Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ངལ་གསོ་མགྲོན་པོའི་སྨོན་ལམ་འབོད་པ་ང་རོ།
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousངལ་གསོ་མགྲོན་པོའི་སྨོན་ལམ་འབོད་པ་ང་རོ།next

ངལ་གསོ་མགྲོན་པོའི་སྨོན་ལམ་འབོད་པ་ང་རོ།

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ ངལ་གསོ་མགྲོན་པོའི་སྨོན་ལམ་འབོད་པ་ང་རོ་བཞུགསཿ

ན་མོ་གུ་རུཿ སྤྱི་བོ་ཛ་ལན་དྷ་རའི་གནས་མཆོག་ནསཿ དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་བསྲུང་མ་སྤྲིན་ལྟར་གཏིབསཿ འཇའ་ཟེར་ཐིག་ལེའི་འོད་ཀློང་བཞུགས་སུ་གསོལཿ བདག་གི་སྨོན་ལམ་འགྲུབ་པའི་དཔང་པོ་མཛོདཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ ཀྱཻ་མ་ཀྱེ་ཧུད་ལྔ་བདོའི་སྙིགས་མའི་དུསཿ བདུད་སྲིན་དམ་སྲི་ཕོ་མོ་ཁ་དར་ཚེཿ ནད་མཚོན་མུ་གེའི་འཚུབ་མ་རླུང་ལྟར་འཁྲུགསཿ དུས་མཐུའི་སྨོན་ལོག་མཐའ་བཞིའི་རྒྱ་འདྲེའི་དམགཿ ཁྱད་པར་སེམས་ཅན་སྤྱི་མཐུན་ལས་དབང་གིསཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ ད་རེས་ལན་གཅིག་མི་ལུས་རིན་ཆེན་ཐོབཿ རང་དབང་རང་ལ་མེད་པ་ད་རེས་ཙམཿ ཆོས་མེད་ནག་ཕྱོགས་མ་རུང་ཀླ་ཀློའི་ཁྲིམསཿ རྒྱུ་འབྲས་མ་བསྲུང་དམ་ཉམས་རྣམ་པར་སྨིནཿ སྐྱེ་འགྲོ་ཕོ་མོའི་ཤེས་རྒྱུད་བདུད་ཞུགས་ཚེཿ ཁ་ལག་སྤྱོད་གསུམ་དུག་སྡེར་དམ་ལྡན་བསྣུནཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ མི་སྲུན་གཤེད་མ་ཕོ་ཉ་ལས་མཁན་གྱིསཿ ཉིན་གཅིག་བཟུང་ནས་བཀྱིག་བརྡུང་གསོད་དགོས་ཟེརཿ ལ་ལས་ཅི་ཟེར་ལོ་ཟླ་ཞག་ཚད་བཞགཿ གཅོང་རོང་ཟབ་མོའི་གནས་སུ་ཚེ་འདིར་ཚདཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ རང་རང་ཡུལ་སྡེ་ཉེ་མཛའ་བཟའ་ཚང་བྲལཿ བསྟན་འཛིན་སྐྱེས་བུའི་སྐུ་ཚེར་འཚེ་བའི་དུསཿ རྒྱལ་བའི་བསྟན་པ་ཉིན་མོའི་སྐར་མ་ཙམཿ འདི་འདྲའི་སྡུག་བསྔལ་སྤྱོད་པ་སྙིང་རེ་རྗེཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ སྔོན་གྱི་ལས་དབང་འཕྲལ་རྐྱེན་ལོག་པར་བརྟེནཿ ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་བགེགསཿ ཐར་བའི་ལམ་ལ་གེགས་བྱེད་བདུད་སྡེའི་ཚོགསཿ ལས་དང་ཉོན་མོངས་སྡུག་བསྔལ་ཉེས་པའི་ཚེཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་བཅས་ཀུནཿ མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལཿ སྐྱེ་བ་ད་རེས་ལུས་རྟེན་འདི་ཡི་ཐོགཿ དེ་འདྲའི་སྡུག་བསྔལ་བཟོད་མེད་སྨིན་པར་ཤོགཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ ཁྱད་པར་དེང་སང་སྙིགས་མ་ལྔ་བདོའི་དུསཿ བསད་བསད་ཚེ་ཐུང་བརྡུང་བརྡུང་ནད་སོགས་མངཿ འཕྲོག་འཕྲོག་བཅོམ་བཅོམ་དབུལ་བའི་རྣམ་སྨིན་ཀུནཿ བུ་ལོན་ལན་ཆགས་ཤ་འཁོན་བྱང་བར་ཤོགཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཡིཿ སྔོན་གྱི་སྨོན་ལམ་ནུས་མཐུས་བདེན་པའི་སྟོབསཿ སེམས་ཅན་སྤྱི་མཐུན་སྡུག་བསྔལ་གྲོལ་བར་ཤོགཿ ཁྱད་པར་ཡུལ་འདིར་རྒྱུ་བའི་ཉེས་བཙོན་ཚོགསཿ མི་མཐུན་ཚོགས་ཞི་མཐར་ཕྱིན་བསམ་དོན་འགྲུབཿ གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེ་བགེགསཿ གདུག་རྩུབ་ཞི་ནས་བྱང་སེམས་ལྡན་གྱུར་ཅིགཿ ཆོས་ཅན་རྒྱུ་འབྲས་བསླུ་མེད་སྨིན་པར་ཤོགཿ ཕྱི་ལྟར་ཆོས་བརྒྱད་དགྲ་དབང་མི་འཆོར་བརཿ ནང་སྐྱོན་ཉོན་མོངས་དུག་ལྔ་བདུད་བཞི་གྲོལཿ གསང་བ་རླུང་དང་སེམས་ལ་དབང་བསྒྱུར་ནསཿ སྐུ་དང་ཐིག་ལེ་རང་དབང་མངའ་བརྙེས་ཤོགཿ ཡེ་ནས་རང་རིག་གཞི་དབྱིངས་ཀུན་བཟང་མོཿ སྣང་གྲགས་རིག་གསུམ་ལྷ་སྔགས་དཀྱིལ་འཁོར་སྨིནཿ སྐུ་དང་ཞིང་ཁམས་བཀོད་པ་ཅིག་ཆར་རྫོགསཿ མཐར་ཐུག་ཀུན་བཟང་དགོངས་པ་མངོན་གྱུར་ཤོགཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ མི་མངོན་དབྱིངས་ནས་ཡེ་ཤེས་ཐུགས་ཀྱིས་དགོངསཿ སྐྱབས་ཀྱི་ཡ་གྱལ་དཀོན་མཆོག་གསུམ་ཞལ་གཟིགསཿ དགྱེས་བཞིན་འཛུམ་བཅས་རིགས་ཀྱི་བུ་ཁྱོད་ཀྱིཿ ཐོགས་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་ཀུནཿ ལྷག་མེད་བྱང་ཞིང་དག་པའི་གནང་བྱིན་སྩོལཿ རྒྱལ་ཀུན་སྤྱི་གཟུགས་དཀོན་མཆོག་འོད་དུ་ཞུཿ རང་ལ་ཐིམ་ནས་རང་ལུས་ལྷ་སྐུར་གྱུརཿ དེ་ལས་འོད་འཕྲོས་ཁམས་གསུམ་སྣོད་བཅུད་ཀུནཿ རྟེན་དང་བརྟེན་པའི་སྐུ་རུ་སངས་རྒྱས་ཤོགཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ ཡེ་ནས་ཀ་དག་གཞི་དབྱིངས་དཀོན་མཆོག་གསུམཿ སྣང་གྲགས་རིག་གསུམ་ལྷ་སྔགས་དཀྱིལ་འཁོར་ཤརཿ སྐུ་དང་ཞིང་ཁམས་ཡེ་ཤེས་ཡེ་ནས་རྫོགསཿ མཐར་ཐུག་ཟུང་འཇུག་མཆོག་གི་ས་ཐོབ་ཤོགཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེཿ འདི་ནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུཿ མགོན་པོ་འོད་དཔག་མེད་མགོན་ཞབས་དྲུང་དུཿ ཁྱད་པར་ནག་ཕྱོགས་མ་རུང་ཀླ་ཀློ་སོགསཿ བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོགཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམཿ མདོར་ན་རྒྱལ་བ་ཤཱཀྱ་ཐུབ་པ་ཡིསཿ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ཞབས་པད་བརྟནཿ གངས་ཅན་ལྗོངས་འདིར་མཆོག་གི་བསྟན་པ་འདིཿ རྒྱལ་ཁམས་ཀུན་དུ་མཁའ་ལ་ཉི་ཤར་བཞིནཿ བསྟན་པ་ཕྱོགས་མེད་བཞིན་དུ་འཆར་གྱུར་ཅིགཿ གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེ་སོགསཿ ཐམས་ཅད་དགའ་བདེའི་དཔལ་ལ་སྤྱོད་པར་ཤོགཿ ཁྱད་པར་ནག་ཕྱོགས་ཆོས་མེད་རྒྱ་འདྲེ་དངཿ བདག་ལ་སྡང་བར་བྱེད་པའི་དགྲ་གདོན་སོགསཿ སྔོན་ལས་འཕྲལ་རྐྱེན་ངན་པའི་ཚོགས་ཞི་ནསཿ སྣོད་བཅུད་ཡོན་ཏན་མ་ལུས་འཕེལ་བར་ཤོགཿ ཞི་བྱེད་དུས་བབས་ཟབ་གསང་སྦས་པའི་གཏེརཿ འདོན་པའི་ལས་འཕྲོ་ཉེར་སད་བཀའ་བབ་ཚོགསཿ རྟེན་འབྲེལ་འཕྱུག་མེད་མཆོག་ཏུ་འགྲིགས་པར་ཤོགཿ དུས་གསུམ་རྒྱལ་བ་ཡབ་སྲས་བདེན་པའི་སྟོབསཿ འཁོར་འདས་དགེ་བའི་རྩ་བ་གང་ཡོད་སོགསཿ བདག་གཞན་མཁའ་མཉམ་སེམས་ཅན་ཡོངས་ལ་བསྔོཿ འགལ་རྐྱེན་ཀུན་ཞི་བསམ་དོན་མྱུར་འགྲུབ་ཅིངཿ མཐར་ཐུག་རྡོ་རྗེ་འཆང་གི་ས་ཐོབ་ཤོགཿ དགེ་བ་སྟོབས་ཆེ་བར་གྱུར་ཅིགཿ སྨོན་ལམ་མཐུ་བཙན་པར་གྱུར་ཅིགཿ སྡིག་པ་འདག་རྐྱེན་པར་གྱུར་ཅིགཿ ཛ་ཡ་ཛ་ཡ་སུ་ཛ་ཡཿ ས་མ་ཡཱཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ བདུད་སྲིན་སྨོན་ལོག་ཁ་དར་ཚེཿ རྒྱལ་བའི་བསྟན་ལ་གནོད་པའི་ཚེཿ སེམས་ཅན་བདེ་སྐྱིད་བཅོམ་དུས་འདིརཿ བསྟན་འཛིན་སྐྱེས་བུས་ཐུགས་བསྐྱེད་ནསཿ འདི་འདྲའི་སྨོན་ལམ་ཟབ་མོ་གདབཿ གཏད་རྒྱ་གྲོལ་ནས་དུས་བབས་ཚེཿ བཟང་ངན་ལས་འབྲེལ་ཁམས་གསུམ་འགྲོཿ གདོད་མའི་དབྱིངས་སུ་སངས་རྒྱས་འགྱུརཿ མ་འདའ་དམ་ཚིག་བཟུང་བར་གཅེསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ གཏད་རྒྱཿ སྦས་རྒྱཿ གུ་ཧྱཿ བརྡ་ཐིམཿ དུས་གསུམ་རྒྱལ་ཀུན་བླ་མ་དཀོན་མཆོག་གསུམཿ འཇིགས་རུང་ལྔ་བདོའི་རྒྱ་མཚོའི་གཏིང་རིང་ནསཿ ཕྱི་དགྲ་ཀླ་ཀློ་ནང་དགྲ་དུག་ལྔས་གདུངཿ ལས་དབང་བཙན་པོས་རྒྱ་ཁྲིམས་ལས་སྦྱར་སྐབསཿ བཟོད་བརླག་མེད་པའི་སྡུག་བསྔལ་བྱུང་བའི་ཚེཿ བདག་ལ་ལོ་ཚད་བརྒྱད་བཞག་ཁ་གང་ནསཿ ལས་འབྲས་བསླུ་མེད་མ་རྫོགས་གྲོལ་མི་ནུསཿ སྨོན་ལམ་མང་པོ་ཡོད་ཀྱང་མ་འཕྲད་སྐབསཿ གདུང་ཤུགས་དྲག་པོའི་འོ་དོད་བོས་པའི་ཚེཿ ཐ་མལ་མ་དག་སྣང་བ་རང་སར་དེངསཿ གཞི་དབྱིངས་རིག་རྩལ་ཀུན་བཟང་དགོངས་པའི་ཀློངཿ སྐུ་གསུམ་རང་མདངས་ཌཱཀྐིའི་གསང་མཛོད་ལསཿ ཁྱབ་བདག་འཇིགས་སྐྱོབ་སྨོན་ལམ་མཚམས་སྦྱར་འདིསཿ འདི་དང་ཕྱི་མ་ངན་འགྲོའི་གནས་ངན་ལསཿ ཁྱད་པར་འདིར་ཚོགས་འགྲོ་བ་མ་ལུས་པཿ མི་དགེའི་ལས་ངན་ཆེ་ཆུང་གང་བསགས་ཀུནཿ ཡེ་གཞི་སྟོང་དབྱིངས་རང་རིག་རང་གྲོལ་ཨཱཿ ཅེས་མཐར་དུས་ལ་བབས་ཚེ་འགྲོ་འདུལ་བདེ་མཆོག་གླིང་པས་མ་དང་མཁའ་འགྲོའི་ཡང་ཞུན་འདི་ནི་ས་མོ་བྱ་ཡི་ལོའི་ཧོར་ཟླ་གཉིས་པ་དབོ་ཟླའི་ཚེས་གཅིག་ལ་དག་པར་ཕབ་པའོཿ ཆོས་སྐྱོང་བཀའ་བསྲུང་གཏེར་བསྲུང་རྒྱ་མཚོའི་ཚོགས་ཀྱིས་དམ་པར་སྲུངས་ཤིགཿ བཀྲ་ཤིས་དཔལ་འབར་འཛམ་གླིང་མཛེས་རྒྱན་ཤོགཿདགེའོཿ


previousངལ་གསོ་མགྲོན་པོའི་སྨོན་ལམ་འབོད་པ་ང་རོ།next