Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 collapse section
  
  
  
  
  
  
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བདག་འགོག་བཤད་པ།
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousབདག་འགོག་བཤད་པ།next

བདག་འགོག་བཤད་པ།


GLG012_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འགོག་བཤད་པ།གཉིས་པ་གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པ་ལ་གསུམ། ཐར་འདོད་ཀྱིས་ཐོག་མར་བདག་རང་བཞིན་གྱིས་གྲུབ་པ་དགག་དགོས་པར་བསྟན། བདག་དང་བདག་གི་བ་གཉིས་རང་བཞིན་གྱིས་གྲུབ་པ་འགོག་པའི་ཚུལ། བདག་དང་ཤིང་རྟའི་དཔྱད་པ་དངོས་པོ་གཞན་ལ་ཡང་བསྒྲེ་བར་བསྟན་པའོ། །དང་པོ་ལ་ཚིག་གི་དོན། མཐའ་དཔྱད་པ་གཉིས། དང་པོ་ནི། ཐར་འདོད་ཀྱི་རྣལ་འབྱོར་པ་དེ་ནི་ཆོས་ཅན། ཐོག་མར་བདག་རང་བཞིན་གྱིས་གྲུབ་པ་ནི་འགོག་པར་བྱེད་དེ། འདོད་ཆགས་སོགས་ཉོན་མོངས་དང་སྐྱེ་འཆི་སོགས་ཀྱི་སྐྱོན་རྣམས་མ་ལུས་པ་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བར་བློ་ཡིས་མཐོང་བར་གྱུར་ཅིང་། བདག་ནི་འཇིག་ལྟ་འདིའི་དམིགས་ཡུལ་དུ་རྟོགས་པར་བྱས་ནས་འཇིག་ལྟ་སྤོང་བར་འདོད་པའི་ཕྱིར། གཉིས་པ་ནི། ཁ་ཅིག །འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་མ་རིག་པ་ཀུན་བརྟགས་ཀྱི་གཞི་མཐུན་ཡོད་ཟེར་ན། དེ་དང་ལས་འབྲས་ལ་རྨོངས་པའི་མ་རིག་པའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལ་འཛིན་སྟངས་མི་མཐུན་པ་གཉིས་ཡོད་པར་ཐལ། དེ་ལ་ལས་འབྲས་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་ཡོད་པའི་ཕྱིར། གཞན་ཡང་། ལས་འབྲས་མེད་པར་འཛིན་པའི་བློ་དེ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་མོངས་ཅན་གྱི་མ་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་མེད་རྟོགས་པའི་ཤེས་


GLG012_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ངར་འཛིན་ལྷན་སྐྱེས་ཡིན་ན་འཇིག་ལྟ་ཡིན་པས་ཁྱབ་ཟེར་ན། ངར་འཛིན་པའི་འཇིག་ལྟ་དང་མཚུངས་ལྡན་གྱི་གཙོ་བོ་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཤེས་རབ་ཉོན་མོངས་ཅན་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། འཇུག་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ངའི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་སུ་ཕྱེ་བའི་དམིགས་པ་ཡིན་ན་གང་ཟག་ཡིན་པས་ཁྱབ། ང་ཡི་བར་འཛིན་པའི་བློ་དེ་དེར་འཛིན་པའི་འཇིག་ལྟ་དང་བདེན་འཛིན་གྱི་གཞི་མཐུན་ཡིན་ཟེར་ན། ང་ཡི་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ང་ཡི་བར་འཛིན་པའི་བློ་འཇིག་ལྟ་གང་ཞིག །བདེན་འཛིན་ཡིན་པའི་ཕྱིར། ཁ་ཅིག །ང་ཡིན་ན་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་ཡིན་པས་ཁྱབ་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་ང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སངས་འཕགས་ཀྱི་རྒྱུད་ལ་ངར་འཛིན་ལྷན་སྐྱེས་ཡོད་པར་ཐལ་ལོ། ཁ་ཅིག །གང་ཟག་གི་བདག་འཛིན་ལྷན་སྐྱེས་ཡིན་ན་འཇིག་ལྟ་ཡིན་པས་ཁྱབ་ཟེར་ན། ལྷས་སྦྱིན་གྱི་ང་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་མཆོད་སྦྱིན་གྱི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་རྒྱུད་ཀྱི་ང་དང་ང་ཡི་བ་གང་རུང་ལ་དམིགས་ནས་རང་བཞིན་གྱིས་གྲུབ་


GLG012_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཛིན་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །གང་ཟག་གི་བདག་འཛིན་ཀུན་བརྟགས་ཡིན་ན་གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་ཟེར་ན། གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །ཞེས་གསུངས་པའི་ཕྱིར། འདོད་ན། བདེན་འཛིན་ཡིན་པར་ཐལ་ལོ། ཁ་ཅིག །ང་ཡི་སྙམ་དུ་འཛིན་པའི་བློ་དེ་ངར་འཛིན་ལྷན་སྐྱེས་ཡིན་ཟེར་ན། མི་འཐད་པར་ཐལ། ང་དེ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པའི་ཕྱིར། དེར་ཐལ། ཐ་སྙད་དུ་ཡོད་པའི་ཕྱིར། ཁྱབ་སྟེ། འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །ཅེས་གསུངས་པའི་ཕྱིར། གཞན་ཡང་། དགེ་སློང་གིས་དེ་བཞིན་གཤེགས་པའི་དཀོར་བརྐུས་པ་ལ་ཕམ་པ་མི་འབྱུང་བར་ཐལ། དེ་བཞིན་གཤེགས་པ་ལ་ངའི་ཆོས་གོས་སོ་སྙམ་པའི་བློ་མི་འབྱུང་བའི་ཕྱིར། འདོད་ན། དེ་བཞིན་གཤེགས་པ་མྱ་ངན་ལས་མ་འདས་གོང་དུ་དཀོར་བརྐུས་པ་ལ་ཕམ་པ་དང་མྱ་ངན་ལས་འདས་ནས་སྦོམ་པོ་འབྱུང་བར་རྒྱ་ཆེར་འགྲེལ་ལས་བཤད་པ་མི་འཐད་པར་ཐལ་ལོ། ཁ་ཅིག །ཆོས་ཀྱི་བདག་འཛིན་འཁོར་བའི་རྩ་བ་མ་ཡིན་ཟེར་ན། རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་བཤད་པ་མི་འཐད་པར་ཐལ་ལོ། ཁ་ཅིག །བདེན་འཛིན་ཡིན་ན། བདག་འཛིན་ཡིན་པས་ཁྱབ། དེ་ཡིན་ན་གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་ཟེར་ན། ཆོས་དེ་ལ་བདེན་འཛིན་ཡིན་ན་ཆོས་དེ་ལ་བདག་


GLG012_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན། གཟུགས་ལ་དེར་ཐལ། དེའི་ཕྱིར། འདོད་ན། བདག་འཛིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་འཛིན་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གཟུགས་གང་ཟག་ཡིན་པར་ཐལ་ལོ། །གཉིས་པ་ལ། བདག་རང་བཞིན་གྱིས་གྲུབ་པ་དགག །བདག་གི་བ་རང་བཞིན་གྱིས་གྲུབ་པ་དགག་པ་དང་གཉིས། དང་པོ་ལ་དྲུག །གཞན་སྡེས་བཏགས་པའི་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་དགག །རང་སྡེས་བཏགས་པའི་ཕུང་པོ་ཉིད་བདག་ཏུ་འདོད་པ་དགག །དེ་གཉིས་ཀྱི་ལྷག་མའི་ཕྱོགས་རྟེན་དང་བརྟེན་པ་སོགས་གསུམ་དགག །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་དགག །བདག་བརྟེན་ནས་བཏགས་པ་ཙམ་དུ་བཞག་པ་དཔེ་དང་བཅས་པ། དེ་ལྟར་བཞག་པ་ལ་མཐར་འཛིན་གྱི་རྟོག་པ་སྤང་སླ་བའི་ཡོན་ཏན་ནོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ལ་གྲངས་ཅན་པའི་འདོད་པ་བརྗོད་པ་དང་། བྱེ་བྲག་པའི་ལུགས་བརྗོད་པ་གཉིས། དང་པོ་ནི། དེ་ཡོད་དེ། བདག་དེ་ཟ་བ་པོ་དང་། རྟག་དངོས་དང་རྣམ་འགྱུར་གྱི་བྱེད་པ་པོ་མིན་པ་དང་། ཡོན་ཏན་མེད་པ་དང་བྱ་བ་མེད་པར་མུ་སྟེགས་གྲངས་ཅན་རྣམས་ཀྱིས་བཏགས་པའི་ཕྱིར། གཉིས་པ་ནི། བདག་དེའི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་དུ་འགྱུར་ཏེ། བྱེ་བྲག་པས་བདག་དེ་ཡོན་ཏན་དགུ་ལྡན་ཟ་བ་པོ་ཡིན་པ། རྟག་དངོས་ཡིན་པ། བྱེད་པ་པོ་ཡིན་པ། ཡོན་ཏན་དང་ལྡན་པ། བྱ་བ་མེད་པ་ཡིན་ནོ་ཞེས་སྨྲ། རིག་བྱེད་སྨྲ་བས་རྟེན་ལུས་ཐ་དད་པས་བརྟེན་པ་བདག་གཅིག་ཉིད་སྣ་ཚོགས་པ་ཉིད་དོ་ཞེས་པ་སོགས་སྨྲ་བའི་ཕྱིར། གཉིས་པ་ནི། མུ་སྟེགས་པས་ཇི་ལྟར་བཏགས་པ་དེ་


