ཆོས་དབང་ལྷུན་གྲུབ་རྣམ་ཐར།
ཆོས་སྐུ་འོད་དཔག་མེད་པའི་སྤྲུལ་པའི་སྐུ། །ཐུགས་རྗེ་ཆེན་པོས་འཛམ་གླིང་འདུལ་བ་ལ། །འཕགས་པའི་ཡུལ་དུ་ཕྱི་ནང་པཎྜི་ཏ། །ལྔ་བརྒྱ་ཕྲག་གཉིས་གྲུབ་མཐའ་རྩོད་པ་ལས། །ཕྱི་རོལ་རྒྱལ་བས་དེ་ཚེ་ནང་པ་ཡི། །དཀོན་མཆོག་ལ་ནི་གསོལ་བ་བཏབ་པའི་མཐུས། །ཐུགས་རྗེ་ཆེན་པོའི་འོད་ཟེར་རྒྱལ་པོ་ཡི། །བཙུན་མོའི་ལྷུམས་སུ་ཞུགས་པས་ཁྱེའུ་ནི། །སྐྱེས་མ་ཐག་ནས་སྒྲ་ཚད་སྨྲ་བ་འཁྲུངས། །འཇམ་དཔལ་བྱིན་རླབས་ངག་གི་དབང་ཕྱུག་ཐོབ། །ལོ་བདུན་ལོན་ནས་མུ་སྟེགས་ཕམ་པར་བྱས། །པཎ་ཆེན་ཤེས་རབ་འབྱུང་གནས་ཞེས་སུ་གྲགས། །ཆོས་གྲགས་སེང་བཟང་པདྨ་འབྱུང་སོགས་བསྟེན། །མཆོག་གི་དངོས་གྲུབ་བརྙེས་ནས་རིང་དུ་བཞུགས། །ནཱ་རོའི་དུས་སུ་ནུབ་སྒོའི་སྲུང་མ་མཛད། །དེ་ནས་དུར་ཁྲོད་སོ་ས་གླིང་བཞུགས་ཚེ། །ཨོ་རྒྱན་གནས་ནས་ཕག་མོའི་འོད་ཟེར་གྱི། །འཁོར་ལོ་སྡོམ་པར་བསྒྱུར་ནས་ཐུགས་ཀར་ཐིམ། །སླར་ཡང་ཧྲི༔ཡིག་དམར་པོ་སྤྲོས་ནས་ཀྱང་། །རྒྱལ་པོའི་སྲས་མོར་འཁྲུངས་ཏེ་རབ་ཏུ་བྱུང་། །དགེ་སློང་མ་ནི་བདེ་སྐྱོང་བཟང་མོར་གྲགས། །ཇོ་བོ་ནཱ་རོ་གསེར་གླིང་པ་སོགས་བསྟེན། །ཉིན་མོ་སྡེ་སྣོད་ཆོས་སྟོན་དགེ་སློང་
མ། །མཚན་མོ་གནས་ཆེན་ཀུན་ཏུ་ཚོགས་དཔོན་མཛད། །དེ་ཚེ་ཀེ་རེ་ཞེས་བྱའི་མུ་སྟེགས་པ། །ཚངས་སྤྱོད་དྲང་ཕྱིར་སློབ་མ་གསུམ་བཏང་བས། །བུ་མོར་བསྒྱུར་ནས་སླར་ཡང་ཁོ་ཉིད་འོངས། །ཕག་མོར་བཞེངས་ནས་ཁྱབ་འཇུག་མནན་མཐོང་བས། །མུ་སྟེགས་དུག་སྦྲུལ་དག་ཏུ་སྤྲུལ་འོང་བ། །ཕག་ཞལ་ཁྱུར་མིད་བཏང་སྟེ་བྷ་གར་བསྟོན། །ཁོ་ཡི་རྫུ་འཕྲུལ་ཉམས་པས་སྦྲུལ་དུ་གྱུར། །འཁོར་གྱི་མུ་སྟེགས་ཐམས་ཅད་ནང་པར་བཙུད། །འཁོར་ལོ་སྡོམ་པའི་ཐུགས་ཀར་འོད་དུ་ཐིམ། །སླར་ཡང་ཧཱུྃ་