགའ་བ་ལ༷་གན༷ས་པ་དེས་ཀྱ༷ང༌། ཐུ༷བ་པའི་དབ༷ང་པོའི་གསུ༷ང་ལས་སྐྱེ༷ས་པའི་ཉན་ཐོས་ད༷ང་བཅ༷ས་པའི་ར༷ང་ས༷ངས་རྒྱ༷ས་རྣ༷མས་ནི༷་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ལ་སོགས་པ་བསོ༷ད་ན༷མས་ད༷ག་གི༷་དབ༷ང་གི༷ས་ཕ༷མ་པར་བྱ༷ས་པའམཟིལ་གྱིས་མནན་ནས་ཉན་རང་དེ་དག་ལས་བསོད་ནམས་རྣ༷མ་པ༷ར་འཕེ༷ལ་བར་འགྱུར་ཏེ། ཇི་སྐད་དུ་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོར་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པ་ནི་བློན་པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་དང༌། སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང༌། མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ། དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་བྱུང་བ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང༌། ལྷག་པའི་བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པ་བརྒྱ་སྟོང་དུ་ངེས་པར་འབྱུང་བའི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འགྲེལ་བཤད་ལས། བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་ཞེས་བྱ་བ་འདིས་ནི་བརྡ་ལས་བྱུང་བའི་སེམས་བསྐྱེད་པ་དེ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཞེས་སྨོས་སོ། །ཞེས་འགྲེལ་བཤད་མཁན་པོས་སྐབས་འདིའི་བྱམས་པའི་རྣམ་ཐར་ཀྱི་མདོ་ལས་བྱང་སེམས་གསུངས་པ་ལས་དང་པོ་པའི་བྱང་སེམས་ཡིན་པར་བཤད་དོ། །སྐབས་འདིར་འབའ་མདའི་འཇུག་ཊཱིཀ་རབ་གསལ་སྣང་རྒྱན་ལས། ཡོན་ཏན་དང་ནུས་སྟོབས་ཀྱི་སྒོ་ནས་ནི་སོ་སྐྱེའི་རྒྱུད་ཀྱི་སེམས་བསྐྱེད་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཀྱང་ཉན་རང་གི་ལམ་ཐམས་ཅད་ཟིལ་གྱིས་གནོན་ནུས་ཀྱང་འདིར་ས་དྲུག་པ་མན་ཆད་དུ་ཤེས་རབ་ཀྱི་སྒོ་ནས་དང་དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་ཟིལ་གྱིས་གནོན་ནུས་མི་ནུས་ནི་ཡོན་ཏན་དང་ནུས་པ་ཆེ་ཆུང་སོགས་ཀྱིས་མ་ཡིན་པར་སྐད་ཅིག་རེ་ལ་སྟོང་ཉིད་ལ་འཇུག་ལྡང་ཐུབ་མི་ཐུབ་ཀྱིསྒོ་ནས་བཞག་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །

གཉིས་པ་ས་བདུན་པར་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ནི།

རྩ་བར། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་དོན་དམ་པའི་བྱང་ཆུབ་སེམས་དཔའ་དེ༷་ནི༷་ས་བདུན་པ་རི༷ང་དུ༷་སོ༷ང་བ༷ར་ཐོབ་པ་ན་ཉན་རང་བློ་སྟོབས་ཀྱིས་ཟིལ་གྱིས་གནོན་ཏེ། དེ་ཚེ་སྐད་ཅིག་ཤིན་ཏུ་ཐུང་བ་ལ་འཇུག་ལྡང་ནུས་པའི་སྟོང་ཉིད་རྟོགས་པའི་བློ༷་ཡ༷ང་ཉན་རང་ལས་ལྷ༷ག་པ༷ར་འགྱུ༷ར་བའི་ཕྱིར་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་བོའི་བུ་རྒྱལ་བོའི་མཚན་དང་ལྡན་པ་ནི། སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས། བློན་པོའི་བྱ་བ་ཐམས་ཅད་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང༌། སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་རང་འགྲེལ་ལས། དེའི་ཕྱིར་དེ་ལྟར་ན་རིང་དུ་སོང་བ་ཁོ་ན་ནས་བཟུང་ནས་ནི་བྱང་ཆུབ་སེམས་དཔས་རང་གི་བློའི་སྟོབས་བསྐྱེད་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་དག་ཟིལ་གྱིས་གནོན་པར་འགྱུར་གྱི། ས་འོག་མ་རྣམས་སུ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེསཔར་བྱའོ། །ཞེས་གསུངས་སོ། །

རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་ཡོངས་སུ་དག་པ་ཐོབ་པས་ས་དྲུག་པར་མཉམ་པར་བཞག་པར་སེམས་ལ་གནས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དེ་ཁོ་ན་ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཐོབ་པར་འགྱུར་གྱི་སྔ་རོལ་ཏུ་ནི་མ་ཡིན་ཏེ། ཤེས་རབ་ལྷག་པར་གྱུར་བ་མེད་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་དང་ལྡན་པས་ནི་འགོག་པ་ཐོབ་པར་མི་ནུས་སོ། །ཞེས་ས་དྲུག་པ་མ་ཐོབ་པའི་སྔ་རོལ་དུ་འགོག་སྙོམས་མ་ཐོབ་པ་ལྟ་བུར་བཤད་ལ། དེ་ལྟར་ན་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་མངོན་རྟོགས་རྒྱན་ལས།

འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །ཞེས་སོགས་ཀྱིས་མཐོང་ལམ་དུ་སྙོམས་འཇུག་དགུ་ཡོད་པར་མ་ཟད་ཐོད་རྒལ་དུ་སྙོམས་པར་འཇུག་པར་བཤད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང་ཉན་ཐོས་ཕྱིར་མི་འོང་ལུས་མངོན་བྱེད་དང༌། དགྲ་བཅོམ་རྒྱན་བཅས་ཡོད་པས་དེ་དག་ལ་འགོག་སྙོམས་ཐོབ་དགོས་པ་ཡིན་མིན་དཔྱད་པར་བྱའོ། །སྐབས་འདིའི་འགོག་སྙོམས་ནི། ཡུལ་ཆོས་ཉིད་ཀྱི་སྟེང་དུ་ཚོར་འདུ་རགས་པ་བཀག་པའི་ཆོས་དབྱིངས་ལ་མཉམ་པར་བཞག་པའི་ཕྲ་མོའི་ཡེ་ཤེས་ཞིག་ལ་འདོད་དོ། །རྩ་བར། རིང་དུ་སོང་འདིར་འདི་ནི་སྐད་ཅིག་དང༌། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང༌། །ཞེས་གསུངས་པ་ལྟར་ས་དྲུག་པ་པས་དུས་ཤིན་ཏུ་ཐུང་བའི་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བྱེ་བ་འབུམ་ལ་སྙོམས་པར་འཇུག་པའི་ནང་གི་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་འཇུག་པའི་ཡུན་ལ་ཁྲག་ཁྲིག་ཏུ་བགོས་པའི་ཆ་གཅིག་གི་ཡུན་ལ་ས་བདུན་པ་པས་ཐབས་ཤེས་གང་ལ་ཡང་སྙོམས་པར་འཇུག་ལྡང་ནུས་པའོ། །ས་དྲུག་པ་མན་ཆད་དུ་སྙོམས་པར་འཇུག་ལྡང་ནུས་པའི་སྐད་ཅིག་ཐུང་ཤོས་ལ་ཉན་རང་གིས་སྙོམས་པར་འཇུག་ལྡང་མི་ནུས་ན་ས་དྲུག་པ་མན་གྱིས་ཉན་རང་བློས་ཟིལ་གྱིས་གནོན་པར་འགྱུར་ལ། ནུས་ན་ས་དང་པོ་པས་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལས་ཏིང་ངེ་འཛིན་སྟོང་ཕྲག་ལ་སྙོམས་པར་འཇུག་མི་ནུས་ལ། ཉན་རང་གིས་ནུས་ན་དཔྱད་གཞི་ཆེ་བར་ཡོད་དོ། །སངས་རྒྱས་ཕལ་བོ་ཆེའི་མདོ་ལས། དེ་ལ་མི་ལ་ལ་ཞིག་ལྕགས་ཀྱི་ཤིང་རྟའི་འཁོར་ལོ་རྩིབས་སྟོང་ཡོད་པ་མཁའ་ལྡིང་གི་ཤུགས་ལས་དྲང་པའི་རྟ་མགྱོགས་པས། ཞེས་པ་ནས། སྦྲུལ་གདུག་པས་ཤིང་རྟ་འཁོར་བའི་སྐད་ཅིག་དེ་ལ་དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ་བཤད་དེ། དོན་ཡང་གོ་བར་བྱེད། སྐད་ཅིག་གང་གིས་ཀུན་དགའ་བོས་ཆོས་རྣམ་པ་གཅིག་བཤད་པའི་སྐད་ཅིག་དེ་ལ་དགེ་སློང་ཤཱ་རིའི་བུས་ཆོས་རྣམ་པ་སྟོང་བཤད་དེ། དོན་ཡང་གོ་བར་བྱེད། སྐད་ཅིག་གང་གིས་ཤཱ་ར་དྭ་ཏིའི་བུས་ཆོས་རྣམ་པ་གཅིག་བཤད་པའི་སྐད་ཅིག་དེ་ལ་དགེ་སློང་མོའུ་འགལ་བུས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཁྲི་ཤིན་ཏུ་འདའ། ཞེས་གསུངས་པ་ལྟར་ན་ཉན་ཐོས་ལ་ས་དྲུག་པ་ལྟརསྙོམས་པར་འཇུག་ལྡང་བྱེད་ཐུབ་པ་ཡོད་མེད་དཔྱད་རྒྱུ་ཡོད་དོ། །

གསུམ་པ་དེའི་གྲུབ་དོན་འཕྲོས་དང་བཅས་པ་བཤད་པ་ལ།

ས་བཅུ་པའི་མདོ་ལ་བརྟེན་ནས་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་བསྟན་པ་དང༌། དེ་ཡོད་པར་སྒྲུབ་པའི་མདོ་བསྟནབཅོས་ཀྱི་ཁུངས་བསྟན་པ་དང༌། དེ་ལ་རྩོད་པ་སྤོང་པ་དང་གསུམ་ལས། དང་པོ་ལ། རང་འགྲེལལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིནམེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ཏེ། ཞེས་གསུངས་སོ། །ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་ན་སྐྱོན་གསུམ་མམ་རིགས་པ་གསུམ་ལས། དང་པོ་ནི། དགྲ་བཅོམ་པས་ཕུང་ཁམས་སྐྱེ་མཆེད་རྣམས་རང་བཞིན་མེད་པར་ཤེས་ཏེ་བསྒོམ་པའི་སྟོབས་ཀྱིས་ཁམས་གསུམ་ལ་ཆགས་པ་བྲལ་བ་མ་ཡིན་པར་ཐལ། དེ་དག་གི་ཕུང་པོ་སོགས་རང་བཞིན་མེདཔར་མ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། ཉན་རང་དགྲ་བཅོམ་དེ་ཕྱི་བའི་དྲང་སྲོང་ལྟརཁམས་གསུམ་ལ་ཆགས་པ་དང་བྲལ་ཡང་འཁོར་བའི་རྩ་བའི་གཉེན་པོ་མེད་པར་ཐལ། དེའི་ཕུང་པོ་དང་བདག་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར། ཁྱབ་སྟེ། བདེན་འཛིན་གྱི་དངོས་གཉེན་ལ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ལས་མེད་པ་གང་ཞིག ཕུང་པོ་བདེན་འཛིནའཁོར་བའི་རྩ་བ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལྟར་མ་ཡིན་ན་༡དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱདཔས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཞེས་གསུངས་སོ། །

གཉིས་པ་ནི། ཉན་རང་དགྲ་བཅོམ་ཆོས་ཅན། ཁམས་གསུམ་གྱི་ཕྲ་རྒྱས་ཐམས་ཅད་མ་སྤངས་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གོམས་པ་མེད་པའི་ཕྱིར།

དཔེར་ན་ཕྱི་རོལ་བའི་དྲང་སྲོང་བཞིན། ཁྱབ་སྟེ། བདེན་པར་མེད་པའི་སྟོང་ཉིད་མ་རྟོགས་ན་བདེན་འཛིན་སྤོང་མི་ནུས། དེ་མ་སྤངས་ན་བདེན་འཛིན་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཕྲ་རྒྱས་གཅིག་ཀྱང་སྤོང་མི་ནུས་པའི་ཕྱིརཏེ། རང་འགྲེལ་ལས། ༢ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ནི། ཉན་རང་དགྲ་བཅོམ་ཆོས་ཅན། གང་ཟག་གི་བདག་མེད་མཚན་ཉིད་ཚང་བ་མ་རྟོགས་པར་ཐལ། ཉན་རང་དགྲ་བཅོམ་པས་གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པའི་བློ་ཕྱིན་ཅི་ལོག་བདེན་འཛིན་གྱི་ཞེན་ཡུལ་བདེན་གྲུབ་སུན་ཕྱུང་བ་མེད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། གང་ཟག་ནི་ཕུང་པོ་ལས་ཡན་གར་བ་མེད་པས་ཕུང་པོ་དང་ངོ་བོ་གཅིག་ཡིན་ལ། དེས་ན་གང་ཟག་དང་གང་ཟག་གི་གདགས་གཞི་ཕུང་པོ་ལ་ནི་བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱུང་བའི་ཕྱིར་ཏེ། རང་འགྲེལ་ལས། ༣གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་པར་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་པའིཕྱིར་རོ། །

གཉིས་པ་ནི། སྒྲུབ་བྱེད་ཀྱི་ལུང་དགུ་ནི། འཇུག་པ་རང་འགྲེལ་དུ་བཀོད་པའི་ལུང་ལྔ་དང༌། དེ་ལས་གཞན་ཚིག་གསལ་དུ་བཀོད་པའི་ལུང་བཞི་སྟེ་དགུ་བོ་འདི་ལྟ་སྟེ། དང་པོ་ནི་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །

འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུ་མ་མཐོང་ཕྱིར། །

ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། །ཞེས་དང༌། གཉིས་པ་ཡང་དེ་ལས། ཇི་ལྟར་མིག་ནི་འཁྲུལ་བ་ཡིས། །ཞེས་པ་ནས། གནས་མེད་ལེན་མེད་མྱ་ངན་འདའ། །

ཞེས་པའི་བར་རཽ། །གསུམ་པ་ཡང་དེ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པསྟོང་བ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་པའོ། །