GLG012_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱུར་པའི་བདག་འདི་ནི་ཆོས་ཅན། དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར། དཔེར་ན། མོ་ཤམ་གྱི་བུ་ལྟར་རོ། །དེ་ལྟར་གྱུར་པའི་བདག་འདི་ནི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་ཀྱི་ནང་ནས་རྟེན་དམིགས་པར་ཡང་མི་རིགས་ཏེ། མ་སྐྱེས་པའི་ཕྱིར་རོ། །དེ་ཆོས་ཅན། ཀུན་རྫོབ་ཏུ་ཡང་ཡོད་པར་མི་འདོད་དེ། ཐ་སྙད་དུ་ཡང་ཚད་མས་མ་གྲུབ་པའི་ཕྱིར། མུ་སྟེགས་པས་འདོད་པའི་བདག་དེའི་ཁྱད་པར་ཀུན་ཀྱང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གྲངས་ཅན་གྱི་བསྟན་བཅོས་དང་བྱེ་བྲག་པ་སོགས་ཀྱི་བསྟན་བཅོས་ལས་བདག་དེའི་ཁྱད་པར་མུ་སྟེགས་རྣམས་ཀྱིས་གང་བསྟན་པ་དེ་ཀུན་ལ་མུ་སྟེགས་རང་ལ་གྲགས་པའི་མ་སྐྱེས་པའི་གཏན་ཚིགས་ཀྱིས་གནོད་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། ཕུང་པོ་ལས་ངོ་བོ་གཞན་པའི་བདག་མེད་དེ། ཕུང་པོ་བཟུང་བ་མ་གཏོགས་བདག་དེ་ཡན་གར་དུ་འཛིན་པ་མ་གྲུབ་པའི་ཕྱིར། ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་འདི་འཇིག་རྟེན་གྱི་ངར་འཛིན་ལྷན་སྐྱེས་ཀྱི་བློའི་དམིགས་རྟེན་དུ་ཡང་མི་འདོད་དེ། དེ་འདྲའི་བདག་དེ་རིག་པ་མིན་པའང་མངོན་ཞེན་གྱི་ཁྱད་པར་ལས་བདག་ཏུ་ལྟ་བའི་ཕྱིར། ཤེས་བྱ་ཆོས་ཅན། ཕུང་པོ་ལས་ངོ་བོ་གཞན་པའི་བདག་མེད་དེ། སེམས་ཅན་གང་དག་དུད་འགྲོར་བསྐལ་པ་མང་པོར་ཚེ་བསྐྱལ་བར་གྱུར་པ་དེས་ཀྱང་མ་སྐྱེས་རྟག་པའི་བདག་འདི་མ་མཐོང་ལ་ངར་འཛིན་དེ་དག་ལ་ཡང་འཇུག་པར་མཐོང་བ་དེས་ནའོ། །གཉིས་པ་ལ་ལྔ། ཕུང་པོ་བདག་ཏུ་འདོད་པ་ལ་གནོད་བྱེད་བསྟན་པ། དེ་ལྟར་འདོད་མི་རིགས་པའི་སྒྲུབ་བྱེད་བསྟན་པ། ཕུང་པོ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ།


GLG012_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་བདག་ཏུ་གསུངས་པ་སོགས་ཀྱི་དགོངས་པ་བཤད་པ། གཞན་གྱི་ལུགས་འབྲེལ་མེད་དུ་བསྟན་པའོ། །དང་པོ་ལ་གཉིས། དངོས་དང་། སྐྱོན་སྤོང་དགག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རང་གི་སྡེ་པ་དག་ན་རེ། བདག་ལྟའི་དམིགས་པ་ཕུང་པོ་ཁོ་ན་ཡིན་ཏེ། ཕུང་པོ་ལས་ངོ་བོ་གཞན་པའི་བདག་གྲུབ་པ་མེད་པའི་ཕྱིར་རོ། །དེའི་ནང་ནས་མང་བཀུར་བ་ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི་ལྔ་ཆར་ཡང་འདོད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག །དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་པས་སོ། །མང་བཀུར་བ་ཁ་ཅིག །སེམས་གཅིག་པུ་བདག་ཏུ་འདོད་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ན། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་དང་། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་བ་ནི་བདེ་བ་འདྲེན། །ཞེས་རེས་འགའ་བདག་འདུལ་བར་གསུངས། རེས་འགའ་སེམས་འདུལ་བར་གསུངས་པས་སོ་ཞེས་ཟེར་རོ། །གཉིས་པ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། གལ་ཏེ་ཕུང་པོ་ལྔ་བདག་ཡིན་ན་གང་ཟག་གཅིག་གི་རྒྱུད་ལ་བདག་དེ་དག་ཀྱང་མང་པོར་འགྱུར་བར་ཐལ། ཕུང་པོ་མང་བ་གང་ཞིག །དེ་བདག་ཡིན་པའི་ཕྱིར། བདག་ནི་རྫས་སུ་འགྱུར་བར་ཐལ། ཕུང་པོ་རྫས་ཡོད་ཡིན་པ་གང་ཞིག །བདག་ཕུང་གཅིག་ཡིན་པའི་ཕྱིར། ཕུང་པོ་དེར་ལྟ་བའི་འཇིག་


GLG012_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་ལྟ་བ་ཆོས་ཅན། ཁྱོད་ཕྱིན་ཅི་ལོག་ཉིད་དུ་མི་འགྱུར་བར་ཐལ། ཁྱོད་རྫས་ཡོད་ལ་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་ངེས་པར་བདག་རྒྱུན་ཆད་པར་འགྱུར་བར་ཐལ། དེའི་ཚེ་ཕུང་པོ་རྒྱུན་ཆད་པ་གང་ཞིག །བདག་ཕུང་གཅིག་ཡིན་པའི་ཕྱིར། ལྷག་མེད་མྱང་འདས་ཀྱི་སྔོན་གྱི་སྐད་ཅིག་དག་ལ་ནི་བདག་སྐད་ཅིག་རེ་རེར་སྐྱེ་འཇིག་བྱེད་པར་ཐལ། ཕུང་པོ་དེ་ལྟར་བྱེད་པ་གང་ཞིག །བདག་ཕུང་གཅིག་ཡིན་པའི་ཕྱིར། དེའི་ཚེ་ལས་བྱེད་པོས་དེའི་འབྲས་བུ་མྱོང་བ་མེད་པར་ཐལ། བྱས་རྗེས་བྱེད་པོ་རྒྱུན་ཆད་ནས་མེད་པའི་ཕྱིར། གཞན་ལྷས་སྦྱིན་གྱིས་བསགས་པའི་ལས་འབྲས་གཞན་མཆོད་སྦྱིན་གྱིས་ཟ་བར་འགྱུར་བར་ཐལ། གཞན་གྱི་རྣམ་སྨིན་གཞན་གྱིས་ལོངས་སྤྱོད་པའི་ཕྱིར། གཉིས་པ་ནི་ཁ་ཅིག །ལེགས་ལྡན་འབྱེད་ཀྱི་ཡིད་ཀྱི་རྣམ་ཤེས་གང་ཟག་གི་གདགས་གཞིར་ཁས་ལེན་ཟེར་ན། གཞུང་འདིས་ཡིད་ཀྱི་རྣམ་ཤེས་གང་ཟག་གི་གདགས་གཞི་ཡིན་པ་འགོག་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡིད་ཀྱི་རྣམ་ཤེས་གང་ཟག་གི་གདགས་གཞི་མ་ཡིན་པར་ཐལ་ལོ། ཁ་ཅིག །ཀུན་གཞིའི་རྣམ་ཤེས་ཡོད་ཟེར་ན། ཉོན་ཡིད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དམིགས་པ་ཀུན་གཞི་ལ་དམིགས་ནས་རྣམ་པ་ངར་འཛིན་པའི་བློ་ཡིན་པར་ཐལ། དེ་ངར་འཛིན་ལྷན་སྐྱེས་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཀུན་གཞིའི་རྣམ་ཤེས་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་སུ་ཕྱེ་བའི་དམིགས་པ་ཡིན་པར་ཐལ། ཉོན་ཡིད་དེ་ངར་འཛིན་ལྷན་སྐྱེས་གང་ཞིག །དེ་དམིགས་པ་ཁྱོད་ལ་དམིགས་ནས་རྣམ་པ་ངར་འཛིན་པའི་


