Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
  
  
  
 
 
བྲག་ཡབ་སྐྱབས་མགོན་གྱི་དགོངས་པ་ལྟར་ཕྲིན་ལས་བྲག་ཡབ་ཏུ་རྒྱས་ཚུལ།
  
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousབྲག་ཡབ་སྐྱབས་མགོན་གྱི་དགོངས་པ་ལྟར་ཕྲིན་ལས་བྲག་ཡབ་ཏུ་རྒྱས་ཚུལ།next

བྲག་ཡབ་སྐྱབས་མགོན་གྱི་དགོངས་པ་ལྟར་ཕྲིན་ལས་བྲག་ཡབ་ཏུ་རྒྱས་ཚུལ།


GTN006_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལོ་ཞེ་ཆེན་ནས་གྲྭ་ཚང་སབ་སྟེ་འགོ་ལོག་ཏུ་བྱོན་རྩིས་སྐབས། བྲག་ཡབ་མདུན་ཆེན་ནོ་མི་ཧན་དཔལ་ལྡན་འཇིགས་མེད་བསྟན་པའི་རྒྱལ་མཚན་སྤྱིར་རི་བོ་དགེ་ལྡན་པ་ཡིན་ན་ཡང་། རིས་མེད་པའི་བསྟན་པ་རྒྱ་མཚོར་གསན་བསམ་རྒྱ་ཆེ་གནང་བཞེད་སྐབས། དགའ་ལྡན་ཁྲི་རིན་པོ་ཆེའི་མདུན་ལ། རྙིང་མའི་ཆོས་གསན་བཞེས་ཆོག་པར་ཞུས་ཐོག །ཁམས་ཞེ་ཆེན་པཎྜི་ཏ་ཟེར་བ་སྔར་སྨིན་གླིང་གི་སྔགས་རམས་པ་དགེ་རྒན་སྐྱེས་མཆོག་ལགས་སོགས་གསར་རྙིང་གི་ཡོངས་འཛིན་ཚད་ཐུབ་མང་པོའི་ཞབས་ལ་གཏུགས་པས་ཕྱི་ནང་གི་རིག་པའི་གནས་ལ་མཁྱེན་རྒྱ་ཆེ་ཞིང་། བསྟན་པ་ཐམས་ཅད་འགལ་མེད་དུ་ལམ་དུ་ཁྱེར་ཐུབ་པ་ཞིག་ཡོད་པ་ཐོས་འདུག་པས། དེ་བླ་མར་བརྟེན་ན་འོང་མ་གཏོགས། དེ་མིན་རྙིང་སྔགས་རྒན་པོ་རས་ཆོད་ཅན་དག་བྱ་སླ་ཚེགས་ཆུང་གིས་སུ་རྙེད་གང་རྙེད་བྱེད་ནས་བླ་མར་བརྟེན་མི་ཆོག་པའི་བཀའ་གསལ་དམ་འབྱར་ཕེབས་པར་བརྟེན། ནོ་མི་ཧན་གྱིས་སྔ་ཕྱིར་ནན་ཞུས་ལན་མང་དང་། ཁྱད་པར་སྤྲེལ་ལོར་བྲག་གཡབ་ཏུ་མ་བྱོན་ཐབས་མེད་ཀྱི་བཀའ་རྒྱ་ཁྱེར་ནས་བང་ཕྱིན་མི་གཉིས་གྲ་ལག་དགོན་དུ་འབྱོར་འཕྲལ། ཟླ་བ་ལྔ་པའི་ཚེས་བཅུའི་གདོང་ཞེ་ཆེན་དུ་ཕེབས་ནས། གྲྭ་པ་འགྲོ་བའི་རྡེལ་བཀོད་སོགས་ཕེབས་ཆས་ཉེར་བསྡོག་མཛད་དེ། རིངས་པར་ཆིབས་བསྐྱོད་གནང་བ་ལྡན་ཁོག་བརྒྱུད་ལྷོ་གོ་སྟོད་དུ་ཕེབས་པ་དང་། ཞེ་ཆེན་པའི་མི་དྲག་འགས་ཞུ་དབྱེན་གྱི་རྐྱེན་གྱིས་བདག་པོ་སྡེ་དགེས་སྔ་མ་བཀོད་ཁྱབ་ལྟར་ཞེ་ཆེན་བླ་བྲང་གཟིགས་གཏོགས་མཛད་དགོས་པས་ས་མཐར་བྱོན་ཐབས་མེད་ཅེས་པའི་བཤོལ་མ་བཀའ་ཤོག་ཧོར་འདྲ་ཆེད་བཏང་ཞུ་རྟེན་


GTN006_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་སྲང་ཉེར་ལྔ་བཅས་ཀྱིས་བཤོལ་བས། དབྱར་ཚེ་ལྷོ་ཁོག་སྐོར་དབྱར་ལྡོམ་མཛད་ནས་སྡེ་དགེའི་བཀའ་ལྟར་ཚུར་ཕེབས་རྒྱུ་མཛད་ཀྱང་། དེའི་ཕྱིར་ཉིན་ལས་མ་འགྱངས་པར། བྲག་ཡབ་མདོ་རུའི་རྗེ་དཔོན་ཨ་འབྲུག་དཔོན་གཡོག་དྲུག་ཆིབས་བསུ་ལ་འབྱོར་བས། ཕན་ཚུན་སྐོར་ཡོངས་ཀྱིས་བརྗོད་གཞི་སྣ་ཚོགས་བྱས་པ་ལས། ཕར་བྱོན་རྒྱུ་དང་ཚུར་ལོག་རྒྱུ་རེད་ཐག་མ་ཆོད་མཚམས་སུ། སྐྱབས་ཆེ། པདྨ། གོ་སྟོད་སྐོར་ལ་གསོལ་ལྡོམ་མཛད་ནས། ཡབ་ཚང་ཕོ་ཏེ་སྐོར་ཚང་མ་སར་ཕེབས། ཞག་ཤས་ཐུགས་དལ་གྱི་བཞུགས། དེ་ནས་རིམ་པར་སིབ་རྫོགས་ཆེན་དགོན་དུ་ཕེབས། དེ་རྣམས་ཀྱིས་བསུ་མ་རིང་ཐུང་དང་། སེར་སྦྲེང་སོགས་ཀྱིས་བཀུར་ཏེ་དགོན་ཐོག་ཏུ་བྱོན། སྔར་ནས་རང་གི་བླ་མ་དང་གྲྭ་ཚང་ཡོན་མཆོད་ཡིན་ནས་ཡིན་བཞིན་ལུགས་གཉིས་ཀྱི་སྒོ་ནས་ནང་ཉམས་ཤིན་ཏུ་ཆེ་བས། དགོན་པ་ལ་སེམས་བསྐྱེད་འབོགས་ཆོག །བླ་གྲྭ་ཚང་མར། བཀའ་བརྒྱད་དབང་ཆེན་གྱི་གཙོས་དབང་ལུང་འགའ་དང་། གྲྭ་པ་མང་ཞིག་བསྙེན་རྫོགས་བསྒྲུབས། སྡེ་ཡུལ་སྤྱི་ནས་རི་བསང་། ལྷ་ཁྲུས་ཁྲོམ་དབང་རྣམས་བྱས། དེ་ནས་སིབ་ཕུར་འབྲོང་པ་དཔོན་ཚང་གཙོས་གདན་འདྲེན་ནས། སྤྱི་དང་བྱེ་བྲག་ལ་དབང་དང་། སྤྱི་བསང་སོགས་དང་། དེ་ནས་ལ་བརྒལ་ཏེ་དམར་ཛོ་དགོན་དང་། གླེ་མདའ་སོགས་བརྒྱུད། གཤོང་ནག་རི་ཁྲོད་དུ་ཕེབས། ཀློང་སྡེ་རྡོ་རྗེ་ཟམ་པའི་དབང་ལུང་སོགས་དང་། བྱང་སྡོམ་གནང་། དེ་ནས་ཀེ་ཆུ་བརྒྱུད་སླར་སིབ་མདར་དགོན་པར་བྱོན་པའི་


