སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་པའི་གནོད་སྦྱིན་མོའི་སྒྲུབ་ཐབས།
སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་པའི་གནོད་སྦྱིན་མོའི་སྒྲུབ་ཐབས་བཞུགས། ཨོཾ་སྭཱ་སྟི། སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་པའི་གནོད་སྦྱིན་མོའི་སྒྲུབ་ཐབས་ནི། ཤིང་ལེབ་ལ་སྐུ་འདྲ་བྱ། རབ་གནས་གྲུབ་ནས། རང་བདག་བསྐྱེད་བསྒོམ་ལ་ང་རྒྱལ་དང་ལྡན་པའི། བཾ་ཡཾ་བརྩེགས་པ་ལས་ནོར་རྒྱུན་མ་སེར་མོ། ཕྱག་གཡས་ཁ་དོག་སྣ་ཚོགས་པའི་གོས་དང༌། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། སྐྲ་འཁྱིལ་བ། རྒྱན་དང་ན་བཟའ་རྫོགས་པ། གསེར་གྱི་བྲག་སྐྱིབས་ན་བྱང་ཆུབ་ཤིང་ལ་རྒྱབ་བརྟེན་པ། རང་གི་སྙིང་ག་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་འཛིན་པས་གནོད་སྦྱིན་མོ་བཀུག་ནས་བསྟིམ། དབང་བསྐུར་ནས་གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སྐྱེ་གནས་སུ་རེག་ལ། ཨོཾ་ཡོ་ཡཀྵི་ཎི་བཱི་ར་ཛེ་སྭཱཧཱ། ཞེས་བཟླས་ལ་མཆོད་པ་འབུལ། དེ་གོས་ཀྱི་ས་གཡོགས་ལ་བཞག །སྔགས་འབུམ་ཕྲག་བཅུས་འགྲུབ་སྟེ་བསྙེན་པའོ། །གསུང་འདི་ཡང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་ལ་སྦྱར་བའོ། །ཤུམྦྷ་མ་སྟུ།། བཀྲ་ཤིས།།