GLG012_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །དངོས་སྨྲ་བས་ལྷག་མེད་ཀྱི་སྐབས་སུ་བདག་རྒྱུན་ཆད་པར་ཁས་ལེན་ཟེར་ན། མི་འཐད་པར་ཐལ། དེས་དེ་ཁས་མི་ལེན་པར་འཇུག་འགྲེལ་ལས་བཤད་པའི་ཕྱིར། ཁ་ཅིག །ཨབྷྱཱ་ཀ་ར་ཀུན་གཞི་ཁས་ལེན་པའི་དབུ་མ་པ་ཡིན་ནོ་ཞེ་ན། ཊཱིཀ་ཆེན་ལས། སློབ་དཔོན་ཆེན་པོ་ཞི་བ་འཚོ་ཡང་ཀུན་གཞི་རྣམ་ཤེས་མི་བཞེད་པར་གསལ་ལ། ཨབྷྱ་ཀ་ར་དེ་དང་འདྲའོ་ཞེས་བཤད་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གཉིས་པ་ནི། སྐད་ཅིག་སྔ་ཕྱི་རྣམས་ངོ་བོ་ཉིད་ཀྱིས་གཞན་ཡིན་ཀྱང་དེ་ཁོ་ན་ཉིད་དུ་རྒྱུད་གཅིག་ཡོད་པས་སྐྱོན་མེད་དོ་ཞེ་ན། དེ་ཡང་མི་འཐད་དེ། ངོ་བོ་ཉིད་ཀྱིས་ཐ་དད་པ་རྣམས་རྒྱུད་གཅིག་ཡིན་པ་ལ་སྔར་རྣམ་པར་དཔྱད་པའི་ཚེ་ཉེས་པ་བཤད་ཟིན་པའི་ཕྱིར། ཕུང་པོ་དང་སེམས་བདག་ཏུ་མི་རིགས་པར་ཐལ། དེ་ལྟ་ན་ལས་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པའི་ཉེས་པ་ཡོད་པ་དེའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕུང་པོ་དེ་བདག་མ་ཡིན་པར་ཐལ། ཕུང་པོ་བདག་ཡིན་ན་བདག་དང་འཇིག་རྟེན་མཐའ་དག་ལྡན་པ་ལ་སོགས་པ་ཡིན་དགོས་པ་གང་ཞིག །བདག་དང་འཇིག་རྟེན་མཐའ་དག་ལྡན་པ་ལ་སོགས་མེད་པའི་ཕྱིར་རོ། །གསུམ་པ་ནི། མང་བཀུར་བ་ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་མཐོང་བ་ལ་དེའི་ཚེ་ངེས་པར་ཕུང་པོའི་དངོས་པོ་རྣམས་མེད་པར་རྟོགས་པར་འགྱུར་བར་ཐལ། དེའི་ཕུང་པོ་བདག་ཡིན་པའི་ཕྱིར། བདག་མེད་མངོན་སུམ་དུ་མཐོང་བའི་ཚེ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་རྟོགས་པས་


GLG012_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་མེད་དོ་ཞེ་ན། ཁྱོད་ཀྱི་ཕུང་པོ་དང་སེམས་བདག་ཏུ་མི་འགྱུར་བར་ཐལ། བདག་མེད་མངོན་སུམ་དུ་མཐོང་བ་དེའི་ཚེ་རྟག་པའི་བདག་སྤོང་བ་སྟེ་མེད་པར་མཐོང་བའི་ཕྱིར་ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པ་བདག་མེད་མངོན་སུམ་དུ་མཐོང་བ་ཡིས་གཟུགས་སོགས་ཀྱི་དེ་ཉིད་རྟོགས་པར་མི་འགྱུར་བར་ཐལ། དེའི་ཚེ་རྟག་གཅིག་རང་དབང་ཅན་གྱི་བདག་ཙམ་མེད་པར་མཐོང་བའི་ཕྱིར། ཁྱོད་ཀྱིས་བདག་མེད་རྟོགས་པ་མཐར་ཕྱིན་པར་འདོད་པའི་སྐྱེས་བུ་ཆོས་ཅན། ད་དུང་འདོད་ཆགས་སོགས་སྐྱེ་བར་འགྱུར་བར་ཐལ། གཟུགས་ལ་བདེན་པར་དམིགས་ནས་འཇུག་པའི་ཕྱིར་དང་། གཟུགས་སོགས་དེའི་ངོ་བོ་ཡིན་ལུགས་རྟོགས་པ་མེད་པའི་ཕྱིར། བཞི་པ་ལ་ལྔ། བདག་དུ་ལྟ་བ་ཐམས་ཅད་ཕུང་པོ་ཁོ་ན་ལ་ལྟ་བར་གསུངས་པའི་དོན་བཤད་པ། མདོ་གཞན་ལ་བརྟེན་ནས་ཕུང་པོ་ཚོགས་ཙམ་བདག་མིན་པར་བཤད་པ། ཕུང་པོ་ཚོགས་པ་ཙམ་གྱི་དབྱིབས་ཀྱི་བཀོད་པ་བདག་ཡིན་པ་དགག་པ། ཕུང་པོ་ཚོགས་པ་ཙམ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ། ཐུབ་པས་བདག་དེ་ཁམས་དྲུག་ལ་སོགས་པ་ལ་བརྟེན་ནས་བཏགས་པར་གསུངས་པའོ། །དང་པོ་ལ་གསུམ། ལུང་གི་དགོངས་པ་དགག་བྱ་གཅོད་པའི་དགག་ཕྱོགས་ནས་ཡིན་པར་བསྟན་པ། སྒྲུབ་ཕྱོགས་ནས་ཡིན་དུ་ཆུག་ཀྱང་ཕུང་པོ་བདག་ཏུ་སྟོན་པ་མིན་པ། དེ་དག་ལ་གཞན་གྱི་རྩོད་པ་སྤང་བའོ། །དང་པོ་ནི། ཕུང་པོ་བདག་ཏུ་འདོད་དེ། གང་གི་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས་གསུངས་པ་དེའི་ཕྱིར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་


GLG012_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ལྟའོ་ཞེས་གསུངས་པས་སོ་ཞེ་ན། མདོ་དེ་ནི་ཕུང་པོ་ལས་དོན་གཞན་པའི་བདག་འགོག་པ་ཡིན་གྱི་ཕུང་པོ་བདག་ཏུ་སྟོན་པ་མ་ཡིན་ཏེ། མདོ་གཞན་ལས་གཟུགས་བདག་མ་ཡིན་ཞེས་སོགས་གསུངས་པའི་ཕྱིར་རོ། །དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་ཅེས་སོགས་མདོར་བསྟན་པ་འདིས་ཕུང་པོ་བདག་གོ་ཞེས་བཞེད་པ་མ་ཡིན་ཏེ། གང་གི་ཕྱིར་མདོ་གཞན་ལས་གཟུགས་ཚོར་བདག་མིན་འདུ་ཤེས་ཀྱང་མ་ཡིན་འདུ་བྱེད་རྣམས་མིན་རྣམ་ཤེས་ཀྱང་བདག་མིན་པར་གསུངས་པ་དེའི་ཕྱིར། གཉིས་པ་ནི། དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅེས་སོགས་ཀྱི་མདོ་འདིས་ཕུང་པོའི་ཚོགས་པ་བདག་ཏུ་སྟོན་པ་ཡིན་གྱི་ཕུང་པོའི་ངོ་བོ་རེ་རེ་ནས་བདག་ཏུ་སྟོན་པ་མིན་ཏེ། ཕུང་པོ་བདག་གོ་ཞེས་བརྗོད་པའི་ཚེ་ཕུང་པོ་རྣམས་ཀྱི་ཚོགས་པ་བདག་ཏུ་སྟོན་པ་ཡིན་པའི་ཕྱིར། དཔེར་ན་ཤིང་རྣམས་ནི་ནགས་ཚལ་ལོ་ཞེས་བརྗོད་པའི་ཚེ་ན་ཤིང་གི་ཚོགས་པ་ནགས་ཚལ་ཡིན་གྱི། ཤིང་རེ་རེ་བ་ནས་ནགས་སུ་བརྗོད་པ་མ་ཡིན་ཞེས་དཔེར་བརྗོད་པའི་ཕྱིར། ཕུང་པོའི་ཚོགས་པ་ཙམ་ཆོས་ཅན། བདག་དེ་མིན་ཏེ། མགོན་མིན་ཅིང་འདུལ་བའམ་དཔང་པོ་ཉིད་ཀྱང་མ་ཡིན་པའི་ཕྱིར། གསུམ་པ་ནི། ཕུང་པོའི་ཚོགས་པ་བདག་ཏུ་འདོད་པ་དེའི་ཚེ། ཤིང་རྟའི་ཡན་ལག་ཚོགས་པ་གཅིག་ཏུ་གནས་པ་རྣམས་ཤིང་རྟ་ཉིད་དུ་འགྱུར་བར་ཐལ། ཕུང་པོའི་ཚོགས་པ་བདག་ཡིན་པ་དེའི་ཚེ་སྟེ་དེའི་ཕྱིར། ཁྱབ་སྟེ། ཤིང་རྟ་དང་བདག་གཉིས་རང་གི་ཡན་ལག་ཚོགས་པ་ལ་འཇོག་མི་འཇོག་མཚུངས་པའི་ཕྱིར། གཉིས་པ་ནི། ཕུང་པོ་འདུས་པ་དེ་ཙམ་བདག་མ་ཡིན་ཏེ། མདོ་ལས་ཕུང་པོ་ཚོགས་པ་ལ་བརྟེན་ནས་བདག་འདོགས་པ་ཡིན་པར་གསུངས་པ་དེའི་ཕྱིར། གསུམ་པ་ནི། གང་


GLG012_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི་རྒྱུད་ཀྱི་ཕུང་པོའི་དབྱིབས་བདག་ཡིན་ནོ་ཞེ་ན་མི་རིགས་ཏེ། ཁྱོད་ཀྱི་ལུགས་ལ་གཟུགས་ཅན་དེ་ཉིད་ཁོ་ན་བདག་ཅེས་པར་འགྱུར་གྱི། སེམས་སོགས་ཚོགས་པ་ནི་བདག་ཉིད་དུ་འགྱུར་བ་མིན་ཏེ། གང་གི་ཕྱིར་དབྱིབས་བདག་ཏུ་ཁས་བླངས་པས་དབྱིབས་ལ་གཟུགས་ཅན་ཁོ་ན་མ་གཏོགས་སེམས་སོགས་དེ་དག་ལ་ཡོད་པ་མིན་པ་དེའི་ཕྱིར། བཞི་པ་ནི། ཉེ་བར་ལེན་པ་པོ་རང་སྟེ་བདག་དང་། ཉེ་བར་ལེན་པ་ཕུང་ཚོགས་གཉིས་གཅིག་གི་དངོས་པོར་རིགས་པ་མ་ཡིན་པར་ཐལ། དེ་ལྟ་ན་ལས་དང་བྱེད་པོ་གཅིག་ཉིད་དུ་འགྱུར་དགོས་པ་ལ་མི་འགྱུར་བའི་ཕྱིར། བྱེད་པ་མེད་པ་ལ་བྱ་བ་ཕུང་པོ་ཡོད་པ་གཅིག་ཏུ་ཐལ་བའི་སྐྱོན་མེད་སྙམ་དུ་བློས་ཁྱད་པར་འབྱེད་ན་དེ་ཡང་རིགས་པ་མ་ཡིན་ཏེ། གང་ཕྱིར་བྱེད་པོ་མེད་ན་ལས་མེད་དགོས་པའི་ཕྱིར། ལྔ་པ་ནི། བདག་དེ་ནི་ས་ལ་སོགས་པ་རྣམས་དང་། དེ་ཉིད་མ་ཡིན་པར་ཡང་གདགས་སུ་མི་རུང་ལ། ཚོགས་པ་ཙམ་ཉིད་ཀྱང་མིན་ཏེ། གང་ཕྱིར་ཐུབ་པས་མདོར་ས་ཆུ་མེ་རླུང་དང་རྣམ་ཤེས་དང་ནམ་མཁའི་ཁམས་ཞེས་བྱ་བའི་ཁམས་དྲུག་ལ་བརྟེན་པ་དང་། མིག་གི་རེག་པའི་སྐྱེ་མཆེད་དང་། ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་རྟེན་དྲུག་དག་ལ་བརྟེན་ནས་ཉེ་བར་བསྟན་ཞིང་། སེམས་དང་སེམས་བྱུང་གི་ཆོས་རྣམས་ཉེ་བར་བཟུང་བ་ལ་བརྟེན་ནས་བདག་ཏུ་འདོགས་སོ་ཞེས་ངེས་པར་གསུངས་པ་དེའི་ཕྱིར། ངར་འཛིན་ལྷན་སྐྱེས་ཀྱི་བློ་དེ་ཆོས་དེ་རྣམས་ཚོགས་པ་དང་ཡ་གྱལ་རྣམས་ལ་དམིགས་ནས་འཇུག་པ་མ་ཡིན་ཏེ་དེ་དག་གང་ཡང་བདག་མ་ཡིན་པ་དེའི་ཕྱིར། ལྔ་པ་ནི། ཤེས་བྱ་ཆོས་ཅན། རྟག་ཅིག་རང་དབང་ཅན་གྱི་བདག་ཙམ་མེད་པར་ཤེས་པས། བདག་ཏུ་ལྟ་བ་ཅིས་ཀྱང་འབྱིན་ཞེས་སྨྲ་མ་ཤིན་ཏུ་ངོ་མཚར་ཏེ། བདག་མེད་རྟོགས་པར་འདོད་


GLG012_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རྟག་པའི་བདག་སྤོང་བར་མཐོང་ཞིང་། འདི་ནི་ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ཏེ་དམིགས་རྣམ་གང་ཡང་ཡུལ་དུ་མི་འདོད་པ་དེའི་ཕྱིར། དཔེར་ན། རང་ཁྱིམ་གྱི་རྩིག་ཕུག་ན་སྦྲུལ་གནས་པ་མཐོང་བཞིན་དུ། འདི་ན་གླང་ཆེན་མེད་ཅེས་དོགས་པ་བསལ་བ་དེ་ཙམ་གྱིས་སྦྲུལ་གྱི་འཇིགས་པ་སྤོང་བར་བྱེད་པ་ནི། ཀྱེ་མ་གཞན་གྱི་གནམ་པོར་ཏེ་བཞད་གད་དུ་འགྱུར་བ་ཉིད་བཞིན་ནོ། །གསུམ་པ་ལ། རྟེན་དང་བརྟེན་པ་ལྡན་པའི་ཕྱོགས་དགག །བཀག་པ་རྣམས་ཀྱི་དོན་བསྡོམས་ཏེ་བསྟན་པ་གཉིས། དང་པོ་ནི། བདག་ཕུང་གཉིས་རྟེན་བརྟེན་པར་ངོ་བོ་ཉིད་ཀྱིས་གྲུབ་པ་འདི་ཕྱིན་ཅི་ལོག་གི་རྟོག་པས་བཞག་སྟེ། ཕུང་པོར་ཏེ་དེ་ལ་ངོ་བོ་ཡོད་པ་མ་ཡིན་ཞིང་། བདག་ལ་ཡང་ཕུང་པོ་དེ་རྣམས་ཡོད་པ་མིན་པའི་ཕྱིར། གང་ཕྱིར་འདིར་ངོ་བོས་གྲུབ་པའི་གཞན་ཉིད་དུ་ཡོད་ན། རྟེན་བརྟེན་པའི་རྟོག་པ་འདིར་འགྱུར་ན་ཡང་། དེ་ཉིད་གཞན་ཉིད་དུ་མེད་པ་དེའི་ཕྱིར། བདག་ནི་གཟུགས་དང་ལྡན་པར་མི་འདོད་དེ། གང་གི་ཕྱིར་ན། བདག་ཕུང་གཅིག་དང་ཐ་དད་གང་རུང་དུ་ཡོད་པ་མིན་པ་དེའི་ཕྱིར། བདག་ཕུང་ལྡན་པའི་སྦྱོར་བ་ངོ་བོས་གྲུབ་པ་མེད་དེ། གཞན་ལྡན་ནི། ལྷས་སྦྱིན་གནག་དང་ལྡན་པ་ལྟ་བུ་དང་གཞན་མིན་པ་གཟུགས་ལྡན་ནི། བདག་ནི་གཟུགས་ལས་དེ་ཉིད་དེ་གཅིག་དང་གཞན་ཉིད་དུ་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་དག་ལ་བདག་ཏུ་ལྟ་བའི་ཆ་ཉི་ཤུར་འདོད་དེ། གཟུགས་བདག་མ་ཡིན་པ། བདག་ནི་གཟུགས་དང་ལྡན་པ་མིན་པ། གཟུགས་ལ་བདག་ཕར་བརྟེན་པ་མེད་པ། བདག་ལའང་གཟུགས་ཚུར་བརྟེན་པ་ཡོད་པ་མིན་པ་ལ་དེར་ལྟ་བ་བཞི་


