ཉ་གྲོག་གསོ་བའི་གདམས་པ་ཚེ་རབས་རྒྱགས་ཕྱེ།
དམ་ཆོས་ཡང་ཟབ་སྒྲོལ་མའི་ཐུགས་ཐིག་ལས༔ ཉ་གྲོག་གསོ་བའི་གདམས་པ་ཚེ་རབས་རྒྱགས་ཕྱེ་ཞེས་བྱ་བ་བཞུགས་སོ༔
ཁམས་གསུམ་སྡུག་བསྔལ་མེ་ཡི་འོབས༔ ཐུགས་རྗེ་བསིལ་བའི་རྒྱུན་བཟང་གིས༔ གཞིལ་མཛད་འཕགས་མཆོག་སྤྱན་རས་གཟིགས༔ སྐྱེ་རྒུའི་བླ་མ་མཆོག་ལ་འདུད༔ ཕར་ཕྱིན་དྲུག་གི་དང་པོ་ནི༔ དཱ་ནའི་སྒྲ་ལས་སྦྱིན་པ་སྟེ༔ ཉམ་ཐག་འགྲོ་བ་གསོ་བའི་ཕྱིར༔ ཐུགས་ཐིག་སྒྲོལ་མའི་ཆ་ལག་ཏུ༔ གདམས་ཟབ་ཚེགས་ཆུང་དོན་ཆེ་བ༔ སྐལ་ལྡན་ལམ་གྱི་གྲོགས་སུ་བསྟན༔ དེ་ཡང་ཉ་གྲོག་སེམས་ཅན་རྣམས༔ ལས་ངན་བསགས་པས་ལུས་ངན་བླངས༔ སྔོན་ཚེ་སེར་གཟུགས་གཞན་ནོར་ལ༔ བག་མེད་སྤྱོད་ཅིང་དགེ་འདུན་པའི༔ སྤྱི་ནོར་ཕྲོག་དང་བདེན་རྫུན་གྱི༔ དབྱེ་བསལ་མི་བྱེད་ཁྲིམས་འགལ་གཏོང་༔ རྟེན་གསུམ་བླ་མར་རྒྱབ་ཀྱིས་ཕྱོགས༔ དེ་ལྟ་བུ་ཡི་ལས་འབྲས་མཐུས༔ ལུས་རྟེན་དེ་འདྲ་བླང་བ་འོ༔ དེ་ཕྱིར་དེ་དག་རྗེས་འཛིན་ལ༔ ཟང་ཟིང་ཉེར་འཚོའི་ཟས་དང་ནི༔ དམ་ཆོས་གསུང་གིས་དབུགས་དབྱུང་ཐབས༔ འདི་ལ་བསམ་སྤྱོད་གཉིས་སུ་སྟོན༔ འདི་ལྟར་ཁམས་གསུམ་འཁོར་བའི་འགྲོ༔ ཕ་མར་མ་གྱུར་གཅིག་ཀྱང་མེད༔ དེ་དག་འཁོར་བ་ལས་བསྒྲལ་ནས༔ རྣམ་མཁྱེན་སངས་རྒྱས་སར་འགོད་ཕྱིར༔ ཕར་ཕྱིན་དྲུག་དང་བསྡུ་དངོས་བཞིའི༔ དགེ་ལ་བདག་གིས་བརྩོན་པར་བྱ༔ དེ་ཡང་སྦྱིན་པའི་རྒྱགས་ཕྱེ་ནི༔ ཆོས་དང་ཟང་ཟིང་རྣམ་མང་ཡང་༔ བྱ་སླ་ཚེགས་ཆུང་དོན་འབྲས་ཆེ༔ ཉ་གྲོག་གསོ་ཕྱིར་འབད་པར་བྱ༔ སྙིང་རྗེ་ཡང་ཡང་བསམ་པར་བྱ༔ སྤྱོད་པ་ལ་ཡང་དབྱེ་བ་གསུམ༔ སྦྱོར་བ་དངོས་གཞི་རྗེས་རྣམས་ལས༔ དང་པོ་སྦྱོར་བ་དཀར་ཕྱོགས་ཀྱི༔ སྐར་མ་རྒྱལ་ལམ་ནག་པ་ལ༔ སྟ་གོན་རྫས་རྣམས་འདི་ལྟར་བསགས༔ ནས་དཀར་རྡུལ་མེད་གཙང་མའི་ཕྱེ༔ ཡུལ་དེའི་བྲེ་ཆེན་དགུ་འམ་བདུན༔ ལྔ་གསུམ་ཐ་ན་གཅིག་ཀྱང་རུང་༔ ཀ་ར་བུ་རམ་སྦྲང་རྩི་དང་༔ ཁྱད་པར་སེལ་མེད་དམ་རྫས་དང་༔ སྐྱེ་བདུན་ཤ་འམ་མ་འབྱོར་ན༔ ཆོས་སྨན་མ་ཎིའི་རིལ་བུ་སོགས༔ བྱིན་རླབས་ཅན་གྱི་རྫས་རྣམས་བླུགས༔ ཆུ་གཙང་ཐོ་རངས་དུས་སུ་བླངས༔ སྦྲུས་ཏེ་ཧ་ཅང་སླ་མིན་པ༔ ས་སྣོད་ཡང་ན་ཤིང་སྣོད་བསྩལ༔ མར་དཀར་བག་ཙམ་བསྲེས་ཀྱང་རུང་༔ རས་དཀར་གཙང་མས་ཁ་དགབ་སྟེ༔ བསམ་པ་སྔར་ལྟར་དེ་ཡི་ངང་༔ མདུན་མཁར་བླ་མ་སྤྱན་རས་གཟིགས༔ སངས་རྒྱས་བྱང་སེམས་ཐམས་ཅད་ལ༔ སྐྱབས་འོས་ཀུན་གྱིས་བསྐོར་བར་དམིགས༔ བདག་དང་མཁའ་ཁྱབ་འགྲོ་ཀུན་དང་༔ ཁྱད་པར་ཉ་གྲོག་གང་གསོ་བའི༔ སེམས་ཅན་དེ་རྣམས་གཙོར་བྱས་པས༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་བསམ༔ ངག་ནས་ཚིག་འདི་བརྒྱ་ཉེར་གཅིག༔ སྐབས་དང་བསྟུན་ཏེ་ཡང་ཡང་བྱ༔ ཨེ་མ་ཧོ༔ རྫོགས་སངས་རྒྱས་དང་དམ་པའི་ཆོས༔ འཕགས་པའི་དགེ་འདུན་རྩ་བ་གསུམ༔ ཁྱད་པར་སྤྱན་རས་གཟིགས་དབང་ལ༔ ཉ་གྲོག་ལ་སོགས་མཁའ་ཁྱབ་འགྲོ༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ ཁྱེད་ཤེས་བློ་ཡིས་སྐྱབས་སུ་མཆི༔ ཞེས་དང་སེམས་བསྐྱེད་སྡོམ་པ་ནི༔ ཉེས་པ་བཤགས་ཤིང་བླང་བའི་ཕྱིར༔ ཚིག་འདིས་ཡང་ཡང་གསལ་གདབ་བྱ༔ ཧོ༔ བདག་གིས་ཀུན་རྫོབ་བྱང་ཆུབ་སེམས༔ བླངས་ལས་འགལ་བའི་ཉེས་ལྟུང་རྣམས༔ ཚོགས་ཞིང་རྣམས་དང་ཁྱད་པར་དུ༔ རྩ་ལྟུང་སྦྱོང་བར་ཞལ་བཞེས་པ༔ འཕགས་པ་ནམ་མཁའི་སྙིང་པོ་ལ༔ སྙིང་ནས་བཤགས་སོ་དག་མཛད་གསོལ༔ སླར་ཡང་མཁའ་ཁྱབ་སེམས་ཅན་རྣམས༔ སངས་རྒྱས་ཐོབ་ཕྱིར་ཕར་ཕྱིན་དྲུག༔ རྒྱུན་དུ་སྤྱོད་པར་སེམས་བསྐྱེད་དོ༔ བརྒྱ་འམ་ཉེར་གཅིག་གྲངས་མང་བྱ༔ དེ་ནི་སྦྱོར་བའི་ཆོས་གསུམ་མོ༔ གཉིས་པ་དངོས་གཞིར་སྦྱིན་པའི་རྫས༔ རིགས་ལྔར་བསྐྱེད་དེ་བྱིན་གྱིས་བརླབས༔ རྫས་རྣམས་སྟེགས་བུའི་ཁ་རུ་བཞག༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ རང་མདུན་ཉ་གྲོག་གསོ་བའི་རྫས༔ སྟོང་པའི་ངང་ལས་ཐིག་ལེ་ལྔ༔ དབུས་མཐིང་ཨོཾ་དང་མཱུཾ་གཉིས་འབྲེལ༔ ཤར་དཀར་ཧཱུྃ་དང་ལཱཾ་ཡིག་འབྲེལ༔ ལྷོ་སེར་ཏྲཾ་དང་མཱཾ་ཡིག་འབྲེལ༔ ནུབ་དམར་ཨཱཾ་དང་པཱཾ་ཡིག་འབྲེལ༔ བྱང་དུ་ཨཱ་དང་ཏཱཾ་ཡིག་འབྲེལ༔ རང་རང་འོད་ཀྱིས་ཕྱོགས་བཅུ་ནས༔ རྒྱལ་བ་སྲས་བཅས་ཐུགས་རྒྱུད་བསྐུལ༔ དེ་རྣམས་སྐུ་ཡི་གནས་ལྔ་ནས༔ འོད་ཟེར་དཀར་དམར་མཐིང་ལྗང་སེར༔ བདུད་རྩིའི་རྒྱུན་དང་བཅས་པ་བབས༔ རྫས་ལ་ཐིམ་པ་ཡོངས་གྱུར་ལས༔ དབུས་སུ་རྣམ་སྣང་དབྱིངས་ཕྱུག་མཐིང་༔ འཁོར་ལོ་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་སྐུ་ཡི་བྱིན་རླབས་རྫོགས༔ ཤར་དུ་རྡོར་སེམས་སྤྱན་མ་དཀར༔ རྡོ་རྗེ་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་ཐུགས་ཀྱི་བྱིན་རླབས་རྫོགས༔ ལྷོ་རུ་རིན་འབྱུང་མ་ཀི་སེར༔ རིན་ཆེན་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་ཡོན་ཏན་བྱིན་རླབས་རྫོགས༔ ནུབ་ཏུ་སྣང་མཐའ་གོས་དཀར་དམར༔ པདྨ་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་གསུང་གི་བྱིན་རླབས་རྫོགས༔ བྱང་དུ་དོན་གྲུབ་སྒྲོལ་མ་ལྗང་༔ རྒྱ་གྲམ་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་ཕྲིན་ལས་བྱིན་རླབས་རྫོགས༔ རང་རང་རིགས་ཀྱི་འཁོར་དང་བཅས༔ ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན༔ སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ ཐུགས་ཀར་རང་རང་ཐུགས་སྲོག་གསལ༔ རང་ཉིད་སྤྱན་རས་གཟིགས་དབང་པོ༔ གངས་ཀྱི་རི་བོ་ལྟ་བུར་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར༔ སྣང་བ་མཐའ་ཡས་དབུ་རྒྱན་ཅན༔ པད་ཟླའི་གདན་ལ་ལོངས་སྐུའི་ཆས༔ བཞེངས་སྟབས་ཐུགས་ཀར་ཟླ་གདན་དབུས༔ ཧྲཱིཿམཐར་ཡིག་དྲུག་ཕྲེང་བས་བསྐོར༔ རང་རང་སྔགས་ཀྱི་ཡི་གེ་ལས༔ འོད་ཟེར་དཀར་པོའི་བ་ཐག་ཕྲེང་༔ བདེ་གཤེགས་རིགས་ལྔའི་ཐུགས་ཀར་ཕོག༔ ཐུགས་སྲོག་ཟླ་བའི་དབུས་གནས་པའི༔ མཐའ་མར་རང་སྔགས་གཡས་སུ་འཁོར༔ ཕྱི་སྣོད་རིགས་ལྔའི་ཞིང་ཁམས་ལ༔ ནང་བཅུད་འགྲོ་ཀུན་རིགས་ལྔའི་ལྷ༔ སྒྲ་གྲག་སྔགས་ཀྱི་རང་སྒྲར་བསམ༔ ཁྱད་པར་ཕྱེ་འཕུར་རྡུལ་ཕྲ་རབ༔ ཀུན་ཀྱང་རིགས་ལྔའི་རོལ་པར་དམིགས༔ སྔགས་འདི་ཞག་གཅིག་ཅི་ནུས་པར༔ སྨྲ་བ་བཅད་དེ་བཟླ་བ་འམ༔ ཡང་ན་སྟོང་རྩ་ཙམ་ཡང་རུང་༔ དེ་ཚེ་སྒྲུབ་པོས་སྡོམ་ཁྲིམས་བསྲུང་༔ ཤ་ཆང་སྒོག་ཙོང་སྤོང་གལ་ཆེ༔ བཟླ་བྱའི་སྔགས་ནི་འདི་ཡིན་ནོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཛི་ན་ཛིཀ༔ ལཱཾ་ཏེ་ཥ་ར་ཏི༔ ཧཱུྃ་བཛྲ་དྷྲིཀ༔ མཱུཾ་དྷ་ཏི་ཤྭ་རི༔ སྭཱ་རཏྣ་དྷྲིཀ༔ མཾ་མོ་ཧ་ར་ཏི༔ ཨཾ་ཨ་རོ་ལྀཀ༔ པཱཾ་ར་ག་ར་ཏི༔ ཧཱ་པྲཛྙཱ་དྷྲིཀ༔ ཏཱཾ་བཛྲ་ར་ཏི༔ ཞེས་པ་སྔགས་ཕྲེང་ལེགས་སྦྲེལ་ནས༔ བུང་བ་ཚང་འཚོལ་ལྟ་བུར་བཟླ༔ རབ་ནི་ཁྲི་གསུམ་གཅིག་དང་ཕྱེད༔ སྟོང་རྩ་ཙམ་ཡང་རུང་བ་འོ༔ དེ་ལས་ཉུང་ན་དོན་མི་འབྱུང་༔ མཐར་ནི་རིགས་ལྔ་འོད་དུ་ཞུ༔ རྫས་ལ་ཐིམ་པས་ཕྱེ་འཕུར་རྣམས༔ མྱོང་གྲོལ་བདུད་རྩི་ལྟ་བུར་གྱུར༔ དེ་རྗེས་བསྔོ་སྨོན་སྤྱོད་ལམ་བྱ༔ ས་མ་ཡཱ༔ དེ་ནས་ལག་ལེན་དངོས་ཀྱི་དུས༔ ཟླ་བ་དྲུག་པའི་ཚེས་བཞི་ནས༔ བརྒྱད་པའི་བཅུ་དྲུག་བར་དུ་རུང་༔ གཙང་མའི་གོས་བགོ་གསོ་སྦྱོང་བླངས༔ གཙང་སྦྲ་ལྡན་པའི་གང་ཟག་གིས༔ བསམ་པ་སེམས་བསྐྱེད་འབྲལ་མེད་ངང་༔ ཉ་ཚང་ཡོད་པའི་སར་ཕྱིན་ཏེ༔ དེ་ལ་སྙིང་རྗེ་དྲག་པོ་བསྐྱེད༔ རང་ཉིད་འཕགས་པའི་ཏིང་འཛིན་གསལ༔ རྫས་ཀྱང་མྱོང་གྲོལ་འཆི་མེད་སྨན༔ ངན་སོང་སྒྲོལ་ནུས་མཆོག་ཏུ་བསམ༔ དེ་ཚེ་ཕན་ཡོན་ལྡན་པ་ཡིས༔ བདེ་གཤེགས་འོད་དཔག་མེད་པ་ཡི༔ མཚན་ནི་བརྒྱ་འམ་ཉེར་གཅིག་དང་༔ བདེ་གཤེགས་རབ་བདུན་སྨན་གྱི་ལྷ༔ མཆེད་བརྒྱད་རིན་ཆེན་གཙུག་ཏོར་ཅན༔ ཤཱཀྱ་ཐུབ་པ་མི་འཁྲུགས་པའི༔ མཚན་དང་ཡིག་དྲུག་ཀཾ་ཀ་ནི༔ གཟུངས་སྔགས་ཕན་ཡོན་གང་ཆེ་བརྗོད༔ དུང་ངམ་གཎྜིའི་སྒྲ་ཡིས་འབོད༔ དབྱངས་སྙན་ངག་གིས་ཚིག་འདི་བརྗོད༔ ཨེ་མ་ཧོ༔ འཕགས་པ་སྤྱན་རས་གཟིགས་དབང་གིས༔ ལས་ངན་དབང་གྱུར་རྒྱ་མཚོའི་ཀློང་༔ ཆོས་སྒྲ་མི་ཐོས་ཆུ་གནས་ཉ༔ ལུས་ངན་སྡུག་བསྔལ་ལྡན་པ་ལ༔ བརྩེ་བའི་ཐུགས་ཀྱིས་མ་བཟོད་ནས༔ ཆོས་དང་ཟང་ཟིང་སྦྱིན་གཏོང་དུ༔ ཕྲིན་ལས་སྤྲུལ་པ་བདག་ཉིད་བསྔགས༔ དེ་ཕྱིར་དམ་རྫས་འདི་གསོལ་ལ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འདོང་༔ འགྲོ་ལ་གནོད་སྤོངས་ཕན་སེམས་སྒོམས༔ སྒྱུ་མའི་ལུས་འདི་ཞིག་མ་ཐག༔ པོ་ཊ་ལ་རུ་འཕགས་པའི་དྲུང་༔ གདམས་ངག་ཞུས་ལ་ལུས་རྟེན་དོར༔ ས་བཅུའི་མཐའ་རུ་ཕྱིན་པར་སྨོན༔ དེ་བཞིན་རྒྱལ་བ་སྲས་བཅས་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་མཐུས༔ ཐོགས་མེད་མྱུར་དུ་འགྲུབ་པར་ཤོག༔ ཅེས་དང་བཟང་པོ་སྤྱོད་པ་སོགས༔ སྨོན་ལམ་རྒྱ་ཆེར་གདབ་པར་བྱ༔ དེ་བཞིན་རྒྱ་གྲོག་ཚང་དུ་ཕྱིན༔ དེ་ལ་སྙིང་རྗེ་དྲག་པོ་བསྐྱེད༔ མཚན་བརྗོད་ལ་སོགས་སྔར་ལྟར་ལ༔ ལས་ངན་དབང་གྱུར་གཅོང་རོང་དུ༔ སྲོག་ཆགས་མིག་མེད་གྲོག་མར་སྐྱེས༔ ཞེས་པ་ལྟ་བུའི་ཁ་བསྒྱུར་བྱ༔ ས་མ་ཡཱ༔ རྗེས་ལ་ཕན་ཡོན་བསྟན་པ་ནི༔ དགའ་བ་བསྒོམ་དང་བསྔོ་བ་བྱ༔ བསྲུང་བྱའི་དམ་ཚིག་བཤད་པ་འོ༔ འདི་ཡི་ཕན་ཡོན་མཐའ་ཡས་ཏེ༔ འགྲོ་བ་ཕྱུག་དབུལ་འབུམ་ཕྲག་ལ༔ བཟའ་བཏུང་སྟོན་མོ་བྱིན་པ་ལས༔ འཕགས་པའི་དགེ་འདུན་ཚུལ་ལྡན་ལ༔ ཉིན་གཅིག་འཚོ་བ་སྦྱར་བ་ལྷག༔ ཚུལ་འཆལ་དཀོར་རྔམ་འབུམ་ཕྲག་ལ༔ ཡོན་དང་སྟོན་མོ་སྦྱར་བ་ལས༔ ཉམ་ཐག་ཉ་གྲོག་ཁྲི་ཕྲག་ལ༔ ལན་གསུམ་སྦྱིན་གཏོང་བསོད་ནམས་ཆེ༔ ཚེ་གེགས་ཡོད་པའི་མི་ལ་ནི༔ ཁྱེད་ལ་སྦྱིན་གཏོང་བགྱིས་པའི་མཐུས༔ སྦྱིན་བདག་མིང་འདི་ཞེས་བགྱི་བའི༔ སྨེ་བ་སྤར་ཁ་རྩུབ་པ་ཟློག༔ དུས་མིན་འཆི་བའི་ཚེ་གེགས་སོལ༔ གེགས་ཆེན་ཆུ་བོའི་ཀློང་དུ་བསྒྱུར༔ གེགས་ཕྲན་གཅོང་རོང་གཡང་སར་བསྒྱུར༔ ཕྱི་མ་སྦྱིན་ཡུལ་སྦྱིན་བདག་ཀུན༔ པོ་ཊ་ལ་རུ་འཚང་རྒྱ་ཤོག༔ ཅེས་བརྗོད་བདག་གི་ལུས་རྟེན་འདིར༔ ཚོང་དང་གཡོ་སྒྱུས་གཞན་མགོ་བསྐོར༔ ནོར་རྫས་དགྲ་གཉེན་ཕྱོགས་སུ་ཤོར༔ ཆུད་ཟོས་དོན་མེད་ཁོ་ནར་ཟད༔ དེ་རིང་ལན་ལ་མི་རེ་བའི༔ སྦྱིན་གཏོང་བགྱིས་ལ་ཅིས་མི་དགའ༔ སྙམ་དུ་ཡང་ཡང་བསྒོམ་པར་བྱ༔ བདག་གི་དགེ་བའི་རྩ་བ་འདིས༔ ཚེ་རབས་བུ་ལོན་བྱང་གྱུར་ཅིག༔ རྐུ་འཕྲོག་དཀོར་འབགས་རྣམ་སྨིན་བྱང་༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ནས༔ ཚེ་འདིར་བྱང་ཆུབ་མྱུར་ཐོབ་ཤོག༔ བདག་ཉིད་གཅིག་པུ་མ་ཡིན་པ༔ དགེ་རྩ་མཁའ་ཁྱབ་འགྲོ་ལ་བསྔོ༔ ཀུན་ཀྱང་རྒྱུ་རྐྱེན་དེར་བརྟེན་ནས༔ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག༔ གུ་ཧྱ༔ བསྲུང་བྱའི་དམ་ཚིག་བསྟན་པ་ནི༔ རབ་ནི་རང་ཉིད་ཇི་སྲིད་འཚོ༔ བར་དུ་སྦྱིན་གཏོང་ལོ་ལྟར་དང་༔ འབྲིང་ནི་ལོ་བདུན་ཅུ་ཙམ་ལ༔ བརྒྱུད་མར་བྱེད་དང་ཐ་མ་འང་༔ ལོ་གསུམ་བགྱིད་པའི་དམ་བཅའ་བརྩོན༔ རྒྱུན་དུ་སྲོག་ཆགས་མཐའ་དག་དང་༔ ཉ་དང་གྲོག་སྦུར་ཉམ་ཐག་རྣམས༔ མཐོང་ངམ་གཞན་གྱིས་བསད་པ་ཐོས༔ འདི་ན་འདི་འདྲ་ཡོད་དོ་ཞེས༔ དྲན་ཚེ་མ་ཎི་མཚན་བརྗོད་སོགས༔ ཡང་ཡང་བྱ་ཞིང་དགེ་རྩ་དེས༔ འགྲོ་ལ་ཕན་ཅིང་ཁྱད་པར་དུ༔ ཉ་གྲོག་ལུས་ངན་དེ་བོར་ནས༔ བྱང་ཆུབ་ཐོབ་པར་སྨོན་ལམ་གདབ༔ ལག་ཏུ་ལོན་ཚེ་དགེ་བ་གསོ༔ སྡིག་སྦྱོང་གཙང་སྦྲ་ཡང་དག་བྱ༔ བསམ་པ་བྱང་ཆུབ་སེམས་གཉིས་ལ༔ ནན་ཏན་བགྱིད་པ་ཐ་ཚིག་གོ༔ ས་མ་ཡཱ༔ ཡང་ཟབ་སྒྲོལ་མའི་ཆ་ལག་ཏུ༔ ཉ་གྲོག་གསོ་བའི་གདམས་པ་འདི༔ ལག་ཏུ་བླང་བ་ཙམ་གྱིས་ཀྱང་༔ ཚེ་གེགས་ཞི་ཞིང་ཚོགས་གཉིས་རྫོགས༔ སྔོན་ཚེ་རྒྱ་གར་འཕགས་ཡུལ་དུ༔ བྲམ་ཟེ་དབུལ་མོའི་ཚོགས་རྫོགས་ཕྱིར༔ བདག་ཉིད་ཨོ་རྒྱན་མཁན་པོ་ཡིས༔ འཕགས་པ་སྤྱན་རས་གཟིགས་དབང་ལ༔ ཏིང་འཛིན་ངང་ནས་ལུང་ཡང་ཞུས༔ བལ་ཡུལ་དུ་འང་དར་བར་བྱས༔ ད་ལྟ་ཨ་ཙར་ས་ལེ་ལ༔ གདམས་ཏེ་རྗེ་འབངས་སྙིང་ལ་ཆོངས༔ དུས་བབས་བསྐལ་པའི་ཐ་མ་ཡི༔ བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་དུ༔ གདམས་ཟབ་འདི་དང་འཕྲད་པར་ཤོག༔ ཅེས་པའང་སྐལ་ལྡན་གྱི་སློབ་མ་ཆོས་འདིར་མོས་ཤིང་དབང་བ་རྣམས་ཀྱིས་བསྐུལ་ངོར་བདག་འདྲ་ལུང་རིག་མིང་གིས་རང་བྱུང་རིག་པའི་སྒྲོམ་ནས་སྤེལ་བ་དུས་ཀུན་དགེ་བའི་རྒྱུར་གྱུར་ཅིག༔ དགེའོ།། དགེའོ། དགེའོ།།