གི་རྣམ་པར་སྤྲོས་ནས་ཀྱང་། །རྒྱལ་པོ་སྲས་བདུན་ལྡན་པའི་བུ་མོར་འཁྲུངས། །འདོད་དགུའི་སྦྱིན་པར་བཏང་ཞིང་ཁྱད་པར་དུ། །སྟོང་གི་སྟོབས་ཅན་གླང་པོ་ས་འགུལ་ཡང་། །བྲམ་ཟེར་སྦྱིན་པས་ཡབ་ཀྱི་ཆད་པ་བྱུང་། །གནས་ནས་དབྱུང་ཚེ་ཞིང་སྐྱོང་མཁའ་འགྲོ་ཡིས། །སྤྱན་དྲངས་རྐང་གླིང་ཞེས་བྱའི་དུར་ཁྲོད་དུ། །དཀྱིལ་འཁོར་ལྷ་ཚོགས་ཀུན་གྱིས་དབང་ཡང་བསྒྱུར། །རྣལ་འབྱོར་རོལ་པའི་ཡེ་ཤེས་བྱ་བར་གྲགས། །རི་བོ་རྩེ་ལྔའི་འཇམ་དཔལ་ཐུགས་ཀ་ནས། །འོད་བྱུང་འཇམ་དཔལ་ཉིད་གྱུར་ཐུགས་ཀར་ཐིམ། །སླར་ཡང་ཐུགས་ལས་འོད་ཟེར་མང་པོ་འཕྲོས། །གཅིག་ནི་བྷ་
གར་ལ་སོང་ཕག་མོའི་སྐུ། །རང་བྱོན་བདུད་རྩིས་རྒྱུན་ནི་འབབ་པར་བྱུང་། །གཅིག་ནི་ས་ཡུལ་ཐུགས་རྗེ་ཆེན་པོའི་སྐུ། །མ་ཧེའི་ཞོ་ཡི་མཆོད་པ་གཅིག་བྱོན་གྱུར། །གཅིག་ནི་བོད་ཡུལ་གཡེ་ཆུང་ཞེས་པ་རུ། །ཐུགས་རྗེ་ཆེན་པོའི་སྐུ་སྟོད་གསལ་བར་བྱོན། །གཅིག་ནི་བོད་ཡུལ་སོང་བ་ལ་གཟིགས་ནས། །བོད་ཡུལ་སེར་སྤྲིན་ལྟ་བུར་གནག་པ་ལ། །གཡས་ཀྱི་རལ་གྲི་ལན་གཉིས་བརྒྱབ་པ་ལས། །ལྷོ་ཕྱོགས་ངོས་དེ་དཀར་དང་ཝལ་གྱིས་བྱུང་། །དེ་གཉིས་དཔལ་ལྡན་སངས་རྒྱས་རང་པ་དང་། །ཆོས་རྒྱལ་རིན་ཆེན་གླིང་པ་གཉིས་ཡིན་ནོ། །གཡོན་གྱི་ཨུཏྤལ་མཐའ་ཞིག་བཙུགས་བཞག་པས། །གསེར་དངུལ་རྡོ་རྗེ་ཁ་ཊཾ་གས་མཚན་པའི། །ཨུཏྤ་ལ་ནི་བཅུ་གཅིག་བྱུང་བ་ནི། །རིན་ཆེན་གླིང་པས་བུ་ཆེན་ཡིན་གསུངས་ཀྱང་། །སྐྱེ་བ་ཕྱི་མ་ཡིན་པར་མི་འགལ་ཞེས། །གཙུག་ལག་ཕྲེང་བ་ཉིད་ཀྱིས་གསུངས་པར་མཛད། །དེ་ནས་ཧཱུྃ་ཡིག་དཀར་པོའི་རྣམ་པར་སྤྲོས། །ལོ་རོར་སྐྱེས་པས་བླ་མས་ལུང་བསྟན་ནས། །པཎ་ཆེན་ཤེས་རབ་འབྱུང་གནས་ཞེས་སུ་བཏགས། །སྟེང་པ་ལོཙྪ་སྐྱོབ་པ་ཐང་པ་བསྟེན། །མཁས་པ་སངས་རྒྱས་རོང་སྟོན་ཆེན་པོར་གྲགས། །དུས་གཅིག་