GTN006_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བར་རྣམས་ལ་ལྡོམ་བུ་བསང་དང་ཁྲོམ་དབང་སོགས་གནང་། རྙེད་པ་རྟ་ནོར་བྱུང་རིགས་ནང་ནས་ཡབ་གཞིས་གཙོས་སྐུ་ཉེར་གཏོགས་རིགས་ལ་གནང་སྦྱིན་རྒྱ་ཆེན་དང་། དགོན་པ་རྣམས་ལ་རྒྱབ་ཆོག་ཉམས་གསོས། བླ་སྤྲུལ་ཡོངས་ལ་གང་ལ་གང་འཚམས་ཀྱི་བཞག་སྒོ་དུ་མ་མཛད། དེ་ནས་ནམ་དུས་ཀྱང་དགུན་ཁར་ཉེར་སོང་ནས་བྲག་གཡབ་ཏུ་མི་བྱོན་རྒྱུ་ཐག་ཆོད། རང་དགོན་དུ་ཚུར་ལྡན་ཁོག་བརྒྱུད་ནས་བྱོན། ལོ་ཆུང་ནང་ཆུ་རྡོ་ཚང་གིས་གདན་ཞུས་དང་སྒྲོལ་མ་ལྷ་ཁང་ལ་མཆོད་འབུལ་དང་། ཞབས་བསྐོར་ཅུང་ཟད་མཛད། དགོན་དུ་འབྱོར་ནས་ཞེ་ཆེན་བླ་བྲང་དུ་བཞུགས་ཏེ། རིག་གནས་བསླབ་གྲྭ་མཇུག་མ་རྫོགས་ནས་སྐུར་རྩར་ཡོད་རིགས་བསླབ་སྦྱང་དང་། ཁྱད་པར་དུ། སྔ་ནས་ཞེ་ཆེན་དགོན་དུ་བཀའ་བརྒྱད་སྒྲུབ་མཆོད། དགུ་ཆུང་གཏོར་བཟློག །ལོ་མཇུག་དགུ་ཆེན་གཤིན་རྗེ་དྲེགས་འཇོམས། ཚེས་བཅུ་ཆེན་མོ་སོགས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་ལྟ་བར་རྡོ་ལག་བརྒྱུད་དང་། ཆུ་བུམ་པ་གང་བྱོས་ཀྱི་དཔེ་ལྟར་བསྲེ་སླད་ཉམས་ཆག་མེད་པ་ཡོད་རིགས་རྗེ་ཉིད་ཀྱིས་ཡང་ནས་ཡང་དུ་དག་ཐེར་མཛད་པ། འདི་ལོ་ཡང་གཏོར་མ་བཅའ་བཟོ་དང་བཅས་བཀོད་བཤམས། མཆོད་དཔོན་རྒན་པ་མགོན་ཚ་ཆོས་དར་ཉིད་སེམས་ལ་ངེས་ཆ་ཆེ་ཞིང་། ཕྱག་གཟོབ་པ་ལེ་ལོ་སྙམས་བསྐྱུར་དེས་ཆོག་སོགས་ཀྱི་སྐྱོན་དང་བྲལ་བས་དེས་ཆོག་རྒྱུ་མཛད། དེ་མིན་གདངས་རོལ། འཆམ་ཆེ་ཕྲ་ཐམས་ཅད། དུང་གླིང་། རྐང་དུང་སོགས་དང་། ཐ་ན་འཚོགས་པའི་བྱོན་ལུགས་བཞུགས་


GTN006_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས། ཇ་མཆོད་ཅིག་གསུང་ལུགས་ཚུན་ལ་དག་ཐེར་སྣ་ཚོགས་ཐུགས་ཁུར་འོ་བརྒྱལ་ལ་མ་འཛེམས་པར་མཐའ་ཆོད་པར་མཛད། བླ་བྲང་གི་ལས་སྒོ་རྣམས་ཀྱང་གཉེར་ཕྱག་ཟུང་ལ་གྲོས་བསྟུན་གྱིས་བཀོད་པ་མཛད། ལོ་མཇུག་དེ་ནང་ལ་ཁྲོམ་ཐར་ནས་རྒྱ་སྒོར་བླ་མ་ངག་དབང་ཟེར་བའི་གཅོད་ཀྱི་སྒོ་ནས་གྲུབ་པ་བརྙེས་པ་དེ་བྱོན། ཕར་ལ་དབང་ལུང་དང་གདམས་ཁྲིད་ཁ་ཤས་གནང་། ཚུར་བེ་རི་གྲུབ་སྲས་ཀྱི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་གསན། ད་རེས་རྟགས་མཚན་ལེགས་ལེགས་འདྲ་བར་སྣང་བས་བླ་མ་ངག་དབང་འདིས་རིམ་གྲོ་མཛད་ན། རྒྱལ་ཚབ་རིན་པོ་ཆེའི་བསྙུན་གཞི་འདི་ལ་ཕན་པ་འདུག་གསུངས་ནས། གཅོད་ཚོགས་འདུལ་དཀར་ནག་སོགས་མཛད། གཅོད་དེའི་དབང་ལུང་རྒྱལ་ཚབ་ལ་ཕུལ་ཐུགས་ཉམས་སུ་བཞེས་པས་བསྙུན་གཞི་ལས་ལེགས་པར་གྲོལ། དེའི་ཕྱི་ལོ་སོས་ཐོག་བྲག་གཡབ་ཀྱིས་སྡེ་དགེ་ལ་བླ་མ་གདན་ཞུས་སུས་ཀྱང་བྱེད་སྲོལ་ལ་ཁོང་ལ་མི་གཏོང་བའི་རྒྱུ་མཚན་གྱིས་སྡིགས་མོ་བྱས་པས། སླར་བྲག་གཡབ་ལ་ཅི་ནས་བྱོན་དགོས་པའི་སྡེ་དགེའི་ཞུ་རྒྱ་དང་ཧོར་འདྲ་ཆེད་གཏོང་འབྱོར་བ་ལ། སྤྱིར་དགུང་ལོ་མཐོ་བ་དང་། དགོན་པ་བླ་བྲང་ཡང་ཉམས་ཞན་པས་བྱོན་སྟབས་མི་འགྲིགས་པའི་རྒྱུ་མཚན་ལན་གྲངས་ཞུ་བ་ཕུལ་ཐོག །རྒྱལ་བློན་བཀའ་བགྲོས་ཀྱིས་བྱོན་ཆས་ཕྱག་མཐུད་རྒྱ་དངུལ་སྲང་ཉེར་ལྔ་སོགས་དང་། སྣ་ཤན་ཧོར་འདྲ་ས་ཚུགས་ལམ་ཡིག་གནང་སྟེ་མི་འབྱོན་ཀ་མེད་ལ་གཏུགས་པས། ཚེས་བཅུའི་རྒྱབ་དཔོན་སློབ་ཉི་ཤུ་སྐོར་བྱས་ནས་བྲག་ཡབ་ཏུ་ཕེབས། དེ་མཉམ་སིབ་རྫོགས་ཆེན་དགོན་པའི་


GTN006_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བླ་རྒན་སྤྲུལ་སྐུ་ཞེ་ཆེན་ནོར་མ་དུད་ཞིག་ལ་སྐུ་འཁྲུངས་པ་ལོ་བཅུ་བཞེས་པའང་ཞོར་དུ་གདན་དྲངས་པ་དང་བཅས་མཁར་སུམ་མདོ་བརྒྱུད་དེ་མགྱོགས་པར་ཆིབས་བསྐྱོད་གནང་། ལྷོ་ཁོག་ལམ་བར་གྱི་ཡོན་བདག་ཀུན་ནས་བསྙེན་བཀུར་དང་བཅས། སིབ་རྫོགས་ཆེན་དགོན་དུ་ཕེབས་པར། བསུ་མི་རིང་ཐུང་དང་། སེར་སྦྲེང་བཅས་ཀྱིས་མདུན་དྲངས་ནས། ཁོ་རང་ཚང་གི་སྤྲུལ་སྐུ་ཡང་རྗེ་ཉིད་ཀྱི་ཁྲི་འདོན་མཛད་དེ་ལེགས་ལམ་ཕུན་སུམ་ཚོགས་པར་གྱུར་ནས་གསོལ་སྟོན་དང་ལེགས་འབུལ་རྒྱ་གང་ཆེ་བསྟབས། དེ་མཉམ་དུ་དགོན་པ་ལ་བཅའ་ཡིག་གསར་བཞག་དང་། ཡུལ་པ་རྣམས་ལ་ཁྲོམ་དབང་དང་དགེ་སྒྲུབ་སྡིག་སྤངས་དང་། སྐྱབས་སེམས་ཀྱི་གོ་དོན་སོགས་ཐུན་མོང་གི་ཆོས་སྦྱིན་དང་རྔོན་རྒྱ་དགོས་པའི་བཀའ་ནན་བཅས་ཐམས་ཅད་ཕན་བདེ་ལ་བཀོད་པའི་མཛད་པ་གནང་། དེ་འཕྲལ་བྲག་གཡབ་རྗིས་དཔོན་ཨ་འབྲུག་སྐོར་རིང་བསུ་ལ་འོང་བའང་དེར་འབྱོར། དེ་ནས་རིམ་བཞིན་ཕེབས་ཏེ་ལྷོ་ཁམས་པའི་དགོན་དུ་གདན་ཞུས་བྱུང་བ་དེར་བྱོན་སྐབས་ཀྱང་བསུ་བ་རིང་ཐུང་དང་། ཐོག་རོལ། སྤོས་སྣ། རྒྱ་གླིང་བཅས་ཀྱིས་བསུ་བ་བསྟར། དེར་གསོལ་སྟོན་དང་། ཁམས་སྤྲུལ་ཞིང་ཁམས་ལ་གཟིགས་པའི་གདུང་རྟེན་མཇལ་ཁ་མཛད། དེ་ནས་རིམ་པར་ཕེབས་པས་ལྷ་ཆབ་ས་མཚམས་ཐོ་གཞུང་ཆགས་རམ་སྒང་དུ་སླེབས་པ་དང་། བྲག་གཡབ་མཛེས་བཅུ་དཔོན་ལྷུན་གྲུབ་རྒྱལ་དཔོན་གཡོག་


