Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༄༅། །སྭསྟི། ཀ་བཞི་གདུང་བརྒྱད་མཛེས་པའི་མཁར་རྫོང་དང་།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྒྲུབ་བྱེད་ནང་པའི་ཁོངས་ན་དབེན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །སྭསྟི། ཀ་བཞི་གདུང་བརྒྱད་མཛེས་པའི་མཁར་རྫོང་དང་།
[Clear Hits]

 
previousསྒྲུབ་བྱེད་ནང་པའི་ཁོངས་ན་དབེན། next

སྒྲུབ་བྱེད་ནང་པའི་ཁོངས་ན་དབེན།

༄༅། །སྒྲུབ་བྱེད་ནང་པའི་ཁོངས་ན་དབེན། ༀ་སྭསྟི། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས། །རིགས་ཁམས་ནོར་བུ་སྦྱོང་བའི་དཔེས། །བཀའ་འཁོར་དྲང་ངེས་གསལ་བོར་ཕྱེས། །དེ་ལས་ཚད་མ་གཞན་སུ་ཞིག །ངེས་དོན་བཀའ་འཁོར་ཕྱི་མ་ཡི། །དགོངས་འགྲེལ་རྒྱལ་ཚབ་ས་བཅུ་པས། །འགྲོ་ལ་སྙིང་པོ་གནས་པའི་ཚུལ། །དཔེ་དགུ་དག་གིས་གསལ་བར་བསྟན། །ཤིང་རྟ་ཆེན་པོ་ཀླུ་ཡིས་ཀྱང་། །བསྟོད་ཚོགས་གཞུང་ནས་དེ་བཞིན་བཀྲལ། །དེ་ཡིས་ཚད་མར་མ་གྲུབ་ན། །སྒྲུབ་བྱེད་ནང་པའི་ཁོངས་ན་དབེན། །རྒྱལ་བ་ཐབས་ལ་མཁས་པ་ཡིས། །བྱིས་དང་རྒན་རིམ་ཁ་ཟས་བཞིན། །གདུལ་བྱ་རྒྱ་མཚོ་ཡོངས་སྨིན་ཕྱིར། །རིམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །དང་པོར་གང་ཟག་བདག་འཛིན་དང་། །ཆད་པར་ལྟ་བ་བཟློག་པའི་ཕྱིར། །ཆོས་རྣམས་བདེན་པ་བཞི་རུ་བསྡུས། །འཁོར་འདས་སྤང་གཉེན་ཚུལ་གྱིས་བསྟན། །བར་བར་ཆོས་ཀྱི་བདག་འཛིན་དང་། །རྟག་པར་ལྟ་བ་སུན་དབྱུང་ཕྱིར། །མཐའ་བརྒྱད་སྤྲོས་པ་ཀུན་བྲལ་བའི། །ཆོས་དབྱིངས་མཉམ་པ་ཆེན་པོར་གསུངས། །ཐ་མར་མཐའ་གཉིས་འགོག་པ་དང་། །གནས་ཚུལ་མཐར་ཐུག་སྟོན་པའི་ཕྱིར། །རང་བཞིན་འོད་གསལ་འདུས་མ་བྱས། །སྐུ་དང་ཡེ་ཤེས་སྙིང་པོར་བསྟན། །དེ་ཕྱིར་བདེ་གཤེགས་སྙིང་པོའི་ཁམས། །སྣང་སྟོང་བདེན་གཉིས་ཟུང་འཇུག་པ། །དམ་པའི་དོན་གྱི་བདེན་གཅིག་པུ། །ཆོས་དབྱིངས་བསམ་མི