བཞི་བ་ནི། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པ་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །ཞེས་པའོ། །ལྔ་བ་ནི་རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་པའོ། །ཀ་ཏྱ་ཡ་ན་ལ་གདམས་པའི་མདོ་ནི་ལུང་ཕྲན་ཚེགས་ལས། ཀ་ཏྱ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང༌། འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར།

འཆི་བའི་སྡུག་བསྔལ་ལས་གྲོལ་བར་མི་འགྱུར། ཞེས་པའོ། །དྲུག་པ་ནི་ཡུམ་ལས། གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་ལ་སྤྱོད་པ་མ་ཡིན་ནོ། །ཞེས་དང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་སོགས་སོ། །བདུན་པ་ནི། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུར་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་པའོ། །བརྒྱད་པ་ནི་ལྷག་བསམ་བསྟན་པའི་མདོ་ལས། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་བའི་བུད་མེད་མཐོང་ནས། འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་བཀྲིས་ནས་འཁོར་གྱིས་འཇིགས་ཤིང་བག་ཚ་སྟེ། སྟན་ལས་ལངས་ནས་སོང་སྟེ་དེར་སོངནས་ཀྱང་བུད་མེད་དེ་ཉིད་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང༌།

སྟོང་བ་དང་བདག་མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ་འོན་ཏེ་ལོག་པར་ཞུགས་པ་ཡིན། གསོལ་བ། བཅོམ་ལྡན་འདས་གང་བུད་མེད་མ་མཆིས་པ་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང༌། བདག་མེད་པར་ཡིད་ལ་བགྱིད་པའི་མི་དེའི་མངོན་པར་བརྩོན་པ་དེ་ནི་ལོག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་དགེ་སློང་མ་དང༌། དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་པའོ། །

དགུ་བ་ནི་བསམ་གཏན་དཔེ་མཁྱུད་ཀྱི་མདོ་ལས། འཇམ་དཔལ་འཕགས་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་སེམས་ཅན་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འཁོར་བ་ཡང་དག་པ་མ་ཡིན་པ་འདི་ལས་འདའ་བར་མི་འགྱུར་རོ། །ཞེས་གསུངས་པ་དེའོ། །གཞན་ཡང་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་པས་ཆོས་ཀྱི་བདག་མེད་མ་རྟོགས་ན་ཐར་བ་མི་ཐོབ་པར་བསྟན་མ་བསྟན་དཔྱད་པར་བྱའོ། །གོང་དུ་བཀོད་པའི་རིན་ཕྲེང་གི་ལུང་དེས་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དགོས་པར་བཤད་པ་ཡིན་ཏེ། རང་འགྲེལ་ལས། ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་པ་ནས། རྒྱུ་མེད་པ་ཡི་མེ་བཞིན་དུ། །

གནས་མེད་ལེན་མེད་མྱ་ངན་འདའ། །ཞེས་གསུངས་སོ། །ཅི་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནས་དེ་ལྟར་རང་བཞིན་མེད་པར་མཐོང་བ་ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ནས་དེ་སྐད་དུ་གསུངས་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། བརྗོད་པར་བྱ་སྟེ། མཇུག་ཐོགས་ཁོ་ནར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང༌། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་བྱ་བ་ལསོགས་པ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །

གསུམ་པ་ནི། དེ་ལ་རྩོད་པ་སྤོང་ཚུལ་བཤད་པ་ལ། རྩོད་པ་དང༌། ལན་གཉིས། དང་པོ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེས་རབ་བྱེད་བདུན་པའི་འགྲེལ་བར་ཐེག་དམནགྱི་མདོ་ལས་ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་དོན་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་བཤད་པ་ལ། ལེགས་ལྡན་ན་རེ། འོ་ན་ཐེག་ཆེན་གྱི་མདོ་སྡེ་བསྟན་པ་དོན་མེདཔར་ཐལ། ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་པའི་ཕྱིར། ཞེས་པའོ། །

གཉིས་པ་ལན་ནི། རང་འགྲེལ་ལས། གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཆོས་ལ་བདག་མེད་པར་བསྟན་ན་དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པ། ཞེས་གསུངས་དེའི་དོན་ནི། དཔལ་ལྡན་ཟླ་བ་ན་རེ། ཐེག་དམན་ལས་ཆོས་ཀྱི་བདག་མེད་བསྟན་ཀྱང་ཐེག་ཆེན་གྱི་སྡེ་སྣོད་བསྟན་པ་དོན་མེད་དུ་མི་འགྱུར་བར་ཐལ། ཐེག་དམན་གྱི་མདོ་ལས་སྟོང་ཉིད་བསྟན་ཀྱང་སྤྱིར་ཐེག་ཆེན་བསྟན་པ་དོན་མེད་དུ་མི་འགྱུར་བ་གང་ཞིག ཐེག་དམན་གྱི་ཆོས་ཀྱི་བདག་མེད་བསྟན་ཀྱང་ཐེག་ཆེན་གྱི་མདོར་ཆོས་ཀྱི་བདག་མེད་བསྟན་པ་ཡང་དོན་མེད་དུ་མི་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། ཐེག་ཆེན་གྱི་མདོ་རྣམས་ཀྱིས་ཆོས་ཀྱི་བདག་མེད་ཙམ་བསྟན་པ་མ་ཡིན་པར་ཐེག་དམན་གྱི་མདོ་ལས་མ་བསྟན་པའི་སྤྱོད་པ་ཕར་ཕྱིན་དྲུག་དང༌། བསྔོ་བ་སྨོན་ལམ་བསྟན་ལ། ཐེག་དམན་གྱི་མདོ་ལས་དེ་དག་མ་བཤད་པའི་ཕྱིར་ཏེ། རང་འགྲེལ་ལས། དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟོགས་སོ། །ཐེག་པ་ཆེན་པོ་བསྟན་པས་ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མ་ཡིན་གྱི། །འོ་ན་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་དང༌། སྨོན་ལམ་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་དང་ཡོངས་སུ་བསྔོ་བ་དང་ཚོགས་གཉིས་དང་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་ཡིན་ནོ། །ཇི་སྐད་དུ་རིན་ཆེན་ཕྲེང་བ་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔའ་ག་ལ་འགྱུར། །བྱང་ཆུབ་སྤྱ ོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་བསྩལ། །ཐེག་པ་ཆེ་ལས་བཀའ་བསྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང༌། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་གྲུབ་སྟེ། རང་འགྲེལ་ལས། ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །

ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། ༼འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ༽མཚན་མ་མེད་པར་མ་རྟོགས་པར། །ཁྱེད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱི་ཐེག་ཆེན་ལས། །

དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། དེས་ན་འཁོར་ལོ་དང་པོར་མངོན་པ་ནས་བཤད་པའི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་མཐོང་ལམ་དང༌། དེའི་རྒྱུད་སྒོམ་པར་བྱེད་པའི་ཡེ་ཤེས་སྒོམ་ལམ་དང༌། དེ་གཉིས་ཀྱིས་ཉོན་མོངས་སྤངས་ནས་དགྲ་བཅོམ་པ་ཐོབ་པར་སྟོན་པའི་མདོ་རྣམས་ནི་སྐབས་འདིར་དྲང་དོན་དུ་འགྲེལ་བའི་ལུགས་ཡིན་ཏེ། དེ་འདྲའི་ལམ་དེ་མཐོང་སྒོམ་མ་ཡིན་ལ། དེས་མཐོང་སྒོམ་གྱི་སྤང་བྱ་གང་ཡང་སྤོང་མི་ནུས་ཀྱང་དེ་འདྲའི་ལམ་གྱིས་གདུལ་དགོས་པའི་གདུལ་བྱའི་ངོར་བསྟན་པ་ཙམ་གྱི་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཡིན་པའི་ཕྱིར། ཞེས་དང༌། དེ་ལས། མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་པ་དགྲ་བཅོམ་པ་ཡིན་པར་ཐལ། དེ་ནས་བཤད་པའི་འཕགས་པ་འཕགས་པ་ཡིན་པའི་ཕྱིར། དེར་ཐལ། དེ་ནས་བཤད་པའི་འཕགས་ལམ་འཕགས་ལམ་ཡིན་པའི་ཕྱིར་ཏེ། དེ་ནས་བཤད་པའི་ལམ་ལམ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ནས་བཤད་པའི་ངེས་འབྱུང་གི་བསམ་པ་ངེས་འབྱུང་གི་བསམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ནས་བཤད་པའི་ངེས་འབྱུང་གི་བསམ་པ་ངེས་འབྱུང་གི་བསམ་པ་ཡིན་ན་ངེས་འབྱུང་གི་བསམ་པས་ཟིན་པའི་མངོན་པ་ནས་བཤད་པའི་དགེ་བློ་རྣམས་ལམ་ཡིན་དགོས་པའི་ཕྱིར་ཏེ། ལམ་ཡིན་མིན་གྱི་ཁྱད་པར་ངེས་འབྱུང་གི་བསམ་པས་ཟིན་མ་ཟིན་ལ་བྱེད་པའི་ཕྱིར། མ་ཁྱབ་མཚམས་ཕྱི་མའི་རྟགས་གྲུབ་སྟེ། མངོན་པ་ནས་བཤད་པའི་སོ་ཐར་གྱི་སྡོམ་པ་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། སོ་ཐར་གྱི་སྡོམ་པ་ཡིན་ན་ངེས་འབྱུངགི་བསམ་པ་ལས་སྐྱེས་པའི་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཁས་ལེན་ནུས་མིན་དཔྱདཔར་ཞུའོ། །

གཞན་ཡང་སྤྱོད་འཇུག་ལས། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་པ་ཡིས། །མྱ་ངན་འདས་པའང་དཀའ་བར་གནས། །ཉོན་མོངས་སྤངས་པས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །རེ་ཞིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། །སྟོང་པ་ཉིད་དང་བྲལ་བའི་སེམས། །འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །དེས་ན་སྟོང་ཉིད་བསྒོམ་པར་བྱ། །ཞེས་གསུངས་པའི་ལུང་གི་དགོངས་པ་སྤྱོད་འཇུག་ས་འགྲེལ་སོགས་ལ་བརྟེན་ནས་ཟླ་བ་ལྟར་འཆད་དགོས་པ་ཡིན་མིན་དཔྱད་པར་བྱའོ། །ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་སྒྲས་ཟིན་ལ་མདོ་ལས་གསུངས་པ་ཡོད་དེ། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །

ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །བདག་མེད་གཉིས་ལ་མཁས་པ་རྣམས། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །ཅེས་དང༌། དམ་ཆོས་པད་དཀར་ལས། འོད་སྲུང་ཆེན་པོས། ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཞེས། །དེ་ལྟར་བསམ་ན་དད་པར་མ་གྱུར་ཏོ། །ཞེས་དང༌། ལང་གཤེགས་ལས། གཞན་ཡང་བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པ་མ་བསྒོམས་ཤིང༌། བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བ་མ་ཐོབ་པས། ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་དང༌། །

ཞེས་དང༌། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་གསུངས་སོ། །འོན་ཀྱང་དཔལ་ལྡན་ཟླ་བས་མདོ་འདི་དག་གི་དགོངས་པ་ཇི་ལྟར་འཆད་པར་དཔྱད་པར་བྱའོ། །བདག་མེད་གཉིས་ཀྱི་རྟོགས་རིམ་ནི། མདོ་ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱི་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །ཡོངས་སུ་དག་པ་རྣམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང༌། །ཞེས་གསུངས་སོ། །ཚིག་རྐང་ཕྱི་མ་གཉིས་དང༌། དབུ་མ་བཞི་བརྒྱ་བ་ལས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པས་ཆོས་གཅིག་གི་དེ་བཞིན་ཉིད་མཐོང་ན་ཆོས་ཀུན་གྱི་དེ་བཞིན་ཉིད་མཐོང་དགོས་པ་ཡིན་ནམ་དཔྱད་པར་ཞུ། མཁས་པ་གཞན་གྱིས་ཆོས་གཅིག་རང་བཞིན་གྱིསམེད་པར་རྟོགས་ན་གཞན་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་རྟོགས་པ་དང༌། དེ་མངོན་སུམ་དུ་མཐོང་ན་ཆོས་ཀུན་རང་བཞིན་གྱིས་མེད་པ་མངོན་སུམ་དུ་རྟོགས་པར་བཞེད་དོ། །སྟོང་ཉིད་རྟོགས་པ་ལ་འབད་དགོས་ཏེ། འཕགས་པ་ལྷས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེསགསུངས་པས་སོ། །

གསུམ་པ་ས་དང་པོར་ལྷག་པའི་ཡོན་ཏན་གཞན་བསྟན་པ་ལ། ས་དང་པོ་ལ་གནས་པའི་སྦྱིན་པ་བཤད་པ། རྟེན་དམན་པ་རྣམས་ཀྱི་སྦྱིན་པ་བཤད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་བཤད་པ། སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི། རྩ་བར།

དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུར། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །ཞེས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་དེ༷འི་ཚེ༷་བྱང་ཆུབ་སེམས་དཔའ་དེ༷་ལ༷་ཕྱིན་བཅུའི་ནང་ནས་རྫོ༷གས་པའི་ས༷ངས་རྒྱས་བྱ༷ང་ཆུ༷བ་ཀྱི་རྒྱུ༷་ད༷ང་པོ༷་སྦྱི༷ན་པའི་ཕ་རོལ་ཏུ་ཕྱིན་པ༷་དེ་ཉི༷ད་ཁོ་ན་ནི༷་ཆེས་ལྷ༷ག་པ་ཡོད་པ༷ར་འགྱུ༷ར་ཏེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ཐོབ་པ་དེ་ལ།

སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང༌།

ཐབས་དང་སྨོན་ལམ་དང༌། སྟོབས་དང་ཡེ་ཤེས་ཞེས་བྱ་བ་བཅུ་པོ་དག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཁོ་ནས་ཆེས་ལྷག་པར་ཡོད་པར་འགྱུར་ཏེ། དེ་ལས་གཞན་རྣམས་མེད་པ་ནི་མ་ཡིན་ནོ། །

སྦྱིན་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་དང་པོ་ཡིན་ནོ། །ཞེས་གསུངས་པས་སོ། །

རྩ་བར། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡི། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་གྱུར། །