GTN006_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་ཐམ་པ་བར་བསུ་ལ་འབྱོར། དེ་མཚམས་སུ་ཆབ་མདོའི་སྡེ་ནང་ལ་ཐུག་པ་ན། འུ་ལག་སོགས་སྔར་ལྟར་བྱས་ནས་ང་གཞུང་སྨད་གྲུབ་ཐོབ་དཔལ་འབྱོར་བཞུགས་སར་འབྱོར་བས་ཐབ་བསུ་དང་མཇལ་དར་བཏང་། དེ་ཐོག་ཐུང་བསུ་ལ་ཕྱག་མཛོད་དཔོན་གཡོག་བརྒྱ་ལྷག་ཙམ་འབྱོར། དེ་ཉིན་ཚོགས་བརྒྱ་རི་ཁྲོད་དུ་ཕེབས། ཚོགས་ཀྱི་དགའ་སྟོན་རྒྱ་གང་ཆེ་བྱས། དེའི་ཕྱི་ཉིན་ཟླ་བ་བདུན་པའི་དགའ་བ་དང་པོ་ལ་བྲག་གཡབ་སྐུ་ཞབས་ནོ་མི་ཧན་དང་ཐོག་མའི་ཞུ་མཇལ་བྱས། དགའ་སྤྲོའི་གསོལ་སྟོན་གཟབ་རྒྱས་མཛད། དེའི་ཕྱི་ཉིན་ནས་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྒོ་རྒྱ་ཆེན་འབྱེད་པའི་སྣ་སེལ་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་གཏོར་བཟློག་མཛད་པས་བགེགས་ཀྱིས་འཚུབ་སློང་བྲག་རལ་བ་དང་། ཕ་ཝོང་གཡག་རོ་ཙམ་ཞིག་གཟིམ་གུར་གྱི་རྩར་འདྲིལ་བ་སོགས་བྱུང་ཡང་། རིམ་པར་བསྙེན་སྒྲུབ་གནད་དུ་སྨིན་པས། ཧོམ་ཁུང་དུ་གང་ནས་བྱུང་མ་ངེས་པར་ཁྲག་འཁྱིལ་བ་དང་། བྱང་གི་དྲག་པོའི་མཆོད་ཡོན་རིམ་པར་ཁྲག་ཏུ་འགྱུར་བ་བཅས་བླ་གྲྭ་ཡོན་མཆོད་ཚང་མའི་མཐུན་སྣང་དུ་གྲུབ་པའི་ལྟས་སྣ་ཚོགས་བྱུང་། དེ་མཚམས་ནས་འཚུབ་ལྟས་ཐམས་ཅད་ཆུ་ཁོལ་དུ་ཆུ་འཁྱག་བླུགས་པ་ལྟར་རང་ཞིར་སོང་། དེ་ནས་ཐོག་མའི་ཆོས་སྒོ་བླ་མ་དགོངས་པ་འདུས་པས་ཕྱེ་སྟེ་དབང་ལུང་ཆ་ཚང་མཛད། བཀའ་བརྒྱད་སྒྲུབ་མཆོད་མཚོན་ཙམ་དང་སྦྲེལ་ཏེ། དབང་ཆེ་ཆུང་རྣམས་དང་པོད་ལུང་ཡོངས་རྫོགས་མཛད། རྒྱལ་དབང་པདྨས་ལུང་ཟིན་གླང་ནག་གཏེར་སྟོན་ཡང་དེར་ཕེབས། བྲག་གཡབ་དང་


GTN006_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་བསྒྲིགས། བི་མའི་སྨན་ཐོད་དང་། མཁན་ཆེན་གྱི་སྤྱི་བླུགས་ཚེ་ཆུའི་བཅུད་ལྡན་འཛད་མེད་ཀྱི་དྲི་ཞིམ་ཅན་དང་། སྒྱུ་འཕྲུལ་ཞི་ཁྲོའི་གཏེར་ཤོག་བཅས་བླངས་ནས་དེ་མ་ཐག་འབེབས་བཤུ་མཛད། ཕུར་པའི་ཆོས་སྐོར་གསར་དུ་ཐོན་པའང་གཏེར་སྟོན་ཉིད་ཀྱིས་དབང་ལུང་མཛད། རྗེ་འདི་ཉིད་དང་། བྲག་གཡབ་ནོ་མི་ཧན་གཉིས་ཆོས་ཀྱི་བདག་པོར་ལུང་གིས་བསྔགས། ཟླ་བ་དགུ་པའི་ཚེས་མགོ་ནས། མགྲོན་གཉེར་བྱམས་པ་ཕུན་ཚོགས་དཔོན་གཡོག་ཁ་ཤས་ཀྱིས་ཞབས་ཕྱི་ཞུས་ནས་དགུན་ལྡོམ་དང་ཕྱོགས་སྦྲགས་བྲག་གཡབ་མ་དགོན་དབྱེན་མདོ་དགོན་ཆེན་དུ་ཕེབས། དེར་སྔར་འཁྲུག་པ་ཆེ་བའི་སྐབས། མི་རྟ་སྟོང་ཕྲག་ཉེ་བ་གྲི་ཤིར་སོང་བ། དེ་ལ་དམིགས་ཏེ་རྗེ་ཉིད་དཔོན་སློབ་འཁོར་བཅས་ཀྱིས་ཀར་གླིང་ཞི་ཁྲོའི་གནས་འདྲེན་དང་། བླ་མཆན་རྟ་མགྲིན་གྱིས་གཅོད་འདུལ་གཤེད་ཕྲལ་དང་བཅས་ཉིན་ཁ་ཤས་ལ་མཛད། དེ་ནས་སླར་འཁྲུག་སྲི་མི་འཕར་བའི་ཆེད་དུ་ཆོས་དབང་གཏེར་བྱོན་ཕུར་པ་སྤུ་གྲིའི་སྒོ་ནས་དགྲ་དུར་ཕུང་གསུམ་མནན་པ་ཚད་ལྡན་མཛད། ས་དམིགས་ལ་མནན་པ་བྲུབ་པའི་ནུབ་མོ་ཉི་ཐལ་ལ་གཉེར་པ་ཨ་འགྲུབ་གཙོས་པའི་རྐྱ་བ་བཞི་བཅུ་ཙམ་མནན་པའི་སྟེང་དེར་ཐིམ་སོང་བ་ཀུན་གྱིས་མཐོང་ཆོས་སུ་གྱུར་བས། ཐམས་ཅད་ཀྱིས་རྟེན་འབྲེལ་ལེགས་ཉེས་སྣ་ཚོགས་སུ་གླེང་། གཙུག་ལག་ཁང་དང་རྟེན་གསུམ་རྣམས་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་དང་འབྲེལ་བར་རབ་གནས་དགེ་ལེགས་འདོད་འཇོ་དངོས་སྟ་ཞག་ཆོད་ཉིན་གསུམ་མ་མཛད།


GTN006_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་དཔེ་མཛོད་ཆེན་པོ་ཞིག་འདུག་པ་དེ་ནང་པོད་འགའ་ཞིག་ལ་ཉི་མ་ཡ་ཟུང་གཟིགས་མོ་མཛད། དེ་ནས་བུ་དགོན་བྱམས་མདུན་ལ་ཕེབས། གཤིན་གསོན་ཐམས་ཅད་ལ་ཕན་པའི་སྒྲུབ་ཕྲིན་དུ་མ་མཛད། འཁྲུག་སྲི་གཙོར་བཏོན་གྱི་མནན་པ་སྨིན་གླིང་གཏེར་བྱོན་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱིས་གནང་བས། ཟོར་རྒྱག་སྐབས་སེར་སྦྲེང་པ་རྣམས་དང་། ཁྲོམ་ཚོགས་མཆོག་དམན་ཕོ་མོ་སྐར་ཚོགས་ལྟ་བུའི་དབུས་སུ་ཟོར་རྣམས་རིམ་པར་འཕངས་པས། སྣ་ཚོགས་ཟོར་ཀོང་ཕྱག་ཏུ་བསྣམས་པ་དང་མེ་དངོས་སུ་འབར། ཟོར་ཁང་དུ་འཕངས་བས་ཟོར་མེ་རང་འབར་དུ་སོང་བས་རང་གཞན་དེར་འཁོད་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད། སྔགས་རྙིང་མའི་ཆོས་ལ་གྲུབ་པའི་རྟགས་དངོས་སུ་བསྟན་པས་སྙན་པའི་གྲགས་པས་རྒྱལ་ཁམས་ཡོངས་ལ་གསལ་བར་བྱས། བྱམས་པ་རང་བྱོན་ལ་མཆོད་འབུལ་དང་། ཞབས་སྐོར་ཉིན་ཁ་ཡར་ལ་མཛད། རབ་གནས་དགོས་ཞེས་ཞུས་བྱུང་བ་སྔར་ལྟར་གནང་། མཆོད་ཡོན་ཚང་མས་དགའ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་ལྷ་མི་ཡོངས་ལ་དགྱེས་པ་མཆོག་ཏུ་བསྐྱེད་པའི་མཛད་བཟང་གྲུབ། དེ་ནས་རྒྱ་ཚུགས་བརྒྱུད་དེ་མཛེས་བཅུ་ཚང་སར་ཕེབས། སྔ་མོ་ཚ་བོ་ལོ་བཅུ་སྐོར་ལོན་ནས་ཤི་སོང་བའི་ཕུང་པོ་དོང་དུ་བཅུག་སྟེ་ལོ་དུ་མ་སོང་བའི་རུས་པ་ཁ་བ་དང་དུང་ལྟར་དཀར་བ་སླར་ཕྱུང་བ་ལ་སྦྱོང་ཆོག་དང་སྦྱིན་སྲེག་གནང་། འདིའི་སྐྱེ་སྔོན་རྫོགས་ཆེན་དབུ་མཛད་བུ་བུ་ཟེར་བ་དེ་ཡིན། དེས་ཕྲན་ལ་དུས་རྒྱུན་ཡག་


