ཟབ་མོ་ཡང་ཏིག་ལས། དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ།
༄༅། །ཟབ་མོ་ཡང་ཏིག་ལས། དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ་བཞུགས་སོ། །
༄༅། བླ་མ་རྣམས་ལ་ཕྱག་འཚལ་ཏེ། །དཀྱིལ་འཁོར་སྤྲོས་བཅས་ནང་གཞུག་པའི། །མིང་གི་རིམ་པ་གསལ་བྱེད་པ། །འདི་ཉིད་དུ་ནི་རབ་བཤད་བྱ། །
དེ་ཡང་ཐོག་མའི་འོད་གསལ་སྙིང་པོ་ཡེ་ཤེས་ལྔའི་རང་བཞིན་ལས། རང་ཉིད་གང་གཙོ་བོ་དང་ཉེ་བའི་དཀྱིལ་འཁོར་གང་ཡིན་བརྟག་པའི་ཕྱིར་མེ་ཏོག་དོར་བ་ལས། དབུས་སུ་བབས་ན་ཆོས་དབྱིངས་ཡེ་ཤེས། དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ལས་དྲས་ཏེ། གནས་ལུགས་མཚོན་པའི་མིང་གདགས་པ་ནི། སྣ་ཚོགས་རང་གྲོལ། ཆོས་ཉིད་དྲི་མེད། ལྷུན་གྲུབ་རྒྱལ་པོ། འགྱུར་མེད་ཡེ་ཤེས། མཁའ་ཀློང་ཡངས་པ། མི་དམིགས་ཆོས་ཉིད། ཡེ་གྲོལ་གཉུག་མ། ལྷུན་མཉམ་བྱ་བྲལ། ཀུན་བྱེད་རྒྱལ་པོ། ཀློང་ཆེན་རབ་འབྱམས། མཁའ་མཉམ་ཆོས་སྐུ། གཞི་བྲལ་ཆོས་ཉིད། བསམ་རྫོགས་རྒྱལ་པོ། བརྗོད་མེད་མཚོན་འདས། བྱང་ཆུབ་སྙིང་པོ། གཉུག་མ་ཁྱབ་གདལ། ཡེ་སྟོང་རྩ་བྲལ། ཀུན་གྲོལ་ཡེ་ཤེས། མ་ལུས་ཆོས་ཉིད། རོལ་པ་ཡེ་ཤེས། གང་ཤར་རང་གྲོལ། ཡེ་གྲོལ་འཛིན་མེད། མ་བཙལ་རང་རྫོགས། བྱར་མེད་རང་བྱུང་། སངས་རྒྱས་རང་ཆས། མི་འགྱུར་ལྷུན་གྲུབ། ཁྱབ་གདལ་ཆེན་པོ། སྣང་སྲིད་ཆོས་སྐུ། རྩལ་ཆེན་རྫོགས་པ་ལ་སོགས་ཏེ། དབྱིངས་འཕོ་འགྱུར་མེད་པ་ལས་དྲངས་ནས། སྐྱེས་པ་དང་བུད་མེད་གང་འོས་སུ་གདགས་སོ། །