ཞེས་ས་དང་པོ་པ་དེས་ཕྱིའི་ཡོ་བྱད་སྟེར་བ་ལ་གུས་པར་བྱས་པ་མ་ཟད་སློང་བ་པོ་ལ་ར༷ང་གི་ཤ༷་སྟེ༷ར་བ་ལ༷འ༷ང་གུ༷ས་པ༷ར་བྱ༷ས་པ༷་ཡི༷་སྒོ་ནས་དེའི་རྒྱུད་ཀྱི་དེ་འདྲའི་སྦྱིན་པ་དེ་ནི་ས་དང་པོ་པའི་རྒྱུད་ལ་གང་ཟག་གཞན་ཕལ་ཆེར་ལ་སྣ༷ང་དུ༷་མི༷་རུ༷ང་བའི་དོན་དམ་པའི་ས་ཐོབ་པ་སོགས་ཡོན་ཏན་ཁྱད་པར་ཅན་ཡོད་པར་དཔོ༷ག་པ༷འི་རྒྱུ༷ར་གྱུར་པའམ་དཔོག་བྱེད་ཀྱི་གཏན་ཚིགས་སུ་ཡ༷ང་འགྱུ༷ར་བ་ཡིན་པ། དཔེར་ན་དུ་བའི་རྟགས་ཀྱིས་མེ་དཔོག་པ་སོགས་བཞིན་ཡིན་ཏེ། རང་འགྲེལ་ལས། དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་སྣང་རུང་མ་ཡིན་པས་རྟོགས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་གཏོང་བའི་ཁྱད་པར་གྱི་རྗེས་སུ་དཔག་པ་ཉིད་ལས་གསལ་བར་དཔོག་པར་བྱེད་པ་ཡིན་ཏེ། དུ་བ་ལ་སོགས་པལས་མེ་ལ་སོགས་པ་དག་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྟེན་དམན་པ་རྣམས་ཀྱི་སྦྱིན་པ་བཤད་པ་ལ།

སྦྱིན་པས་འཁོར་བའི་བདེ་བ་འཐོབ་པ་དང༌། སྦྱིན་པས་དམན་པའི་མྱང་འདས་ཀྱི་བདེ་བ་ཐོབ་པར་བསྟན་པ་དང་གཉིས།

དང་པོ་ནི། རྩ་བར། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང༌། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱ ོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་དང་པོ་ནི་འཇིག་རྟེན་གྱི་སྐྱེ༷་བོ༷་མ་ལུས་པ་འདི༷་ཀུ༵ན། བཀྲེས་སྐོམ་དང་ནད་དང་ཚ་གྲང་སོགས་ཀྱི་སྡུག་བསྔལ་ཕྱིར་བཅོས་པའི་བདེ༷་བ༷་ཐོབ་པར་མངོ༷ན་པར་འདོ༷ད་པ་ཡིན་ཅི༷ང༌། མི༷་ལ་སོགས་པ་རྣ༷མས་ཀྱི་བདེ༷་བ༷་དེའ༷ང་འདོད་པའི་ཡུལ་གྱི་ལོ༷ངས་སྤྱོ༷ད་བཟའ་བཏུང་དང༌། ནད་གསོ་བའི་སྨན་དང་གོས་དང་གནས་ཁང་སོགས་ལ་སྤྱད་པ་མེ༷ད་པར་སྐྱེ་བ་མི༷ན་ལ༷། བདེ་བའི་རྒྱུ་ལོ༷ངས་སྤྱོ༷ད་དེ་རྣམས་ཀྱ༷ང་ནི༷་ཚེ་རབས་སྔ་མར་སྦྱི༷ན་པ་ལ༷ས་བྱུང་བའི་བསོད་ནམས་བསགས་པ་ལས་བདེ་བ་འབྱུ༷ང་བར་མཁྱེ༷ན་ན༷ས། འགྲོ་བ་མ་ལུས་པའི་བསམ་པ་མཁྱེན་པའི་ཤཱཀྱ་ཐུ༷བ་པ༷ས་ད༷ང་པོ༷ར་རམ་ཐོག་མར་སྦྱིན་པའི་ངོ་བོ་དང་ཕན་ཡོན་ལ་སོགས་པའི་སྦྱི༷ན་པ༷འི་གཏ༷མ་ཉིད་མཛ༷ད་པ་ཡིན་ཏེ། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ནི་མི་ལ་སོགས་པའི་བདེ་བའི་རྒྱུ་དང༌། ལམ་སྒྲུབ་པའི་ལས་དང་པོ་བ་རྣམས་ཀྱི་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པ་དང༌། ཚུལ་ཁྲིམས་དང་བཟོད་པ་སོགས་ལས་སྦྱིན་པ་དེ་ལ་འཇུག་པར་ཡང་སླ་བའི་ཕྱིར་དང་པོར་བཤད་དོ༷། །རྩ་བར། སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་སེམས་ཅན། །རང་དོན་ལྷུར་ལེན་ཉིད་དུ་གྱུར་པ་གང༌། །དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས། །སྡུག་བསྔལ་ཉེར་ཞིའི་རྒྱུར་གྱུར་སྦྱིན་ལས་བྱུང༌། །ཞེས་སྦྱིན་པ་གཏོང་བ་པོ་ཚུལ་དང་མཐུན་པ་ཞིག་དགོས་སམ་སྙམ་ན་དེ་མི་དགོས་ཏེ། སྙི༷ང་རྗེ༷་དམ༷ན་ཞི༷ང་ཤི༷ན་ཏུ༷་རྩུ༷བ་པའི་སེ༷མས་དང་ལྡན་པ་ཅ༷ན། ར༷ང་གི་དོ༷ན་མངོན་པར་མཐོ་བའི་བདེ་བ་ཙམ་ལྷུ༷ར་ལེ༷ན་ཉི༷ད་དུ༷་གྱུ༷ར་བ༷་ག༷ང་ཡིན་པ་དེ༷་ད༷ག་གི༷་ཡ༷ང་སྦྱིན་པ་སྦྱིན་པའི་རྒྱུ་ལས་བྱུང་བར་འདོ༷ད་པ༷འི་ལོ༷ངས་སྤྱོ༷ད་ཕུན་སུམ་ཚོགས་པ་རྣ༷མས་ནི། རང་གི་བཀྲེས་སྐོམ་སོགས་ཀྱི་སྡུ༷ག་བསྔ༷ལ་ཉེ༷་བར་ཞི༷འི་རྒྱུ༷ར་གྱུ༷ར་པའི་སྦྱི༷ན་པ་ལ༷ས་འབྱུ༷ང་བ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། གང་དག་ཚོང་པ་བཞིན་དུ་ནོར་ཆེས་ཉུང་ངུ་བཏང་བ་ལས་འབྲས་བུ་ནོར་གྱི་ཕུང་པོ་ཆེས་ཡངས་པ་འདོད་པ་དོན་དུ་གཉེར་པ་པས་ཀྱང་ལྷག་པར་དོན་དུ་གཉེར་བར་གྱུར་ཅིང་སྦྱིན་པར་འདོད་པར་གུས་ཀྱི། ཞེས་པ་ནས། ལོངས་སྤྱོད་ཕུལ་དུ་བྱུང་བ་ཕུན་སུམ་ཚོགས་པའི་སྒོ་ནས་ལུས་ཀྱི་སྡུག་བསྔལ་ཡིད་དུ་མི་འོང་བ་བཀྲེས་པ་དང་སྐོམ་པ་ལ་སོགས་པ་འཇོམས་པརབྱེད་པས་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་འགྱུར་རོ། །ཞེས་གསུངས་པས་སོ། །