GTN006_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱས་པས། ད་རེས་རུས་བུ་འདི་ལ་བརྟེན་ནས་ཁོ་རང་ལ་ཕན་བཟང་པོ་ཐོགས་ཡོད་པས་བཟང་དྲིན་འཁོར་བ་ཡིན་གསུངས། དེ་འདྲ་བ་མི་རང་གཉིས་ཡུལ་གང་དུའང་གསུང་བ་ཉེ་བར་གནས་པ་རྣམས་སོགས་སུས་ཀྱང་ཐོས་མ་མྱོང་བས་ཐམས་ཅད་ཐེ་ཚོམ་མེད་པར་གྱུར། རྗེ་ཉིད་སྔར་ངེས་མེད་ཀྱི་སྤྱོད་པ་བསྐྱངས་སྐབས་གནས་མཆོག་ཁ་བ་དཀར་པོ་མཇལ་ཏེ་ལྷ་ལྡན་ལ་ཆིབས་སྐྱོད་གནང་བའི་ལམ་བར་ལ་མཛེས་བཅུ་ཚང་ཕ་རྒན་བསོད་རྡོག་ཟེར་བ་འབྱོར་པ་ཆེ་ཞིང་ཕན་སེམས་ཁྱད་པར་ཅན་དང་ལྡན་པ་ཞིག་ཡོད་པ་དེས་གནས་མཇལ་བ་ཀུན་ལ་མཐུན་རྐྱེན་གང་དགོས་སྒྲུབ་མཁན་ཞིག་ཡིན་པ་དེས་གདན་ཞུས་བྱས་ནས་གསོལ་ཆས་གང་དགོས་དང་ཚུགས་མལ་གཅིག་གཉིས་ལ་ཆིབས་རྟ་དྲེལ་གྱིས་སྐྱེལ་མ་ཞུས་པའི་མཆོད་ཡོན་རྙིང་པ་གྱུར་གཤིས་ཞག་འགའ་ཞིག་བཞུགས། དེ་ནས་ཡར་བྱོན་ཏེ་ལྔ་མཆོད་ཉིན་ཚོགས་བརྒྱ་རི་ཁྲོད་ལ་འབྱོར། བླ་མ་མཆོད་པ་དང་དཔའ་བོའི་དགའ་སྟོན་ཟབ་རྒྱས་མཛད། གཞན་ལམ་འཁོད་ཀྱི་དད་ལྡན་ཀུན་ལ། ཁྲོམ་དབང་དང་། གཅོད་ཐུན། འཕོ་ལུང་། བཀའ་བསྒོ། བྱིན་རླབས་གདན་ཞུས་སོགས་གང་ཞུས་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་རེ་བའི་ཤིང་རྟ་ཕྱུར་བུར་བཀང་། འབྲུ་ལྡོམ་དང་འབུལ་ནོད་རྒྱ་གང་ཆེ་ཕྱག་ཁར་སྨིན། དེ་མཚམས་སུ་ཆབ་མདོའི་གདན་ཞུས་མགྲོན་གཉེར་ཆེད་བཏང་འབྱོར་ཀྱང་མི་ཕེབས་རྒྱུ་ཐག་བཅད་ཀྱི་བཀའ་མོལ་དང་ཞུ་རྒྱ་ཕུལ་བས། གཡོ་མདའ་ཆོས་རྗེ་ངག་དབང་འཇམ་དབྱངས་དབང་ལུང་ཞུ་སར་ཆེད་བཏང་མཛད། དེ་ནས་


GTN006_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་བཅུ་གཅིག་པའི་ཚེས་མགོ་ནས་དབུ་བརྩམས་ཏེ། རྙིང་མ་རྒྱུད་འབུམ་དང་། བསྟན་འགྱུར་ལུང་རྒྱུན་ཡོད་རིགས་སོགས་དང་། མདོ་སྒྱུ་སེམས་གསུམ་གྱི་གཙོས་བཀའ་མ་སྐོར་གྱིས་དབང་ལུང་དང་། མངའ་བདག་ཉང་། ཆོས་དབང་། རཏྣ་གླིང་པ་སོགས་གཏེར་སྟོན་ཡོངས་སུ་གྲགས་པ་ཕལ་མོ་ཆེའི་ཆོས་སྐོར་དང་། ཁྱད་པར་དུ་རྒྱལ་མཆོག་ལྔ་པའི་དག་སྣང་རྒྱ་ཅན་ཚང་མ་དང་། སྨིན་གླིང་གཏེར་བྱོན་ཡོངས་རྫོགས་ཀྱི་དབང་ལུང་གདམས་ཁྲིད་བཞུགས་རིགས་རྣམས་ཞིབ་པར་གནང་། བྲག་གཡབ་ནོ་མི་ཧན་མཆོག་གསང་སྔགས་རྙིང་མའི་ཆོས་དང་གང་ཟག་ལ་རྒྱུ་མཚན་ཤེས་པས་དད་པ་དང་དག་སྣང་ལྷག་པར་ཐུགས་ལ་འཁྲུངས་ནས་རྙིང་མའི་གྲྭ་ཚང་ཞིག་གསར་དུ་འཛུགས་རྒྱུ་གནང་བ་དེ་ལ་སྨིན་ལུགས་གཙོར་བཏོན་གྱིས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སོགས་ཀྱི་སྒྲུབ་ཕྲིན་སྣ་ཚོགས་པའི་ཕྱག་བཞེས་དང་། གདངས་དབྱངས། རོལ་མོ། འབུད་ཚིགས་སོགས་ཞིབ་པར་བསླབས། སྤྱིར་བསྟན་འགྲོའི་དོན་ཆེན་དང་བྱེ་བྲག་གྲྭ་ཚང་གསར་བཏབ་ལ་སྒྲིག་ལམ་དགོས་ངེས་ཕྱིར། ཡོན་མཆོད་གྲོས་བསྟུན་གྱིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་ཕྱག་ལེན་རྒྱས་པའི་ལུགས་དང་འབྲེལ་བ་བདུད་རྩི་སྨན་སྒྲུབ་ཆེན་མོ་བདུན་ཕྲག་གཉིས་ལ་མཛད། གྲོལ་དབང་དང་མཆོག་དམན་ཡོངས་ལ་སྨན་འགྱེད་རྒྱུ་བཅས་ཀྱིས་མཐའ་རྒྱས་ལེགས་པར་གྲུབ། གྲྭ་ཚང་གསར་བུ་ཞུགས་པ་འགའ་ལ། རབ་བསྙེན་དང་བྱང་སྡོམ་འབོགས་པ་སོགས་གནང་། མདོར་