GLG012_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དེ་ལྟར་ལྷག་མ་ཀུན་ལའང་རྣམ་པ་བཞི་བཞིར་ཤེས་པར་བྱ་བ་ཡིན་པའི་ཕྱིར། རྒྱུན་ཞུགས་ཀྱིས་སྤངས་པའི་འཇིག་ལྟ་ཉི་ཤུ་ཡང་ཡོད་དེ། མཐོང་སྤང་དུ་གྱུར་པའི་འཇིག་ལྟ་རི་བོ་ལྟ་བུ། བདག་མེད་རྟོགས་པའི་རྡོ་རྗེས་བཅོམ་པ་བདག་ཏུ་ལྟ་བ་གང་དང་ལྷན་ཅིག་ཏུ་འཇིག་པར་འགྱུར་བ། འཇིག་ཚོགས་ལ་ལྟ་བའི་རི་ལྷུན་སྟུག་པོ་ལ་གནས་པའི་རྩེ་མོ་མཐོ་བར་གྱུར་པ་ཉི་ཤུ་པོ་འདི་དག་ཡིན་པའི་ཕྱིར། བཞི་པ་ལ། ཕྱོགས་སྔ་མ་བརྗོད་པ་དང་། ལུགས་དེ་དགག་པ་གཉིས། དང་པོ་ནི། མང་བཀུར་བ་ཁ་ཅིག །དེ་ཉིད་དང་། གཞན་ཉིད་དང་། རྟག་མི་རྟག་ལ་སོགས་པར་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་འདོད་ལ། རྣམ་ཤེས་དྲུག་གི་ཤེས་བྱར་ཡང་དེ་འདོད་ཅིང་། དེ་ནི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པར་ཡང་འདོད་པ་ཡིན་ཟེར་རོ། །གཉིས་པ་ནི། གལ་ཏེ་འགའ་ཞིག་དེ་འདྲའི་དངོས་པོ་གྲུབ་པར་གྱུར་ན། བདག་ཆོས་ཅན། ཕུང་པོ་དང་དེ་ཉིད་དང་གཞན་གང་རུང་དུ་བརྗོད་དུ་མེད་པར་མི་འགྱུར་བར་ཐལ། གང་ཕྱིར་དེ་རྫས་སུ་མ་གྲུབ་པའི་ཕྱིར། དཔེར་ན་གཟུགས་ལས་སེམས་གཞན་དུ་བརྗོད་དུ་མེད་པར་རྟོགས་པ་བཞིན་ནོ། །གལ་ཏེ་བདག་འགའ་དངོས་པོར་གྲུབ་པར་འགྱུར་ན། སེམས་ལྟར་གྲུབ་པའི་དངོས་པོ་གཅིག་དང་ཐ་དད་གང་རུང་དུ་བརྗོད་དུ་མེད་པར་མི་འགྱུར་བར་ཐལ། རྫས་ཡོད་ཀྱི་དངོས་པོ་གང་རུང་དུ་བརྗོད་དུ་མེད་པར་རྟོགས་པ་འཐད་པ་མིན་པ་ཉིད་ཡིན་པའི་ཕྱིར། བདག་གང་ཆོས་ཅན། བཏགས་ཡོད་དུ་འགྱུར་ཏེ། ཕུང་པོ་ལས་གཅིག་དང་ཐ་དད་དུ་མེད་པར་གྲུབ་པའི་ཕྱིར། གང་ཕྱིར་ཁྱོད་ཀྱིས་བུམ་པ་རང་རྐྱ་ཐུབ་པའི་དངོས་པོར་མ་གྲུབ་པའི་ངོ་བོ་དེ་གཟུགས་


GLG012_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལས་གཅིག་དང་ཐ་དད་དུ་བརྗོད་དུ་མེད་པར་འགྱུར་བ་བཞིན་ཡིན་པའི་ཕྱིར། གང་ཟག་ཆོས་ཅན། རང་གིས་ཡོད་པར་གྲུབ་པར་རྟོགས་པར་མི་བྱ་སྟེ། བཏགས་ཡོད་ཡིན་པའི་ཕྱིར། བདག་ཆོས་ཅན། རྫས་སུ་མེད་དེ། དངོས་པོའི་ཆོས་གང་རུང་དང་བྲལ་བའི་ཕྱིར། ཁྱབ་སྟེ། རྫས་ཡོད་ཀྱི་དངོས་པོ་ལ་གཅིག་དང་ཐ་དད་ཀྱི་རྣམ་པ་དེ་གཉིས་ངེས་པར་མཐོང་བར་འགྱུར་བ་དེའི་ཕྱིར། དཔེར་ན་ཁྱོད་ཀྱིས་རྣམ་ཤེས་དེ་རང་གི་བདག་ཉིད་ལས་རྫས་གཞན་དུ་ནི་མི་འདོད་པར། གཟུགས་སོགས་ལས་རྫས་གཞན་གྱི་དངོས་པོར་འདོད་པ་བཞིན་ནོ། །ལྔ་པ་ལ་བཞི། བདག་མཐའ་བདུན་དུ་མེད་ཀྱང་བརྟེན་ནས་བཏགས་པ་ཤིང་རྟ་དང་འདྲ་བར་བསྟན། སྔར་མ་བཤད་པའི་ཕྱོགས་ལྷག་མ་གཉིས་རྒྱས་པར་བཤད། དེ་ལྟར་བཤད་པ་ལ་གཞན་གྱིས་རྩོད་པ་སྤོང་བ། མིང་གི་ཐ་སྙད་ཀྱི་དོན་གཞན་ཡང་གྲུབ་པར་བསྟན་པའོ། །དང་པོ་ནི། ངར་འཛིན་ལྷན་སྐྱེས་ཀྱི་རྟེན་བདག་ནི་ཆོས་ཅན། དངོས་པོ་སྟེ་རང་བཞིན་གྱིས་གྲུབ་པ་མིན་ཏེ། དཔྱད་ན་རྫས་ཡོད་མིན་ཞིང་ཕུང་པོ་ལས་གཞན་མིན་ལ་ཕུང་པོའི་ངོ་བོ་ཚོགས་པ་དང་ཡ་གྱལ་གང་ཡང་བདག་མིན། བདག་ཕུང་པོར་བརྟེན་པ་མིན། ཚུར་ཡང་མིན། འདི་ནི་དེ་རྣམས་དང་ལྡན་པར་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པ་དེའི་ཕྱིར། དེ་ལྟ་ནའང་དེ་གཏན་མེད་དུ་མི་འགྱུར་ཏེ། བདག་འདི་ནི་ཕུང་པོ་རྣམས་ལ་བརྟེན་ནས་བཏགས་པ་ཙམ་དུ་འགྲུབ་པར་འགྱུར་བའི་ཕྱིར་ཏེ། དཔེར་ན་ཤིང་རྟ་རང་གི་ཡན་ལག་ལས་ངོ་བོ་གཞན་དུ་འདོད་པ་མིན་ལ། གཞན་མིན་ཏེ་གཅིག་ཏུ་ཡང་གྲུབ་པ་མ་ཡིན་པ་དང་། ཡན་ལག་དེ་དང་ལྡན་པ་ཡང་རང་བཞིན་གྱིས་ཡོད་པ་མིན་ཞིང་། ཡན་ལག་ལ་ཕར་བརྟེན་པ་མིན་པ་དང་། ཡན་ལག་དག་ཤིང་རྟ་དེར་བརྟེན་པ་རང་བཞིན་གྱིས་ཡོད་པ་མིན་པ་དང་། ཡན་ལག་འདུས་པ་ཙམ་ཡང་དེ་མིན་ལ། ཡན་ལག་གི་དབྱིབས་དེ་མིན་པས་དཔྱད་ན་མི་རྙེད་པ་ཇི་ལྟ་བ་དེ་བཞིན་ཡིན་པའི་ཕྱིར།གཉིས་པ་ལ་གཉིས། དངོས་ཀྱི་དོན་དང་། རིགས་པ་དེ་གཞན་ལ་ཁ་སྤོ་བའོ། །དང་པོ་ལ་ཚོགས་པ་ཤིང་རྟར་འདོད་པ་དགག །དབྱིབས་ཙམ་ཤིང་རྟར་འདོད་པ་དགག་པ་གཉིས། དང་པོ་ནི། ཡན་ལག་གསིལ་བུར་གནས་པ་ལ་ཡང་ཤིང་རྟ་ཉིད་ཡོད་པར་འགྱུར་བར་ཐལ། གལ་ཏེ་ཡན་ལག་ཚོགས་ཙམ་ཤིང་རྟར་


GLG012_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར། ཚོགས་པའི་དབྱིབས་ཙམ་ཤིང་རྟར་རིགས་པའང་མིན་པར་ཐལ། ཤིང་རྟའི་ཡན་ལག་མེད་པའི་ཕྱིར་ཏེ། གང་གི་ཕྱིར་ཡན་ལག་ཅན་གྱི་ཤིང་རྟ་མེད་པའི་ཕྱིར། གཉིས་པ་ནི། ཁྱོད་ཀྱི་ཡན་ལག་སོ་སོ་ཕྱེ་བར་གྱུར་པའི་དབྱིབས་དེ་དག་ལ་ཇི་ལྟར་ཤིང་རྟ་མེད་པ་ལྟར། ད་ལྟ་བསྒྲིགས་པའི་དུས་ཀྱང་ནི་ཤིང་རྟར་ཡོད་པ་མིན་པར་ཐལ། ཡན་ལག་རེ་རེ་ལ་སྔར་མ་བསྒྲིགས་པའི་དབྱིབས་ཇི་ལྟར་ཡོད་པ་བཞིན་དུ། ད་ལྟ་བསྒྲིགས་པའི་དུས་སུ་ཤིང་རྟར་གཏོགས་པ་ལའང་དབྱིབས་སྔར་གྱི་དེ་བཞིན་དུ་གནས་པའི་ཕྱིར། ད་ལྟ་ཡན་ལག་བསྒྲིགས་པའི་དུས་སྔར་མ་བསྒྲིགས་པའི་དུས་ཀྱི་དབྱིབས་ཟླུམ་པོ་སོགས་ལས་ཐ་དད་པའི་དབྱིབས་སྐྱེ་བ་དེ་ཤིང་རྟར་རིགས་པ་མ་ཡིན་པར་ཐལ། དེ་ཡོད་ན་དབྱིབས་མི་མཐུན་པ་འདི་མིག་ཤེས་ཀྱིས་གཟུང་དུ་ཡོད་པར་འགྱུར་ནའང་དེ་ཡོད་པ་མ་ཡིན་པའི་ཕྱིར། བསྒྲིགས་དུས་ཀྱི་ཡན་ལག་རེ་རེའི་དབྱིབས་ཙམ་ཤིང་རྟར་ཡོད་པ་མ་ཡིན་པར་ཐལ། མ་བསྒྲིགས་པའི་ཡན་ལག་དང་། དེ་དང་མི་འདྲ་བའི་ཡན་ལག་རེ་རེ་ནས་ཤིང་རྟ་མ་ཡིན་པའི་ཕྱིར། ཤིང་རྟའི་དབྱིབས་དེ་ཡན་ལག་ཚོགས་པ་ལས་འདོགས་པ་མ་ཡིན་པར་ཐལ། གང་གི་ཕྱིར་ཁྱོད་ཀྱི་ཚོགས་པ་རྫས་སུ་ཅང་མེད་པའི་ཕྱིར། ཚོགས་པ་གང་གི་རྫས་སུ་གྲུབ་པ་ཅི་ཡང་མ་ཡིན་པ་དེ་ལ་བརྟེན་ནས་འདིར་འཇོག་པའི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། སྔར་བཤད་པའི་ཁས་བླངས་དེའི་ཕྱིར། གཉིས་པ་ནི། མ་རིག་པ་དང་ས་བོན་སོགས་མི་བདེན་པའི་རྒྱུ་ལ་བརྟེན་པར་བྱས་ནས་འདུ་བྱེད་དང་མྱུ་གུ་སོགས་འབྲས་བུའི་རྣམ་པ་མི་བདེན་པའི་རང་བཞིན་ཅན་ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས་ཤིག་སྟེ་བགྱིད་རིགས་ཏེ། ཁྱོད་


