Nitartha Digital Library
Tibetan
 
previousགོ་སྒྲུབ་བཤད་པ། next

གོ་སྒྲུབ་བཤད་པ།

གཉིས་པ་སོ་སོའི་རང་བཞིན་ལ་བཞི། མ་ཞུགས་པ་འཇུག་པར་བྱེད་པ་གོ་སྒྲུབ། ཞུགས་པར་ཁྱད་པར་ཅན་གྱི་ངོ་བོ་འཇུག་སྒྲུབ། འབྲས་བུ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཚོར་སྒྲུབ། གདོན་མི་ཟ་བར་འབྱིན་བྱེད་ངེས་འབྱུང་སྒྲུབ་པའོ། །དང་པོ་མཚམས་སྦྱར་བ་ནི་། དེ་རྣམས་ཀྱི་ནང་ནས་དང་པོ་གོ་ཆའི་སྒྲུབ་པ་གསུངས་སོ། །རྒྱུ་མཚན་ནི། ཇི་སྐད་དུ། ཡི་ཆད་རྒུད་པའི་ངོ་ལོན་ཐབས་མ་ཡིན། །དེ་ཕྱིར་མི་དགའ་འཛིན་པ་གཏང་བར་གྱིས། །དགོས་པ་སྒྲུབ་ལ་མཁས་རྣམས་སྲན་ཐུབ་པ། །དཀའ་བ་རྣམས་ཀྱང་དཀའ་བ་མེད་པས་རྒལ། །དེ་ཕྱིར་ཡིད་ཆད་མི་དགའ་སྤངས་ནས་ནི། །དོན་གྱི་སྐབས་དབྱེ་བ་ལ་བརྟེན་པར་གྱིས། །ཤེས་པའི་གཟི་བྱིན་སྲན་གྱིས་སྦྱར་བ་ནི། །དོན་ཀུན་འགྲུབ་འཛིན་ལག་པའི་སོར་མོ་ཡིན། །ཅེས་གོ་ཆའི་བརྩོན་འགྲུས་དོན་འགྲུབ་བྱེད་ཀྱི་རྒྱུར་གསུངས་པ་ལྟར། བསམ་པས་གོ་གྱོན་པ་གོ་ཆའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་དགོས་པ་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པས་སོ། །གཉིས་པ་རྩ་བ་ནི། ཇི་བཞིན་བཤད། གང་ན་གོ་ཆའི་སྒྲུབ་པ་གང་ཡིན་པ་དེའོ། །གང་ལས་ན། མདོ་ལས་སོ། །ཚུལ་ཇི་ལྟར་ན། ཕྱིན་དྲུག་དེ་དག་སོ་སོ་རེ་རེར་ཡང་སྦྱིན་པ་ལ་སོགས་པ་རྣམ་པ་དྲུག་བསྡུས་པ་ཡིས་དྲུག་ཚན་དྲུག་གིས་སོ། །མདོ་ལས། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་རྣམ་མཁྱེན་ཡིད་ལ་བྱ་བས་གཏོང་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་མེད་རྫོགས་བྱང་དུ་བསྔོ་སྟེ། འདི་ནི་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་གོ་ཆའོ་ཞེས་སོ། །གསུམ་པ་འགྲེལ་པ་ལ་རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས་ཀྱི་དང་པོ་ལ། སྦྱིན་པའི་གོ་ཆ་བཤད་པ། ཚུལ་དེ་གཞན་རྣམས་ལ་འགྲེ་བ་གཉིས་ཀྱི། དང་པོ་ནི། ཆོས་ཀྱི་སྦྱིན་པ་དང་སོགས་པས་ཟང་ཟིང་གི་སྦྱིན་པ་སོགས་སྦྱིན་པར་བྱེད་པ་དེ་ཉིད་ཀྱི་རང་གི་ངོ་བོ་སྦྱིན་པའི་ཕར་ཕྱིན་དང་། དེ་ཉིད་ཉན་ཐོས་ཀྱི་ཡིད་བྱེད་དང་སོགས་པས་རང་རྒྱལ་གྱི་ཡིད་བྱེད་སྤོང་བ་ཚུལ་ཁྲིམས་དང་། དེ་ཉིད་རྣམ་མཁྱེན་ལ་མོས་པ་དང་། བཟོད་པ་དང་སློང་མོ་བ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ཀྱི་མི་སྙན་པར་སྨྲ་བ་ཉིད་བཟོད་པ་ནི་བཟོད་པ་དང་། དེ་ཉིད་དགེ་བའི་རྩ་བ་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་འདུན་པ་སོགས་བསྐྱེད་པ་བརྩོན་འགྲུས་དང་། དེ་ཉིད་ཐེག་པ་དམན་པ་གཞན་དང་མ་འདྲེས་པ་རྩེ་གཅིག་པ་ཉིད་ཀྱིས་དགེ་བའི་རྩ་བ་བླ་མེད་རྫོགས་བྱང་དུ་བསྔོ་བ་བསམ་གཏན་དང་དེ་ཉིད་ལ་སྒྱུ་མ་ལྟ་བུར་གནས་ནས་སྦྱིན་པར་བྱ་བ་དང་ལེན་པ་པོ་དང་སྦྱིན་པ་པོ་ལ་སོགས་འཁོར་གསུམ་མི་དམིགས་པ་ནི་ཤེར་ཕྱིན་ཏེ། དྲུག་ནི་སྦྱིན་པའི་གོ་ཆ་ཉིད་ཀྱི་བྱེད་པ་སྟེ་ཡུལ་ཡིན་ལ། སྦྱིན་པ་དེ་ལྟར་བཏང་ངོ་སྙམ་དུ་བསམ་པས་གོ་གྱོན་པ་ནི་སྦྱིན་པའི་གོ་ཆ་དངོས་ཡིན་ནོ། །དེ་ལ་གཞུང་གི་འགྱུར་འདི་མ་བདེ་བས་འགྲེལ་ཆེན་དང་ཉི་སྣང་གཉིས་ལྟར་ན། ཐེག་པ་གཞན་དང་མ་འདྲེས་པའི་རྩེ་གཅིག་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པ་ནི་གོ་རིམ་བཞིན་དུ་སྦྱིན་པ་ལ་སོགས་པའི་གོ་ཆ་ཉིད་དང་ཞེས་པར་བསྒྱུར་ནས་བཤད་པར་བྱའོ། །ཉི་སྣང་དུ། དགེ་བ་རྫོགས་བྱང་དུ་བསྔོ་བ་བརྩོན་འགྲུས་དང་བསམ་གཏན་གཉིས་ཀ་ལ་སྦྱར་ཞིང་། མདོ་ལས། བསྔོ་བ་སྦྱིན་པའི་ངོ་བོར་བཤད་དོ། །གཉིས་པ་ནི། སྦྱིན་པས་ཇི་སྐད་བཤད་པ་དེ་བཞིན་དུ་ཉན་རང་གི་ཡིད་བྱེད་སྤོང་བ་ནས་འཁོར་གསུམ་མི་དམིགས་པའི་ཚུལ་ཁྲིམས་བསྲུང་བར་བྱེད་པ་ནི་ཚུལ་ཁྲིམས་ཀྱི་གོ་ཆ་ཡིན་ནོ་ཞེས་གཞན་རྣམས་ལ་ཡང་སྦྱར་རོ། །ཚུལ་ཁྲིམས་སོགས་ཀྱི་སྦྱིན་པ་ནི་དེ་དང་དེ་ལ་འགོད་པ་ལ་བྱའོ། །གཉིས་པ་ནི། གོ་ཆའི་སྒྲུབ་པ་ནི། དབྱེ་ན་རྣམ་པ་དྲུག་སྟེ། ཇི་སྐད་བཤད་པའི་ཚུལ་གྱི་སྦྱིན་པའི་གོ་ཆ་ནས་ཤེས་རབ་ཀྱི་གོ་ཆའི་བར་དུ་ཡོད་པ་དེ་ལྟར་ཏེ། གལ་ཏེ་སྡུད་བྱེད་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སོ་སོ་རེ་རེ་ཡང་བསྡུ་བྱ་སྦྱིན་པ་ལ་སོགས་པ་དྲུག་དྲུག་བསྡུས་པ་ན་དྲུག་ཚན་དྲུག་གིས་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་པའི་ཕྱིར་དྲུག་ཏུ་དབྱེ་བ་མི་རིགས་སོ་ཞེ་ན། ལྡོག་པས་ཕྱེ་ན་སུམ་ཅུ་རྩ་དྲུག་ཡིན་མོད་ཀྱང་ཡུལ་སྦྱིན་པ་དང་ཤེས་རབ་ལ་སོགས་དྲུག་པོ་དེ་དང་དེར་ཆོས་མཐུན་པའི་ཕྱིར་དེ་དག་གི་ཡུལ་ཅན་གྱི་གོ་ཆ་རྣམས་ཀྱང་སྦྱིན་པའི་གོ་ཆ་ནས་ཤེས་རབ་ཀྱི་གོ་ཆའི་བར་དྲུག་ཏུ་བཞག་པའི་ཕྱིར་རོ། །དོན་ནི་སྦྱིན་པའི་སྦྱིན་པ་ནས། ཤེས་རབ་ཀྱི་སྦྱིན་པའི་བར་དྲུག་རྫས་ཐ་དད་ཀྱང་སྦྱིན་པར་ཆོས་མཐུན་པས་སྦྱིན་པའི་ཕར་ཕྱིན་དུ་བཞག་ལ། དེ་དག་གི་ཡུལ་ཅན་གོ་ཆ་དྲུག་ཀྱང་སྦྱིན་པའི་གོ་ཆ་ཞེས་པ་གཅིག་ཏུ་བཞག་གོ་ཞེས་པའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་རོ། །སྦྱིན་པས་བསྡུས་པའི་ཕར་ཕྱིན་དྲུག་སྦྱིན་པར་མཐུན་ཞེས་འཆད་པ་ནི་མ་ཡིན་ཏེ། དེ་ལྟ་ན་ཕར་ཕྱིན་རེ་རེ་ལ་དྲུག་དྲུག་མ་ཚང་བར་ཐལ་བའི་ཕྱིར་རོ། །


previousགོ་སྒྲུབ་བཤད་པ། next