GTN006_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ན་དབང་ལུང་ཐུགས་བབ་གང་དགོས་དང་། བསྟན་འགྲོའི་བདེ་ལེགས་སྤེལ་བའི་ཐབས་སྣ་ཚོགས་ཀྱི་རིམ་གྲོ་རྣམས་གནད་སྨིན་ལེགས་པར་གྲུབ་ནས། ཁྲུམས་ཟླའི་ནང་ད་དུང་བཞུགས་དགོས་ཀྱིས་བཤོལ་མ་ལན་གྲངས་ཞུས་ཀྱང་། ད་ནི་མི་རྒན་པོ་རང་ཡུལ་ལ་སོང་ན་མི་རང་གཉིས་ཆར་ཤིན་ཏུ་ལེགས་པ་ཡིན་གསུངས་ནས་བྱོན་རྒྱུ་ཐག་ཆོད། དེ་མཚམས་ནས་ཆབ་མདོའི་བླ་མཆན་ནས་དབང་ཡོན་དངོས་པོ་རྒྱ་གང་ཆེ་ཕུལ་ཏེ་རང་ཡུལ་དུ་ལོག །ནོ་མི་ཧན་མདུན་ནས་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་དབང་ལུང་མང་ཞིག་ཐུགས་བྲེལ་ཆེ་རུང་སྟབས་ནམ་བདེར་བབ་བསྟུན་ཏེ་གསན་བཞེས་མཛད། བྲག་གཡབ་གཞུང་ནས་འབུལ་བ་དངུལ་རྡིལ་ཚད་བཅུ་གཅིག །གསེར་རྡིལ་ཚད་གཅིག །རྟ་ཉི་ཤུ། མཛོ་མཛོ་མོ་སུམ་ཅུ་སྐོར་ལ། ཐོག་མའི་ཚན་གྲངས་ལྷ་རྫས་ནང་མཛོད་སྲིད་དུ་རིང་བ་དང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་གྱིས་མདུན་བསུས་ཏེ། ཟམ་ཡུག་སྣ་ལྔ། ལིང་ཡུག་སྣ་ལྔ། གོས་ཡུག་སྣ་ལྔ་སོགས་དར་ཟབ་རིགས་དུ་མ་དང་། གཅན་གཟན་སྣ་ཚང་གི་ལྤགས་པ་སོགས་ཚན་གྲངས་བརྒྱ་ཕྲག་གསུམ་དང་། གཞན་དབང་ཆོས་གསན་རིགས་ཀྱིས་རང་འཁོས་བསྟུན་པའི་འབུལ་ནོད་དུ་མ་བཅས་དང་། ནོ་མི་ཧན་མཆོག་གི་མདུན་ནས་ཐུགས་དགྱེས་པའི་རྩེར་སོན་པའི་ལེགས་འབུལ་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན་གྱིས་ཐོག་དྲང་པའི་དངོས་པོ་རིན་ཐང་ཅན་འགའི་གནང་སྐྱེས་མཛད་དེ། མཆོད་ཡོན་བླ་སློབ་འབྲལ་དཀའ་ཙམ་གྱི་ངང་ནས་རང་ཡུལ་དུ་ལྡོག་པ་ལ། སྔར་ཆིབས་བསུས་ཀྱི་གོ་རིམ་


GTN006_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། ཆིབས་སྐྱེལ་ཡང་རིམ་པ་གསུམ་གྱིས་འགྲམ་ཐོག་ཕྱག་མཛོད། མགྲོན་གཉེར་བྱམས་པ་ཕུན་ཚོགས་དཔོན་གཡོག་བརྒྱ་ཤོག་གིས་བསྡུ་རུ་ནང་བར་དང་། མཛེས་བཅུ་དཔོན་དཔོན་འཁོར་ལྔ་བཅུ་སྐོར་གྱིས་ང་ཐོབ་གཞུང་དང་། ཁང་མདོ་དཔོན་སྦྱིན་པ་དང་། དྲུང་ཡིག་དོན་གྲུབ་བཀྲ་ཤིས་དཔོན་གཡོག་རྣམས་ཀྱིས་ལྷོ་པདྨ་རུ་བའི་ནང་བར་བྱོན། ལམ་བར་ནས་སྒ་ཉག་དགོན་དུ་ཕེབས། སྔར་ནས་མཆོད་ཡོན་ནང་གཤིན་ཡིན་ནས་ཡིན་བཞིན་ཆིབས་བསུ། སེར་སྦྲེང་སོགས་ཀྱིས་བསྙེན་བཀུར་དང་བཅས། ཁམས་སྤྲུལ་རིན་པོ་ཆེ་སྒྲུབ་བརྒྱུད་ཉི་མའི་སྐུ་གདུང་ལ་རབ་གནས་མཛད། བླ་བྲང་གིས་ལེགས་འབུལ་དང་གསོལ་སྟོན་ཞིབ་ཆ་ཞུས། ཕུག་ཏི་སྒྲུབ་སྤྲུལ་མདུན་ནས་ཁམས་སྤྲུལ་རིན་པོ་ཆེའི་བཀའ་འབུམ་ཚང་མའི་ལུང་གསན། དེ་ནས་རིམ་པར་ཕེབས་པས་ལྷ་ཐོག་སྒར་དུ་གསོལ་སྟོན། དབང་ཆོས་གང་དགོས་གནང་། དེ་ནས་རིམ་པར་ལམ་འཁོད་ཚང་མས་བསྙེན་བཀུར་དང་། ཆོས་འབྲེལ་གང་དགོས་གནང་སྟེ་སྔར་ནས་མཆོད་ཡོན་འབྲེལ་ཟབ་ཀྱི་མུས་སྐྱོང་གིས་ལྷོ་ཁོག་ནས་མཁར་སུམ་མདོའི་གྲུ་ལམ་བརྒྱུད་དེ། སྡེ་དགེ་ཆོས་རྒྱལ་ཆེན་པོ་བྱང་སྒར་ལྷ་ལུང་ཁུག་ཏུ་བཞུགས་པར་མཆོད་ཡོན་ཞལ་འཛོམས་མཛད། ཆབ་བྲག་སྒ་ཉག་སྐོར་སོགས་ལ་དམ་པ་ཆོས་ཀྱི་དགའ་སྟོན་སྤེལ་ཚུལ་གྱིས་སྙན་སྒྲོན་རྣམས་རིམ་པར་ཕུལ་བ་དང་། བྲག་གཡབ་པས་སྔ་མ་བླ་མ་གདན་ཞུས་མི་འབྱུང་བའི་རྒྱུ་མཚན་སྣ་ཚོགས་པའི་ལན་དུ་ད་རེས་བླ་མ་བྱོན་ཞིང་ཆོས་ཀྱི་བཀའ་དྲིན་ལེགས་པར་བསྐྱངས་ཚུལ་གྱི་ཞུ་རྒྱ་ལེགས་སྐྱེས་


GTN006_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཡོད་པ་ཕྱག་ཁར་ཕུལ་བས་རྒྱལ་བློན་འཁོར་བཅས་ཀྱིས་ཐུགས་དགྱེས་ཀྱི་གསུང་བཟང་དང་། དགའ་སྟོན་ལེགས་སྐྱེས་སྣ་ཚོགས་མཛད། ལྕགས་ཕག་ཟླ་བ་དགུ་པའི་ནང་ཞེ་ཆེན་དུ་གཞི་བྱེས་གདན་ལེགས་པར་འཛོམས་ནས། བླ་བྲང་གི་གཉེར་ཕྱག་རིགས་ལ་དངོས་རྫས་རྣམས་སོ་སོར་སྤྲད། རི་ཁྲོད་དང་དགོན་ཆེན་གྱི་མགོན་ཁང་སོ་སོར་གཏང་རག་གི་ཚོགས་དང་བསྐང་གསོལ། འདུས་པ་ཡོངས་ལ་ཕྱག་འགྱེད་དང་། མཚམས་པ་བཞུགས་རིགས་ལ་ཐུན་མིན་གྱི་གནང་སྦྱིན་བཅས་ལེགས་མཛད་མཐར་ཕྱིན་པར་མཛད། དེ་ནས་དགུན་ཚེས་དེར་སྡོམ་མཚམས་ལྟ་བུའི་སྐུ་ངལ་གསོའི་ཚུལ་གྱིས་ཞེ་ཆེན་བླ་བྲང་དུ་བཞུགས། དེ་སྐབས་སུ་བྲག་གཡབ་ཕྱོགས་ལ་སྔར་རྒྱ་བོད་ཀྱིས་ཆོད་ཁྲའི་ནང་བསྟན༵་སྲིད༵་བད༵ག་པོ༵་ནོ༵་མི༵་ཧན༵་དཔ༵ལ་ལྡན༵་འཇི༵གས་མེ༵ད་བསྟན༵་པ༵འི་རྒྱ༵ལ་མཚ༵ན་མ་གཏོགས་གཞན་མེད་པ་དང་། ཁོང་གིས་ལེགས་མཛད་མང་པོ་བསྒྲུབས་པ་སྐུ་ཆུང་ཕྱོགས་མི་མང་ཞིག་གི་སེམས་ལ་མ་བབ་སྟེ། ཕྲག་དོག་གདུག་པའི་སྟོབས་ཉེ་བར་གནས་པ་བློ་ཤིན་ཏུ་ཆུང་བ་འགའ་རྒྱུ་རྫས་ཕོངས་མེད་ཀྱིས་བསླུས། ཁོ་རང་རྣམས་དམག་ཆས་འོང་ནས། ནོ་མི་ཧན་བླ་མ་དགོངས་འདུས་ཀྱི་སྐུ་མཚམས་ལ་བཞུགས་པའི་གཟིམ་ཁང་དུ་གཤེད་མ་བརྒྱ་ཕྲག་ཙམ་གྱིས་མདུང་དང་། སྟྭ་རེ་སོགས་མཚོན་ཆ་སྣ་ཚོགས་ཐོགས་སྟེ་གསོད་པའི་ལས་བརྩམས་པས། མཚོན་གྱི་བྱ་བ་ཐམས་ཅད་ཆུ་དང་། སྲ་མཁྲེགས་ཕ་ཝོང་ལ་བྱས་པ་ལྟར་རྨ་ཕྲ་མོ་ཙམ་ཡང་མ་བྱུང་།


