Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
འཇུག་སྒྲུབ་བཤད་པ།
   
   


 
previousའཇུག་སྒྲུབ་བཤད་པ། next

འཇུག་སྒྲུབ་བཤད་པ།

གཉིས་པ་ཞུགས་པ་ཁྱད་པར་ཅན་འཇུག་པའི་སྒྲུབ་པ་ལ་གསུམ་གྱི། དང་པོ་མཚམས་སྦྱར་བ་ནི། གཉིས་པ་འཇུག་པའི་སྒྲུབ་པ་གསུངས་ཏེ། དེ་ལྟར་བསམ་པས་གོ་བགོས་པ་ལ་སྦྱོར་བ་ཉམས་སུ་ལེན་པའི་འཇུག་པ་འབྱུང་བས་སོ། །གཉིས་པ་རྩ་བ་ནི། ཤེས་པར་བྱ། གང་ན། འཇུག་པའི་སྒྲུབ་པའོ། །ཇི་ལྟར་ན། རྒྱུ་དང་འབྲས་བུའི་ཐེག་ཆེན་ལ་དང་པོར་འཇུག་ཅིང་། ཕྱིས་གོང་ནས་གོང་དུ་ཁྱད་པར་རྟོགས་པའི་སྒོ་ནས་འཛེག་པ་ཡིན་པར་རོ། །གང་ལ་འཇུག་པར་བྱ་བའི་ཐེག་ཆེན་དེ་ཡང་གང་ཞེ་ན། འདི་ལ་གསུམ། ངོ་བོ་དང་། གྲངས་དང་། གོ་རིམ་ངེས་པའོ། །དང་པོ་ནི། སྐྱེས་བུ་ཆེན་པོ་རྣམས་འདིས་བགྲོད་པར་བྱེད་པ་ན་ཐེག་པ་ཆེན་པོ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། འདིས་བགྲོད་པར་བྱེད་པ་རྒྱུའི་ཐེག་པ་དང་། འདིར་བགྲོད་པར་བྱ་བ་འབྲས་བུའི་ཐེག་པ་སྟེ། ཐེག་པའི་སྒྲ་ལས་དང་བྱེད་པར་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་བསམ་གཏན་ནས་འཁོར་གསུམ་རྣམ་པར་དག་པའི་བར་ནི་རྒྱུའི་ཐེག་ཆེན་ཡིན་ལ། ཆེད་དུ་བྱ་བ་ལ་སོགས་པ་གསུམ་ནི་འབྲས་བུའི་ཐེག་ཆེན་ནོ། །གཉིས་པ་ནི། དེ་དག་ཀྱང་གསུམ་དུ་འདུས་ཏེ། རང་དོན་དང་། གཞན་དོན་དང་། གཉིས་དོན་གྱི་དབང་དུ་བྱས་ནས། བསམ་གཏན་ལ་སོགས་པ་གསུམ་དང་། བྱམས་པ་ལ་སོགས་པ་གསུམ་དང་། ཆེད་དུ་བྱ་བ་ལ་སོགས་པ་གསུམ་རྣམས་གོ་རིམ་བཞིན་ནོ། །དེའི་ཕྱིར་དགུ་པོ་འདི་དག་ཏུ་གྲངས་ངེས་སོ། །གསུམ་པ་ནི། དེ་དག་གི་གོ་རིམ་ནི་འདི་ཡིན་ཏེ། དང་པོར་སེམས་ལས་སུ་རུང་བར་མ་བྱས་པས་ནི་རང་དང་གཞན་གྱི་དོན་གང་ཡང་་མི་འགྲུབ་པས་སེམས་བརྟན་པར་གྱུར་པས་རང་གི་རྟགས་དང་མཚན་མ་རྣམས་ཀྱིས་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་གིས་རང་བཞིན་གྱིས་ཐེག་ཆེན་ལ་འཇུག་གོ ། དེའི་འོག་ཏུ་སེམས་བརྟན་པར་གྱུར་པ་ནི་ཚོགས་གཉིས་ལ་སློབ་པའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པས་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་གི་ཐེག་ཆེན་ལ་འཇུག་གོ །དེའི་འོག་འོག་ཏུ་ཚོགས་གཉིས་བསགས་པ་ནི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་མཐོང་བ་ལ་སོགས་པའི་ལམ་གྱི་ཐེག་པ་ལ་འཇུག་གོ །དེ་གསུམ་ནི་ཆེད་དུ་བྱ་བ་གཞན་གྱི་དོན་ཅན་དང་། དངོས་སུ་བྱ་བ་རང་གི་དོན་ཅན་ཡིན་ནོ། །དེའི་འོག་ཏུ་ཆོས་ཉིད་ལ་གཞོལ་བ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་ལ་འཇུག་པས་གཞན་དོན་ལ་འཇུག་པའི་རྒྱུ་བྱམས་སོགས་ཚད་མེད་བཞིའི་ཐེག་པ་ལ་འཇུག་གོ །དེའི་འོག་ཏུ་གཞན་དོན་ལ་འཇུག་པའི་འཆིང་བ་ནི། དངོས་པོ་ལ་མངོན་པར་ཞེན་པའི་དམིགས་པ་ཡིན་ཏེ། དེ་ཡོད་ན་སེམས་ལ་རིས་སུ་བཅད་ནས་ཆགས་སྡང་དུ་འགྱུར་བས་དེའི་གཉེན་པོར་ཆོས་ཐམས་ཅད་བདེན་པར་དམིགས་པ་མེད་པའི་ཐེག་ཆེན་ལ་འཇུག་གོ ། དེའི་འོག་ཏུ་མི་དམིགས་པ་དེ་ཉིད་ཇི་ལྟར་བསྒོམ་པའི་ཚུལ་ལས་དང་བྱེད་པ་པོ་དང་བྱ་བ་མ་དམིགས་པས་སྒྱུ་མའི་སྐྱེས་བུ་བཞིན་དུ་དངོས་པོ་ཐམས་ཅད་ལ་འཁོར་གསུམ་རྣམ་པར་དག་པའི་ཐེག་ཆེན་ལ་འཇུག་གོ །དེའི་འོག་ཏུ་དེ་ལྟར་ཡོངས་སུ་དག་པའི་སྤྱོད་པ་དང་ལྡན་པ་རྣམས་རང་གི་བསྒྲུབ་བྱ་ལ་འབད་པས་སེམས་ཅན་ཀུན་གྱི་མཆོག་ཉིད་ལ་སོགས་པའི་ཆེད་དུ་བྱ་བ་གསུམ་གྱི་ཐེག་ཆེན་ལ་འཇུག་གོ །དེའི་འོག་ཏུ་ཆེད་དུ་བྱ་བ་ལ་འབད་པ་བྱས་པ་རྣམས་ནི་རང་གཞན་གཉིས་ཀའི་དོན་འགྲུབ་པའི་རྒྱུ་གཞན་སེམས་ཤེས་པ་ལ་སོགས་པ་ལ་བརྩོན་པར་བྱེད་པའི་ཕྱིར་མངོན་པར་ཤེས་པ་དྲུག་གི་ཐེག་ཆེན་ལ་འཇུག་གོ །དེའི་འོག་ཏུ་མངོན་ཤེས་ཐོབ་པ་རྣམས་ནི་རང་གཞན་གྱི་དོན་བྱེད་ནུས་པར་མཐོང་ནས་སངས་རྒྱ་བ་ལ་སྤྲོ་བའི་ཕྱིར་རྣམ་ཀུན་མཁྱེན་པའི་ཚུལ་གྱིས་ཐེག་ཆེན་ལ་འཇུག་སྟེ། དེ་ལྟར་རྟོགས་པའི་རིམ་པས་ཐེག་ཆེན་མཐའ་དག་རྣམ་པར་གནོན་པར་བྱེད་པ་ཡིན་པས་འཇུག་པའི་སྒྲུབ་པ་རྣམ་པ་དགུ་ཡིན་ནོ། །དེ་དག་ཀྱང་མདོ་ལས་ཤ་བུས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆེན་ཐེག་པ་ཆེན་པོ་ལ་ཡང་དག་པར་འཇུག་པ་དང་འཛེག་པ་ཡིན། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་བུ་འདི་ལ་བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་ཅིང་འདོད་པས་དབེན། སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན། རྟོག་པ་དང་བཅས་དཔྱོད་པ་དང་བཅས་དབེན་པ་ལས་སྐྱེད་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་སོགས་གསུངས་སོ། །གསུམ་པ་འགྲེལ་པ་ལ། སྤྱིར་བསྟན་པ་དང་། ཞར་ལ་རྟོགས་དཀའ་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ནི། འཇུག་པའི་སྒྲུབ་པ་ནི། རྣམ་པ་དགུའོ། །དེ་དག་ཀྱང་གང་ཞེ་ན། སེམས