བླ་ན་མེད་པའི་ཐེག་པ་དང་འབྲེལ་བའི་གཏམ་སྔགས་འཆང་མགུལ་རྒྱན།
༄༅། །བླ་ན་མེད་པའི་ཐེག་པ་དང་འབྲེལ་བའི་གཏམ་སྔགས་འཆང་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །བླ་མ་དང་དབྱེར་མེད་པ་ཀུན་བཟང་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་མི་གཡོ་རྡོ་རྗེའི་ངང་། །རྣམ་པར་འགྱུར་བའི་མཐའ་ལ་མི་གནས་བཞིན། །སྒྱུ་འཕྲུལ་ཆེན་པོའི་བཀོད་པ་བསམ་ཡས་པ། །བདེ་གཤེགས་རིགས་ལྔའི་ཕྱག་རྒྱར་ཤར་ལ་འདུད། །ཇི་བཞིན་ཉིད་དེ་སུས་ཀྱང་མ་བཅས་ཀྱང་། །སྣང་ལུགས་ཙམ་དུ་སྲིད་དང་འདས་པའི་ཆོས། །མིག་འཕྲུལ་ཟླ་བོར་སྣང་ཡང་དེ་བཞིན་དུ། །སྟོན་མཁས་གསང་བདག་བླ་མས་བདག་བློ་སྐྱོང་། །གང་དག་གདུལ་བྱའི་ཁམས་དབང་ཐ་དད་བཞིན། །ཟབ་དང་རྒྱ་ཆེའི་ཆོས་ཀྱང་དེ་སྙེད་ཅིག །ཀུན་གཟིགས་ཐམས་ཅད་མཁྱེན་དེས་གསུངས་ནའང་། །མཐར་ཐུག་འཇུག་སྒོ་གསང་སྔགས་བླ་མེད་ཙམ། །དེ་ཉིད་ལའང་ཐབས་གྲོལ་ལམ་གཉིས་ལས། །འདིར་ནི་ཕྱི་མ་ཉམས་སུ་ལེན་པའི་ཚུལ། །ཅུང་ཟད་བླ་མའི་དྲིན་གྱིས་རྟོགས་བཞིན་དུ། །ལེགས་པར་འཆད་ལ་སྤྲོ་བཞིན་མཉན་པར་བྱོས། །འདིར་མཚན་ཉིད་གསུམ་གྱིས་ཁོག་འབུབ་པ་ལ་རིམ་བཞིན། དེ་ཡང་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །མེད་སྣང་སྟོང་བའི་རང་གཟུགས་རྨི་ལམ་བཞིན། །ཀུན་རྫོབ་ཙམ་དུ་ཡོད་ཡོད་ལྟར་སྣང་ཡང་། །སྣང་ཙམ་ཉིད་ནས་བདེན་པར་མ་གྲུབ་པའི། །ངོ་བོ་མཐའ་བརྒྱད་སྤྲོས་དང་བྲལ་བ་ནི། །དོན་དམ་བདེན་པ་ཉིད་དུ་ཟུང་འཇུག་ཚུལ། །ཉམས་སུ་ལེན་པ་ཐུན་མོང་ཐེག་པའི་ལུགས། །ཡིན་ཀྱང་འདིར་ནི་ཀུན་རྫོབ་བདེན་པ་ཡང་། །རྣམ་དག་ལྷ་ཡི་འཁོར་ལོར་ཤར་བ་དང་། །དོན་དམ་ཉིད་ཀྱང་དབྱིངས་ཡེ་ཟུང་འཇུག་ཏུ། །མཆིས་ཀྱང་ཆོས་ཉིད་ཀློང་དུ་རོ་མཉམ་ཕྱིར། །ལྷག་པའི་བདེན་པ་དབྱེར་མེད་ཞེས་སུ་གྲགས། །འདི་ཡན་གྱིས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དངོས་སྟོན། དེ་ཉིད་སྲིད་ཞིའི་མཐའ་ལ་མི་གནས་པར། །ཡེ་ནས་ཁྱབ་བདལ་ཆེན་པོར་བཞུགས་པ་ནི། །གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་ཞེས། །བསྒྲུབ་གཞི་