GTN006_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་ཐག་པས་བསྡམས་ཀྱང་ཉམས་ཉེས་པར་མ་གྱུར་པ། ལ་ལ་དག་འདི་འདྲ་བ་ལ་མནོལ་ཕབ་དགོས་ཟེར་གྲོང་ནས་ཡུགས་ས་མ་ཞིག་གི་གོས་ཁྱེར་འོངས་ནས་བསྐོན་ཏེ། སླར་ཡང་མཚོན་རྣམས་བསྣུན་པས་ཀྱང་སྔ་མ་ལྟར་ལས་ཅིར་ཡང་བྱར་མེད་པས། ཁོང་རྣམས་ག་ཆད། ནམ་ལངས། གྲོང་མི་རྣམས་བྱིངས་འུར། གཤེད་མའི་ཚོགས་རང་ཁྱིམ་དུ་བྲོས། སླད་ནས་མཚོན་གྲིབ་ཀྱིས་ཟླ་བ་གཅིག་གཉིས་བསྙུན་ན་ཡང་། ཞེ་ཆེན་བླ་མཆན་རྟ་མགྲིན་གཤོང་ནག་རི་ཁྲོད་དུ་བཞུགས་པ་གདན་འདྲེན་ཞུས་ཏེ། བྱབ་ཁྲུས་དང་། ཚེ་སྒྲུབ་སོགས་ཞབས་བརྟན་ཕུལ་བས་ཟླ་བ་སྤྲིན་བྲལ་ལྟ་བུར་གྱུར། འཕགས་ཡུལ་གྲུབ་ཆེན་རྣམས་དང་། རྗེ་བཙུན་བཞད་པ་རྡོ་རྗེ། ཀརྨ་པཀྵི། ཞབས་དྲུང་པདྨ་ཕྲིན་ལས་སོགས་དང་གྲུབ་པའི་རྟགས་མཚན་ངོ་མཉམ་པའི་གྲགས་པ་འབར། སྔ་འགྱུར་གྱི་ཆོས་ལ་ཡིད་ཆེས་ཀྱི་དད་པ་མཆོག་ཏུ་ཐོབ། ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་བཏབ་པའི་ཐུགས་རྗེ་གློག་ལྟར་མྱུར་བ་ཡིན་ནོ་ཞེས་པ་ནི་ངེས་པར་བདེན་པ་ཉིད་དོ་ཞེས་ལྷ་མིའི་འཇིག་རྟེན་ན་དབྱར་གྱི་རྔ་གསང་ལྟར་སླར་ཡང་གྲགས་པར་གྱུར་ཏོ། །ཆུ་བྱི་གནམ་ལོ་གསར་འཆར་གྱི་ཟླ་བ་དང་པོའི་ནང་རྫོགས་ཆེན་དགོན་དུ་བྱོན་ནས་ཕྲན་གྱི་ཁུ་བོ་ཕྱག་མཛོད་ཨ་ཆོས་སྔ་ལོ་ལྔ་ལམ་དུ་སོང་བའི་དགེ་རྩར་རྫོགས་ཆེན་པ་ཚོགས་པ་བརྒྱ་ལྷག་གི་དབུ་བཞུགས་མཛད་ནས་ཞི་ཁྲོ་གནས་སྟོང་བྱས། དེ་ནས་རྫོགས་དགོན་དུ་བཞུགས་ཏེ་རྫོགས་ཆེན་རིན་པོ་ཆེའི་མདུན་ནས་གཏེར་ཆེན་ཉི་མ་གྲགས་པའི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་


GTN006_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ཁྲིད་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་ལྷག་ལུས་མེད་པར་གསན་བཞེས་མཛད་ནས། སྤྱིར་ཉི་གྲགས་ཆོས་སྐོར་འདི་ཚིག་དོན་ཕུན་སུམ་ཚོགས་པ་དང་། མ་ཟད་ཉི་གྲགས་དང་ཞེ་ཆེན་རབ་འབྱམས་པ་གཉིས་བླ་མ་གཅིག་གིས་བསྡུས་པའི་མཆེད་གྲོགས་ཡིན་སྟབས་ཀྱིས་རང་རེ་ཞེ་ཆེན་པས་ཀྱང་གསན་བསམ་མཛད་འོས་ལ། ད་སྔོན་དེ་འདྲ་མ་རེད་པ་ད་རེས་ཕྲན་གྱིས་ཞུ་རྒྱུ་བྱུང་བ་འདི་སྤྱིར་བསྟན་པའི་མིག་སྲོལ་ལེགས་པ་དང་། ཁྱད་པར་རང་ཡང་བགྲང་བྱ་མཐོ་ཐོག་རྫོགས་ཆེན་རིན་པོ་ཆེ་བླ་མ་ཆོས་ཟད་བློ་འདས་ཀྱི་དགོངས་པ་མངོན་དུ་གྱུར་པའི་མདུན་ནས་བླ་རྫོགས་ཐུགས་གསུམ་གྱི་དབང་ཆོས་ཐམས་ཅད་ཉེ་བརྒྱུད་སེལ་མེད་ཐོབ་པ་འདི་ནི་འཆི་ཁའི་མ་ཎི་རྟ་རིན་མ་ཟེར་བའི་དཔེ་ཡིན་པས་ཤིན་ཏུ་ལེགས་གསུངས་ནས་ཐུགས་དགྱེས་པའི་རྩེར་སོན་ཏེ་ཕྱིར་ཕེབས། དེ་མཚམས་བདག་པོ་སྡེ་དགེའི་མདུན་ཞེ་ཆེན་རབ་འབྱམས་ཀོང་ཡུལ་དུ་བཞུགས་ཡོད་པ་ཕྱིར་བྱོན་དགོས་ཞུ་སར་ཞེ་རྫོགས་ཀྱི་མགྲོན་གཉེར་དཔོན་གཡོག་ཁ་ཤས་ཆེད་བཏང་དགོས་གསུངས་པའི་བཀའ་ཕེབས་ཐོག །རྫོགས་ཆེན་ནས་ཕྲན་གྱི་ནུ་བོ་ནོར་བཟང་དཔོན་གཡོག་དང་། ཞེ་ཆེན་ནས་མགྲོན་གཉེར་བསྟན་འཛིན་དབང་རྒྱལ་དཔོན་སྟོབས་གསུམ་བཏང་བའི་གྲོ་ཆས་སོགས་དགོས་བྱ་རྣམས་བསྒྲུབས་ཏེ་ལམ་དུ་བཞག ། དབྱར་ཐོག་འབྲོག་རུ་ཞེ་མཛེས་སྐོར་ལ་ཐུང་ལྡོམ་ཞིག་ཕེབས། རྫ་ཆུ་ཁ་བའི་བླ་གྲྭ་འགའ་ཞིག་དང་། བརྡ་གྲ་ལག་དགོན་པའི་ཆོས་ཞུ་པ་རྣམས་ལ་དབང་ལུང་


GTN006_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་མཛད། དགུན་བསོད་རྫ་རྒྱུད་ལ་སྐོར་ཙམ་བྱོན། འདི་སྐབས་ཤིག་ལ་དགོན་ཆེན་ལུག་ར་བླ་མ་འཇམ་དབྱངས་ཡོན་ཏན་བྱོན། དེ་སོགས་འགའ་ལ་སྒྲ་དབྱངས་ཅན་མའི་རི་མོ་བསླབས། དགུན་ཁར་ཞེ་ཆེན་བླ་བྲང་དུ་སྐུ་མཚམས་ལ་བཞུགས། གླང་ལོའི་དཔྱིད་ཐོག་རྫོགས་དགོན་དུ་ཁྱུག་ཙམ་ཕེབས་ནས་ཕྲན་ཚང་སོགས་རྐྱེན་སེལ་དུ་དབང་གནས་འདྲེན་བསྒྲུབ་བཟློག་སོགས་འགའ་ཞིག་མཛད་ནས་ཕྱིར་ཕེབས། དེའི་དབྱར་ཐོག་དང་པོ་འབྲོག་རུ་བཀྲ་ནང་སོགས་ལ་ལྡོམ་སྐོར་མཛད་སྐབས། མཆོག་དམན་གྱི་ཡོན་བདག་ཕོ་མོ་ཐམས་ཅད་ལ་ཕྲན་འདི་ལོ་ནི་འཆི་བའི་ལམ་པོ་ཆེར་ཞུགས་ངེས་པར་ཐག་ཆོད་པ་ཡིན་གསུངས་ནས་ཞལ་ཆེམས་ལྟ་བུའི་བརྗོད་འོས་རིགས་སྣ་ཚོགས་གསུངས་པ་ཀུན་རང་བཞིན་བརྗོད་འདོད་ལྟ་བུ་ཡིན་ནམ་ངེས་པར་ཡིན་ཆ་མ་མཆིས་པ་ལྟ་བུའི་ངང་དུ་ལུས། དེ་འཕྲལ་བརྡ་གྲ་ལག་དགོན་དུ་མགྱོགས་སྐོར་ཞིག་ལ་བྱོན། དེ་སྐབས་ཡང་མཆོད་ཡོན་འབྲེལ་འདྲིས་ཡོད་རིགས་ལ་ཕྲན་འདི་ལོ་ནི་འཆི་བ་ཡིན་ངེས་སོ། །ཞེས་ཞལ་འདོན་ལྟ་བུ་མཛད་ནས་གསུངས་པས། གྲྭ་པ་རྣམས་ཀྱི་སེམས་ལ་འདི་ཙམ་ལན་གྲངས་བཟླས་ཏེ་གསུངས་པ་ལ་དགོས་པ་ཅི་ཡོད་ཟེར་ནས་ཅུང་ཡིད་མ་རངས། ཚུར་འཁོར་ནས་རྫ་ནམ་མདོའི་གྲུ་ཁ་ལ་སླེབས་པ་ན། ནམ་མདོ་ཁྱིམ་ཆུང་ཟེར་བའི་ཁྱིམ་འཛིན་མ་མ་འཚོ་སོང་བ་དེར་གདན་ཞུས་ལ་ཕེབས། ད་ནི་གླིང་གཏེར་པདྨ་འགྲོ་འདུལ་རྩལ་གྱིས་ཕྲན་ལ་ལུང་བསྟན་མཛད་རིགས་