་ཁྱབ་པར་བརྗོད། །འདི་ན་ཆོས་ཀུན་ཆོས་ཉིད་དེ། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །འགྲོ་བའི་སེམས་ཀྱི་ཆོས་ཉིད་ཀྱང་། །འདི་ལས་གཞན་དུ་ཅུང་ཟད་མེད། །ངོ་བོ་དུས་གསུམ་འཕོ་འགྱུར་བྲལ། །རང་བཞིན་བདེ་བ་ཆེན་པོ་ལ། །སྔགས་སུ་ཨེ་ཝཾ་སོགས་ཀྱིས་བསྟན། །མཐར་ཐུག་རྫོགས་པ་ཆེན་པོ་རུ། །ངོ་བོ་རང་བཞིན་ཐུགས་རྗེ་ཞེས། །སྐུ་གསུམ་འདུ་འབྲལ་མེད་པའི་ཚུལ། །མ་སྦས་ཤིན་ཏུ་གསལ་རྫོགས་སུ། །བསྟན་ཕྱིར་ཐེག་པའི་རྩེ་མོར་གྲུབ། །ངོ་བོ་སྟོང་པས་རྟག་མཐའ་གྲོལ། །རང་བཞིན་གསལ་བས་ཆད་མུ་སངས། །ཐུགས་རྗེའི་རྩལ་ལས་ཅིར་ཡང་སྣང་། །དེ་ཕྱིར་འཁོར་འདས་འབྱུང་བའི་གཞི། །དེ་ཚུལ་རིག་དང་མ་རིག་ལས། །སངས་རྒྱས་སེམས་ཅན་གཉིས་སུ་བྱུང་། །གཉིས་ཀ་གློ་བུར་བཏགས་པ་སྟེ། །ཡང་དག་དོན་ལ་ཁྱད་པར་མེད། །དེ་ཕྱིར་བརྒྱུད་ལྡན་མན་ངག་གིས། །མངོན་སུམ་གནད་ལ་གོམས་གྱུར་ན། །རིག་པ་བདེ་གཤེགས་སྙིང་པོ་ཡི། །སྣང་ཆ་སྐུ་དང་ཞིང་ཁམས་སོགས། །ལས་འཕྲོ་ཅན་ལ་ཚེ་འདི་རུ། །རྣལ་འབྱོར་མངོན་སུམ་ཉིད་དུ་འགྱུར། །དེ་ཕྱིར་མུ་སྟེགས་རྟག་བདག་སོགས། །ཀུན་བརྟགས་གདོན་གྱིས་བསླད་པ་ཡི། །གྲུབ་མཐའ་ངན་དང་འདི་མི་མཚུངས། །མཐུན་པར་སྣང་བ་རང་བློའི་སྐྱོན། །མཁྲིས་ནད་ཅན་གྱི་སེར་འཛིན་བཞིན། །ད་དུང་བློ་མིག་སྦྱོང་ན་ལེགས། །ཟབ་གསལ་གཉིས་སུ་མེད་པ་ཡི། །ཆོས་དབྱིངས་བསམ་མི་ཁྱབ་པའི་ངོར། །ཡོན་ཏན་ཉི་དང་ཟེར་བཞིན་དུ། །ཡེ་ནས་འབྲལ་བ་མེད་མོད་ཀྱི། །སྐྱེ་བོ་ཕལ་གྱིས་མི་མཐོང་སྟེ། །སྣང་ཚུལ་སྒྲིབ་པས་བསྒྲིབས་པའི་ཕྱིར། །ཇི་ལྟར་བུམ་ནང་མར་མེ་བཞིན། །ནམ་ཞིག་བུམ་པ་བཅག་གྱུར་པ། །དེ་ཚེ་སྒྲོན་འོད་སྣང་བ་བཞིན། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པའི་བུམ་པ་བཅོམ་གྱུར་ཚེ། །བྱང་ཆུབ་ཡོན་ཏན་མངོན་སྣང་ཡང་། །དོན་ལ་མཉམ་ཉིད་བྲི་གང་བྲལ། །འདི་ནི་ཕལ་གྱིས་ལྟ་ཅི་སྟེ། །ས་བཅུའི་དབང་ཕྱུག