ཤར་དུ་བབས་ན། མེ་ལོང་ཡེ་ཤེས་རྡོ་རྗེའི་རིགས་མི་བསྐྱོད་པ་ལས་དྲངས་ཏེ། འོད་གསལ་མཚོན་པའི་མིང་ལ། རྡོ་རྗེ་སྙིང་པོ། རྡོ་རྗེ་སེམས་དཔའ། རྡོ་རྗེ་ལེགས་པ། འོད་ལྔ་ལྷུན་གྲུབ། ཡེ་ཤེས་དྲི་མེད། ངང་དང་འོད་གསལ། ལྷུན་མཉམ་མི་གཡོ། ཕྱམ་ཅིག་བྱང་ཆུབ། གསལ་སྟོང་འཛིན་མེད། རང་གསལ་ཆོས་སྐུ། མ་ལུས་ལྷུན་གྲུབ། གདོད་ནས་བྱང་ཆུབ། དམིགས་བསམ་སྤྲོས་བྲལ། འགག་མེད་རང་(༤༨)གསལ། རང་བྱུང་ཡེ་ཤེས། འོད་གསལ་སྙིང་པོ། གཉིས་མེད་ཡེ་ཤེས། ཕྱོགས་མེད་རང་ཡན། དམིགས་མེད་ཀུན་གྲོལ། ཡངས་པ་ཆེན་པོ། འགྲོ་བ་ཆོས་ཉིད། བསམ་རྫོགས་གདོད་མ། བྱར་མེད་ནམ་མཁའ། མ་སྐྱེས་ཆོས་ཉིད། མི་གནས་རང་བྱུང་། མི་འོང་ཡེ་ཤེས། རོལ་པ་འགག་མེད། རྒྱ་ཡན་རང་གྲོལ། མཐའ་བྲལ་དབུ་མ། རྫོགས་པ་རང་བྱུང་། རིག་པ་དྲི་མེད། རང་ཤར་འགག་མེད། མཐའ་བྲལ་ཀློང་ཆེན་ལ་སོགས་ཏེ། གསལ་དྭངས་འོད་གསལ་ལས་དྲངས་ཏེ། གང་འོས་སུ་གདགས་སོ། །
ལྷོར་བབས་ན། མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས་རིན་འབྱུང་ལས་བརྩམས་ཏེ། གཉིས་མེད་མཚོན་པའི་མིང་ལ། འདོད་ཡོན་རང་ཤར། རྒྱ་ཆེན་དཔལ་འབྱོར། ཡོན་ཏན་རང་བྱུང་། བསམ་རྫོགས་རྒྱལ་པོ། ཚོགས་ཆེན་ལྷུན་རྫོགས། འདོད་དགུ་རང་ཤར། ཡིད་བཞིན་སྙིང་པོ། དཔེ་མེད་རང་གྲོལ། དོན་གྲུབ་སྙིང་པོ། ཞིང་ཁམས་རྣམ་དག །ལྷུན་གྲུབ་ཡེ་ཤེས། མ་བྱས་རང་རྫོགས། གཞི་མེད་ཆོས་ཉིད། ཡེ་ཤེས་རྒྱས་པ། ཆོས་ཉིད་ངག་དབང་། ཀློང་རྫོགས་རྒྱལ་པོ། རང་བྱུང་ཀློང་རྒྱལ། རོལ་པ་རང་ཤར། གང་ཤར་ཆོས་ཉིད། ཅིར་སྣང་མཉམ་གྲོལ། བླང་དོར་གཉིས་མེད། གཏད་མེད་ཡོངས་གྲོལ། སྐུ་གསུམ་རང་རྫོགས། ཡེ་ཤེས་ལྔ་ལྡན། གཟུགས་སྤྲིན་སྙིང་པོ། ཡེ་ཤེས་ཉི་མ། ལྷུན་གྲུབ་གཟའ་སྐར་ལ་སོགས་ཏེ། གཉིས་སུ་མེད་པའི་མིང་ལས་བརྩམས་ཏེ་གདགས་སོ། །
ནུབ་ཏུ་བབས་ན། པདྨའི་རིགས་འོད་དཔག་མེད་ཀུན་རྟོག་ཡེ་ཤེས་ཀྱི་མིང་ལས། བདེ་ཆེན་རྒྱལ་པོ། ཁམས་གསུམ་ཡོངས་གྲོལ། མ་བསམ་ཆོས་ཉིད། ཅིར་སྣང་ཡེ་ཤེས། ལྷུན་མཉམ་བདེ་ཆེན། པདྨ་ཀློང་ཆེན། ཀློང་གསལ་དྲི་མེད། བདེ་ཆེན་རང་བྱུང་། ཐམས་ཅད་བབས་བདེ། གཞི་བདེ་རང་གསལ། འགྲོ་བ་བྱང་ཆུབ། ཐམས་ཅད་ཆོས་ཉིད། འཁོར་འདས་ཡེ་གྲོལ། མ་སྤངས་ཡོངས་རྫོགས། རང་གསལ་བདེ་ཆེན། འོད་གསལ་ཀློང་རྒྱལ། བྱང་ཆུབ་རང་བྱུང་། མཁའ་མཉམ་བདེ་ཆེན། གཞི་རྩ་བྱང་ཆུབ། གང་བྱུང་ཆོས་ཉིད། ཡོད་མེད་མཐའ་བྲལ། ཡངས་དོག་གཉིས་མེད། ཆོས་སྐུ་རང་ལུགས། མི་དམིགས་ཕྱམ་གདལ་ལ་སོགས་ཏེ། ཡེ་(༤༩)ཤེས་རང་གསལ་གྱི་མིང་རྣམས་གདགས་སོ། །
བྱང་དུ་བབས་ན། བྱ་གྲུབ་ཡེ་ཤེས་ཀྱི་རིགས་དོན་ཡོད་གྲུབ་པ་ལས་བརྩམས་ཏེ། སྒོ་ལྔ་བྱ་བྲལ། ལྷུན་རྫོགས་ཆོས་སྐུ། རང་ཤར་རིས་མེད། འཛིན་མེད་རྒྱལ་པོ། མ་ལུས་ཡོངས་གྲོལ། ཀུན་མཉམ་ཡངས་པ། ལྷུན་མཉམ་ཡོངས་གྲོལ། ཕྱམ་གཅིག་སངས་རྒྱས། ཡེ་ནས་བྱར་མེད། བྱ་བྲལ་ཀུན་གྲོལ། ཁྱབ་གདལ་ཆོས་ཉིད། ཕྲིན་ལས་ལྷུན་གྲུབ། ཡོངས་རྫོགས་བྱང་ཆུབ། རང་གཞན་དོན་གྲུབ། མ་སྤངས་ཡོངས་རྫོགས། རྩོལ་སྒྲུབ་བྱར་མེད། ཆོས་སྐུ་རང་རྫོགས། ལྷུན་གྲུབ་འཛིན་མེད། ཡོངས་གྲོལ་ཆེན་པོ་ལ་སོགས་ཏེ། ཕྱོགས་ཡན་རེ་དོགས་དང་བྲལ་བའི་མིང་རྣམས་གདགས་སོ། །
ཤར་ལྷོར་བབས་ན། རང་རྫོགས་གཉིས་མེད་ཀྱི་ཡེ་ཤེས་མཚོན་པའི་མིང་ལ། རང་གྲོལ་ཆོས་དབྱིངས། འགྱུར་མེད་ལྷུན་གྲུབ། ཡེ་གྲོལ་ཀློང་ཡངས། ཀུན་མཉམ་ཀློང་ཆེན། མཁའ་མཉམ་ཀློང་ཆེན། མཁའ་ཀློང་ཀུན་མཁྱེན། གཞི་རྫོགས་མཚོན་འདས། བྱང་ཆུབ་ཕྱམ་གདལ། ཡེ་གྲོལ་རོལ་པ། གང་ཤར་རྩལ་རྫོགས། མ་བཙལ་རང་བྱུང་། འཛིན་མེད་རང་ཤར། ལྷུན་གྲུབ་ཁྱབ་གདལ། སྣང་སྲིད་རྩལ་ཆེན། ཕྱམ་གདལ་ཡེ་ཤེས། མི་གཡོ་བྱང་ཆུབ། གདོད་ནས་ཡོངས་གྲོལ། འཁོར་འདས་ཡེ་གྲོལ། གཞི་རྩ་རྣམ་དག །ཕྱོགས་མེད་ཀུན་གྲོལ། ཆོས་ཉིད་བསམ་རྫོགས། བྱར་མེད་རྫོགས་པ། འགྲོ་འོང་ཡེ་ཟད། སྣང་སྲིད་རྒྱ་ཡན། གཞི་རྩ་རང་ཤར། འགག་མེད་ཡོངས་གྲོལ། ཆོས་ཟད་བློ་འདས་ལ་སོགས་པ། དབུས་དང་ཤར་ལྷོའི་མིང་རྣམས་བསྲེས་ལ་གདགས་སོ། །
ལྷོ་ནུབ་ཏུ་བབས་ན། ཆོས་སྐུ་རང་ཤར། འཁོར་བ་ཡེ་ཟད། རྫོགས་ཆེན་རང་ཤར། བསམ་རྫོགས་སྙིང་པོ། གཞི་བདེ་ཀློང་རྒྱས། གང་ཤར་མཉམ་གྲོལ། གཏད་མེད་ཕྱོགས་ཡན། ཀུན་གྲོལ་ཀློང་ཆེན། ཕྱལ་པ་བར་མེད། རྒྱ་གྲོལ་ནམ་མཁའ། གང་བསམ་ཆོས་ཉིད། ལྷུན་མཉམ་གདོད་མ། རང་ཤར་གཞི་བཞག །ཡེ་རྫོགས་ལྷུན་གྲུབ། ཆོས་སྐུ་རང་ལུགས། མ་བཞག་རང་གྲོལ། ཡེ་བཞག་གདེངས་ཆེན། རྒྱ་ཡན་ཕྱམ་གདལ། སྣང་མཉམ་སྟོང་མཉམ། མ་འགགས་རང་ཤར། རྒྱ་ཡན་གཏད་མེད། ཕྱོགས་(༥༠)མཉམ་ཡོངས་གྲོལ། ལྷུན་གྲུབ་གདོད་མ། གང་ཤར་ཡེ་ཟད། རྩལ་ཆེན་ཡོངས་རྫོགས། ཀློང་གསལ་རྒྱ་གྲོལ། འཁོར་འདས་རང་སྣང་། ཀུན་གྲོལ་གཞིར་སྣང་། ཐམས་ཅད་ཡེ་རྫོགས། ཡེ་སྟོང་རྩ་བྲལ་ལ་སོགས་པ་དབུས་དང་ལྷོ་ནུབ་ཀྱི་མིང་རྣམས་བསྲེས་ལ་གདགས་སོ། །
ནུབ་བྱང་དུ་བབས་ན། ཤར་གྲོལ་གཉིས་མེད་ཀྱི་ཡེ་ཤེས་མཚོན་པའི་མིང་ལ། སྒོ་ལྔ་རང་གྲོལ། གཟུང་འཛིན་རིས་མེད། ཡུལ་མེད་རང་ཤར། ཡོངས་གྲོལ་ཀུན་མཉམ། ལྷུན་མཉམ་ཕྱམ་གདལ། བྱར་མེད་ཡེ་ཟིན། ཀུན་གྲོལ་ཡེ་གྲུབ། རང་རྫོགས་ཤར་གྲོལ། ཡོངས་རྫོགས་བྱར་མེད། ཆོས་སྐུ་ཡེ་ཤར། སྣང་སྲིད་ཡེ་ཟད། ཡོངས་གྲོལ་ཀློང་ཆེན། ཅིར་སྣང་ཆོས་ཉིད། མེད་སྣང་གཟུགས་བརྙན། ལྷུན་མཉམ་ཀློང་ཆེན། གདལ་ཁོད་ཡེ་སྙོམས། ཆོས་ཟད་མིང་ཟད། ཡེ་གྲུབ་རང་རྫོགས། ཡེ་སྟོང་རང་ཤར། གཞི་བདེ་རང་སྣང་། ཐམས་ཅད་ལྷུན་མཉམ། རྫོགས་པ་སྤྱི་ཆིངས། སྣ་ཚོགས་རང་ཤར། གཞི་བྲལ་མཁའ་མཉམ། ཀློང་གསལ་ལྷུན་རྫོགས། གཏད་མེད་ཕྱོགས་འབྱམས། རྒྱུ་འབྲས་ཡེ་གྲོལ། སྒྲུབ་མེད་རྩལ་དཀྲུགས། ཀློང་ཆེན་ཡེ་གདལ། གཏད་མེད་རྒྱ་གྲོལ། ཤར་གྲོལ་བབས་སྟོང་། མཉམ་རྫོགས་བྱར་མེད། ཡེ་ཟིན་རང་བབས། ཆོས་ཉིད་བྱར་མེད། ཟང་ཐལ་ཆིག་རྫོགས། ཡེ་ཟིན་ཕྱམ་གདལ་ལ་སོགས་པ་དབུས་དང་ནུབ་བྱང་གི་མིང་རྣམས་བསྲེས་ལ་གདགས་སོ། །