སྐུ་ཡི་བཀོད་པ་རྣམ་བཞི་བསྟན། །ཐུགས་རྗེ་ཆེན་པོའི་འོད་ཀྱིས་ཐུགས་ཀར་དྲངས། །སྣང་བ་དག་པས་ནམ་མཁར་ཡལ་ནས་ཀྱང་། །ལྷུང་བཟེད་ཆོས་གོས་ས་ལ་ལྷུང་བར་མཐོང་། །ཧྲཱིཿཡིག་རྣམ་པས་ལོ་རོར་ལྷུམས་སུ་ཞུགས། །མཚན་མོ་བལྟམས་ཚེ་ཉི་ཤར་འདྲ་བའི་འོད། །བྱུང་བ་རྨི་ལམ་པདྨ་འབྱུང་གནས་སོགས། །གྲུབ་ཐོབ་མང་དུ་བྱོན་ནས་གདམས་པ་གསུངས་།དགུན་སྒང་མེ་ཏོག་ཁ་དོག་ལྔ་ཁ་རྙེད། །ལྷ་ས་བཅུ་གཅིག་ཞལ་གྱི་གཏེར་བསྲུང་མཛད། །དེ་ཚེ་བྱང་སེམས་ཀུན་དགས་ཁ་བྱང་ཕུལ། །ཀ་རོ་བྲག་ནས་ལྔ་ལྡན་ལ་སོགས་བཏོན། །བླ་སྒྲུབ་མཛད་པས་བླ་མ་སྤྲུལ་སྐུ་གཟིགས། །ལུང་བསྟན་བཞིན་དུ་རྒྱ་གར་ཡུལ་དུ་བྱོན། །ཀ་མ་ཏ་ཡི་རྒྱལ་པོའི་མཆོད་གནས་མཛད། །ཆུ་ཆེན་བསྒྲོད་ཚེ་གློ་བུར་གྲུ་ཞིག་པ། །བདེན་ཚིག་བརྗོད་པས་སླར་འདུས་བདེ་བར་ཐར། །ཉི་ལམ་དུ་མར་མི་མེད་ནགས་སྟོང་དུ། །ལྷ་འདྲེ་གཅན་གཟན་དུག་སྦྲུལ་གྱིས་གང་བར། །རོ་སྙོམས་སྤྱོད་པར་བརྟེན་ན་ཡུད་ཀྱིས་བྱོན། །ཆུ་ཡིས་བསྐོར་བའི་དབུས་སུ་བྱེ་མའི་ཐང་། །དེ་དབུས་པ་ཊ་ལ་ཞེས་བྱེ་མའི་རི། །ཨ་རུ་ར་སོགས་སྣ་ཚོགས་ཤིང་སྐྱེས་པ། །རྩེ་མོར་རྡོ་ཡི་ལྷ་ཁང་ཆུང་ངུའི་
ནང་། །ཉམ་ང་མེད་པར་གྲགས་ཉི་མདོར། །རྡོ་ཡི་རང་བྱོན་ཐུགས་རྗེ་ཆེན་པོའི་སྐུ། །དུས་བཟང་བདུད་རྩིའི་ཟིལ་པ་འཛག་པར་མཇལ། །དེ་ནས་བསྒྲོད་དཀའི་ལམ་བགྲོད་པདྨའི་གནས། །སུ་ཀ་ར་ཏི་ཞེས་བྱ་ནགས་ཁྲོད་དབུས། །འཛང་དཀར་ཤེལ་དང་འདྲེས་པའི་ཕ་བོང་ནི། །གུར་ཕུབ་ལྟ་བུའི་སྒྲུབ་ཕུག་ངོ་མཚར་ཅན། །དཀྱིལ་འཁོར་མང་པོ་རང་བྱོན་ཡོད་སར་ཕྱིན། །པཎྜི་ཏ་ཡི་དཀར་པོའི་འཁོར་ཉིད་དུ། །བུ་མོ་གཞོན་ནུ་བཅས་པའི་དབང་བཞི་བསྐུར། །ལོ་གསུམ་སྒྲུབ་པ་མཛད་པས་ལོངས་སྐུ་འགྲུབ། །དེ་ནས་འཇིགས་རུང་ལམ་བགྲོད་ཙམ་པ་ན། །ཕ་ཝང་རུས་སྦལ་ནག་པོ་ཞེས་བྱ་བ། །ཀླུ་བདུད་གནས་ནས་བདེ་ཆེན་སྐོར་གསུམ་བཏོན། །གཏེར་སྒྲུབ་མཛད་པས་བླ་མ་ཆོས་སྐུ་འགྲུབ། །ཇོ་ཀི་མངོན་ཤེས་ཅན་གཅིག་གུས་བཏུད་ནས། །ཁོང་གིས་ཆོས་སྐལ་རྒྱ་ཡིག་ཤོག་དྲིལ་བྱིན། །བོད་དུ་བྱོན་པས་འགྲོ་དོན་དཔག་མེད་བྱུང་། །སྤྱིར་ཡང་འོད་དཔག་མེད་དང་པདྨ་འབྱུང་། །ཉིད་དང་ངོ་བོ་དབྱེར་མེད་རོ་གཅིག་ཀྱང་། །སྐུ་དངོས་བདེ་བ་ཅན་དུ་སེམས་དཔའི་ཚུལ། །སྤྲུལ་པ་ལྔ་ཡི་འགྲོ་དོན་བྱེད་འབྱུང་གསུངས། །སླར་ཡང་པདྨའི་ཐུགས་ཀའི་
འོད་ཟེར་ལས། །འཇོལ་སྣང་ཞེས་བྱར་ངོ་མཚར་ལྟས་བཅས་འཁྲུངས། །ཆུང་ངུའི་དུས་ནས་མགུར་དང་མངོན་མཁྱེན་གསུངས། །སྔོན་གྱི་ཤོག་དྲིལ་སྦས་པ་བཏོན་པ་དང་། །སློབ་དཔོན་པདྨའི་ཆོས་གཏེར་དུ་མ་རྙེད། །ཕྱག་རྗེས་ཞབས་རྗེས་དུ་མ་བཞག་པར་མཛད། །གཞོན་ནུར་གཤེགས་པས་འཕྲིན་ལས་ཆུང་ངུར་གྱུར། །དེ་ནས་རྒྱལ་མཚན་དཔལ་བཟང་བྱ་བར་འཁྲུངས། །སྔོན་གནས་གསལ་བར་གསུངས་པས་ཐེ་ཚོམ་ཆོད། །སྒྲུབ་པ་གཙོ་བོར་མཛད་ཅིང་ཉེར་གཅིག་གཤེགས། །དེ་ནས་ཡར་ལུང་སྟོད་དུ་འཁྲུངས་མ་ཐག །སྔོན་གནས་དུ་མ་དྲན་ཅིང་དེར་འགྲོ་གསུངས། །ཆུང་དུས་ཕུར་པའི་སྐུ་ཡང་ཕྱག་གིས་བཏོན། །རྒྱུན་དུ་འོད་དང་ཐིག་ལེ་ལྷ་སྐུར་གཟིགས། །ཡུམ་གྱིས་དད་ཚེ་སེ་ཕུང་ཕྱག་བརྗེས་བཞག །ལྷུན་བདེ་རབ་འབྱམས་དྲུང་དུ་ཆོས་ལ་བྲོས། །ཁོ་བོས་གུ་རུ་ཆོས་དབང་མཇལ་རྨིས་པས། །ཁྱོད་ལ་ཆོས་འབྱུང་ལྷུན་གྲུབ་ཐོགས་ཞེས་གསུངས། །ཉིན་མཚན་སྒྱུ་མར་འདྲེས་པས་གསང་སྤྱོད་མཛད། །ལྷ་སར་ཐུབ་པ་གཙོ་འཁོར་གསུམ་པོ་གཟིགས། །རབ་བྱུང་མཛད་པས་ཇ་སུན་ཡུན་ལ་སྐམ། །ཕྱག་དྲུག་པ་དང་ཕག་མོ་ཞལ་ཡང་གཟིགས། །ཟངས་མཚོར་ཕེབས་