་མཆོག་གིས་ཀྱང་། །སྤྲིན་མཐོང་མཁའ་ཡི་ཉི་ཙམ་གསུངས། །ཚད་མའི་ལུང་ལ་ཡིད་ཆེས་བྱ། །དེ་ལྟ་མིན་ན་ཆོས་ཐམས་ཅད། །དོན་དམ་སྤྲོས་བྲལ་འབའ་ཞིག་ན། །འགྲོ་ཀུན་འབད་མེད་གྲོལ་འགྱུར་ཞིང་། །སུ་ཡང་འཁྲུལ་པར་མི་སྲིད་ལ། །ཐམས་ཅད་དབུ་མ་པ་རུ་འགྱུར། །ཡང་ན་ཀུན་རྫོབ་ཉག་གཅིག་ན། །གང་ཟག་སུ་ཡང་གྲོལ་མི་སྲིད། །སོལ་བ་བཀྲུས་པས་མི་དག་བཞིན། །འཁྲུལ་སྣང་འཁོར་བའི་མཚན་ཉིད་འདིའི། །རང་གི་ཆོས་ཉིད་འདོར་མི་རུང་། །དེ་ལྟར་ན་ནི་ལམ་གྱིས་ཅི། །དེ་ཕྱིར་གནས་སྣང་ཤན་འབྱེད་གཅེས། །སྔགས་སུ་ཕུང་ཁམས་སྐྱེ་མཆེད་ཀུན། །གདན་གསུམ་ཚང་བའི་དཀྱིལ་འཁོར་སོགས། །དག་པ་རབ་འབྱམས་འཁོར་ལོར་བསྟན། །ཁྱད་པར་གསང་ཆེན་རྒྱུ་རྒྱུད་རྟེན། །ཤིན་ཏུ་ཕྲ་བའི་སྒོ་གསུམ་དང་། །སྙིང་དབུས་དྭངས་མའི་ཐིག་ལེ་ཆེ། །ཡུངས་ཀར་གྱི་ནི་ཚད་ཙམ་དང་། །ཞི་སོགས་ལྷ་སྐུར་གནས་པའི་ཚུལ། །གསར་རྙིང་རྒྱུད་སྡེ་ཀུན་ནས་བསྟན། །ཀུན་ཀྱང་ཟབ་གསལ་གཉིས་མེད་པའི། །ཡེ་ཤེས་ཆེན་པོའི་རང་བཞིན་ཡིན། །པད་ནང་སྐུ་སོགས་དེ་དང་འདྲ། །སྒོམ་པས་གསར་དུ་བྱུང་བ་མིན། །བུམ་པའི་ནང་གི་ནམ་མཁའ་བཞིན། །བདེ་བ་ཆེན་པོའི་རང་བཞིན་ནི། །རྟག་ཅེས་མདོ་རྒྱུད་མཐུན་པར་གསུངས། །ཆ་མེད་ཀུན་འགྲོ་ཁྱབ་པའི་བདག །ཡེ་ཤེས་ནམ་མཁའི་གཟུགས་ཅན་ཉིད། །དེ་ཀུན་ཁ་མིག་རྣ་བ་ཅན། །རང་མཚན་ཉིད་དུ་སུ་ཞིག་འཆད། །སྤྱིར་ཡང་ཐུབ་པ་ཆེན་པོ་ཡིས། །གང་དག་ང་ལ་གཟུགས་མཐོང་སོགས། །གསུངས་པའི་དོན་ཡང་དྲན་པར་བྱ། །དེས་ན་རྟོག་ཚོགས་ལྷར་དག་ཅིང་། །ལྷ་ཉིད་ཡེ་ཤེས་ཆེན་པོར་དག །ཡེ་ཤེས་བསམ་གྱིས་མི་ཁྱབ་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དེ། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེས་ན་ཟབ་གསལ་གཉིས་མེད་པའི། །དབྱིངས་ལ་ཟག་མེད་ཡོན་ཏན་ཚོགས། །ཡོད་ལ་རིགས་པའི་གནོད་བྱེད་མེད། །གལ་ཏེ་ཁམས་ལ་ཡོད་ཏན་ཚོགས། །མེད་ན་ལམ་གྱིས་འབད་གྱུར་ཀྱང་། །ཇི་ལྟ་བུར་ནི་སྣང་བར་འགྱུར། །ཁམས་ཡོན་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ན། །ཉོན་མོངས་འབའ་ཞིག་སྐྱེད་པར་བྱེད། །ལམ་གྱིས་གསར་དུ་སྒྲུབ་སྙམ་ན། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་པའི་ལུང་དང་མི་འགལ་ལམ། །བྱས་ལ་མི་རྟག་རྗེས་འགྲོ་ཕྱིར། །ཆོས་ཀྱི་སྐུ་ཡང་དེར་འགྱུར་ན། །འགྱུར་བཅས་ཟུག་རྔུ་མ་སྤངས་ཕྱིར། །ཐེག་དམན་འབྲས་ལས་ཇི་ལྟར་འཕགས། །དེ་ཕྱིར་རྡོ་རྗེའི་སྐུ་ཉིད་ལ། །མི་རྟག་འཛིན་པའི་ཉེས་པ་ནི། །དཔག་མེད་ངེས་དོན་མདོ་སྡེར་གསུངས། །དེ་ཕྱིར་དེ་ལ་བག་ཡོད་བྱོས། །གལ་ཏེ་དམ་པའི་དོན་དུ་ན། །སངས་རྒྱས་མེད་ཅེས་གསུངས་ཞེ་ན། །དེ་ནི་མཉམ་པ་ཉིད་ཀྱི་ངོར། །སྤྲོས་པ་དབྱིངས་སུ་ཞི་ལ་དགོངས། །ཐ་སྙད་ཚད་ངོར་མེད་པ་མིན། །སྤྱིར་ཡང་མདོ་སྔགས་གཞུང་ཀུན་ལས། །བདེན་གཉིས་གནས་སྣང་གཏན་འབེབས་པའི། །ཚད་མ་རྣམ་པ་གཉིས་སུ་གསུངས། །རང་སར་མ་འདྲེས་ཤན་འབྱེད་གཅེས། །འདིར་ནི་ཐ་སྙད་ཚད་གྲུབ་ངོར། །བདེན་གཉིས་རྣམ་པར་དབྱེ་བ་ཡིན། །དེ་ཕྱིར་གཞི་ལམ་འབྲས་བུའི་ཆོས། །ཇི་སྙེད་གསལ་བར་གཏན་ལ་འབེབས། །དེ་ལྟར་ཤེས་ཤིང་རྟོགས་གྱུར་ན། །ཐུབ་གསུངས་མདོ་སྔགས་ངེས་པའི་དོན། །གནད་ཀྱིས་མི་འགལ་གཅིག་ཏུ་འབབ། །ཆོས་སྤང་མ་དགོས་སྐལ་བ་བཟང་། །ཨེ་བདེན་གྲུབ་མཐའ་མཛོད་ལ་སོགས། །ཀུན་མཁྱེན་ཆོས་རྗེའི་གསུངས་ལ་དྲིས། །འདི་ནི་དྲང་པོར་བརྗོད་པའི་ངག །ཡིན་གྱིས་རང་ལྟའི་ཕྱོགས་ཞེན་མིན། །དལ་འབྱོར་ལན་གཅིག་ཐོབ་གྱུར་ཅིང་། །རྒྱལ་བའི་བསྟན་དང་མཇལ་དུས་འདིར། །རང་རྒྱུད་ལོག་ལྟས་མ་བསླད་པར། །ཀུན་ལ་དག་སྣང་སྦྱང་བ་གནད། །དེ་སྐད་ཀུ་སཱ་ལི་བས་བྲིས། །དགེ་བས་དགེ་འདུན་མཐུན་གྱུར་ཅིག །ཅེས་པའང་བློ་གསལ་རྡོ་རྗེའི་མཆེད་པོ་འགའ་རེས་ཉམས་མཚར་ཤོག་བྱང་ཆ་ཤས་བྲིས་པ་མཐོང་ནས་པདྨ་བི་ཛས་བྲིས་པ་དགེ།


previousསྒྲུབ་བྱེད་ནང་པའི་ཁོངས་ན་དབེན། next