GTN006_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཇི་ལྟ་བ་བཞིན་ཐོག་ཏུ་ཁེལ་བ་ཡིན། ད་རེས་བྱ་བ་ཐ་མའི་གནས་སྐབས་ཀྱི་ལུང་བསྟན་གནང་བའང་ཕལ་ཆེར་མངོན་དུ་གྱུར་བྱུང་གསུངས་ནས། ཞེ་ཆེན་བླ་བྲང་དུ་བྱོན་ཏེ་ཞག་ཤས་མཚམས་སུ་ཕྲན་གྱིས་ད་སྔོན་ནི་རང་ནུས་གང་ཡོད་ཀྱིས་ཞེ་ཆེན་བསྟན་དགོན་ལ་ཞབས་ཕྱི་ཞུས་པ་ཡིན། ད་ཕན་རོ་གུད་ཞིག་བརྒྱབ་ན་མི་ལེགས་འདུག་པས། ཕྲན་རི་ཕུག་ཅིག་ཏུ་ཤི་ན་ཤིན་ཏུ་བཟང་འདུག་གསུངས་ནས། ཞེ་ཆེན་ཕུའི་ཤ་འཁྲི་ནང་ཟེར་བ་དེ་ན་བྲག་ཕུག་ཅིག་ཡོད་ཟེར་བ་དེར་འདུག་ལོ་མིན་ལྟ་བར་འགྲོ་དགོས་གསུངས་ནས་དཔོན་གཡོག་གཉིས་བྱོན། ལམ་བར་ན་རབ་གསལ་ཚང་ཟེར་བས་ཇ་ཞུས་བྱས་ནས། འདི་ནས་གང་དུ་བྱོན་པ་ཡིན་ཞུས་པ་ལ་རྒྱུ་མཚན་རྣམས་གསུངས་པས། ཤ་འཁྲི་ལ་ང་རང་རྒྱུས་ཆེ་བཞུགས་ལོ་ས་གཏན་ནས་མེད། ཁྱེད་ད་ལྟ་སྐུ་ཁམས་བསྙུན་གཞི་ལྟ་བུ་ནི་གང་ཡང་མི་གདའ། འདས་དོན་རང་ཅི་ཡོད། གལ་སྲིད་འདས་ནའང་ཞེ་ཆེན་བླ་བྲང་དུ་འདའ་བ་ལས་འོས་ཅི་ཡོད། ཚེ་གཅིག་སྡོད་གནས་གང་དུ་འཆི་བའང་ཕལ་ཆེར་དེར་འཆི་བ་ཡིན་ཟེར། དེ་འཕྲལ་ཕྱིར་བྱོན་མཛེས་ཆུང་ངུ་དགོན་གྱི་བྲག་ཆེན་རི་ཁྲོད་དུ་ཉེ་ཐུང་གིས་བྱོན། དཔོན་གཡོག་གསུམ་བྱས་ནས་དེར་བཞུགས་གདན་འཇགས་པ་དང་། ཀཿ ཐོག་སི་ཏུ། མདོ་སྨྱོན་སྤྲུལ་སྐུ་དབང་ལུང་མང་ཞིག་ཞུ་ཕྱིར་དང་། ཞྭ་སེར་བསྟན་པའི་རྒྱལ་མཚན་འཛིན་པ་ཇོ་བོ་སྤྲུལ་སྐུ་སྒྲ་སོགས་རིག་གནས་དང་། མདོ་སྔགས་ཀྱི་གཞུང་འགའ་ལ་བསླབ་སྦྱང་མཛད་དགོངས་ནས་ཕེབས། རི་


GTN006_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀྱི་ཞོལ་དུ་གུར་དང་། སྦྲ་ཆུང་གིས་བཀང་ནས་བཞུགས་པ། ཟླ་བ་གཉིས་ལྷག་ཙམ་ལ་དབང་ལུང་དང་། ཕྱི་ནང་གི་རིག་གནས་སློབ་སྦྱོང་སྣ་ཚོགས་མཛད། དེ་མཚམས་ནས་ཁོང་ལ་དུས་རྒྱུན་སྲིན་ནད་ཅིག་ཡོད་པ་འཕར་ཏེ། བསྙུན་ཟུག་ཆེར་མེད་པ་ལ་ཞལ་འགྲམ་གཡོན་ཕྱོགས་ལ་སྐྲང་པ་ཆེ་བ་ཞིག་གི་གཞི་བཅས། རྫོགས་ཆེན་རིན་པོ་ཆེ་དང་། རྒྱལ་ཚབ་སྤྲུལ་སྐུ་སོགས་རང་གཞན་གྱི་ལྷ་བླའི་རིགས་ལ་བརྟགས་པ་ཞུས་རིགས་ཀྱི་རིམ་གྲོ་རྣམས། ཞེ་ཆེན་བླ་བྲང་དང་། དགོན་སྟོད་བླ་མ་དོན་དཔལ་བཅས་ཀྱིས་བསྒྲུབས་པར་མཛད་ཀྱང་ཇེ་ཐུ་ལྟ་བུ་ལས་ཡར་དྭངས་མ་སོང་བ། ཕྲན་བུ་ཡང་དེར་བསྙུན་འདྲི་ལ་སོང་བ། ད་དུང་ཡང་ཇོ་སྤྲུལ་ལ་སྒྲ་ཁྲིད་རྒྱུ་སོགས་མཛད་འདུག་ཀྱང་། བསྙུན་ཡུན་ཡང་ཅུང་ཞིག་རིང་བ་དང་། ཞལ་འགྲམ་སྐྲང་པའི་ཉེན་གྱིས་གསུང་ཇི་བཞིན་འབྱོན་དཀའ་རུང་། དཀའ་ཚེགས་ལ་མི་གཟིགས་པས། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལ་སྲོག་ལས་གཅེས་པའི་ཁུར་ཆེན་དང་དུ་བཞེས་པ་ནི། སྔོན་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་གཟིགས་ཀྱིས་ང་རང་ཚོགས་དབུས་ཆོས་ཁྲིའི་སྟེང་དུ་ཤི་ན་བསམ་པ་རྫོགས་པ་ཡིན་གསུངས་པ་ལྟར་མཛད། དེ་མཚམས་ནས་བསླབ་གྲྭ་རྣམས་གྱེས། ཀཿ ཐོག་སི་སྤྲུལ་དང་། ཇོ་སྤྲུལ་གཉིས་ཀྱང་རང་དགོན་སོ་སོར་ཕེབས། ཇོ་སྤྲུལ་སྐུ་རྩར་སྨན་པ་ཞིག་ཡོད་པ་དེས་གསོལ་སྨན་དྲངས་ནས་བཞུགས། གོ་ཆ་སྤྲུལ་སྐུ་བྱོན། གུར་དྲག་དབང་དང་། ཚེ་དབང་། འཆི་བླུ་སོགས་ཞབས་བརྟན་དུ་མ་ཕུལ། རྒྱལ་ཚབ་སྤྲུལ་སྐུ་ཕེབས།