ཉིན་འཇའ་འོད་མཁའ་འགྲོས་བསུས། །ཐུགས་དམ་གཙོ་བོ་མཁའ་འགྲོ་སྙིང་ཐིག་སྟེ། །སྔོན་མ་གྲགས་པར་རྒྱུད་ཚིག་མང་པོ་དང་། །མ་འོངས་ལུང་བསྟན་མང་པོ་ཐོལ་བྱུང་གསུངས། །མཚོ་ལ་ཐོགས་མེད་བྱ་ལྟར་འབྱོན་པ་དང་། །ཕྱག་རྗེས་ཞབས་རྗེས་བཞག་པས་དཔའ་བོར་གྲགས། །བསམ་གྲུབ་རྩེ་ཡི་བྱེ་གླིང་ཤིང་ཁྲོད་ན། །འཇའ་འོད་མེ་ཏོག་མཁའ་འགྲོ་འདུ་བར་གཟིགས། །སངས་རྒྱས་སྟོང་ལ་གསན་པའི་གདམས་ངག་གནང་། །ཆུ་མིག་དངུལ་བུམ་རྩ་རུ་བུད་མེད་གཅིག །ཤེལ་ཕྲེང་ཕུལ་བས་ཆུ་ལ་ཐོགས་མེད་བྱོན། །འཇོལ་སྣང་བྱོན་ཚེ་སྔོན་གནས་དུ་མ་གསུངས། །དུད་སོལ་མ་དང་དར་ཐོད་ཅན་རྣམས་ཀྱིས། །སྤྱན་དྲངས་གྲོ་བོ་ལུང་གི་ཕྱོགས་སུ་བྱོན། །ལྷ་མོའི་སྐུ་འབག་རྒྱ་གར་མ་ཡི་དྲུང་། །གཏོར་མ་འབུལ་བས་ཐུགས་འུར་ནས་ལྕགས་བྲབ། །བཀའ་བཀྱོན་མཛད་པས་ཕྱི་ནང་གནས་གཞི་ཕུལ། །ཁྱེད་རྣམས་ཆོས་བརྒྱུད་ཀརྨར་འདྲིལ་བར་གྱིས། །གསུངས་ནས་ཚེས་བཞིའི་ཐོ་རངས་ཞི་བར་གཤེགས། །གཟིམས་གུར་འཇའ་འོད་རྒྱུན་ཟུག་མེ་ཏོག་བབ། །གདུང་བཞུས་ཚེ་ན་རླུང་གིས་ཉལ་ཉིལ་ཕྱགས། །འབྲུག་སྒྲ་གྲག་ཅིང་ཆར་གྱིས་ཆག་ཆག་
བཏབ་། །ནམ་མཁར་ཁ་དོག་སྣ་ཚོགས་འཇའ་ཡིས་ཁེངས། །མེ་ཏོག་སྣ་ཚོགས་ཁ་བ་ལྟར་དུ་བབ། །ཆེ་གྲྭ་རྣམས་ནི་གན་དཀར་ཙམ་རང་བབ། །དབུ་ཀླད་སྤོས་ཤེལ་ལྟ་བུ་རིང་བསྲེལ་སྤྲས། །ཁ་སར་པཱ་ཎིའི་སྐུ་དང་རིབ་ལྕི་བའི། །རིང་བསྲེལ་རྒྱ་མདུད་ལྟ་བུ་ངོ་མཚར་བ། །གདུང་ཚྭ་རྣམས་ལའང་རིང་བསྲེལ་བྱོན་པ་མང་། །དུས་མཆོད་འཛིན་པ་རྣམས་སུའང་མེ་ཏོག་བབ། །རི་ཁྲོད་རས་ཆེན་ལ་སོགས་གྲུབ་ཐོབ་པའི། །སློབ་མ་ངོ་མཚར་ཆེ་བ་མང་དུ་བྱོན། །ཆོས་དབང་ལྷུན་གྲུབ་ཞབས་ལ་གུས་ཕྱག་འཚལ། །མངྒ་ལཾ། །ཞེས་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།