་ལས་སུ་རུང་བར་བྱེད་པ་འགོག་པ་ལས་ཡན་ལག་གིས་འདའ་བ་བསམ་གཏན་དམིགས་པས་འདའ་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་བྱེད་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། མི་མཐུན་ཕྱོགས་ཀྱི་སྒྲིབ་པ་སྤོང་བྱེད་ཆོས་ཉིད་གསར་དུ་རྟོགས་པ་མཐོང་ལམ་དང་། ས་བདུན་པ་མན་ཆད་དུ་མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་མི་སློབ་ལམ་དང་། ས་བརྒྱད་པ་ཡན་ཆད་ཁྱད་པར་གྱི་ལམ་དང་། གཞན་དོན་ལ་འཇུག་པའི་རྒྱུ་བྱམས་སོགས་ཚད་མེད་པ་བཞི་དང་། གཞན་དོན་རྣམ་པར་དག་བྱེད་མི་དམིགས་པ་དང་ལྡན་པ། མི་དམིགས་པ་ཇི་ལྟར་བསྒོམ་ཚུལ་དངོས་པོ་ཐམས་ཅད་ལ་བྱ་བ་བྱེད་པ་པོའི་འཁོར་གསུམ་རྣམ་པར་དག་པ་དང་རང་གི་བསྒྲུབ་བྱའི་མཆོག་ཆེན་པོ་གསུམ་གྱིས་རང་བཞིན་གྱི་ཆེད་དུ་བྱ་བ་དང་རང་གཞན་གྱི་དོན་འགྲུབ་པའི་རྒྱུ་མངོན་ཤེས་དྲུག་དང་འབྲས་བུའི་གཙོ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ལ་བསམ་པ་དང་སྦྱོར་བས་ཡང་དག་པར་གནས་པའི་མཚན་ཉིད་རྣམས་སོ། །ཅིའི་ཕྱིར་འཇུག་པའི་སྒྲུབ་པ་ཞེས་བྱ་ཞེ་ན། རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོའི་ཆོས་མཐའ་དག་རྣམ་པར་གནོན་པའི་ངོ་བོ་ཉིད་ཡིན་པས་སོ། །གཉིས་པ་ལ། བསམ་གཏན་གཟུགས་མེད་དང་། ཚད་མེད་བཞི་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་དང་པོ་ལ་རྒྱུ། ངོ་བོ། འབྲས་བུ་གསུམ་གྱི། དང་པོ་ནི། གང་གིས་བསམ་གཏན་དང གཟུགས་མེད་པ་རྣམས་འཐོབ་པར་བྱེད་པའི་རྒྱུ་ནི་ཡིད་ལ་བྱེད་པ་བདུན་སྟེ། འདི་ལྟར། མཚན་ཉིད་རབ་ཏུ་རིག་པ་དང་། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་ལས་བྱུང་བ་དང་། དགའ་བ་བསྡུད་པ་དང་། དཔྱོད་པ་དང་། སྦྱོར་བའི་མཐའ་དང་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་རྣམས་སོ། །དེ་ལ་དང་པོ་ནི། མཉམ་པར་བཞག་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་ལ་སོགས་པའི་ས་འོག་མ་རྣམས་ལ་ཚེ་ཐུང་བ་དང་ཉོན་མོངས་པ་མང་བ་སོགས་ཉེས་དམིགས་ཀྱི་སྒོ་ནས་རགས་པ་དང་བསམ་གཏན་དང་པོ་སོགས་གོང་མ་རྣམས་ལ་དེ་ལས་བཟློག་སྟེ་ཞི་བའི་མཚན་ཉིད་དུ་དཔྱོད་པ་སྟེ། དེ་ནི་ཐོས་བསམ་འདྲེས་པའི་རང་བཞིན་ཅན་དུ་རིག་པར་བྱའོ། །གཉིས་པ་ནི། དེའི་འོག་ཏུ་ཐོས་བསམ་ལས་འདས་ཏེ་གཅིག་ཏུ་བསྒོམ་པའི་རྣམ་པས་ནི་རང་གི་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་སྟེ། །དེ་ནི་སྒོམ་བྱུང་ངོ་། །གསུམ་པ་ནི་། ཐོག་མར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་སྟེ། དེས་འདོད་པ་ལ་སོགས་པའི་ས་འོག་མ་རྣམས་ཀྱི་ཉོན་མོངས་པ་ཆེན་པོ་གསུམ་སྤོང་ཞིང་དེའི་ཕྱོགས་ཀྱི་གནས་ང ན་ལེན་དང་བྲལ་བ་འཐོབ་བོ། །བཞི་པ་ནི། དེའི་འོག་ཏུ་རྣལ་འབྱོར་པ་དེ་ཉོན་མོངས་པ་ཆེན་པོ་གསུམ་སྤངས་པས་དགའ་བདེ་ཆུང་ངུ་ལ་རེག་ཅིང་སྤོང་བ་ལ་དགའ་བས་དུས་དུས་སུ་དགའ་བར་གྱུར་བའི་དངོས་པོ་ཡིད་ལ་བྱེད་ཅིང་རྨུགས་གཉིད་སོགས་དང་བྲལ་བར་བྱེད་ལ་ཉོན་མོངས་པ་འབྲིང་གསུམ་སྤོང་བར་བྱེད་དོ། །ལྔ་པ་ནི། དེའི་འོག་ཏུ་ཉོན་མོངས་པ་ཕལ་ཆེར་སྤངས་པས་ཀུན་དཀྲིས་མངོན་འགྱུར་མི་འབྱུང་ཞིང་ཉོན་མོངས་པ་ཀུན་སྤངས་སམ་སྙམ་པའི་རློམ་པ་འབྱུང་བས་སྤངས་མ་སྤངས་བརྟག་པའི་ཕྱིར་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའི་མཚན་མ་ཡིད་ལ་བྱེད་ཅིང་སོ་སོར་རྟོག་པའོ། །དྲུག་པ་ནི། དེ་ལྟར་དཔྱད་པ་ན་ཉོན་མོངས་ཅུང་ཟད་མ་སྤངས་པར་ཤེས་ནས་ཉོན་མོངས་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་ཆུང་ངུ་གསུམ་སྤོང་བའི་གཉེན་པོ་ཡིད་ལ་བྱེད་པའོ། །བདུན་པ་ནི། དེའི་འོག་ཏུ་བསམ་གཏན་དང་པོ་ལ་སོགས་པའི་དངོས་གཞིའི་སེམས་ཐོབ་པའོ། །དེ་ལ་དང་པོ་གཉིས་ནི་སྦྱོར་བའི་ལམ་མོ། །གསུམ་པ་དང་བཞི་པ་དང་དྲུག་པ་ནི་བར་ཆད་མེད་པའི་ལམ་མོ། །ལྔ་པ་ནི་ཁྱད་པར་གྱི་ལམ་མོ། །བདུན་པ་ནི་རྣམ་གྲོལ་གྱི་ལམ་མོ། །དང་པོ་དྲུག་ནི་ཉེར་སྡོགས་ཡིན་ལ། ཐ་མ་ནི་དངོས་གཞིའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན། རྣམ་གཞག་གཏན་ལ་དབབ་པ་དང་བཞིའི། དང་པོ་ནི། བསམ་གཏན་དང་གཟུགས་མེད་པ་གཉིས་ཀྱི། དང་པོ་བསམ་གཏན་ལ་ཡང་། རྒྱུ་སྙོམས་འཇུག་དང་། འབྲས་བུ་སྐྱེ་བའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ལ། དང་པོ་ནི། ཡན་ལག་གི་སྒོ་ནས་འོག་ས་ལས་འདས་པའི་སེམས་རྩེ་གཅིག་པའི་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི། སྐྱེ་བ་གཞན་དུ་རྒྱུ་སྙོམས་འཇུག་བསམ་གཏན་བསྒོམས་པའི་རྣམ་སྨིན་ནམ་རྒྱུ་མཐུན་གྱི་འབྲས་བུར་གྱུར་པ་སྟེ། དེ་ཡང་ཚངས་རིས་ནས་འོག་མིན་གྱི་བར་གྱི་སེམས་ཅན་གྱི་རྒྱུད་ཀྱི་སྐྱེས་ཐོབ་ཀྱི་ཆོས་ཇི་སྙེད་པ་རྣམས་སོ། །གཉིས་པ་གཟུགས་མེད་ལ་ཡང་བསམ་གཏན་ལྟར་གཉིས་ཀྱི། དང་པོ་རྒྱུ་སྙོམས་འཇུག་གི་གཟུགས་མེད་ནི། དམིགས་པའི་སྒོ་ནས་འོག་ས་ལས་འདས་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་འབྲས་བུ་སྐྱེ་བའི་གཟུགས་མེད་ནི། སྐྱེ་བ་གཞན་དུ་རྒྱུ་སྙོམས་འཇུག་གི་གཟུགས་མེད་བསྒོམས་པའི་སྒོ་ནས་རྣམ་སྨིན་ནམ་རྒྱུ་མཐུན་གྱི་འབྲས་བུར་གྱུར་པ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་བཞིར་སྐྱེས་པའི་སེམས་ཅན་གྱི་རྒྱུད་ཀྱི་སྐྱེས་ཐོབ་ཀྱི་ཆོས་རྣམས་སོ། །ཅིའི་ཕྱིར་བསམ་གཏན་རྣམས་ཡན་ལག་གིས་འདའ་ཞིང་། གཟུགས་མེད་པ་རྣམས་དམིགས་པས་འདའ་ཞེ་ན། བསམ་གཏན་རྣམས་ནི་ཐམས་ཅད་ཞི་རགས་ཀྱི་རྣམ་པ་ཅན་དུ་འདྲ་བའི་ཕྱིར་དམིགས་པ་དང་རྣམ་པ་མི་འདྲ་བ་མེད་ཀྱི། གོང་མ་རྣམས་འོག་མའི་ཡན་ལག་རགས་པ་དག་ལ་ངེས་པར་འབྱུང་བའི་ཕྱིར་ཡན་ལག་མི་འདྲ་བའི་བྱེ་བྲག་ཡོད་ལ། དེའི་ཕྱིར་ཡན་ལག་གིས་འདའ་བ་ཞེས་བྱའོ། །གཟུགས་མེད་པ་རྣམས་ནི་ཐམས་ཅད་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་མི་འདྲ་བ་མེད་ཀྱི་ནམ་མཁའ་དང་རྣམ་ཤེས་སོགས་དམིགས་པ་མི་འདྲ་བའི་སྒོ་ནས་གོང་མ་རྣམས་འོག་མ་ལས་ངེས་པར་འབྱུང་བའི་ཕྱིར་དམིགས་པ་ནི་མི་འདྲ་བ་ཡོད་ལ། དེས་ན་དམིགས་པས་འདའ་བ་ཞེས་བྱའོ། །གཉིས་པ་ནི། བསམ་གཏན་ལ་ནི་ས་དང་པོ་ནས་བཞི་པའི་བར་རོ། །གཟུགས་མེད་ལ་ནི་ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ཀྱི་བར་བཞིའོ། །ཡང་བསམ་གཏན་རྣམས་དང་གཟུགས་མེད་དང་པོ་གསུམ་ལ་ནི་ཉོན་མོངས་ཅན་དང་། དག་པ་དང་། ཟག་མེད་གསུམ་གསུམ་ཡོད་། འདུ་ཤེས་མེད་འདུ་མེད་མིན་གྱི་སྐྱེ་མཆེད་ལ་ནི་ཉོན་མོངས་ཅན་དང་དག་པ་གཉིས་ཡོད་ཀྱི་ཟག་མེད་མེད་དེ། དེ་ནི་འདུ་ཤེས་ཀྱི་རྒྱུ་བ་མི་གསལ་བས་དམིགས་རྣམ་ཤིན་ཏུ་གསལ་བའི་འདས་ལམ་གྱི་རྟེན་དུ་མི་རུང་བའི་ཕྱིར་རོ། །ཉེར་སྡོགས་རྣམས་ལ་དང་པོ་ལ་དག་པ་བ་དང་ཟག་མེད་གཉིས་ཡོད་ལ། ལྷག་མ་རྣམས་ལ་དག་པ་བ་འབའ་ཤིག་ཡོད་དེ། ཅིའི་ཕྱིར་ཉེར་སྡོགས་རྣམས་ལ་ཉོན་མོངས་ཅན་མི་འབྱུང་ཞེ་ན། འདི་དག་ནི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར་དང་། ཉོན་མོངས་ཅན་གྱིས་འདོད་ཆགས་དང་བྲལ་བར་བྱེད་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་ཉེར་སྡོགས་ལྷག་མ་རྣམས་ལ་ཟག་མེད་མི་འབྱུང་ཞེ་ན། གང་གིས་འོག་སའི་དངོས་གཞི་མ་ཐོབ་པ་དེས་ནི་གོང་མའི་ཉེར་སྡོགས་ལ་སྙོམས་པར་འཇུག་མི་ནུས་ལ། གང་ཞིག་གོང་མའི་ཉེར་སྡོགས་ཐོབ་པ་དེས་ནི་འོག་མའི་དངོས་གཞི་ལ་བརྟེན་ནས་ལམ་སྒྲུབ་ཀྱི་གོང་མའི་ཉེར་སྡོགས་ལ་མ་ཡིན་ཏེ། གོང་མའི་ཉེར་སྡོགས་ལས་འོག་མའི་དངོས་གཞི་ལམ་སྒྲུབ་སླ་བའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་དང་པོའི་ཉེར་སྡོགས་ལ་ཟག་མེད་ཡོད་ཅེ་ན། བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་རྒྱུན་ཞུགས་ལ་སོགས་པ་རྣམས་ནི་དང་པོའི་ཉེར་སྡོགས་ཁོ་ན་ལ་བརྟེན་ནས་ལམ་བསྒྲུབས་ཏེ་འཇིག་རྟེན་ལས་འདས་པའི་ལམ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ཡིན་པས་མཉམ་པར་བཞག་པའི་སེམས་ལ་བརྟེན་ནས་སྒྲུབ་དགོས་པའི་ཕྱིར་དང་། དངོས་གཞིའི་སེམས་མ་ཐོབ་པའི་ཕྱིར་ཏེ། དཔེར་ན་ལག་པ་གཡས་པ་མེད་ན་གཡོན་པ་ལ་བརྟེན་དགོས་པ་བཞིན་ནོ། །དེས་ན་བསམ་གཏན་དང་པོའི་ཉེར་སྡོགས་ཀྱིས་ནི་ཁམས་གསུམ་ཀ་ལས་འདོད་ཆགས་དང་བྲལ་བར་བྱེད་ནུས་པའི་ཕྱིར་མི་ལྕོགས་པ་མེད་པ་ཞེས་ཀྱང་བྱའོ། །དངོས་གཞི་རྣམས་ཀྱིས་འོག་ས་ལ་འདོད་ཆགས་དང་བྲལ་བར་མི་བྱེད་དེ། ཉེར་སྡོགས་ཀྱི་བྲལ་ཟིན་པས་མི་དགོས་པའི་ཕྱིར་རོ། །དངོས་གཞི་ཟག་བཅས་རྣམས་ནི་རང་ས་དང་གོང་སའི་སྤང་བྱའི་གཉེན་པོ་མི་བྱེད་དེ། རང་སའི་སྲེད་པས་བཅིངས་པའི་ཕྱིར་དང་། གོང་ས་ལས་དམན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་མཐོང་ཆོས་ལ་བདེར་གནས་ཙམ་དང་ཡོན་ཏན་མངོན་པར་སྒྲུབ་པའི་ལམ་ཡིན་གྱི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་མ་ཡིན་ནོ། །དངོས་གཞི་ཟག་མེད་རྣམས་ནི་རང་ས་དང་གོང་སའི་གཉེན་པོ་བྱེད་པས་འདོད་ཆགས་དང་བྲལ་བའི་ལམ་ཡང་ཡིན་ལ། ཡོན་ཏན་མངོན་པར་བསྒྲུབ་པ་དང་། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཡང་ཡིན་ནོ། །ཉེར་སྡོགས་རྣམས་ནི་འོག་ས་ཁོ་ནའི་གཉེན་པོ་བྱེད་པའི་ཕྱིར་འདོད་ཆགས་དང་བྲལ་བའི་ལམ་ཁོ་ན་ཡིན་གྱི་ཡན་ལག་གི་མ་ཟིན་པས་ཡོན་ཏན་མངོན་པར་སྒྲུབ་པའི་ལམ་མ་ཡིན་ལ། མི་མཐུན་ཕྱོགས་སྤོོང་བའི་རྩོལ་བ་དང་བཅས་པས་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཡང་མ་ཡིན་ནོ། །བསམ་གཏན་དང་པོ་ལ་དངོས་གཞི་ཙམ་དང་། ཁྱད་པར་ཅན་གཉིས་ཀྱི་དང་པོ་ནི། རྟོགས་དཔྱོད་གཉེན་པོའི་ཡན་ལག་གིས་འདོད་པ་ལ་འདོད་ཆགས་དང་བྲལ་བ་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ། གཉིས་པ་ནི། དཔྱོད་པ་གཉེན་པོའི་ཡན་ལག་གི་རྟོག་པ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཆེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ཚོར་བ་བཏང་སྙོམས་དང་ལྡན་པ། བསམ་གཏན་དང་པོའི་ཡན་ལག་ལྔའི་ནང་ནས་རྟོག་པ་ནི་ཆེས་རགས་པའི་ཕྱིར་བསམ་གཏན་དང་པོ་ལས་འདོད་ཆགས་དང་མ་བྲལ་བས་ཀྱང་སྤོང་ནུས་པས། དེའི་ཕྱིར་བསམ་གཏན་དང་པོ་ལ་རང་གི་ཡན་ལག་རགས་པ་ལ་འདོད་ཆགས་དང་བྲལ་བ་དང་མ་བྲལ་བའི་བྱེ་བྲག་གི་དངོས་གཞི་ཙམ་པོ་དང་ཁྱད་པར་ཅན་གཉིས་ཡོད་ལ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཡན་ལག་རྣམས་ནི་རང་ས་ལས་འདོད་ཆགས་དང་མ་བྲལ་བས་སྤོོང་མི་ནུས་པའི་ཕྱིར་དེ་དག་ལ་ཙམ་པོ་དང་ཁྱད་པར་ཅན་གྱི་རྣམ་དབྱེ་མེད་དོ། །བསམ་གཏན་གཉིས་པ་ནི། ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་གིས་རྟོག་དཔྱོད་ལས། འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་དུ་ལྡན་པའོ། །བསམ་གཏན་གསུམ་པ་ནི། དྲན་ཤེས་བཞིན་བཏང་སྙོམས་གཉེན་པོའི་ཡན་ལག་གིས་དགའ་བ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། དགའ་བས་དབེན་པའི་བདེ་བ་ཕན་ཡོན་གྱི་ལག་ཏུ་ལྡན་པའོ། །བསམ་གཏན་བཞི་པ་ནི། དྲན་པ་དང་བཏང་སྙོམས་ཡོངས་དག་གཉེན་པོའི་ཡན་ལག་གིས་བདེ་བ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །དེ་ལ་དང་པོ་རྣལ་འབྱོར་པས་འདོད་པ་ལ་འདུན་པ་དང་རྣམ་འཚེ་གཉིས་འཁྲུག་ལོང་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་མཐོང་ནས་འདོད་པའི་ཉེས་དམིགས་ལ་རྟོག་པ་དང་དཔྱོད་པས་འདོད་པ་ལ་འདུན་པ་དང་རྣམ་མཚེ་གཉིས་སྤོོང་བར་བྱེད་ཅིང་། དེ་སྤངས་པས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཅན་གྱི་བསམ་གཏན་དང་པོ་ཐོབ་བོ། །དེའི་འོག་ཏུ་རྟོག་དཔྱོད་རྒྱུད་འཁྲུག་པར་བྱེད་པས་མི་མཐུན་ཕྱོགས་སུ་མཐོང་ནས་ནང་རབ་དུ་དང་བས་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཅན་གྱི་བསམ་གཏན་གཉིས་པ་ཐོབ་བོ། །དེའི་འོག་ཏུ་དགའ་བ་ཡང་ཡིད་གཡོ་བར་བྱེད་པ་ཉིད་ཀྱིས་ཏིང་ངེ་འཛིན་དང་འགལ་བར་མཐོང་ནས་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་དེ་སྤོང་བར་བྱེད་ཅིང་། དེ་སྤངས་པས་དགའ་བ་མེད་པའི་བདེ་བའི་སྙིང་པོ་ཅན་གྱི་བསམ་གཏན་གསུམ་པ་ཐོབ་བོ། །དེའི་འོག་ཏུ་བདེ་བ་ཡང་སེམས་ལ་འགྱུར་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སུ་མཐོང་ནས་དྲན་པ་དང་བཏང་སྙོམས་ཡོངས་དག་གཉིས་ཀྱི་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་བདེ་བ་དང་སྡུག་བསྔལ་ཡང་སྤངས་པའི་ཚོར་བ་བཏང་སྙོམས་ཅན་གྱི་བསམ་གཏན་བཞི་པ་ཐོབ་བོ། །དེ་ལྟར་ན་བསམ་གཏན་གྱི་མི་མཐུན་ཕྱོགས་ནི་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམ་པ་གསུམ་མོ། །དང་པོ་ནི། འདོད་པ་ལ་འདུན་པ་དང་རྣམ་འཚེ་སྟེ། དེ་དག་གིས་བསམ་གཏན་མ་ཐོབ་པ་ཐོབ་པ་ལ་གེགས་བྱེད་དོ། །གཉིས་པ་ནི། རྟོག་པ་དང་དཔྱོད་པ་སྟེ། དེ་དག་གིས་ཐོབ་པར་ཁྱད་པར་དུ་འགྱུར་བ་ལ་གེགས་བྱེད་དོ། །གསུམ་པ་ནི། དགའ་བ་དང་བདེ་བ་སྟེ། དེ་དག་གིས་སེམས་ལས་སུ་རུང་བ་མཆོག་ཏུ་འགྱུར་བ་ལ་གེགས་བྱེད་དོ། །དེ་ལ་མི་མཐུན་ཕྱོགས་ཆེན་པོ་དང་བྲལ་བ་ནི་བསམ་གཏན་དང་པོའོ། །འབྲིང་དང་བྲལ་བ་ནི་གཉིས་པ་དང་གསུམ་པའོ། །ཆུང་ངུ་དང་བྲལ་བ་ནི་བཞི་པ་སྟེ། དེའི་ཕྱིར་བཞི་པ་ནི་མི་མཐུན་ཕྱོགས་དང་བྲལ་བའི་ཕྱིར་སེམས་ལས་སུ་རུང་བའི་མཆོག་ཡིན་ནོ། །དེ་ལྟར་འགྱུར་བ་སྐྱེད་པའི་ཚོར་བ་མཐའ་དག་ལ་འདོད་ཆགས་དང་བྲལ་ན་རྣལ་འབྱོར་པས་འདུ་ཤེས་ཉིད་ཡུལ་ལ་མཚན་མར་འཛིན་པའི་སྒོ་ནས་རྒྱུད་འཁྲུག་བྱེད་དུ་རྟོགས་ནས་འདུ་ཤེས་ལས་ངེས་པར་འབྱུང་བའི་དོན་དུ་གཟུགས་མེད་པའི་སྙོམས་འཇུག་རྣམས་བསྒོམ་པར་བྱེད་དོ། །

དེ་ཡང་དང་པོར་གཟུགས་དང་ཐོགས་པའི་འདུ་ཤེས་ཉིད་རགས་པར་མཐོང་ནས་ནམ་མཁའི་འདུ་ཤེས་ཀྱིས་དེ་སྤོང་བར་བྱེད་ཅིང་། དེ་སྤངས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་བོ། །དེའི་འོག་ཏུ་ནམ་མཁའི་འདུ་ཤེས་དེ་ཉིད་སྤོོང་བའི་དོན་དུ་རྣམ་ཤེས་ཀྱི་འདུ་ཤེས་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཐོབ་བོ། །དེའི་འོག་ཏུ་རྣམ་ཤེས་ཀྱི་འདུ་ཤེས་ཀྱང་སྐྱོན་དུ་མཐོང་ནས་ཅི་ཡང་མེད་པའི་འདུ་ཤེས་ཀྱིས་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཐོབ་བོ། །དེའི་འོག་དུ་ཅི་ཡང་མེད་པའི་འདུ་ཤེས་དེ་ལ་ཡང་ཉེས་དམིགས་སུ་བལྟས་ནས་འདུ་ཤེས་ཡོད་མིན་མེད་མིན་གྱི་འདུ་ཤེས་ཀྱི་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་འདུ་ཤེས་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཐོབ་བོ། །འདི་ལས་ངེས་པར་འབྱུང་བའི་འདུ་ཤེས་ནི་ཆོས་ཀྱི་དབྱིངས་མ་རྟོགས་པ་ལས་གཞན་མེད་པས། དེའི་ཕྱིར་འདིའི་གོང་ན་འཇིག་རྟེན་པའི་གནས་གཞན་མེད་དོ། །