GLG012_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཏགས་ཡོད་ལ་བརྟེན་ནས་དབྱིབས་དེར་འཇོག་པ་འདི་ནི་ཇི་ལྟར་འདོད་པ་དེ་ལྟར་དུ་འཐད་པའི་ཕྱིར། གཞན་ཡང་རིགས་པ་འདི་ནི་ཆོས་ཅན། དགོས་པ་ཡོད་དེ། བུམ་པའི་གཟུགས་སོགས་རྡུལ་རྫས་བརྒྱད་པོ་དེ་ལྟར་གནས་པ་རྣམས་བུམ་པ་ཡིན་པས། དེར་འཛིན་གྱི་བློ་སྐྱེ་བར་འགྱུར་ཞེས་པ་དེ་ཡང་རིགས་པ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར། གཟུགས་སོགས་ཀྱང་ཆོས་ཅན། རྫས་སུ་ཡོད་པ་མིན་ཏེ། རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར། དེ་དག་གི་དབྱིབས་བུམ་པར་མི་རིགས་པར་ཐལ། བུམ་པ་དང་དེའི་རྟེན་རྫས་སུ་མེད་པ་དེའི་ཕྱིར་རོ། །གསུམ་པ་ནི། ཤིང་རྟ་དེ་ནི་དེ་ཉིད་དོན་དམ་མམ། འཇིག་རྟེན་གྱི་ཀུན་རྫོབ་ཏུ་རྣམ་པ་བདུན་གྱིས་བཙལ་བ་ན་འགྲུབ་པར་འགྱུར་བ་མིན་མོད་ཀྱི། བཏགས་དོན་འཚོལ་བའི་རྣམ་དཔྱད་མེད་པར་འཇིག་རྟེན་གྱི་ཐ་སྙད་ཉིད་ལས་འདིར་རང་གི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་པའི་ཕྱིར། བཞི་པ་ནི། ཤིང་རྟ་དེ་ཉིད་འཕང་ལོ་སོགས་ལ་ལྟོས་ནས་ཡན་ལག་ཅན་དང་། ཆ་ཅན་ལ་ལྟོས་ནས་ཆ་ཤས་ཅན་དང་། ཤིང་རྟ་དེ་ཉིད་ལས་སུ་བྱ་བ་ལ་ལྟོས་ནས་བྱེད་པ་པོ་ཞེས་འགྲོ་བ་ལ་བསྙད་པ་དང་། གཟུགས་སོགས་ལ་ལྟོས་ནས་སྐྱེ་བོ་རྣམས་ལ་ཉེ་བར་ལེན་པོ་ཉིད་དུ་འགྲུབ་པའི་ཕྱིར་ན། དངོས་སྨྲ་བ་ཆོས་ཅན། ཁྱོད་ཀྱིས་འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག་སྟེ་བརླག་པར་ཐལ། ཚོགས་པ་དང་། རེ་རེ་བ་ལས། དོན་གཞན་པའི་ཤིང་རྟ་མེད་པ་གང་ཞིག །རང་གི་གདགས་གཞི་ལ་བཏགས་ཙམ་གྱི་ཤིང་རྟ་ཁྱོད་ཀྱིས་འཇོག་མི་ཤེས་པའི་ཕྱིར། སྨྲས་པ། བཏགས་ཙམ་ང་ཡི་རྒྱ་ལས་མ་གྲོལ་བར། །བདེན་ཞེན་ཤ་བ་རི་བའི་ལག་ཆུད་པའི། །ཐར་པའི་སྲོག་དང་འབྲལ་བར་ཉེ་བ་ཡི། །སྐྱེ་བོ་འདི་ཀུན་འཁོར་བའི་ཕ་


GLG012_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་སྤེལ། །ཆ་ཤས་ཚོགས་དང་མ་ཚོགས་གང་གི་སྟེང་། །ཤིང་རྟ་འདི་ཞེས་འཇོག་པ་ཆེས་དཀའ་ཕྱིར། །གདགས་གཞིར་བཏགས་ཙམ་ཤིང་རྟར་ངོས་འཛིན་པ། །རིང་ལུགས་འདི་ནི་སྔོན་མེད་རིགས་པའི་ལམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དྲུག་པ་ལ་ལྔ། དངོས་དང་། རྩོད་པ་སྤོང་བ། ཤིང་རྟ་དང་བདག་གི་ཐ་སྙད་དཔེ་དོན་སྦྱར་བ། བརྟེན་ནས་བཏགས་པའི་བདག་ཁས་ལེན་པའི་ཡོན་ཏན་གཞན་བསྟན་པ། མཁས་རྨོངས་ཀྱི་འཆིང་གྲོལ་གྱི་གཞིའི་བདག་ངོས་གཟུང་བའོ། །དང་པོ་ནི། དབུ་མ་པས་འདིར་ཤིང་རྟ་དེའི་གྲུབ་ཚུལ་མ་བཏགས་པར་གྲུབ་པ་དེ་བཞིན་དུ་འདོད་པར་བྱ་སྟེ། དེས་ཀུན་རྫོབ་མི་ཉམས་པར་མ་ཟད། དེ་ཉིད་ལའང་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར་ཏེ། རྣམ་བདུན་གྱིས་བཙལ་ན་མེད་པ་གང་ཡིན་པ་དེ་ཇི་ལྟ་བུར་ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་ཚུལ་མི་རྙེད་པ་དེའི་ཕྱིར། གཉིས་པ་ནི། ཤིང་རྟ་རང་ངོས་ནས་ཡོད་པ་ཉིད་མ་ཡིན་ན་དེའི་ཚེ་དེའི་ཡན་ལག་ཀྱང་མེད་དེ། ཡན་ལག་ཅན་གྱི་ཤིང་རྟ་མེད་པའི་ཕྱིར་ཏེ། སྟོང་ཉིད་རྟོགས་པའི་བློའི་མེ་ཡིས་ཡན་ལག་ཅན་གྱི་ཤིང་རྟ་རང་བཞིན་གྱིས་གྲུབ་པ་བསྲེགས་པ་ན་ཡན་ལག་རྣམས་ཀྱང་རང་བཞིན་གྱིས་མེད་པར་འགྱུར་བའི་ཕྱིར། དཔེར་ན་ཤིང་རྟ་འཚིག་ན་ཡན་ལག་ཀྱང་མེད་པ་བཞིན་ནོ། །གསུམ་པ་ནི། ཡན་ལག་ལས་ཤིང་རྟ་བཏགས་པ་དེ་བཞིན་དུ་འཇིག་རྟེན་གྲགས་པས་ཕུང་པོ་དང་། ཁམས་དང་། དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་བརྟེན་ནས་བདག་ཀྱང་ཉེ་བར་ལེན་པ་པོ་ཉིད་དུ་འདོད་དེ། བདག་དེ་ལས་བཏགས་པའི་ཕྱིར། ཉེར་ལེན་ནི་ལས་ཡིན་ལ། བདག་ནི་བྱེད་པ་པོའང་ཡིན་ཏེ། ཤིང་