བྱང་ཤར་དུ་བབས་ན། ཟང་ཐལ་ཆོས་ཟད་ཀྱི་ཡེ་ཤེས་མཚོན་པའི་མིང་ལ། ཆོས་སྐུ་ཡེ་ཤར། ལྷུན་གྲུབ་རང་གསལ། འཁོར་བ་གཞི་གྲོལ། བྱང་ཆུབ་རང་ཆས། སྲིད་གསུམ་ཡེ་གྲོལ། མ་བྱས་དོན་གྲུབ། མ་འབད་ཡེ་ཕྱིན། བགྲོད་མེད་རང་བཞག །གཞི་མཉམ་ཡངས་པ། མཁའ་མཉམ་རང་རིག །ཟང་མ་ཐལ་བྱུང་། ཐ་མལ་རང་གྲོལ། བབས་བཞག་ལྷུག་པ། གདལ་ཁོད་རང་སྙོམས། མ་སྤངས་རང་གྲོལ། མ་བཙལ་ཡེ་གྲུབ། ཀུན་རྫོགས་ཆོས་སྐུ། གཏད་མེད་རྒྱ་གྲོལ། གང་ཤར་གདོད་མ། རང་གསལ་འཛིན་མེད། ཆོས་ཟད་འཛིན་མེད། ཆོས་ཉིད་ཡོངས་རྫོགས། གདལ་ཁྱབ་ཡེ་གྲོལ། རང་བྱུང་གཞི་ཀློང་། བྱང་ཆུབ་རང་ཤར། ཡེ་ཤེས་ཉི་མ། རྒྱ་མཚོ་ཀློང་རྡོལ། མཉམ་རྫོགས་ཆུ་བོ། (༥༡)ཡེ་གདལ་རང་ཡན། སྤང་བླང་ཡེ་གྲོལ། སྣང་སེམས་ཡུལ་མེད། ཆོས་ཟད་རང་བབས། གདོད་མ་མངོན་འགྱུར། གང་སྣང་ཀུན་གྲོལ། ཡེ་སྟོང་ཡོངས་སྟོང་། ཕྱོགས་འབྱམས་བྱར་མེད། རང་བཞག་ཡེ་བདེ། མཁའ་མཉམ་ཡོངས་རྫོགས། དྲན་པ་རང་སངས། ཧར་བ་བར་མེད། ཕྱལ་པ་ལྷུན་གྲུབ་ལ་སོགས་པ། དབུས་དང་བྱང་ཤར་གྱི་མིང་རྣམས་བསྲེས་ལ་གདགས་སོ། །
མཁའ་དབྱིངས་རྣམ་དག་ཀློང་ཆེན་རྒྱལ་པོ་ཡིས། །མི་གཡོ་འགགས་པ་མེད་པའི་མིང་བརྗོད་པས། །འཁོར་འདས་མིང་ཙམ་འབད་མེད་ཡོངས་གྲོལ་ཏེ། །རང་བཞིན་རྫོགས་པ་ཆེན་པོའི་བཀྲ་ཤིས་ཤོག །མིང་གི་རིགས་བྱེད་མཆོག་ཏུ་གསང་བ་ཡེ་ཤེས་བསྐྱེད་པའི་རིམ་པ་དང་། དབྱིངས་མཐུན་པ་དབང་གི་ཆུ་བོ་རྒྱ་མཚོ་ལས་ཐེག་པ་མཆོག་གི་ཕ་རོལ་ཏུ་སོན་པའི་རྣལ་འབྱོར་པ། སྣ་ཚོགས་རང་གྲོལ་གྱིས་གནས་དཀའ་བ་བྱེ་བྲག་ཏུ་བཤད་པ་རྫོགས་སོ།། །།
དགེའོ། །དགེའོ། །དགེའོ།། །།