དེ་ལྟར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། སྦྱོར་བའི་དུས་སུ་གཟུགས་དང་ཐོགས་པའི་འདུ་ཤེས་རྣམ་པར་བཤིག་སྟེ་དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི། ནམ་མཁའ་མཐའ་ཡས་སྙམ་དུ་ཡིད་ལ་བྱེད་པའི་རྣམ་ཤེས་དེ་ཉིད་ཀྱང་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་གཟུང་བྱ་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི། འདུ་ཤེས་ནི་ནད་དང་འབྲས་དང་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ། །འདུ་ཤེས་ཡོད་མིན་མེད་མིན་ནི་ཞི་བ་གྱ་ནོམ་པའོ་ཞེས་ཡིད་ལ་བྱས་པའི་དེ་ཉིད་མངོན་དུ་གྱུར་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །བསམ་གཏན་དང་། གཟུགས་མེད་དེ་དག་ཉོན་མོངས་ཅན་ནི་རང་སའི་ཉོན་མོངས་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་པའོ། །དེ་ཡང་རྣམ་པ་བཞི་སྟེ། སྲེད་པ་ཤས་ཆེ་བ་ནི། བསམ་གཏན་གྱི་བདེ་བ་ལ་རོ་མྱོང་བའི་སྲེད་པ་དང་མཚུངས་པར་ལྡན་པའོ། །ལྟ་བ་ཤས་ཆེ་བ་ནི། སྔོན་གྱི་མཐར་རྟོག་པ་ལ་སོགས་པའི་ལྟ་བ་སྐྱེད་པར་བྱེད་པའོ། །ང་རྒྱལ་ཤས་ཆེ་བ་ནི། ཁྱད་པར་མ་ཐོབ་པར་སེམས་ཁེངས་པར་གྱུར་པའི་བསམ་གཏན་ནོ། །ཐེ་ཚོམ་ཤས་ཆེ་བ་ནི། རང་གི་གནས་པ་ལ་ཐར་ལམ་ཡིན་སྙམ་སུ་སོམ་ཉི་ཟ་བའོ། །དེ་དག་ནི་ས་བོན་རུལ་པ་དང་འདྲ་བར་རྣམ་སྨིན་མི་འཕེན་པའི་ཕྱིར། རྒྱུ་སྙོམས་འཇུག་གི་བསམ་གཏན་མ་ཡིན་ལ། བསམ་གཏན་དང་འདྲ་བས་བསམ་གཏན་དུ་ཉེ་བར་བཏགས་པ་ཙམ་མོ། །དག་པ་ནི། རང་སའི་ཉོན་མོངས་པས་མ་བསླད་པའི་དགེ་བ་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་སྟེ། དེ་ཡང་ཉམས་པ་ཆ་མཐུན་དང་། གནས་པ་ཆ་མཐུན་དང་། ཁྱད་པར་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་དང་རྣམ་པ་བཞིའོ། །དང་པོ་ནི། དག་པའི་བསམ་གཏན་གང་གིས་མཇུག་ཐོགས་སུ་རང་སའམ་འོག་སའི་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གཉིས་པ་ནི། གང་གི་འཇུག་ཐོགས་སུ་རང་ས་དང་གཅིག་པའི་བསམ་གཏན་དག་པ་གཞན་འདྲེན་པའོ། །གསུམ་པ་ནི། གང་གི་མཇུག་ཐོགས་སུ་ས་གོང་མའི་བསམ་གཏན་དག་པ་བ་གཞན་རྣམས་ཐོབ་པར་བྱེད་པའོ། །བཞི་པ་ནི། གང་གི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པའི་ལམ་འདྲེན་པར་བྱེད་པའོ། །སྲིད་རྩེ་ལ་ནི་ཁྱད་པར་ཆ་མཐུན་མེད་དེ། དེའི་གོང་ན་ས་གཞན་མེད་པའི་ཕྱིར་རོ། །གཞན་རྣམས་ལ་ཡང་བཞི་བཞི་ཡོད་པར་ཤེས་པར་བྱའོ། །བདེན་པའི་རྣམ་པ་མངོན་སུམ་དུ་རྟོགས་པའི་བསམ་གཏན་དང་། གཟུགས་མེད་ནི་ཟག་མེད་ཅེས་བྱའོ། །བཞི་པ་ལ། ཡན་ལག་དང་། གྲངས་དང་། གོ་རིམ་ངེས་པ་རྣམ་པར་བཞག་པ་གསུམ་གྱིས་དང་པོ་ལ་ཡན་ལག་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། གྲངས་ངེས་པ་དང་གསུམ་གྱི། དང་པོ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པའོ། །གཉིས་པར་ནི་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །གསུམ་པར་ནི། ཡན་ལག་ལྔ་སྟེ། དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བཞི་པར་ནི། དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་སེམས་རྩེ་གཅིག་པ་རྣམས་སོ། །གཉིས་པ་ནི། བསམ་གཏན་དང་པོའི་རྟོག་པ་ནི། འདོད་པ་རགས་པའོ། །བསམ་གཏན་དང་པོ་ནི་ཞི་བའོ་ཞེས་ཀུན་ཏུ་ཚོལ་བའི་རྣམ་པ་ཅན་ནོ། །དཔྱོད་པ་ནི། དེའི་འོག་ཏུ་ཉོན་མོངས་པ་མང་བ་དང་ཉུང་བ་དང་ཚེ་རིང་བ་དང་ཐུང་བ་ལ་སོགས་པའི་སྒོ་ནས་ཁྱད་པར་ཞིབ་མོར་དཔྱོད་པའི་རྣམ་པ་ཅན་ནོ། །དེ་གཉིས་ནི་གཉེན་པོའི་ཡན་ལག་སྟེ། འདོད་པའི་འདོད་ཆགས་དང་གནོད་སེམས་དང་ཡིད་མི་བདེ་སོགས་བསམ་གཏན་དང་པོའི་མི་མཐུན་ཕྱོགས་རྣམས་སྤོོང་བར་བྱེད་པའི་ཕྱིར་རོ། །སྡིག་ཏོ་མི་དགེ་བའི་ཆོས་ཀྱི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཏེ། དེ་དག་གིས་བསམ་གཏན་པ་རྣམས་ཀྱི་ལུས་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་གནས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་བརྟེན་ནས་རྟོག་དཔྱོད་སོགས་གཉེན་པོ་དང་ཕན་ཡོན་གྱི་ཡན་ལག་རྣམས་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ནི། དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱི་རང་བཞིན་གྱི་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་ཡིན་ནོ། །རྟོག་དཔྱོད་སོགས་བསམ་གཏན་གཉིས་པའི་མི་མཐུན་ཕྱོགས་རྣམས་སྤོོང་བའི་ཕྱིར། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །བསམ་གཏན་གསུམ་པ་ནི། ཏིང་ངེ་འཛིན་གྱི་དམིགས་པ་མི་བརྗེད་པའི་དྲན་པ་དང་བྱིང་རྒོད་ལ་བྱ་ར་བྱེད་པའི་ཤེས་བཞིན་དང་། སེམས་མཉམ་པ་ཉིད་དུ་འཇོག་པའི་འདུ་བྱེད་བཏང་སྙོམས་རྣམས་ནི་གཉེན་པོའི་ཡན་ལག་ཡིན་ཏེ། དེ་དག་གིས་དགའ་བ་ལ་སོགས་པ་བསམ་གཏན་གསུམ་པའི་མི་མཐུན་ཕྱོགས་རྣམས་སྤོོང་བའི་ཕྱིར་རོ། །དགའ་བ་མེད་པའི་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །བསམ་གཏན་བཞི་པ་ལ། དྲན་པ་དང་བཏང་སྙོམས་ཡོངས་དག་ནི་གཉེན་པོའི་ཡན་ལག་ཡིན་ཏེ། དེ་དག་གིས་བདེ་བ་ལ་སོགས་པ་བསམ་གཏན་བཞི་པའི་མི་མཐུན་ཕྱོགས་སྤོོང་བའི་ཕྱིར་རོ། །ཚོར་བ་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག་གོ །ཅིའི་ཕྱིར་བསམ་གཏན་དང་པོ་ལ་དྲན་ཤེས་བཞིན་བཏང་སྙོམས་གསུམ་ཡོད་ཀྱང་གཉེན་པོའི་ཡན་ལག་ཏུ་མ་བཞག་ཅེ་ན། དང་པོ་ན་དྲན་པ་ལ་སོགས་ཡོད་ཀྱང་རྟོག་དཔྱོད་ཀྱིས་མངོན་པར་བསྒྲུབ་པས་རང་གི་ངོ་བོས་ལས་མི་བྱེད་པའི་ཕྱིར་གཉེན་པོའི་ཡན་ལག་ཏུ་མ་སྨོས་ལ། གཉིས་པ་ན། རང་གི་ངོ་བོས་ལས་བྱེད་ཀྱང་དགའ་བས་ཟིལ་གྱིས་གནན་པའི་ཕྱིར་རང་མིང་གིས་མ་སྨོས་ལ་ནང་རབ་ཏུ་དང་བ་ཞེས་པའི་མིང་གིས་སྨོས་སོ། །བསམ་གཏན་གསུམ་པ་ནི་དགའ་བའི་ཀུན་ནས་དཀྲིས་པ་ལས་གྲོལ་བའི་ཕྱིར་དྲན་པ་སོགས་རང་མིང་གིས་སྨོས་ལ། བསམ་གཏན་བཞི་པ་ན་ནི་བསམ་གཏན་གྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་དྲན་པ་དང་བཏང་སྙོམས་ལ་ཡོངས་སུ་དག་པའི་སྒྲས་བསྟན་ཏེ། བསམ་གཏན་དང་པོ་དང་གཉིས་པ་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། རྟོག་དཔྱོད་ལ་འདོད་ཆགས་དང་བྲལ་བ་དང་མ་བྲལ་བའི་བྱེ་བྲག་གི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་ཡོད་དོ། །

གཉིས་པ་དང་གསུམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། དགའ་བ་ལས་འདོད་ཆགས་དང་མ་བྲལ་བ་དང་བྲལ་བའི་བྱེ་བྲག་གིས་ཕན་འདོགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའི་ཁྱད་པར་ཡོད་དོ། །གསུམ་པ་དང་བཞི་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། བསམ་གཏན་ཀྱི་སྐྱོན་ལས་མ་གྲོལ་བ་དང་གྲོལ་བའི་བྱེ་བྲག་དངོས་སུ་དག་པ་མ་རྫོགས་པ་དང་རྫོགས་པའི་ཁྱད་པར་ཡོད་དོ། །ཅིའི་ཕྱིར་བསམ་གཏན་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཞེས་བྱ་ཞེ་ན། དེའི་དགའ་བདེ་ནི་འདོད་པའི་འདོད་ཆགས་དང་རྣམ་འཚེ་སོགས་སྡིག་པ་མི་དགེ་བ་ལས་འདོད་ཆགས་དང་བྲལ་བ་ཙམ་ལས་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་གཉིས་པ་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཅན་ཞེས་བྱ་ཞེ་ན། དེའི་དགའ་བདེ་དེ་དག་ནི་རྟོག་དཔྱོད་ལས་འདོད་ཆགས་དང་བྲལ་བའི་ཏིང་ངེ་འཛིན་ནི་ཡོངས་སུ་རྫོགས་པ་ལས་སྐྱེས་པའི་ཕྱིར་རོ། །དང་པོ་གཉིས་ཀྱི་དགའ་བ་དང་བདེ་བའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི། དགའ་བ་ནི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་ཡིན་ལ། བདེ་བ་ནི་ཤིན་ཏུ་སྦྱངས་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་ཁ་ཅིག་དགའ་བ་ནི་སྔ་མ་ལྟར་ཡིན་ལ། བདེ་བ་ནི་དབང་ཤེས་འཁོར་གྱི་ཚོར་བ་སིམ་པ་ཡིན་ཏེ། མདོ་ལས། བདེ་བ་ལུས་ཀྱིས་མྱོང་ཞེས་འབྱུང་བའི་ཕྱིར་དང་། ཤིན་ཏུ་སྦྱངས་པ་ནི་བདེ་བར་མི་རིགས་ཏེ། བསམ་གཏན་བཞི་པ་ན་ཤིན་ཏུ་སྦྱངས་པ་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཡང་བདེ་བ་ཡན་ལག་ཏུ་མ་སྨོས་པའི་ཕྱིར་ཞེས་ཟེར་རོ། །འདིར་བསྡུ་བར་བཤད་པ་ལྟར་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་ཡིད་ཤེས་འཁོར་དང་བཅས་པ་ལ་ཕན་འདོགས་པའི་ཕྱིར་དགའ་བ་ཞེས་བྱ་ལ། ཏིང་ངེ་འཛིན་དང་མཚུངས་པར་ལྡན་པས་ཁ་ནང་དུ་ཕྱོགས་ཏེ་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་བདེ་བ་ཞེས་བརྗོད་ཀྱི་དེ་གཉིས་རྫས་ཐ་དད་མ་ཡིན་ནོ། །བསམ་གཏན་གསུམ་པ་ན་ནི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་དྲན་ཤེས་བཞིན་བཏང་སྙོམས་ཀྱིས་ཡོངས་སུ་ཟིན་པས་སེམས་གཡོ་བའི་བྱ་བ་མི་བྱེད་པའི་ཕྱིར་དགའ་བ་ཞེས་མི་བརྗོད་ལ། ཁ་ནང་དུ་བལྟས་ཏེ་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་བདེ་བ་ཞེས་བྱའོ། །གསུམ་པ་ནི། ཅིའི་ཕྱིར་བསམ་གཏན་རྣམས་ཡན་ལག་ལྔ་དང་བཞིར་ངེས་ཤེ་ན། གནོད་པ་སྤོང་བ་གཉེན་པོའི་ཡན་ལག་དང་། ཕན་པ་སྒྲུབ་པ་ཕན་ཡོན་གྱི་ཡན་ལག་དང་། དེ་གཉིས་ཀའི་གནས་ཀྱི་ཡན་ལག་གི་དབང་དུ་བྱས་ནས་ཡན་ལག་ལྔ་ལ་སོགས་པར་རྣམ་པར་བཞག་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་མེད་པ་རྣམས་ལ་ཡན་ལག་རྣམ་པར་མ་བཞག་ཅེ་ན། ཐམས་ཅད་ཀྱང་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་ཐ་དད་པ་རྣམ་པར་མ་བཞག་གོ །གསུམ་པ་ནི། ཅིའི་ཕྱིར་བསམ་གཏན་བཞིར་ངེས་ཀྱི་མང་བའམ་ཉུང་བ་མ་ཡིན་ཞེ་ན། བསམ་གཏན་པ་རྣམས་ནི་བདེ་བ་དང་སྡུག་བསྔལ་ཚོར་བ་ལས་ངེས་པར་འབྱུང་བ་ཚོལ་བར་བྱེད་ཀྱི་བཏང་སྙོམས་ལས་ངེས་པར་འབྱུང་བ་ཚོལ་བར་མི་བྱེད་དེ། བྱིས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་རྟོགས་པར་དཀའ་བའི་ཕྱིར་རོ། །སྡུག་བསྔལ་ཚོར་བ་ནི་གཉིས་ཏེ། རགས་པ་དང་། ཕྲ་བའོ། །བསམ་གཏན་དང་པོ་ནི་ཡིད་མི་བདེ་བ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་སྡུག་བསྔལ་ཚོར་བ་རགས་པ་ལས་ངེས་པ་འབྱུང་བ་ཡིན་ནོ། །གཉིས་པ་ནི་སྡུག་བསྔལ་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་སྡུག་བསྔལ་ཕྲ་བ་ལས་ཀྱང་ངེས་པར་འབྱུང་བ་ཡིན་ནོ། །བསམ་གཏན་དང་པོ་ནི་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བ་མ་ཡིན་ཏེ། སྡུག་བསྔལ་དབང་པོ་མ་སྤངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། བསྡུ་བར། ཅིའི་ཕྱིར་བསམ་གཏན་དང་པོ་ལ་སྡུག་བསྔལ་དབང་པོ་མ་སྤངས་ཞེ་ན། སྨྲས་པ། དེ་ལ་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་མ་བྲལ་བའི་ཕྱིར་རོ། །གལ་ཏེ། སྡུག་བསྔལ་དབང་པོ་སྤངས་པར་འགྱུར་ན། བསམ་གཏན་གཉིས་པ་ལ་གནས་པའི་ཁྱད་པར་མི་དམིགས་པར་འགྱུར་བས། དེའི་ཕྱིར་མ་སྤངས་པ་ཁོ་ནར་རིག་པར་བྱའོ་ཞེས་གསུངས་པ་ཁོ་ནའོ། །བདེ་བའི་ཚོར་བ་ཡང་རགས་པ་དང་། ཕྲ་བ་གཉིས་ཡིན་ལ། བསམ་གཏན་གསུམ་པ་ནི་བདེ་བའི་ཚོར་བ་རགས་པ་ལས་ངེས་པར་འབྱུང་བ་ཡིན་ཏེ། ཡིད་བདེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བཞི་པ་ནི། བདེ་བའི་དབང་པོ་ལས་ཀྱང་འདོད་ཆགས་དང་བྲལ་བའི་ཕྱིར་བདེ་བའི་ཚོར་བ་ཕྲ་བ་ལས་ཀྱང་ངེས་པར་འབྱུང་བ་ཡིན་ནོ། །དེ་བས་ན་བདེ་བ་དང་སྡུག་བསྔལ་ཚོར་བ་ཕྲ་རགས་རྣམ་པ་བཞི་ལས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་བསམ་གཏན་བཞིར་རྣམ་པར་བཞག་པ་ཡིན་ཏེ། ཇི་སྐད་དུ། བསྡུ་བར། ཅིའི་ཕྱིར་བཞི་ཁོ་ནར་ཟད་དེ། ཆེ་མང་བ་ཡང་མ་ཡིན། ཆེས་ཉུང་བ་ཡང་མ་ཡིན་ཞེ་ན། སྨྲས་པ། བདེ་བ་དང་སྡུག་བསྔལ་ལས་ཤིན་ཏུ་འདས་ཤིང་ཡོངས་སུ་རྫོགས་པའི་ཕྱིར་ཏེ། འདི་ལྟར་མཐར་གྱི་བསམ་གཏན་བཞི་པའི་བར་དུ་བདེ་བ་སྡུག་བསྔལ་ལས་ཤིན་ཏུ་འདས་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །དེ་ལྟར་བསམ་གཏན་རྣམས་ནི་ཚོར་བ་ལས་ངེས་པར་འབྱུང་བས་རབ་ཏུ་ཕྱེ་བ་ཡིན་ལ། གཟུགས་མེད་རྣམས་ནི་འདུ་ཤེས་ལས་ངེས་པར་འབྱུང་བས་རབ་ཏུ་ཕྱེ་བ་ཡིན་ཏེ། འདི་ལྟར་འདུ་ཤེས་ནི་གཉིས་ཏེ། ཕྱི་རོལ་གཟུགས་དང་། ནང་རྣམ་ཤེས་ལས་བཀྲ་འཛིན་གྱི་འདུ་ཤེས་གཉིས་སོ། །དང་པོ་ལ་ཡང་སྤང་བྱ་གཟུགས་དང་ཐོགས་པའི་འདུ་ཤེས་དང་། གཉེན་པོ་ནམ་མཁའི་འདུ་ཤེས་གཉིས་སོ། །དེ་དག་ལ་ངེས་པར་འབྱུང་བ་ནི་གོ་རིམ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གཉིས་སོ། །རྣམ་ཤེས་ལ་བཀྲ་འཛིན་ལ་ཡང་། མི་མཐུན་ཕྱོགས་རྣམ་ཤེས་ལ་ཞེན་པ་དང་། དེའི་གཉེན་པོ་ཅི་ཡང་མེད་པའི་འདུ་ཤེས་གཉིས་ཀྱི། དང་པོ་ལ་ངེས་པར་འབྱུང་བ་ཅི་ཡང་མེད་པའི་སྐྱེ་མཆེད་དང་། གཉིས་པ་ལ་ངེས་པར་འབྱུང་བ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེའི་ཕྱིར་གཟུགས་མེད་བཞི་ལས་མི་མང་ཞིང་མི་ཉུང་ངོ་། །གོ་རིམ་ནི། རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པས་བཞག་གོ ། གསུམ་པ་འབྲས་བུ་ནི། བསམ་གཏན་དང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་བསྒོམ་པ་ལས་གོ་རིམ་བཞིན་དུ། ཚངས་རིས་དང་ཚངས་པ་མདུན་ན་མདོན་དང་ཚངས་ཆེན་རྣམས་སུ་སྐྱེ་ལ། དེ་བཞིན་དུ་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་རྣམས་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུ་བསྒོམ་པ་ལས་གོ་རིམ་བཞིན་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་རྣམས་ཀྱི་སྐྱེ་བ་གསུམ་གསུམ་འགྲུབ་པར་ཤེས་པར་བྱའོ། །གཟུགས་མེད་པ་རྣམས་འབྲིང་དང་ཆུང་ངུ་དང་ཆེན་པོར་ཡོངས་སུ་བསྒོམ་པ་ལས་ནི་གཟུགས་མེད་རྣམས་ཀྱི་སྐྱེ་བ་མཐོན་པོ་དང་དམའ་བ་དང་ངན་པ་དང་བཟང་པོ་ཅི་རིགས་པ་འགྲུབ་པར་ཤེས་པར་བྱའོ། །དེ་ལ་ཆུང་ངུ་ནི། སྦྱོར་བ་གཉིས་ཀ་དང་མི་ལྡན་པའོ། །འབྲིང་ནི་གང་རུང་དང་ལྡན་པའོ། །ཆེན་པོ་ནི་གཉིས་ཀ་དང་ལྡན་པའོ། །གཉིས་པ་ཚད་མེད་བཞི་བྱེ་བྲག་དུ་བཤད་པ་ལ། དོན་དྲུག་གི་དང་པོ་སོ་སོའི་ངོ་བོ་ནི། བྱམས་པ་ནི་བསམ་གཏན་ལ་བརྟེན་ནས་བདེ་བ་འདོད་པའི་སེམས་ཅན་ལ་དམིགས་ནས་ཀྱེ་མ་སེམས་ཅན་རྣམས་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །སྙིང་རྗེ་ནི། སྡུག་བསྔལ་ཅན་གྱི་སེམས་ཅན་ལ་དམིགས་ནས་ཀྱེ་མ་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་རྣམ་པ་ཅན་ནོ། །དགའ་བ་ནི། བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་བདེ་བ་དང་མ་བྲལ་ན་ཅི་མ་རུང་སྙམ་པའི་རྣམ་པ་ཅན་ནོ། །བཏང་སྙོམས་ནི། ཉོན་མོངས་ཅན་གྱི་སེམས་ཅན་ལ་དམིགས་ནས་ཀྱེ་མ་འདི་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་དང་བྲལ་ན་ཅི་མ་རུང་སྙམ་པའི་རྣམ་པ་ཅན་ནོ། །ཡང་ན་ཉེ་རིང་བར་མའི་སེམས་ཅན་རྣམས་ལ་མཉམ་སྙོམས་པའི་རྣམ་པ་ཅན་ནོ། །གཉིས་པ་དབྱེ་བ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དང་པོ་ནི། སེམས་ཅན་རྫས་ཡོད་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པ་སོགས་ཀྱི་རྣམ་པ་ཅན་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱི་ཡིན་ནོ། །གཉིས་པ་ནི། ཕུང་པོའི་ཆོས་ཙམ་ལ་སེམས་ཅན་དུ་ཉེ་བར་བཏགས་པ་ལ་དམིགས་པ་སྟེ། གང་ཟག་གི་བདག་མེད་རྟོགས་པ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །གསུམ་པ་ནི། ཕུང་པོ་བདེན་པའི་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་སེམས་ཅན་དུ་བཏགས་པ་ཙམ་ལ་དམིགས་པའོ། །དེ་ནི་ཆོས་བདག་མེད་པར་རྟོགས་པ་བྱང་སེམས་དང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །གསུམ་པ་ཡུལ་ནི་ཕྱི་རོལ་པ་དང་ཉན་རང་རྣམས་ཀྱི་གནོད་སེམས་དང་རྣམ་པར་འཚེ་བ་དང་མི་དགའ་བ་དང་། ཆགས་སྡང་གི་གཉེན་པོར་གོ་རིམ་བཞིན་དུ་འདོད་པའི་སེམས་ཅན་ལ་དམིགས་ནས་བསྒོམ་སྟེ། མཛོད་དུ། ཚད་མེད་པ་ནི་བཞི་ཡིན་ནོ། །གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེས་པ་དང་། སྤྱོད་ཡུལ་འདོད་པའི་སེམས་ཅན་ནོ། །ཞེས་བཤད་དོ། །སངས་རྒྱས་དང་བྱང་སེམས་རྣམས་ཀྱི་སྲིད་པ་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་སྙིང་རྗེའི་ཡུལ་ནི། འཁོར་བ་དང་མྱང་འདས་གཉིས་ཀ་ལ་དགའ་བ་དང་། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཐམས་ཅད་དང་ལྡན་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས། །རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞི་ལ་མངོན་དགའི་འགྲོ་ལའང་ཐུགས་རྗེ་ན། །སྲིད་ལ་མངོན་དགའི་སེམས་ཅན་བཞན་ཅི་སྨོས། །ཞེས་དང་། བཀྲེན་ལ་བརྩེ་དང་མ་རུང་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་དང་། །ལོག་པར་མངོན་ཞེན་ཅན་ལ་སྙིང་རྗེའོ། །ཞེས་གསུངས་ཏེ། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་རིམ་པ་བཞིན་སྦྱར་རོ། །ཡང་དེ་ཉིད་ལས། རབ་འབར་དགྲའི་དབང་དུ་སོང་། །སྡུག་བསྔལ་གྱིས་ནོན་མུན་པས་སྒྲིབས། །བགྲོད་དཀའི་ལམ་ལ་རབ་ཏུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །ཞེས་གསུངས་ཏེ། དེ་ལ་རབ་འབར་ནི་འདོད་པའི་བདེ་བ་ལ་ཆགས་པའོ། །དགྲའི་དབང་དུ་སོང་བ་ནི་དགེ་བ་ལ་ཞུགས་པ་བདུད་ཀྱི་བར་ཆད་བྱས་པའོ། །སྡུག་བསྔལ་གྱིས་ནོན་ནི་ངན་སོང་བ་རྣམས་སོ། །མུན་པས་སྒྲིབ་པ་ནི་ལས་འབྲས་མི་འདྲ་བ་ལ་རྨོངས་པ་རྣམས་སོ། །བགྲོད་དཀའི་ལམ་ལ་རབ་ཏུ་ཞུགས་པ་ནི་རིགས་ཆད་ཀྱི་གང་ཟག་རྣམས་སོ། །འཆིང་བ་ཆེ་དང་ལྡན་པ་ནི་རྟག་ཆད་ཀྱི་ལྟ་བས་རྒྱུད་བཅིངས་པ་རྣམས་སོ། །ཟས་ཆེན་དུག་དང་འདྲེས་པ་ལ་ཞེན་པ་ནི་བསམ་གཏན་གྱི་བདེ་བ་ལ་རོ་མྱོང་བ་རྣམས་སོ། །ལམ་རབ་ཏུ་སྟོར་བ་ནི་མངོན་པའི་ང་རྒྱལ་ཅན་རྣམས་སོ། ལམ་གོལ་བར་ཞུགས་པ་ནི། མ་ངེས་པའི་རིགས་ཅན་ཐེག་པ་ཆུང་ངུ་ལ་ཞུགས་པ་རྣམས་སོ། །སྟོབས་ཆུང་བ་ནི་བྱང་སེམས་ཚོགས་ཡོངས་སུ་མ་རྫོགས་པ་རྣམས་ཏེ་དེ་དག་ནི་བྱང་སེམས་ཀྱི་སྙིང་རྗེའི་ཡུལ་ཡིན་ནོ། །བཞི་པ་བསྒོམ་ཚུལ་ནི། བྱམས་པ་དང་སྙིང་རྗེ་དང་དགའ་བ་གསུམ་ནི། དང་པོར་མཛའ་བཤེས་དང་། དེ་ནས་བར་པ་དང་མཐར་དགྲ་ལ་དམིགས་ནས་བསྒོམ་སྟེ། བུ་གཅིག་པ་དང་། དགྲ་བོ་ལ་བདེ་བ་དང་ཕྲད་འདོད་དེ། སྡུག་བསྔལ་བྲལ་བར་འདོད་པ་སོགས་མཚུངས་པར་གྱུར་པ་ན་འབྱོངས་པ་ཡིན་ནོ། །བཏང་སྙོམས་ནི། དང་པོ་ཐ་མལ་པའི་ཕྱོགས་ལ་བརྟེན་ནས་བསྒོམ་ལ། མཐར་མཛའ་བཤེས་དང་དགྲ་བོ་ལ་མཚུངས་པར་ཆགས་པ་དང་སྡང་བ་མི་སྐྱེ་བ་ན་འབྱོངས་པ་ཡིན་ནོ། །ལྔ་པ་བསྒོམས་པའི་ཕན་ཡོན་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། བྱེ་བ་ཕྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་པ་དཔག་མེད་ཅི་ཡོད་པ། །སྐྱེས་བུ་མཆོག་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་འཕོད། །ཅེས་དང་། མ་དྲོས་པས་ཞུས་པ་ལས། སེམས་ཅན་རྣམས་ལ་བྱམས་པའི་སེམས་མཉམ་པ། །རྟག་ཏུ་ཐམས་ཅད་མཁྱེན་པའི་སེམས་འཛིན་ཅིང་། །སྙིང་རྗེས་སེམས་ཅན་རྣམས་ནི་མི་གཏོང་ཞིང་། །དགའ་བས་འཁོར་བ་ན་ནི་སྐྱོ་བ་མེད། །བཏང་སྙོམས་ཆེན་པོས་སྐྱོན་རྣམས་སྤངས་པས་ཏེ། །ཞེས་གསུངས་པ་ནི། རིན་ཆེན་ཕྲེང་བ་ལས་ཀྱང་། ལྷ་མི་བྱམས་པར་གྱུར་པ་དང་། །དེ་དག་ཀྱང་ནི་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ་ཞེས་གསུངས་སོ། །དྲུག་པ་སྒྲ་དོན་ནི། ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་པས་སམ་འབྲས་བུ་བསོད་ནམས་ཚད་མེད་པ་བསྐྱེད་པ་ན་ཚད་མེད་པ་དང་། འདི་བསྒོམས་པས་ཚངས་པའི་འཇིག་རྟེན་དུ་སྐྱེ་བས་ན་ཚངས་པའི་གནས་པ་ཞེས་བྱའོ། །


previousའཇུག་སྒྲུབ་བཤད་པ། next