GLG012_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་དང་དེའི་ཡན་ལག་རྣམས་གདགས་གཞི་བཏགས་ཆོས་ཡིན་པའི་ཕྱིར། བཞི་པ་ནི། བདག་འདི་ནི་ཆོས་ཅན། བརྟེན་པར་ཡང་གྲུབ་པ་མིན་ཞིང་། མི་བརྟེན་པ་ཉིད་དུ་ཡང་ངོ་བོས་གྲུབ་པ་མིན་ཏེ། རང་བཞིན་གྱིས་གྲུབ་པའི་དངོས་པོར་ཡོད་པ་མིན་པའི་ཕྱིར། བདག་ཕུང་གཅིག་མིན་པར་ཐལ། འདི་ནི་སྐད་ཅིག་ལ་སྐྱེ་འཇིག་བྱེད་པར་འགྱུར་བ་ལས་ནི་མིན་པའི་ཕྱིར། འདི་ནི་ཆོས་ཅན། ཁྱོད་ལ་རྟག་པ་ཉིད་ལ་སོགས་པའི་བཞི་ཚན་ཡང་ཡོད་པ་མིན་ཏེ། རང་བཞིན་གྱིས་གྲུབ་པའི་དངོས་པོར་མེད་པའི་ཕྱིར། དེ་ཆོས་ཅན། དེ་ཉིད་དང་གཞན་ཉིད་དུ་མེད་དེ། རྟགས་སྔར་བཞིན། ལྔ་པ་ནི། འགྲོ་བ་རྣམས་རྟག་ཏུ་གང་ལ་དམིགས་ནས་ངར་འཛིན་པའི་བློ་རབ་ཏུ་འབྱུང་ཞིང་། བདག་དེ་ཡི་བདག་གི་བ་གང་ཡིན་པ་དེར་ང་ཡི་བར་འཛིན་པའི་བློ་འབྱུང་བའི་བདག་དེ་ནི་ཆོས་ཅན། བཏགས་དོན་བཙལ་བའི་ཚེ་ན་མེད་ཀྱང་མེད་མི་དགོས་ཏེ། མ་བརྟགས་གྲགས་པའི་ངོ་བོར་གཏི་མུག་ལས་ཡིན་གྱི། རང་གི་ངོ་བོས་གྲུབ་པ་མིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བདག་གི་བ་རང་བཞིན་གྱིས་གྲུབ་པ་ནི། བདག་མེད་པར་ཡོད་པ་མིན་ཏེ། རྒྱུ་མཚན་གང་གི་ཕྱིར་བྱེད་པོ་བཟོ་བོ་མེད་པ་ཅན་གྱི་ལས་སུ་བྱ་བ་བུམ་པ་མེད་པ་དེའི་ཕྱིར། བདག་དང་བདག་གི་སྟོང་པར་ལྟ་བའི་རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར་ཏེ། ཅིག་ཤོས་འཁོར་བའི་རྩ་བ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ། བུམ་སྣམ་སོགས་ཀྱི་དངོས་པོ་ལ་བསྒྲེ་བ། རྒྱུ་འབྲས་ཀྱི་དངོས་པ་ལ་བསྒྲེ་བ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བུམ་པ། སྣམ་བུ། རེ་ལྡེ། དམག་དང་། ནགས་ཚལ། འཕྲེང་བ། ལྗོན་ཤིང་དང་། ཁང་ཁྱིམ། ཤིང་རྟ་ཕྲན་


GLG012_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འགྲོན་གནས་ལ་སོགས་དངོས་པོ་རྣམས་གང་དག་དང་། དེ་བཞིན་གང་དག་གི་སྒོ་ནས་སྐྱེ་བོ་འདིས་བསྙད་པ་དེ་རྣམས་ཤིང་རྟ་ལྟར་རྟོགས་པར་བྱ་སྟེ། རྣམ་པར་དཔྱད་པས་རྣམ་པ་བདུན་དུ་བཙལ་བ་ན་ཡོད་པ་མིན་ཞིང་། དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་ན་གྲགས་པའི་སྒོ་ནས་ཡོད་པ་ཡིན་པའི་ཕྱིར་ཏེ། གང་ཕྱིར་ཐུབ་པའི་དབང་པོ་ནི་འཇིག་རྟེན་དང་ལྷན་ཅིག་ཏུ་རྩོད་པ་མི་མཛད་པའི་ཕྱིར་རོ། །ཐ་སྙད་འཇོག་ཚུལ་ཡོད་དེ། ཡན་ལག་ཅན་བུམ་པ། ཡན་ལག་གྱོ་མོ། ཡོན་ཏན་ཅན་བུམ་པ། སྔོ་སངས་ཡོན་ཏན། འདོད་ཆགས་ཀྱི་རྟེན་ཆགས་པ་རྫས་ལ་སྲེད་པ་འདོད་ཆགས། བུམ་པ་མཚན་གཞི། ལྟོ་ལྡིར་བ་མཚན་ཉིད་དང་། མེ་སྲེག་བྱེད། བུད་ཤིང་བསྲེག་བྱ་སོགས་ནི་གཅིག་ལ་གཅིག་བརྟེན་གྱིས་འདོགས་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བ་སྐྱེད་པ་དེ་ལྟ་ན་སྐྱེད་བྱེད་དེ་རྒྱུ་ཡིན་ཞིང་གལ་ཏེ་འབྲས་བུ་མི་སྐྱེད་ན་ནི་སྐྱེད་པ་མེད་པ་འབྲས་བུ་རྒྱུ་མེད་ཅན་དུ་འགྱུར་བར་ཐལ། རྒྱུ་ཡོད་པར་གྱུར་ན་འབྲས་བུ་ཡང་ནི་སྐྱེ་བར་འགྱུར་བ་དེའི་ཕྱིར། རྒྱུ་འབྲས་གང་ལས་གང་ཞིག་གྲུབ་པར་འགྱུར་བ་གང་ཞིག་ལས་སྔར་གང་ཞིག་གྲུབ་པར་འགྱུར་བ་སྨྲོས་ཤིག །དེ་ལྟར་མི་རིགས་པར་ཐལ། སྔར་བཤད་ཀྱི་ཉེས་པ་འབྱུང་བའི་ཕྱིར། གལ་ཏེ་རྒྱུ་ཡིས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་འབྲས་བུ་དང་ཕྲད་མ་ཕྲད་གང་གིས་སྐྱེད། དང་པོ་ལྟར་ན་རྒྱུ་འབྲས་དེ་དག་ནུས་པ་གཅིག་པར་ཐལ། གལ་ཏེ་ཁྱོད་ཀྱི་ལུགས་ལ་རྒྱུ་ཡིས་འབྲས་བུ་དང་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་པ་དེའི་ཕྱིར། འདོད་ན། རྒྱུ་འབྲས་ཐ་མི་དད་པར་འགྱུར་རོ། །གཉིས་པ་ལྟར་ན། རྒྱུ་འདི་འབྲས་བུའི་རྒྱུ་མིན་པ་དང་འབྲས་བུ་སྐྱེད་མི་སྐྱེད་ཁྱད་པར་མེད་པར་འགྱུར་བར་ཐལ། སོ་སོར་མ་ཕྲད་པར་རང་བཞིན་གྱིས་སྐྱེད་པའི་ཕྱིར། གཞན་ཡང་ཡོད་དེ། རང་བཞིན་གྱིས་གྲུབ་པར་སྨྲ་བ་ལ་ཕྲད་མ་ཕྲད་གཉིས་


GLG012_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་དག་སྤངས་ནས་རྟོག་པ་གསུམ་པ་གཞན་ཡང་ཡོད་པར་འགྱུར་བ་མ་ཡིན་པའི་ཕྱིར། འབྲས་བུ་ཞེས་བྱ་བ་རང་བཞིན་གྱིས་ཡོད་པ་མིན་ཏེ། ཅི་སྟེ་ཁྱོད་ཀྱི་རྒྱུ་ཡིས་འབྲས་བུ་སྐྱེད་པར་མི་བྱེད་པའི་ཕྱིར། རྒྱུ་རང་བཞིན་གྱིས་ཡོད་པའང་མིན་ཏེ། འབྲས་བུ་མེད་པ་གང་ཞིག །འབྲས་བུ་དང་བྲལ་བའི་རྒྱུ་ནི་རྒྱུར་འཇོག་པ་རྒྱུ་མཚན་མེད་པ་ཅན་ཡིན་པའི་ཕྱིར། དབུ་མ་པ་ཆོས་ཅན། བདག་ལ་སྔར་གྱི་ཕྲད་མ་ཕྲད་ཀྱི་སྐྱོན་དུ་མི་འགྱུར་ཏེ། གང་ཕྱིར་རྒྱུ་འབྲས་འདི་དག་གཉིས་ཆར་ཡང་ནི་སྒྱུ་མ་དང་འདྲ་བའི་ཕྱིར། གཞན་ཡང་ཡོད་དེ། འཇིག་རྟེན་ན་གྲགས་པའི་དངོས་པོ་རྣམས་ཐ་སྙད་དུ་ཡོད་པའི་ཕྱིར། གསུམ་པ་ལ་རྩོད་པ་དང་། ལན་གཉིས། དང་པོ་ནི། སྔར་གྱི་དམ་བཅའ་དེ་ཉིད་ཁྱོད་ལ་མཚུངས་ཏེ། སུན་འབྱིན་འདིས་སུན་དབྱུང་བྱ་དང་ཕྲད་ནས་སུན་འབྱིན་ནམ། མ་ཕྲད་པར་སུན་འབྱིན་པ་ཡིན་ཞེས་ཉེས་པ་འདིར་ནི་ཁྱོད་ལའང་འགྱུར་བ་མིན་ནམ་སྟེ་ཡིན་པའི་ཕྱིར། དེས་ན་སུན་དབྱུང་བྱ་དངོས་སྨྲ་བའི་དམ་བཅའ་སུན་འབྱིན་པར་མི་ནུས་པར་ཐལ། གང་གི་ཚེ་དེ་སྐད་སྨྲ་ཞིང་རང་ཕྱོགས་ཁོ་ན་རྣམ་པར་འཇོམས་པ་དེའི་ཚེེ་སྟེ་དེའི་ཕྱིར། ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་ཏེ། དེས་སྨད་པའི་ཆད་ལྟ་ཅན་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་ན་རང་གི་ཚིག་ལའང་ཐལ་བ་མཚུངས་པས་ལྟག་ཆོད་ཀྱི་སྒོ་ནས་རིགས་པ་མེད་པར་དངོས་པོ་མཐའ་དག་ལ་སྐུར་པ་འདེབས་པ་དེའི་ཕྱིར། ཁྱོད་ནི་སུན་ཅི་ཕྱིན་དུ་རྒོལ་བ་པོའང་ཡིན་ཏེ། ཁྱོད་རང་ཕྱོགས་གཞག་ཏུ་མེད་ཅིང་གཞན་ཕྱོགས་སེལ་བ་ཙམ་ལ་ཞུགས་པའི་རྒོལ་བ་ཡིན་པའི་ཕྱིར། གཉིས་པ་ལ་བཞི། རང་ལ་སུན་འབྱིན་དང་བསྒྲུབ་པ་འཐད་ཚུལ། གཞན་གྱི་ཐལ་བ་མི་མཚུངས་པའི་རྒྱུ་མཚན། རང་བཞིན་མེད་པ་བསྒྲུབ་ནུས་པ་བཞིན་དུ་བཟློག་སྟེ་བསྒྲུབ་མི་ནུས་པ། འདིར་


GLG012_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཤད་པའི་སུན་འབྱིན་ལྷག་མ་ཤེས་པར་བྱེད་ཚུལ་ལོ། །དང་པོ་ལ་གཉིས། གཞན་ཕྱོགས་སུན་འབྱིན་ཚུལ། རང་ཕྱོགས་བསྒྲུབ་ཚུལ་ལོ། །དང་པོ་ནི། ཤེས་བྱ་ཆོས་ཅན། སྔར་གྱི་ཐལ་བར་འགྱུར་བ་འདི་ནི་དབུ་མ་པ་ལ་སྲིད་པ་མ་ཡིན་ཏེ། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་པར་སུན་འབྱིན་པར་བྱེད་དམ། འོན་ཏེ་ཕྲད་ནས་ཡིན་ཞེས་སྨྲས་ཟིན་པའི་ཉེས་པ་ནི། འདིར་རྒོལ་བ་གང་ལ་ངེས་པར་རང་བཞིན་གྱིས་གྲུབ་པའི་ཕྱོགས་ཡོད་པ་དེ་ལ་འགྱུར་གྱི། བདག་ལ་ཕྱོགས་འདི་ནི་ཡོད་པ་མིན་པས་ཏེ་མིན་པའི་ཕྱིར། གཉིས་པ་ནི། ཇི་ལྟར་ཁྱོད་ཀྱི་གཟུགས་བརྙན་མཐོང་བ་རྟེན་ཉི་མའི་དཀྱིལ་འཁོར་ལ་ཡོད་པའི་ཁྱད་པར་རྣམས་གཟས་བཟུང་བ་ལ་སོགས་པ་རྣམས་ཀྱི་ཚེ་ཡང་མཐོང་བར་འགྱུར་བར་ཐལ། ཉི་མ་དང་ནི་གཟུགས་བརྙན་རྣམ་པར་ཕྲད་དམ་མ་ཕྲད་པར་སྐྱེ་ཞེས་བཏགས་དོན་བཙལ་བའི་ཚེ་ན་སྐྱེ་བ་མི་རིགས་མོད་ཀྱི། དེ་ལ་བརྟེན་ནས་ཐ་སྙད་ཙམ་ཞིག་འབྱུང་བར་འགྱུར་ཞིང་། གཟུགས་བརྙན་མི་བདེན་བཞིན་དུའང་རང་གི་བྱད་བཞིན་མཛེས་པར་བསྒྲུབ་པར་བྱ་བའི་ཕྱིར། དེ་ལ་ནི་ཇི་ལྟར་དེ་ནུས་པ་ཡོད་པ་བཞིན་དུ་སྐབས་འདིར་ཡང་ཆོས་ཅན། རང་ལུགས་གྲུབ་པ་འཐད་དེ། གདོང་འདྲ་བའི་ཤེས་རབ་ཀྱི་དྲི་མ་མ་རིག་པ་སྦྱང་བར་བྱ་བ་ལ་ནུས་པ་མཐོང་བར་འགྱུར་བའི་གཏན་ཚིགས་ནི་རང་བཞིན་གྱིས་གྲུབ་པའི་འཐད་པ་དང་བྲལ་བ་ལས་ཀྱང་བསྒྲུབ་བྱ་རྟོགས་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དངོས་སྨྲ་བ་ཆོས་ཅན། ཁྱོད་ཀྱིས་བཀོད་པ་འདི་ནི་བདག་ཡི་ཆད་པ་འབའ་ཞིག་ཡིན་ཏེ། གལ་ཏེ་རང་གི་བསྒྲུབ་བྱ་གོ་བྱེད་གཏན་ཚིགས་ཀྱི་དངོས་པོ་དངོས་སུ་གོ་བར་བྱ་བ་
ཉིད་དུ་འགྱུར། བསྒྲུབ་བྱའི་ངོ་བོ་རང་བཞིན་གྱིས་ཡོད་པར་གྱུར་ན་བསྒྲུབ་བྱ་དང་སྒྲུབ་བྱེད་ཕྲད་པ་དང་མ་ཕྲད་པ་ལ་སོགས་པ་སུན་འབྱིན་པའི་རིགས་པས་ཉེ་བར་སྦྱོར་བར་འགྱུར་བ་ཞིག་ན། དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། དངོས་པོ་རྣམས་མཐའ་དག་དངོས་པོ་སྟེ་རང་བཞིན་གྱིས་མེད་པར་རྟོགས་སུ་གཞུག་པར་ནུས་པར་ནི་ཆེས་སླ་བ་ཇི་ལྟ་བ་དེ་ལྟར་གཞན་དག་ལ་རང་བཞིན་གྱིས་གྲུབ་པར་ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ཏེ། དཔེ་བསྟན་རྒྱུ་མེད་པ་དེའི་ཕྱིར། དངོས་སྨྲ་བ་ཁྱོད་སུ་ཞིག་གིས་བཅོལ་ཏེ་སྤང་ནས་ཁྱོད་ཀྱིས་འཇིག་རྟེན་པ་རྣམས་རྟགས་དཔེ་ལྟར་སྣང་གི་རྟོག་གེ་ངན་པའི་དྲ་བར་འཆིང་བར་བྱེད་པ་མི་རིགས་ཏེ། འཇིག་རྟེན་པ་རྣམས་དེ་འདྲས་བཅིངས་པ་ལས་དགྲོལ་བར་བྱ་རིགས་ཀྱི། སླར་བཅིངས་ཏེ་འཁོར་བར་བསྐྱུར་མི་རིགས་པའི་ཕྱིར། བཞི་པ་ནི། སུན་འབྱིན་ལྷག་མ་འགོག་ཚུལ་གོང་དུ་བསྟན་པ་ཡང་ནི་ཤེས་པར་བྱས་ནས། རྒྱུ་འབྲས་ཕྲད་མ་ཕྲད་སོགས་ལ་འགོག་པའི་ཕྱོགས་ཀྱི་ལན་བརྗོད་པའི་ཆེད་དུ་རྩོད་པའི་སྐབས་འདིར་རང་ལ་མི་མཚུངས་པའི་རྒྱུ་མཚན་སུན་འབྱིན་པས་ཞེས་པ་ནས་བཟུང་སྟེ། འདིར་བཅོལ་བྱེད་ཅེས་པའི་བར་བཏང་བར་བྱའོ། །ཐལ་འགྱུར་བ་ཆོས་ཅན། ཁྱོད་ལ་སུན་ཅི་ཕྱིན་དུ་རྒོལ་བ་པོ་ཡང་ཇི་ལྟར་ཡོད་པ་མིན་ཏེ། ཁྱོད་ཀྱིས་རིགས་པ་ཡང་དག་གིས་རྣམ་པར་དཔྱད་ཟིན་ཡིན་པའི་ཕྱིར། རིགས་པ་འདི་ཉིད་ཀྱིས་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། དེ་སྐད་སྔར་བཤད་པའི་སུན་འབྱིན་གྱི་ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར།


previousབདག་འགོག་བཤད་པ།next