གཉིས་པ་སྦྱིན་པས་དམན་པའི་མྱང་འདས་ཀྱི་བདེ་བ་ཐོབ་པར་བསྟན་པ་ནི།

རྩ་བར། འདི་ཡང་སྦྱིན་པའི་སྐབས་ཀྱིས་ནམ་ཞིག་ཚེ། །འཕགས་པའི་སྐྱེ་བོ་དང་ཕྲད་མྱུར་དུ་འཐོབ། །དེ་ནས་སྲིད་རྒྱུན་ཡང་དག་བཅད་བྱས་ཏེ། །དེ་ཡི་རྒྱུ་ཅན་ཞི་བར་འགྲོ་བར་འགྱུར། །ཞེས་སྦྱིན་པའི་རྟེན་དམན་པ་ཐེག་དམན་རིགས་ཅན་གྱི་སྦྱིན་པས་མྱང་འདས་ཀྱི་བདེ་བ་ཐོབ་པར་བྱེད་དེ། རྟེན་དམན་པས་སྦྱིན་པ་གཏོང་བ་འདི༷་ཡ༷ང་སྦྱི༷ན་པ་གཏོང་བར་གྱུར་པ༷འི་སྐ༷བས་ཀྱི༷་དུས་ན༷མ་ཞི༷ག་གི་ཚེ༷་ན་འཕ༷གས་པ༷འི་སྐྱེ༷་བོ༷་ད༷ང་འཕྲ༷ད་པ་མྱུ༷ར་དུ༷་འཐོ༷བ་པར་བྱེད་ཅིང༌། དེ༷་ན༷ས་དམ་པ་འཕགས་པ་དེས་ཆོས་བསྟན་པ་ལས་འཁོར་བ་ལ་ཡོན་ཏན་མེད་པར་སྐྱོན་ཅན་ཁོ་ནར་རིག་ནས་ལམ་ཉམས་སུ་བླངས་ཏེ་འཕགས་ལམ་ཟག་མེད་མངོན་དུ་བྱས་པས་མ་རིག་པ་སྤངས་ཏེ། སྲི༷ད་པ་འཁོར་བའི་རྒྱུ༷ན་ཐོག་མེད་ནས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་ཡ༷ང་ད༷ག་པར་བཅ༷ད་པར་བྱ༷ས་ཏེ༷། སྔོན་ལམ་དུ་ཞུགས་པའི་ཚེ་དམ་པ་དང་འཕྲད་པ་དེ༷་ཡི༷་རྒྱུ༷་ཅ༷ན་ཉན་ཐོས་སམ་རང་རྒྱལ་གྱི་ཞི༷་བ༷་མྱང་འདས་སུ་འགྲོ༷་བ༷ར་འགྱུ༷ར་བ་ཡིན་ནོ། །དེ་ཡན་དུ་བྱང་སེམས་མ་ཡིན་པའི་སྦྱིན་པ་དང་སྦྱིན་འབྲས་བཤད་ཟིན་ཏེ། རང་འགྲེལ་ལས། དེ་ལྟ་ན་རེ་ཞིག་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱི་སྦྱིན་པ་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པའི་རྒྱུཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་བཤད་པ་ལ།

བྱང་སེམས་ཀྱི་སྦྱིན་པའི་ཕན་ཡོན་ཐུན་མོང་མ་ཡིན་པ་བསྟན་པ། རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་གཙོ་བོར་བསྟན་པ། བྱང་སེམས་ཀྱི་སྦྱིན་པའི་ཚེ་དགའ་བ་ཅི་འདྲ་བ་ཐོབ་པ་བསྟན་པ། བྱང་སེམས་ཀྱིས་ལུས་སྦྱིན་པ་ལ་སྡུག་བསྔལ་ཡོད་མེད་བསྟན་པ་དང་བཞི་ལས། དང་པོ་ནི། རྩ་བར། འགྲོ་ལ་ཕན་པར་དམ་བཅས་ཡིད་ཅན་རྣམས། །སྦྱིན་པས་རིང་པོར་མི་ཐོགས་དགའ་བ་ཐོབ། །ཅེས་འགྲོ༷་བ་ཐམས་ཅད་ལ༷་ཕུགས་སུ་ཕ༷ན་པ་དང་འཕྲལ་དུ་བདེ་བ་སྒྲུབ་པ༷ར་ད༷མ་བཅ༷ས་པའི་ཡི༷ད་ཅ༷ན་གྱི་བྱང་སེམས་རྣ༷མས་ནི་ཆོས་ཅན། སྦྱིན་པ་གཏོང་བ་ལ་རྒྱུན་མི་ཆད་པར་གུས་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་མ་ཡིན་པ་རྣམས་ནི་སྦྱིན་པས་སློང་བ་པོ་ཚིམ་པར་བྱས་པའི་མཇུག་ཐོགས་དེ་མ་ཐག་ཏུ་སྦྱིན་པའི་འབྲས་བུའི་བདེ་བ་ལ་ངེས་པར་ལོངས་སྤྱོད་པ་མིན་ལ། དེ་མིན་པས་དེ་རྣམས་ཀྱི་སྦྱིན་པ་སྦྱིན་པའི་འབྲས་བུ་མངོན་སུམ་དུ་མི་མཐོང་བས་སྦྱིན་པ་ལ་མི་འཇུག་པ་ཡང་སྲིད་པ་གང་ཞིག དེ་འདྲའི་བྱང་སེམས་རྣམས་ཀྱིས་ནི་སྦྱི༷ན་པ་བྱིན་པ༷ས་རི༷ང་པོ༷ར་མི༷་ཐོ༷གས་པར་སློང་བ་པོ་ཚིམ་པར་བྱས་པའི་མཇུག་ཐོག་དེ་ཉིད་དུ། སྦྱིན་པའི་འབྲས་བུ་ནི་དག༷འ་བ༷་མཆོག་ཏུ་གྱུར་པ་ཐོ༷བ་པ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ནི་སྦྱིན་པ་དང་དུས་མཉམ་དུ་ཇི་སྐད་བཤད་པའི་སྦྱིན་པའི་འབྲས་བུ་ངེས་པར་ལོངས་སྤྱོད་པ་མ་ཡིན་ཏེ། ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམས་ནི། ཞེས་པ་ནས། དེཉིད་དུ་སྦྱིན་པའི་འབྲས་བུ་ཉེ་བར་ལོངས་སྤྱོད་དོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་གཙོ་བོར་བསྟན་པ་ནི།

རྩ་བར། གང་ཕྱིར་བརྩེ་བདག་བརྩེ་བདག་མ་ཡིན་པ། །དེ་ཕྱིར་སྦྱིན་པའི་གཏམ་ཉིད་གཙོ་བོ་ཡིན། །ག༷ང་གི་ཕྱི༷ར་ན་གོང་དུ་བཤད་པ་ལྟར་བརྩེ༷་བའི་བད༷ག་ཉིད་བྱང་སེམས་དང༌། བརྩེ༷་བའི་བད༷ག་ཉིད་བྱང་སེམས་མ༷་ཡི༷ན་པ༷་གཉིས་ཀའི་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཐམས་ཅད་སྦྱིན་པས་འདྲེན་པར་བྱེད་པ་དེ༷འི་ཕྱི༷ར་སྦྱིན་པའི་རྟེན་གཉིས་ཀ་ལ་སྦྱི༷ན་པ༷འི་གཏ༷མ་ཉི༷ད་གཙོ༷་བོ༷་གལ་ཆེ་བ་ཡི༷ན་ཏེ། རང་འགྲེལ་ལས། ཐམས་ཅད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་སྦྱིན་པ་ཡིན་པ། ཞེས་གསུངས་པས་སོ། །སྦྱིན་པ་གལ་ཆེ་བ་ཡིན་ཏེ། བཤེས་སྤྲིངས་ལས། ལོངས་སྤྱོད་གཡོ་བ་སྙིང་བོ་མེད་མཁྱེན་ནས། །དགེ་སྦྱོང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །

སྦྱིན་པ་ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མམཆིས་སོ། །ཞེས་གསུངས་པས་སོ། །

གསུམ་པ་བྱང་སེམས་ཀྱི་སྦྱིན་པའི་ཚེ་དགའ་བ་ཇི་འདྲ་ཐོབ་པར་བསྟན་པ་ནི། རྩ་བར།

ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་བསམས་ལས། །རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། །

ཞི་བར་ཞུགས་པས་བདེ་བ་བྱེད་མིན་ན། །ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་དགོས། །

ཞེས་བྱང་སེམས་རྣམས་སྦྱིན་པ་ལ་གུས་པར་བྱེད་པའི་རྒྱུ་ནི་སློང་བ་པོ་རྣམས་ལོངས་སྤྱོད་ཀྱིས་ཚིམས་པ་ལས་བྱུང་བའི་དགའ་བ་ཁྱད་པར་ཅན་ཐོབ་ལ། ཇི༷་ལྟ༷ར་ཐོབ་ན་སློང་བ་པོས་བདག་ལ་ཟས་གོས་སོགས་བྱི༷ན་ཅི༷ག་ཅེ༷ས་ཟེར་བའི་སྒྲ༷་ཐོ༷ས་པའི་དོན་བས༷མ་པ་ན། སློང་བ་པོ་འདི་ནི་བདག་ལ་ལོངས་སྤྱོད་སློང་བ་ཞིག་གོ་སྙམ་པ་ལ༷ས། རྒྱ༷ལ་སྲ༷ས་དེ་ལ་ཡིད་ལ་བདེ༷་བ་ཡང་ནས་ཡང་དུ་འབྱུ༷ང་བའི་བདེ་བ་དེ༷་ལྟ༷ར་ཐུ༷བ་པ་དགྲ་བཅོམ་པ་རྣ༷མས་ལ༷་ཞི༷་བ༷ར་ཞུགས་སམ་མྱང་འདས་ཀྱི་དབྱིངས་སུ་སྙོམས་པར་ཞུ༷གས་པ༷ས་བདེ༷་བ༷་བསྐྱེད་པར་བྱེ༷ད་དམ་བྱིན་པ་མི༷ན་ན༷། ཕྱི་ནང་གི་དངོས་པོ་ཐ༷མས་ཅ༷ད་བཏ༷ང་བ༷ས་སློང་བ་པོ་ཚིམས་པར་བྱེད་པ་དེས་ཞི་བདེ་ལས་ལྷགཔའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ལྟ༷་ཞི༷ག་སྨོ༷ས་ཅི༷་དགོ༷ས་ཏེ་མི་དགོས་པའོ། །

བཞི་པ་བྱང་སེམས་ཀྱིས་ལུས་སྦྱིན་པ་ལ་སྡུག་བསྔལ་ཡོད་མེད་བསྟན་པ་ནི།

འཇུག་པ་རང་འགྲེལ་ལས། ཡང་ཅི་གང་ལས་དེ་སྐད་བརྗོད་པ་ཕྱི་དང་ནང་གི་དངོས་པོ་གཏོང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ཀྱི་སྡུག་བསྔལ་ཡང་མི་འབྱུང་ངམ་ཞེ་ན། བཤད་པ། བདག་ཉིད་ཆེན་པོ་རྣམས་ལ་ནི་སེམས་མེད་པ་རྣམས་བཅད་པ་ལྟར་ལུས་ཀྱི་སྡུག་བསྔལ་འབྱུང་བ་མི་སྲིད་པ་ཉིད་དེ། འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས། འདི་ལྟ་སྟེ། དཔེར་ན་ཤིང་སཱ་ལ་ཆེན་པོའི་ཚལ་ཞིག་ཡོད་ལ། དེར་འགའ་ཞིག་འོངས་ནས་སཱ་ལ་གཅིག་བཅད་པ་ན། དེར་ཤིང་སཱ་ལ་ལྷག་མ་དེ་རྣམས་འདི་སྙམ་དུ་འདི་ནི་བཅད་པའོ། །བདག་ཅག་ནི་མ་བཅད་པའོ་སྙམ་དུ་མི་སེམས་ཤིང༌། དེ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་དོ། །རྟོག་པ་དང༌། རྣམ་པར་རྟོག་པ་མེད་དོ། །བྱང་ཆུབ་སེམས་དཔའི་བཟོད་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པ་ཡོངས་སུ་དག་པ་མཆོག་ནམ་མཁའ་དང་མཉམ་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །

རིན་པོ་ཆེའི་ཕྲེང་བ་ལས་ཀྱང༌། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་གསུངས་སོ། །

ཡང་ཆགས་པ་མེད་པའི་གནས་སྐབས་མ་ཐོབ་པ་གང་ཞིག་ལ་ལུས་གནས་པ་དང་འགལ་བའི་ཡུལ་ཡང་དག་པར་བབས་པས་ལུས་ཀྱི་སྡུག་བསྔལ་གདོན་མི་ཟ་བར་འབྱུང་བ་དེའི་ཚེ་དེ་ཡང་སེམས་ཅན་གྱི་དོན་བྱ་བ་དག་ལ་ཆེས་ལྷག་པར་འཇུག་པའི་རྒྱུ་ཉིད་དུ་གནས་པ་ཡིན་ནོ་ཞེས་བཤད་པ་ནི། རྩ་བར། ལུས་བཅད་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས། །གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་དེ། །དེ་གཅད་བྱ་ཕྱིར་མྱུར་དུ་བརྩོན་འགྲུས་རྩོམ། །ཞེས་བྱང་སེམས་རང་གི་ལུས་གཅོད་པའི་སྡུག་བསྔལ་ལས་སྟོང་འགྱུར་ལས་ཀྱང་ཆེས་ལྷག་པའི་གཞན་གྱི་སྡུག་བསྔལ་བསྲན་དུ་མེད་པ་དག་ལ་བསམ་པ་ན། སློང་བ་པོ་ལ་རང་གི་ལུ༷ས་ནི་བཅ༷ད་ནས་སྟེ༷ར་ཞི༷ང་སྦྱིན་པའི་སྡུག་བསྔལ་གྱིས་ཏེ་སྡུག་བསྔལ་ལ་རྩིས་མེད་པར་བྱས་ནས། བད༷ག་གི༷་ལུས་བྱིན་པ་སྡུ༷ག་ཉམས་སུ་མྱོང་བའི་བསྔ༷ལ་གྱི༷ས་སེམས་ཅན་གཞ༷ན་ད༷ག་རྣ༷མས་ཀྱི༷་དམྱ༷ལ་བ༷་ལ༷་སོ༷གས་པ༷འི་སྡུ༷ག་བསྔ༷ལ་ར༷ང་མྱོང་གིས་མངོན་སུམ་དུ་རི༷ག་པ་ཉི༷ད་དུ༷་མཐོ༷ང་བ་དེ་རྒྱུ་མཚན་དུ་བྱས་ན༷ས་ནི༷། གཞན་གྱི་སྡུག་བསྔལ་དེ༷་གཅ༷ད་པར་བྱ༷་བའི་ཕྱི༷ར་དུ་ཆེས་མྱུ༷ར་དུ༷་བརྩོ༷ན་འགྲུ༷ས་རྩོ༷མ་པ་ཡིན་ཏེ། རང་འགྲེལ་ལས། རང་གི་ལུས་གཅོད་པའི་སྡུག་བསྔལ་བས་སྟོང་འགྱུར་བས་ཀྱང་ཆེས་ལྷག་པར་འཕེལ་བའི་སྡུག་བསྔལ་བ་སྲན་དུ་མེད་པ་དང་ལྡན་པ་དག་ལ་རང་གི་སྡུག་བསྔལ་མྱོང་བ་ཉིད་དུ་ལྟ་བ་ན་རང་གི་ལུས་གཅོད་པའིསྡུག་བསྔལ་ལ། རྩིས་མེད་པར་བྱས་ནས། ཞེས་སོགས་གསུངས་པའི་ཕྱིར་རོ། །

བཞི་པ་སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པ་ནི།

རྩ་བར། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང༌། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཞེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པས་དེ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཞེས་བསྟན། །ཞེས་སྦྱིན་པའི་ཕར་ཕྱིན་ལ་དབྱེ་ན་གཉིས་སུ་ཡོད་དེ། ༡གཏོང་སེམས་སྦྱི༷ན་པ༷་དང་སྦྱི༷ན་པར་བྱ༷་བ་ལུས་ལོངས་སྤྱོད་སོགས་དང་ལེ༷ན་པ་པོ༷་གསུམ་པོ་གཏོ༷ང་བ་པོ༷ས་བདེན་གྲུབ་ཀྱིས་སྟོ༷ང་པར་མངོན་སུམ་དུ་རྟོགས་པའི་ཟག་མེད་ཡེ་ཤེས་ཀྱིས་ཟིན་པ་སྦྱིན་པ་དེ་ནི་འཇི༷ག་རྟེ༷ན་ལས་འད༷ས་པ༷འི་ཕ༷་རོ༷ལ་ཏུ་ཕྱི༷ན་པ་ཞེ༷ས་བྱ༷འོ། །༢འཁོར་གསུམ་བདེན་མེད་མ་རྟོགས་པའི་སྦྱིན་པའི་འཁོར་གསུ༷མ་པོ༷་ད༷ག་ལ༷་བདེན་པར་ཆ༷གས་པ་སྐྱེ༷ས་པར་གྱུ༷ར་པ༷ས་བཅིངས་པའི་སྦྱིན་པ་དེ༷་འཇི༷ག་རྟེ༷ན་པ༷་ཡི༷་སྦྱིན་པའི་ཕ༷་རོ༷ལ་ཏུ་ཕྱི༷ན་པ་ཡིན་ཞེ༷ས་མདོ་ལས་བསྟ༷ན་པའི་ཕྱིར་རོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་བཤད་དུ་ཡོད་དེ། དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པ་དང༌། འཁོར་བ་ཕྲ་རགས་ཀྱི་རྒྱ་མཚོའི་ཕར་འགྲམ་ཡིན་པས་ཕ་རོལ་དང༌། འཁོར་བའི་ཕ་རོལ་དེར་ཕྱིན་པའམ་ཕྱིན་ཟིན་ཡིན་པས་ཕྱིན་པ་ཞེས་བཤད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། དབུལ་བ་འདོར་བྱེད་བསིལ་བྱེད་ཕྱིར། །

ཞེས་དང༌། རང་འགྲེལ་ལས། ཕ་རོལ་ཞེས་བྱ་བ་ནི་གང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དང་ངོགས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་མངའ་བའིསངས་རྒྱས་ཉིད་དོ། །ཕ་རོལ་དུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་སྟེ། ཞེས་གསུངས་སོ། །

གསུམ་པ་སའི་ཡོན་ཏན་བཤད་པའི་སྒོ་ནས་མཇུག་བསྡུ་བ་ནི།

རྩ་བར། དེ་ལྟར་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་གནས་ཤིང༌། །དམ་པའི་རྟེན་ལ་འོད་ཆགས་མཛེས་པ་རྙེད་གྱུར་པའི། །

དགའ་བ་འདི་ནི་ནོར་བུ་ཆུ་ཤེལ་ཇི་བཞིན་དུ། །མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་རྒྱལ། །ཞེས་ས་རབ་ཏུ་དགའ་བ་ནི་སྔར་བཤད་པ་དེ༷་ལྟ༷ར་ས་མཐོན་པོའི་ཡོན་ཏན་ཐོབ་པའི་ས་དང་པོའི་རྒྱ༷ལ་བ༷འི་སྲ༷ས་ཀྱི༷་ཡི༷ད་ལ༷་ར༷བ་ཏུ་གན༷ས་ཤི༷ང༌། དཔེར་ན་ཟླ་བའི་རང་གི་རྟེན་གྱི་ནམ་མཁའ་དེ་འོད་དཀར་པོས་མཛེས་པར་བྱེད་པ་བཞིན་དུ་དོན་དམ་པའི་ས་རབ་ཏུ་དགའ་བས་ནི་རང་གང་ལ་གནས་པའི་ད༷མ་པ༷འི་རྟེ༷ན་གྱི་ཡིད་ཤེས་དེ་ལ༷་དེ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་འོ༷ད་རབ་ཏུ་ཆ༷གས་པའི་མཛེ༷ས་པ༷་རྙེ༷ད་པར་གྱུ༷ར་ཅེས་རབ་ཏུ་མཛེས་པར་བྱས་པའི་སྒོ་ནས་གནས་པ༷འི་ས་དང་པོ་རབ་ཏུ་དག༷འ་བ༷་འདི༷་ནི༷་ནོ༷ར་བུ༷་ཆུ༷་ཤེ༷ལ་ཟླ་བའི་དཀྱིལ་འཁོར་གྱིས་མུན་པ་བསལབ་ཇི༷་ལྟ་བ་བཞི༷ན་དུ༷་དོན་དམ་པའི་ས་རབ་ཏུ་དགའ་བས་རང་གི་མི་མཐུན་ཕྱོགས་མཐོང་སྤང་གི་མུ༷ན་པ༷་སྟུ༷ག་པོ༷་ཐ༷མས་ཅ༷ད་རྣ༷མ་པ༷ར་བས༷ལ་ན༷ས་རབ་ཏུ་རྒྱ༷ལ་ནས་ས་དང་པོའི་རྒྱལ་སྲས་ཀྱི་ཡིད་ལ་གནས་པ་ཡིན་ནོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེནསྒྲོན་མེ་ཞེས་བྱ་བ་ལ༷ས་དོན་དམ་པའི་སེ༷མས་བསྐྱེ༷ད་པ༷་ད༷ང་པོ༷འི་རྣམ་པར་བཤད་པའོ༷།། །།


previousས་དང་པོ་རབ་ཏུ་དགའ་བ།next