Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
མགོན་པོ་ཏཱཀྐད་ཀྱི་གཏོར་ཆོག
  
  
  
  
  
  
  
  


3 occurrences of འབེན་
[Clear Hits]

 
previousམགོན་པོ་ཏཱཀྐད་ཀྱི་གཏོར་ཆོགnext

མགོན་པོ་ཏཱཀྐད་ཀྱི་གཏོར་ཆོག


CMR029_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཏཱཀྐད་ཀྱི་གཏོར་ཆོག་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR029_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། མགོན་པོ་སྤྱན་རས་གཟིགས་སྤྲུལ་པ། །འཇིག་རྟེན་དྲེགས་པའི་མགོན་པོ་ནི། །ཏྲཀ་ཤད་ནག་པོའི་གཏོར་ཆོག་བྲི། །བྱིན་རླབས་བཀའ་ཡི་གནང་བ་སྩོལ། །གཏོར་མཆོད་བཤམས་ལ་ཡི་དམ་བསྒོམ། །བསང་སྦྱངས་བྱས་ལ་འདི་སྐད་དོ། །སྟོང་པའི་ངང་ལས་མདུན་དུ་རྡོ་རྗེའི་བྲག་སྟེང་མཐིང་ནག་གྲུ་གསུམ་པའི་དབུས། ཏྲི་གཉིས་དང་མི་རོ་རྟ་རོ་བསྣོལ་བའི་སྟེང་དུ། རཾ་དམར་ནག་ལས་འོད་འཕྲོས་དགྲ་བགེགས་ཚར་བཅད། འཇིག་རྟེན་གྱི་དྲེགས་པ་ཅན་དང་བདུད་ཐམས་ཅད་ཀྱི་ནུས་པ་བསྡུས་རཾ་ལ་ཐིམ། ཡོངས་སུ་གྱུར་པ་ལས་འཇིག་རྟེན་དྲེགས་པའི་མགོན་པོ་ཏྲག་ཤད་ནག་པོ་ཆིབས་


CMR029_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྲ་ནག་རྟིང་དཀར་ལ་ཆིབས་པ། སྐུ་ལ་བདུད་ཀྱི་བེར་ནག་གསོལ་ཞིང་སྐེད་ལ་གསེར་ག་དང་རིན་པོ་ཆེ་བཅིང་བ། སྟག་རལ་གཡས་དང་གཟིག་ཤུབས་གཡོན་ལ་བཏགས་པ། ཕྱག་གཡས་མདུང་དར་ནག་པོ་ཕྱར་ཞིང་། གཡོན་དགྲའི་སྙིང་སྲོག་རྩ་གསུམ་དང་མ་བྲལ་བ་ཁྱེར་བ། བདུད་ཞགས་ནག་པོ་ཐེའུ་ཆུང་གི་བཟུང་ཞིང་གཞུ་གྲུ་མོ་ལ་བཀལ་བ། མདའ་བྱ་རྒོད་མ་དང་བདུད་ཀྱི་ཁྲམ་ཤིང་སྐེད་ལ་བཅུག་པ། རལ་པ་ཁམ་ནག་ཞུ་ལུབས་སུ་བྱས་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་འཁྲུགས་པ་ཞལ་ཨམ་གཙིགས་བསྡམ་པ། སྤུ་གྲི་གཅིག་ཐུལ་ལས་གཙོ་སྐྱོང་།


CMR029_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མདུན་དུ་སྲིན་མོ་དུང་སྐྱོང་སྣ་ཚོགས་གདོང་མ་མཐིང་ནག་ཁྲམ་ཤིང་ནད་རྐྱལ་ཐོགས་ནས་དྲེལ་ནག་རྐང་གསུམ་ཞོན་ནས་རྟ་ཁ་ཁྲིད་པ། དེའི་འཁོར་དུ་མོན་ཕོ་དྲུག་མོན་མོ་དྲུག་ཨ་ཙ་ར་ཉི་ཤུ་རྩ་གཅིག་བདུད་དམག་ཉི་ཁྲི་ཆིག་སྟོང་གིས་བསྐོར་བ། ལྷ་ཆེན་བརྒྱད་ཀྱིས་ཁྱེའུ་མཚོན་ཆ་སྣ་ཚོགས་ཐོགས་པ་བརྒྱད་དུ་སྤྲུལ་ནས་དབུ་སྐུའི་གསེབ་ནས་འཕྲོ་བ། གཟའ་ཆེན་པོ་བརྒྱད་གཡུ་འབྲུག་བརྒྱད་དུ་སྤྲུལ་ནས་སྟེང་ནས་རྔམས་པ། བྱང་ཕྱོགས་གནོད་སྦྱིན་བརྒྱད་ནི་ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ་ནས་ཀླད་ལ་ལྡིང་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་བརྒྱད་ནི་སྟག་གཟིག་དོམ་དྲེད་བརྒྱད་དུ་སྤྲུལ་ནས་ཕྱི་ན་འབྲང་བ་ཐམས་ཅད་ཀྱང་ཟ་ཟ་རྔམ་རྔམ། འཆའ་འཆའ་འདྲ་བ། ཀུན་གྱི་སྤྱི་བོར་ཨོཾ་ཡིག་དཀར་པོ། ཞེས་པ་ནས་སྤྱན་འདྲེན་ལ་དེ་ཝ་རཀྵ་སྒྱུར་ལ། ཨོཾ་མ་ཧཱ་ཀ་ཏྲཀཱད་ས་པཱ་རི་ཝཱ་ར་ཨེ་ཧེ་ཧི་བཛྲ་ས་མཱ་ཛཿ དེ་ནས་གཏོར་བསྔོས་བར་གཞུང་མཚལ་མ་ཇི་ལྟར་ལས་གསང་བདག་གིས་དབུ་བརྒྱན་པ་དང་། གཏོར་བསྔོས་དུས་སྔགས། ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་ཤད། མ་ཧཱ་ཀ་ལ་སི་ཏི་ཡ་མ་དུ་ཛཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་