GTN006_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་གནས་འདྲེན་དང་། ཚེ་དབང་། སྨན་ལྷའི་དབང་རྣམས་ཕུལ། ཞེ་ཆེན་པའི་གྲྭ་པ་རྣམས་ཀྱིས་བླ་མ་སྐུ་གཤེགས་ས་ཞེ་ཆེན་དུ་མ་བྱས་ཐབས་ཅི་ཡོད་ཟེར་ནས་མི་མགོ་བཞི་བཅུ་ཙམ་འོང་། རྒྱན་ཁང་ནང་ལ་ཤིང་གི་རུ་བཞི་ཞིག་ཡོད་པ་དེའི་གྱོམ་ཁྲི་ཐབས་མི་ཆག་ཙམ་བྱས་ནས། མི་མང་གིས་གྱོམ་ཁང་ཁྱེར་རེས་བྱས་ཏེ་ཞེ་ཆེན་དུ་བྱོན། གཟིམ་ཆུང་དངོས་ལ་རབ་འབྱམས་མཆོག་སྤྲུལ་ཕྱིར་ཕེབས་ནས་བཞུགས་ཡོད་པས། བླ་བྲང་ཡོས་ཁང་སྟེང་གཡན་ཆེན་བཟང་བ་ཡོད་པ་དེར་བཞུགས། ཞེ་ཆེན་དགོན་པ་བླ་སློབ་འབྲེལ་ཟབ་ཆེ་བ་སྐུ་རྩར་འོང་རིགས་ལ་རང་བབ་ཀྱི་གཏམ་སྣ་ཚོགས་དང་། ཞལ་གདམས་གསུང་ཐ་མའི་བརྗོད་འོས་དུ་མ་བསྩལ། རབ་འབྱམས་མཆོག་སྤྲུལ་ནས་ཀྱང་ཁོང་པ་མཐའ་ནས་ཕྱིར་འཁོར་བ་དང་། ཁྱེད་རང་བསྙུན་གཞི་འདི་ལྟ་བུར་གྱུར་པ་ཤིན་ཏུ་མ་ལེགས་གསུངས་ཐུགས་ངལ་ཆེ་བར་མཛད། ཞི་ཁྲོའི་དབང་། བདེ་གཤེགས་ཀུན་འདུས་དབང་སོགས་ཞབས་བརྟན་འགའ་བསྒྲུབ་པར་གནང་། གཞི་བྱེས་རང་བབ་ཀྱི་གསུང་གླེང་སྣ་ཚོགས་དང་། ཁྱད་པར་རྗེ་བླ་མས་རབ་འབྱམས་མཆོག་སྤྲུལ་ལ་ཉིད་གཏེར་སྟོན་མཛད་དེ་ཕྱོགས་ངེས་མེད་དུ་བྱོན་པ་ནས་བཟུང་། ཞེ་ཆེན་དགོན་པའི་མགོ་འཛིན་སྐྱིད་སྡུག་སྒེར་ཁུར་བྱས་ལུགས་དང་། ད་ལྟ་སྔར་གནས་གང་ཡོད་ཁ་རལ་ཞབས་རྡོལ་མ་སོང་བ་ཡོད་པ་འདི་བཞིན། ད་རེས་ཉིད་དོན་གྱི་བདག་པོ་སྐུ་དངོས་བྱོན། ཁོ་བོ་ཡང་དབུགས་ཀྱི་རྒྱུ་བ་མ་ཆད་སྔོན་དུ་འདི་ལྟར་ཞིབ་ཆ་བྱེད་རྒྱུ་བྱུང་བ་འདི་ཤིན་ཏུ་ལེགས་པ་སྲུང་མས་ཕྲིན་ལས་སྒྲུབ་


GTN006_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་ཡིན། ད་ངོས་ཉིད་ནས་ཀྱང་རང་དགོན་འདི་ལ་ཉམས་གཟིགས་རང་ཆུས་རང་གིས་བཟུང་ན་ལེགས་སྙམ་པ། ཁོ་བོའི་གཏམ་ཐ་མ་ཁ་ཆེམས་ཟེར་བ་དེ་ཡིན་པས་ཐུགས་ལ་བརྣག་པར་ཞུ་ཞུ། ཞེས་གསུངས། དེ་ཚེ་དྲུང་ན་གནས་པ་ཀུན་མིག་མཆི་མས་གང་། ཡིད་མི་བདེ་བའི་གནས་ཐོབ། ཞབས་བརྟན་འོང་དུ་རེ་ནས་རིམ་གྲོ་བྱས་རིགས་ཀྱང་རྡོ་ཐོག་ཆུ་ཕྱར་ཟེར་བའི་དཔེ་ལྟར་སོང་། དགུང་ཀའི་ཉི་མ་ནུབ་ཀྱི་རི་མགོར་ལྷུང་བ་ལྟར་བྱ་བ་གང་གིས་ཀྱང་མི་སླེབ་པའི་གནས་སུ་གྱུར་ཏོ། །དེ་ལྟར་སྲིད་པ་འདི་ན་སྲིད་ཞིའི་ལེགས་ཚོགས་སྤེལ་ཕྱིར་སྲིད་པའི་ཚུལ་བཟུང་བའི་previous hit བཟང་པོའི་རྣམ་པར་ཐར་པ་རྣམས་དགུང་གྲངས་ཞེ་བདུན་ཆུ ་སྦྲུལ་བར་གཅེན་གཏེར་སྟོན་སྤྲུལ་པའི་སྐུའི་ཐུགས་དགྱེས་ཕྱིར་རྣམ་ཐར་ཞལ་གསུང་མཐོང་བས་འཛུམ་ཤོར་ཉིད་གཞིར་བཞག་ལ། དེ་ཕྱིན་ཆད་སློབ་མའི་ཁྱུ་མཆོག་རྣམས་དང་། རྒྱུས་ཤེས་སློབ་ཚོགས་ཡོན་བདག་གཟུར་གནས་ཀུན་དང་། ཁྱད་པར་དུ་ཉེ་བར་གནས་པ་དགེ་རྒན་བསོད་ནམས་ཆེ་མཆོག་སོགས་ཀྱི་ངག་རྒྱུན་སྒྲོ་སྐུར་བྲལ་བ་དང་། རང་གིས་ཀྱང་མཐོང་ཐོས་གོམས་པ་གང་ཡོད་རང་བློ་དཔང་དུ་བྱས། ཉེ་གནས་བླ་མ་དོན་གྲུབ་དཔལ་འབྱོར་གྱིས་སྐྱེ་ཕྲེང་རྩ་ཐོ་ཕྲན་བུ་ཞིག་འདུག་པ་དང་། ཕྱག་འཛིན་མཛད་པའི་ལོའུ་ཐོ་རྣམས་ལ་ཅི་བྱུང་གང་བྱུང་གི་ཐོ་སྣ་ཚོགས་མཛད་འདུག་པ་རྣམས་ཀྱི་བརྗོད་འོས་རིགས་དང་དུ་བླངས་ནས་རང་བློས་གང་དཔོག་ཞིབ་ཆ་བྲིས་པའོ། །


GTN006_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དམ་པའི་རྣམ་ཐར་མུ་ཏིག་ཕྲེང་། །དམ་པ་དགྱེས་པའི་མཆོད་སྤྲིན་བླ་ན་མེད། །སྐྱེ་བོ་དམན་པས་ཀྱང་གཙུག་ཏུ་བཀུར་བྱས་པས། །ཕན་དང་བདེ་བའི་དངོས་ཀུན་ལྷན་ཅིག་འཇོ། །དད་དད་བློ་ཡི་མཚོ་ལས་ལེགས་འོང་པའི། །སྙན་སྙན་ལེགས་བཤད་ཟླ་བ་ནོར་བུའི་ཕྲེང་། །ཡང་ཡང་ངོ་མཚར་གླེང་བར་འོས་པའི་གཏམ། །མཛེས་མཛེས་སྔ་འགྱུར་བསྟན་པའི་རྒྱན་དུ་ཆེ། །ཚིག་དོན་རྣམ་མང་མང་པོའི་བྱེད་ལས་ཀུན། །ཀུན་ཏུ་འཆར་བཞིན་བཞིན་གྱི་སྣོད་དང་མཚུངས། །མཚུངས་པའི་བསྡུས་དོན་དོན་ཆེན་འཁོར་ལོ་གསུམ། །གསུམ་གྱི་ཆིངས་འདི་འདི་ན་གཅིག་ཏུ་སྙན། །ཐོས་བསམ་འཁོར་ལོས་རང་རྒྱུད་སྨིན་བྱས་ནས། །སྤོང་བའི་འཁོར་ལོས་གཟུང་འཛིན་གཟེབ་ལས་གྲོལ། །བྱ་བའི་འཁོར་ལོས་དོན་གཉིས་ཕུན་ཚོགས་སྒྲུབ། །
རྣམ་གསུམ་དགེ་བ་དམ་པའི་ངང་ཚུལ་ཡིན། །ཞེས་པས་མཚམས་སྦྱར་ནས་སྐུ་ཚེ་རིལ་པོའི་རྣམ་ཐར་ཕྲ་ཞིབ་ཅི་ཤེས་གང་ནུས་སུ་སྤེལ་ནས།


previousབྲག་ཡབ་སྐྱབས་མགོན་གྱི་དགོངས་པ་ལྟར་ཕྲིན་ལས་བྲག་ཡབ་ཏུ་རྒྱས་ཚུལ།next