ཉིད་དེ་རྟོགས་བྱེད་ཐབས་དག་ལ། །ལམ་རྒྱུད་ཞེས་གྲགས་རྟོགས་གོམས་མཐར་ཕྱིན་ཚེ། །འབྲས་རྒྱུད་དག་པ་གཉིས་ལྡན་ཞེས་གསུངས་ལས། །འདི་ཡན་གྱི་ལྟ་བ་དང་འབྲེལ་བར་རྒྱུད་གསུམ་མདོར་བསྟན་ནས། དམིག་བསལ་ལམ་མོས་སྒོམ་དང་ངེས་རྫོགས་གཉིས་ཀྱི་ཕྱི་མི་ནི། འདིར་ནི་ལམ་རྒྱུད་ཉམས་སུ་ལེན་པ་ལ། །ཐོག་མར་ལྟ་བ་བདེན་པ་དབྱེར་མེད་དུ། །གཏན་ལ་ཕབ་པ་དེ་གའི་ངང་ཉིད་དུ། །མཉམ་པར་འཇོག་ལ་སྟོང་པ་ཆེན་པོའམ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ཞེས་སུ་གྲགས། །དེ་ལས་རིག་གདངས་མ་འགགས་ཐུགས་རྗེའི་རྩལ། །ཤར་ལ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་རམ། །ཀུན་སྣང་ཏིང་འཛིན་ཞེས་གྲགས་དེ་ཉིད་ལས། །ལྷ་ཡི་ཕྱག་རྒྱར་ཡོངས་སུ་ཤར་བ་ནི། །ཕྱག་རྒྱ་གཅིག་པ་ཉིད་དེ་དེ་ལའང་། ཕྲ་རགས་གཉིས་ལས་དང་པོ་ཡིག་འབྲུ་ལ། །བསླབ་པ་ལྷ་ཡི་ས་བོན་གསལ་བ་སྟེ། །རྒྱུ་ཡི་ཏིང་ངེ་འཛིན་དང་ཚུལ་གཅིག་གོ །དེ་ལས་ལྷ་གྲངས་དང་ནི་ཞལ་ཕྱག་སོགས། །དུ་མར་སྤྲོ་ལ་ཕྱག་རྒྱ་སྤྲོས་བཅས་ཞེས། །འདི་དག་ཚོགས་ལམ་ཟག་ལྡོག་གཉིས་ལྡན་གྱི། །ལམ་བཞིར་གསུངས་བཞིན་ཉམས་སུ་བླངས་པའི་རྗེས། །སྦྱོར་བའི་ལམ་དུ་ཚོམ་བུ་ཚོགས་བསྒྲུབ་ལ། །བརྟེན་ནས་ཟག་བཅས་ལྡོག་པ་མེད་པ་ཡི། །ཡེ་ཤེས་མཐོང་དང་ཆབས་ཅིག་མཐོང་ལམ་ལ། །སྦྱོར་བར་ངེས་ཕྱིར་བར་ཆད་མེད་པའི་ལམ། །འདི་ཡན་གྱིས་རྐྱེན་འདུག་པའི་མཚན་ཉིད་ཏིང་ངེ་འཛིན་སྟོན། གང་དེ་བགྲོད་ནས་ཟག་ལྡོག་གཉིས་བྲལ་གྱི། །བདེན་པ་མཐོང་ལ་སྒྲུབ་བྱེད་གང་ཟག་གི །བློ་ཡི་ནུས་སྟོབས་དམན་མཆོག་ལ་ལྟོས་ནས། །རྣམ་སྨིན་ཚེ་དབང་རིག་འཛིན་རྣམ་གཉིས་སུ། །ཡོད་ལས་དང་པོས་ལུས་རྒྱ་ཞིག་པ་དང་། །དུས་མཚུངས་དེ་མ་ཐག་ཏུ་ཕྱག་ཆེན་ལ། །སྦྱོར་ཞིང་ཚེ་འདིར་རྣམ་སྨིན་ལུས་རྟེན་གྱི། །སྦུབས་ནས་སེམས་ཉིད་ལྷ་སྐུར་སྨིན་པས་ན། །དེ་ལྟར་བརྗོད་ཀྱི་ཚེ་དབང་རིག་འཛིན་ནི། །རྣམ་སྨིན་སྙིགས་མའི་རགས་ལུས་དྭངས་མ་རུ། །ཚེ་འདི་ཉིད་ལ་བསྒྱུར་ནས་རབ་དགའི་ས། །མངོན་དུ་བྱེད་ཅིང་བསྐལ་བའི་བར་དག་ཏུ། །འགྲོ་དོན་རླབས་ཆེན་བསྒྲུབ་པའི་མཐུ་ཐོབ་ཅིང་། །ཅི་སྟེ་རྫོགས་སངས་རྒྱས་འདོད་དེ་ཉིད་དུ། །ཐོད་རྒལ་འབྱུང་བར་སྲིད་སོགས་ཡོན་ཏན་ནི། །བློ་གྲོས་མཆོག་གི་སྤྱོད་ཡུལ་དམ་པའོ། །མངོན་ན་མཐོང་ལམ་གཉིས་པོ་གང་ནས་ཀྱང་། །ཕྱག་ཆེན་རིག་འཛིན་ཉིད་ལ་མཚམས་སྦྱར་ནས། །བསྒོམ་པའི་ལམ་དུ་ས་བཅུ་བགྲོད་པར་བྱེད། །དེ་ལའང་དབྱེ་ན་རྡོ་རྗེའི་རིག་འཛིན་དང་། །དེ་བཞིན་འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲིའི་རིག་འཛིན་ལྔ་ལས་དང་པོས་ནི། །དྲི་མེད་འོད་བྱེད་འོད་འཕྲོ་སྦྱང་དཀའ་དང་། །གཉིས་པས་མངོན་གྱུར་རིང་དུ་སོང་བ་གཉིས། །གསུམ་པས་མི་གཡོ་བ་དང་བཞི་བས་ནི། །ལེགས་པའི་བློ་གྲོས་ལྔ་བས་ཆོས་སྤྲིན་རྣམས། །རིམ་པར་བགྲོད་ནས་ས་བཅུའི་རྒྱུན་མཐའ་རུ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་སྐུ། །ལྷུན་གྲུབ་རིག་འཛིན་ཉིད་དང་ཞལ་མཇལ་ནས། མི་སློབ་ལམ་བགྲོད་རྣམ་མཁྱེན་མཆོག་གི་ས། །ཐོབ་པར་བྱེད་ཅིང་དེ་ཡང་ཐུན་མོང་ལྟར། །དེ་ལྟར་ཐུན་མོང་ལམ་ལྔ་དང་སྔགས་ཀྱི་རིག་འཛིན་བཞི་ལམ་གྱི་འགྲོས་གོང་སྦྱར་བ་ཙམ་ལས་མདོ་སྔགས་ཀྱི་ལམ་དངོས་བསྟན་གཅིག་པ་ནི་མ་ཡིན་ནོ། །བསྙེན་བསྒྲུབ་བཞི་དང་ལམ་གྱི་འགྲོས་སྦྱར་ནས། །ཚོགས་སྦྱོར་ལམ་གཉིས་བསྙེན་པས་བགྲོད་པ་དང་། །དེ་བཞིན་མཐོང་ལམ་ཉེ་བསྙེན་བསྒོམ་པའི་ལམ། །བསྒྲུབ་པས་བགྲོད་ཅིང་མི་སློབ་ལམ་མཆོག་ནི། །བསྒྲུབ་པ་ཆེན་པོས་བགྲོད་ཅེས་གསུངས་ནའང་། །འདི་ལན་གྱིས་ལམ་གྱུར་ཀྱི་འབྲས་བུའི་མཚན་ཉིད་རིག་འཛིན་བཞི་སྟོན། འདིར་ནི་མན་ངག་ལུགས་སུ་འཆད་པ་ལ། །དང་པོ་བསྐྱེད་རིམ་ཁོ་ནའི་ལམ་ཇི་བཞིན། །སྲོག་སྡོམ་གཟེར་བཞིའི་ལག་ལེན་ལ་བརྟེན་ནས། །ཟག་བཅས་ལམ་ལྔ་བགྲོད་རྗེས་ཆོས་ཉིད་ཀྱི། །བདེན་པ་མཐོང་དང་ཆབས་ཅིག་རྫོགས་རིམ་ལམ། །གཙོ་བོར་བཟུངས་ནས་ཟབ་མོའི་ཆོས་དྲུག་ལ། །བརྟན་གོམས་བྱས་པའི་མཐའ་ནི་སྤྲོས་བཅས་ཀུན། །བཞག་ནས་སྤྲོས་མེད་རྫོགས་པ་ཆེན་པོའི་ལམ། །ཁྲེག་ཆོད་ཐོད་རྒལ་ཟབ་གནད་ཁོ་ན་ལ། །བརྟེན་ནས་སྣང་བཞི་མཐར་ཕྱིན་གདོད་མའི་དབྱིངས། །ཀུན་ཏུ་བཟང་པོའི་ས་མཆོག་དམ་པ་དེ། །ཚེ་འདི་ཉིད་ལ་ཐོབ་པར་བྱས་ནས་སུ། །གཞན་དོན་སྲིད་མཐའི་བར་དུ་མཛད་པའོ། །དེ་ལྟར་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལས། །ཇི་ལྟར་བསྒྲུབ་བའི་འབྲས་བུ་དཔག་མེད་ཅིག །གསུངས་ཀྱང་མཐར་ཐུག་ཡེ་ཤེས་བླ་མའི་ས། །འདི་ཉིད་མ་ཐོབ་འབྲས་གཞན་ངལ་སྟེགས་ཙམ། ཅིའི་ཕྱིར་ཐེག་པ་ཀུན་གྱི་བརྗོད་བྱའི་དོན། །མཐར་ཐུག་ཉིད་དེ་ཐེག་མཆོག་རྒྱལ་པོ་ལས། །གཞན་དུ་གསལ་བར་ཅི་ཞིག་ཕྱོགས་ཙམ་ཡང་། །གབ་པ་ཉིད་ལས་མངོན་དུ་ཕྱུང་བ་མེད། །འདི་འདྲ་མ་རྟོགས་སྐྱོང་བྱེད་ཟླ་བོ་འགས། །ས་བཅུའི་རྒྱུན་མཐར་རྡོ་རྗེའི་ཏིང་འཛིན་གྱིས། །ཤེས་སྒྲིབ་བཅོམ་ཞེས་ཚིག་ཙམ་སྦོམ་པོར་སྨྲ། །ཇི་ལྟར་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཏེ། །དམིགས་བཅས་ཡིན་ནམ་དམིགས་པ་མེད་པ་ཞིག །ཡེ་ཤེས་ཡིན་ནམ་རྣམ་པར་རྟོག་པ་ཞིག །རྟག་པ་ཡིན་ནམ་གློ་བུར་གསར་སྐྱེས་ཞིག །སྒོམ་ཚུལ་ཇི་འདྲ་སྤང་བྱ་ཇི་ལྟར་སྤོང་། །མ་འཚལ་འབྲས་བུའང་དེ་ཡི་རྗེས་སུ་ཕྱོགས། །གལ་ཏེ་མཆིས་ཀྱང་རྫོགས་པ་ཆེན་པོ་ཙམ། །འདི་ཡན་གྱིས་ཐེག་པ་གང་ནས་ཞུགས་ཀྱང་མཐར་ཐུག་རྫོགས་པ་ཆེན་པོར་མ་བརྟེན་པར་རྣམ་པར་དག་པའི་འབྲས་བུ་མི་ཐོབ་པར་བསྟན་པ་དང་། གལ་ཏེ་རང་ལམ་ནས་འབྲས་བུ་ཐོབ་ཚུལ་རེ་བསྟན་ནའང་དེ་ཡང་རྫོགས་པ་ཆེན་པོར་འཇུག་པ་ལ་དགོངས་ནས་བསྟན་པའོ། །དེ་ཕྱིར་བདག་ཅག་ལས་འཕྲོས་ཕྱིན་པའི་ལམ། །འདི་འདྲར་འཕྲད་ལ་སྙིང་ནས་སྤྲོ་བཞིན་དུ། །སྐལ་ལྡན་དམ་པས་བསྐུལ་བ་དོན་ཡོད་ཕྱིར། །ལམ་དེའི་འཇུག་སྒོ་ཅུང་ཟད་འདིར་བཤད་དེའི། །དགེ་ཚོགས་མཁའ་མཉམ་འགྲོ་ལ་ཡོངས་བསྔོའི་མཐུས། །ཀུན་གྱིས་གདོད་མའི་རང་ཞལ་མཇལ་བར་ཤོག །ཅེས་པའང་རང་ཉིད་ཀྱི་རྡོ་རྗེའི་མཆེད་པོ་འཇིགས་མེད་རྡོ་རྗེའི་གསུང་གིས་བསྐུལ་ངོར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་གྲྭ་ཐུབ་བསྟན་ཉིན་བྱེད་གླིང་སྐལ་ལྡན་སྤྲིན་ལྟར་འདུ་བའི་དགའ་ཚལ་ཉམས་རྟོགས་ཀྱི་དྲི་བསུངས་ཀུན་ཏུ་བཞད་པའི་ཀློང་ཆེན་པོ་ནས་ཐེག་པ་མཆོག་ལ་མོས་པ་ཐོབ་པའི་རྣལ་འབྱོར་པ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་ཤར་མར་སྤེལ་བའོ། །དགེའོ། །