CMR029_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། བདུད་ཀྱི་མགོན་པོ་ཏྲཀ་ཤད་ནག་པོ། སྲིན་མོ་དུང་སྐྱོང་སྣ་ཚོགས་གདོང་མ། མོན་ཕོ་དྲུག་མོ་དྲུག་ཨ་ཙར་ཉི་ཤུ་རྩ་གཅིག །བདུད་དམག་ཉི་ཁྲི་གཅིག་སྟོང་འཁོར་སྤྲུལ་དང་བཅས་པའི་ཞལ་དུ་འབུལ་ལོ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་བསྟན་སྲུང་མ་བྱའོ། །ལྷ་ཆེན་བདུད་པོ་མ་རུངས་པ། །གཏུམ་པོ་མཐུ་ཆེན་དགྲ་བོའི་གཤེད། །མངོན་ཤེས་རྫུ་འཕྲུལ་བྱིན་རླབས་ཅན། །རྔམ་པའི་ཞལ་ལ་གཏུམ་པའི་སྐུ། །བརྗིད་པའི་ན་བཟའ་འོད་དུ་འབར། །གསེར་ག་རིན་ཆེན་མེད་ལ་བཅིང་། །གཡས་ན་དར་ནག་རུ་མཚོན་ཕྱར། །གཡོན་ན་སྙིང་དང་ཞགས་པ་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །མཆོག་དཀར་རྭ་རྒོད་གཞུ་མོ་ལ། །བདུད་མདའ་ལྟོང་དམར་དགྲ་ལ་འཕེན། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །སྤྲུལ་པ་རྒྱ་ནག་ཡུལ་དུ་འགྱེད། །སྲོག་བདག་བོད་ཡུལ་དབུས་སུ་བྱོན། །དམ་སྲི་འདུལ་བའི་མཐུ་བོ་ཆེ། །བདུད་རྒྱལ་མགོན་པོ་དགྲ་བོའི་གཤེད། །སྲིང་མོ་དུང་སྐྱོང་མར་བཅས་པ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་


CMR029_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྟོད། བསྙེན་པ་བཀའ་བསྒོ་བའི་ཚུལ་དུ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་ཤད་ཧཱུྃ་ཕཊ༔ ཉེ་སྙིང་འབྲུ་དགུ་པ་དང་། ༀ་མ་ཧཱ་ཀཱ་ལ་ཏྲཀ་ཤད་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཙཛཿ ཞེས་འབོད་སྔགས་བཟླས་སོ། །གསོལ་ཀ་གཞུང་ལྟར་ལས་ཕྱོགས་བཅུ་མགོན་པོ་བསྒྱུར་རོ། །ཐུན་གཏོར་ལ་བཀུག་གཞུག་བྱས་ལ། རྩེ་སྔགས་ལ། དགྲ་བགེགས་ཀྱི་མཱི་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི། ཀིང་ནི་རི་ཏི་ཁཱ་ཧི། ཙིཏྟ་ཁཱ་ཧི། བ་སུ་ཏ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། བ་ལིཾ་ཏ་ཁཱ་ཧི། ཧཱུཾ། བདུད་དམག་བྱེ་བ་འབུམ་གྱི་དབུས། མན་ཆད་བྱའོ། །ཁྲག་འཐུང་མ་མོ་སོགས། སྤྲུལ་དང་ཡང་སྤྲུལ་སོགས། བདག་ཅག་འཁོར་དང་བཅས་ལ་གནོད་པའི་ཞེས་ནས། ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག །ཅེས་པའི་བར་བྱའོ། །གཏོར་མ་ཕྱིར་བསྐྱལ་ལོ། །རྗེས་ཆོག་གཞུང་ལྟར་རྒྱས་བསྡུས་སྐབས་དང་བསྟུན་ནོ། །འཇིག་རྟེན་མགོན་པོ་དྲེགས་བྱེད་པེར་ནག་དང་བདུད་ནག་པོ་ཐོད་ཕྲེང་ཅན་དང་གཟི་བརྗིད་ཅན་རྣམས་ཏྲཀ་ཤད་ཡིན་པར་གསུངས་པའི་ཕྱིར། ཆོ་གའི་ཆིང་ཅིག་གིས་བྱེད་པ་ཤིན་ཏུ་འཐད་དོ། །འདི་བྲིས་ཉེས་འགལ་ཏྲཀ་ཤད་ཉིད་ལ་བཤགས་ཤིང་དགེ་བས་བསྟན་པ་རྒྱས་ཤིང་བསྟན་པར་ཤོག །ཅེས་ཨ་རཱ་གས་སྦྱར་བའོ།། །།


previousམགོན་པོ་ཏཱཀྐད་ཀྱི་གཏོར་ཆོགnext