གཏེར་ཁ་གོང་འོག་རྣམ་ཐར།
གཏེར་ཁ་གོང་འོག་གི་སྐྱེས་རབས་རྣམ་ཐར་བསྡུས་པའོ། །ན་མོ་གུ་རུ་མཉྫའི་ཡེ། །འཇམ་དཔལ་སྤྲུལ་པ་སར་གནས་བྱང་ཆུབ་སེམས། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། །སྤྲུལ་པ་གཏེར་སྟོན་མངའ་བདག་ཡབ་སྲས་ཀྱི། །སྐྱེས་རབས་རྣམ་ཐར་མདོར་བསྡུས་འདི་ལྟ་སྟེ། །རྒྱ་གར་བྷ་ག་ལ་ཡི་ལྷོ་ཕྱོགས་སུ། །རྒྱལ་པོ་ཆོས་ལྡན་བྱ་བར་སྐྱེས་པའི་ཚེ། །རབ་ཏུ་བྱུང་སྟེ་དགེ་འདུན་སྟོང་ཚོ་སྐྱོང་། །གསང་འདུས་ལ་སོགས་གསང་སྔགས་རྒྱུད་སྡེ་ཉན། །འོད་མའི་ཚལ་དུ་ཐུགས་ཆེན་ལོ་དྲུག་བསྒྲུབ། །ཕྱག་སྟོང་ཞལ་གཟིགས་ལུང་བསྟན་ཐོབ་གྱུར་པས། །སྲས་དང་འཁོར་འབངས་ཐུགས་རྗེའི་བསྟན་ལ་བཙུད། །ཐུགས་རྗེ་ཆེན་པོའི་གཙུག་ལག་ཁང་བཞེངས་ནས། །སུམ་འབུམ་རྩ་གཅིག་ཐུགས་རྗེའི་བསྟན་ལ་བཙུད། །དེ་ནས་མཐའ་ཁོབ་གར་པ་ཟངས་གླིང་དུ། །རྒྱལ་བུ་སོ་ལ་གར་པར་བྱ་བར་སྐྱེས། །ཡུལ་གྱི་ལྟད་མོ་ལྟ་རུ་བྱོན་ཙམ་ན། །སྒྱུ་མ་མཁན་གྱི་སྒྱུ་མའི་ལོངས་སྤྱོད་མཐོང་། །དེ་ལ་ཆགས་པས་སྒྱུ་མ་བསླབས་པས་ཤེས། །སླར་ཡང་སྒྱུ་མ་སེམས་སུ་ངོ་སྤྱད་པས། །སྒྱུ་མ་ལྟ་བུའི་ཏིང་འཛིན་རང་དབང་ཐོབ། །འཇམ་དཔལ་ཞལ་མཐོང་སྒྱུ་མ་མངོན་
བྱུང་གིས། །རྒྱུད་གསུངས་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་བཞེངས། །སྒྱུ་མའི་དོན་བསྟན་ལྔ་འབུམ་བདེ་ལ་བཀོད། ༢ །དེ་ནས་ལྷོ་ཕྱོགས་ཨར་པ་གླིང་དུ། །རྒྱལ་བུ་ཨུ་བྷི་ས་འཛིན་བྱ་བར་སྐྱེས། །རབ་བྱུང་འཁོར་ནི་དགེ་འདུན་ཉིས་སྟོང་ལྷག །ཕྱག་རྡོར་ཁྲོ་བཅུའི་ཞལ་ནས་གདམས་པ་གསུངས། །འཇམ་དཔལ་བཤེས་གཉེན་མཇལ་ཏེ་ཨ་ཏི་ཉན། །དགེ་འདུན་ཕལ་ཆེར་རྡོ་རྗེ་ཐེག་པར་བཀོད། །ཞི་ཁྲོ་ལ་སོགས་གཙུག་ལག་ཁང་བཞི་བཞེངས། །སྒྱུ་འཕྲུལ་སྒྲུབ་ཆེན་བྱས་ནས་འཁོར་ཚོམ་བུ། །འབུམ་ཕྲག་བདུན་ནི་བདེ་ཆེན་ས་ལ་བཀོད་། ༣ །དེ་ནས་ཤོང་ཁམས་ཕམ་མཐིང་གཙུག་ལག་ཏུ། །རྒྱལ་བུ་དྷརྨ་ར་ཙ་བྱ་བར་སྐྱེས། །རྒྱལ་སྲིད་སྐྱོང་ཞིང་བུ་མོ་མུ་ཏིག་ལ། །བྱས་པའི་སྐྱེས་ལེན་གཙུག་ལག་ཁང་བཞེངས་པའི། །རབ་གནས་སློབ་དཔོན་ཟླ་བ་གྲགས་པས་བྱས། །དེ་ཡི་དྲུང་དུ་དབུ་ཚད་མཁས་པར་སྦྱངས། །ཕག་མོ་དངོས་མཇལ་རྒྱུད་དང་གདམས་པ་གསུངས། །ཡང་ལེ་ཤོད་དུ་བསྒྲུབས་པས་གྲུབ་པ་བརྙེས། །འཁོར་ཚོགས་ཚོམ་བུ་དང་བཅས་བདེ་ལ་བཀོད། ༤ །དེ་ནས་སིང་ག་ལ་ཡི་གནས་སུ་ནི། །རྒྱལ་བུ་ཨ་དར་ཕ་ལ་ཞེས་བྱར་སྐྱེས། །ཆོས་ཁྲིམས་
དགེ་ཚོགས་སྒྲུབ་པའི་ཁྲིམས་བཅས་ཏེ། །སྟོང་ཕྲག་གཉིས་ནི་དྲི་མ་སྦྱང་དུ་བཅུག །སྟོང་ནི་ཡོ་ག་གསུམ་ལ་སྦྱང་དུ་བཅུག །ཁྲི་ནི་མཚན་ཉིད་སྡེ་གསུམ་སྦྱང་དུ་བཅུག །ཐུགས་རྗེའི་ལྷ་ཁང་མཆོད་རྟེན་བརྒྱ་རྩ་བརྒྱད། །དུས་གསུམ་སངས་རྒྱས་གསེར་སྐུ་བཞེངས་མཛད་ནས། །ཡུལ་གྲུ་ཆེན་པོ་ལྔ་ནི་བདེ་ལ་བཀོད། ༥ །དེ་ནས་མདོ་སྨད་གཙོང་ཀའི་སྒོ་ལྔའི་མཐིལ། །ཨེ་སྣང་འོད་སྐྱེས་བྱ་བར་སྐྱེས་པ་ན། །ནོར་མང་ཁྱེར་ཏེ་བོད་ཡུལ་དབུས་སུ་བྱོན། །ལོ་ཆེན་རིན་བཟང་མཇལ་ཏེ་རབ་ཏུ་བྱུང་། །སྒྲ་དང་མདོ་སྔགས་སྦྱངས་ནས་ཁམས་སུ་བྱོན། །བཅོ་བརྒྱད་ལོ་ལ་བསྒྲུབས་པས་ཡང་དག་མཇལ། །ཕ་སྤུན་རྣམས་ཀྱིས་ཡུལ་གཞིས་བཅུ་དྲུག་འཕྲོག །གཤིན་རྗེའི་འཁོར་ལོ་བསྐོར་ནས་ཟླ་གསུམ་ནང་། །དགྲ་ཡ་བརྒྱ་དང་སུམ་ཅུ་ཐམ་པ་ཤི། །སྦྱངས་སྒྲུབ་ལྷ་ཁང་བཞེངས་ནས་ལོ་བསྒྲུབས་བྱས། །ཤི་ཚད་སྒོ་ཁྱི་ཡན་ལ་རིང་བསྲེལ་བྱུང་། །ཆོས་འཁོར་བཅུ་གསུམ་སྐོར་ནས་འཁོར་ཚོགས་ནི། །བཞི་ཁྲི་བདེ་བའི་ལམ་ལ་བཀོད་པའོ། ༦ །དེ་ནས་ལ་སྟོད་པུ་རང་གྲུ་སྒ་རུ། །བསོད་ནམས་རིན་ཆེན་འབྱུང་ཞེས་བྱ་བར་སྐྱེས། །ཟུར་ཆེན་ཤཱཀ་འབྱུང་དམ་པ་རྒྱ་གར་ལ། །ཞི་བྱེད་
རྫོགས་ཆེན་ལ་སོགས་མང་དུ་གསན། །གྲྭ་པ་བརྒྱད་ཅུ་ཁྲིད་ཞུས་སུམ་བརྒྱ་བྱུང་། །རྟ་མགྲིན་ཞི་ཁྲོའི་མཆོད་རྟེན་ལ་སོགས་བཞེངས། །བསྙེན་སྒྲུབ་དཔག་མེད་འཁོར་མང་བདེ་ལ་བཀོད། ༧ །དེ་ནས་མི་ཡུལ་སྡེ་བཙུགས་གཙུག་ལག་ཏུ། །བྲམ་ཟེ་དྷ་རི་བྷེ་ཞེས་བྱ་བར་སྐྱེས། །སྒྱུ་མའི་དམག་གིས་དམ་ཆོས་གདམས་པ་བསྟན། །བསྒོམས་པས་གྲུབ་ཐོབ་རྫུ་འཕྲུལ་སྣ་ཚོགས་བསྟན། །ཐུགས་རྗེའི་ཞལ་མཐོང་ཡིག་འབྲུ་སྒྲུབ་ལུང་གནང་། །ལི་ཡུལ་ཐུགས་རྗེའི་བསྟན་དང་བདེ་ལ་བཀོད། །ཐུགས་རྗེ་ཆེན་པོའི་གཙུག་ལག་བརྒྱ་རྩ་བཞེངས་། །དེ་ནས་རྒྱ་ནག་ཤོ་དྷ་ཀེ་རར་སྐྱེས། །ཡབ་ནི་ཇི་གང་འཕྲུལ་གྱི་རྒྱལ་པོ་ལ། །རྩིས་ཀྱི་རྒྱ་གཞུང་བསླབས་པས་མཁས་པར་གྲགས། །རྒྱ་ས་བཞག་ནས་རི་བོ་རྩེ་ལྔ་རུ། །ཟླ་དྲུག་འཇམ་དབྱངས་བསྒྲུབས་པས་ཞལ་མཐོང་སྟེ། །ལུང་བསྟན་བྷི་མ་མི་ཏྲས་དབང་ལུང་གནང་། །རྒྱ་ཡུལ་ཆོས་གསུངས་འབུམ་ཕྲག་བདེ་ལ་བཀོད། །༩ །དེ་ནས་རྒྱ་ནག་བྱེ་མ་དྷ་ལ་རུ། །རྒྱལ་རིགས་ལྷ་རི་མུ་ཀ་ཤ་རུ་སྐྱེས། །ལྷོ་ཕྱོགས་དཔལ་གྱི་རི་རྩེར་པཎྜི་ཏ། །འབུམ་ཕྲག་གསུམ་པར་དམ་ཆོས་མང་དུ་བསླབས། །ནཱ་རོ་པ་ལ་རྒྱུད་ཞུས་དགྱེས་རྡོར་ཉན། །
ནག་པོ་པ་དང་པཎ་ཆེན་ཟླ་སེང་བསྟེན། །རྣམ་འཇོམས་ཞལ་མཐོང་རྩ་རླུང་ལས་སུ་རུང་། །ལས་རྒྱ་བཅོ་ལྔ་དང་བཅས་སྤྱོད་པར་གཤེགས། །ཨ་ཙ་ར་ཡི་གདམས་ངག་ཟླ་ཆོས་བསྟན། །རྒྱ་གར་དུར་ཁྲོད་བཞི་རུ་བསྒྲུབས་པ་ཡིས། །ཁྲོས་མ་ཞལ་མཐོང་ལུང་བསྟན་ལྷ་ཁང་བཞེངས། །རྣལ་འབྱོར་མང་པོ་གེགས་གསལ་བདེ་ལ་བཀོད། ༡༠ །དེ་ནས་ཟ་ཧོར་སིང་ང་ཡུལ་དུ་སྐྱེས། །ཡབ་ནི་དགའ་ལྡན་གནས་སུ་དངོས་སུ་གཤེགས། །རྒྱལ་ས་བཟུང་ནས་ཕར་ཕྱིན་དྲུག་ལ་བཀོད། །ལྷ་ཁང་སྟོང་བཞེངས་ཐུགས་རྗེའི་སྤྲུལ་པ་འཁྲུངས། །རྒྱལ་ས་གཏད་ལ་ཐུགས་རྗེ་ཆེན་པོ་སྒྲུབ། །འཇམ་དཔལ་ཞལ་མཐོང་རྒྱུད་དང་གདམས་ངག་གསུངས། །མཁས་པར་གྱུར་ནས་ཟ་ཧོར་བདེ་ལ་བཀོད། ༡༡ །དེ་ནས་ཤར་ཕྱོགས་ཏི་སེ་ག་ཏའི་ཡུལ། །རྒྱལ་བུ་པཎ་དྲི་ཞེས་བྱ་བར་སྐྱེས། །ཇོ་བོ་རྗེ་སོགས་བླ་མ་མང་དུ་བསྟེན། །ཐུགས་རྗེ་ཆེན་པོ་ཟླ་དྲུག་བསྒྲུབས་པས་མཇལ། །སྒྲོལ་མ་དམར་མོ་བསྒྲུབས་པས་ཞལ་མཐོང་ཞིང་། །ཟླ་གསུམ་བསྒྲུབས་པས་ཕྱག་རྡོར་ཞལ་དངོས་མཐོང་། །ཕུར་པ་བསྒྲུབས་པས་ཞལ་མཐོང་ཡབ་ཀྱིས་ནི། །སྐུ་རིམ་བྱས་པས་བརྒྱ་དང་བཅུ་གསུམ་
ཐུབ། །མུ་སྟེགས་རྩོད་པ་ངན་སྔགས་ཐམས་ཅད་ཟློག །རྒྱལ་ས་བཟུང་བས་རྒྱལ་བུ་ཉེར་བཞི་བྱུང་། །ཐམས་ཅད་ཇོ་བོ་རྗེ་ལ་རིབ་ཏུ་བྱུང་། །དེ་དག་ཐམས་ཅད་གྲུབ་ཐོབ་ཤ་སྟག་བྱུང་། །དེ་རྗེས་རྒྱལ་བུ་གཙུག་ཏོར་དགུ་པ་འཁྲུངས། །སྲས་མོ་དེ་ཡིས་རྫོགས་ཆེན་ཆོས་རྣམས་གསུངས། །སྦྱིན་བཏང་ལ་སོགས་འགྲོ་དོན་དཔག་མེད་མཛད། ༡༢ །དེ་ནས་ལྷོ་བྲག་གཏམ་ཤུལ་གསེར་མགོན་དུ། །ཉང་རྗེ་ཏིང་འཛིན་བཟང་པོའི་གདུང་རིགས་ནི། །ཆོས་འཁོར་དང་ནི་པདྨ་བས་རྩལ་མའི། །སྲས་སུ་ཤིང་འབྲུག་ལ་འཁྲུངས་སྒྲོལ་མ་དང་། །པད་འབྱུང་མཁའ་འགྲོ་སྡེ་བཞིས་ཆོས་ལ་བསྐུར། །ཆུང་ངུའི་དུས་སུ་ཡབ་ཆོས་འབྲི་ཀློག་མཁན། །དགོང་ལོ་བཅུ་གསུམ་པ་ལ་ཕུར་པ་དང་། །ཐུགས་རྗེ་ཆེན་པོ་འགྲུབ་པས་ཕྱག་ཞབས་རྗེས། །ཟངས་ཀྱི་ཕུར་པས་རྟ་སྐད་འཚེར་བ་བྱུང་། །ཡབ་དང་རྒྱལ་སྲས་ཁ་འབུ་ཡ་ལེ་དང་། །གྲུབ་ཐོབ་དངོས་གྲུབ་ལ་སོགས་ཆོས་རྣམས་གསན། །མཁའ་འགྲོས་རྡོ་རྗེ་རྩེ་ལྔ་འདྲ་བའི་བྲག །གནས་དེར་སོང་གསུངས་སྨྲ་འོར་བྱོན་ནས་བཞུགས། །ཉི་ཤར་ལྟོས་ཤིག་ཟེར་བའི་སྒྲ་ཐོས་བལྟས། །རྣལ་འབྱོར་རས་གོས་རུས་རྒྱན་ཅན་ཞིག་འདུག །ནང་དུ་གདན་
དྲངས་ཚ་བ་ཤ་ཆང་དྲངས། །སྲིན་མོ་སྦར་རྗེས་ཟེར་བའི་བྲག་ལེ་ཡོད། །འཁོན་མཐིང་ལྷ་ཁང་བྱ་བ་ཨེ་ཡོད་ཟེར། །ཡོད་ཞུས་དེ་ན་སློབ་དཔོན་པདྨ་ཡིས། །སྦས་་པའི་གཏེར་ཡོད་ཁྱོད་རང་ཐོན་ཅིག་གསུངས། །ང་ནི་ནམ་མཁའི་རྣལ་འབྱོར་པ། །དབང་ཕྱུག་རྡོ་རྗེ་བྱ་བ་ཡིན། །བུ་ཁྱོད་ལས་དང་སྐལ་པར་ལྡན། །པདྨས་དབང་དང་ལུང་གིས་སྐྱོབས། །གསང་སྔགས་ཟབ་མོའི་ཆོས་རྣམས་ཀུན། །ད་ལྟ་མཁའ་འགྲོའི་ལག་ན་ཡོད། །གསོལ་བ་ཐོབ་ལ་མྱུར་དུ་ལོངས། །ཞེས་གསུངས་ཁ་བྱང་ཡང་བྱང་གནད་ཡིག་གཏད། །ཁོ་བོ་དབྱེ་ཕྱོགས་འགྲོ་གསུངས་སྐྱེལ་ཐུང་བྱས། །དེ་ནས་མི་སྣང་འཇའ་ལྟར་ཡལ་བར་གྱུར། །གཞན་ཡང་གཏེར་སྟོན་གྲྭ་པ་མངོན་ཤེས་ཅན། །རཀཱ་གཏེར་སྟོན་གཉིས་ཀྱིས་ཁ་བྱང་གཏད་།སྲིན་མོའི་སྦྱར་རྗེས་བྲག་ནས་མ་མགོན་དང་། །ཐུགས་རྗེ་ཆེན་པོའི་དམ་རྫས་ལ་སོགས་བཏོན། །མཚོ་རྒྱལ་སྤྲུལ་པས་སྟག་སྒྲོམ་དངོས་སུ་གཏད། །དེ་ནས་མཁའ་འགྲོའི་སྒྲུབ་སྐོར་ལ་སོགས་བྱོན། །མཁོན་འཐིང་ལྷ་ཡི་ཕྱག་མཛུབ་ཆད་པ་དེ། །ཚོང་པས་ཁྱེར་བ་ཕུལ་ནས་གནད་བྱང་བྱུང་། །སྒྲོམ་སྨུག་སྒྲོམ་སྐྱ་གཉིས་ནས་བདེར་འདུས་དང་། །རྟ་
མགྲིན་བཀའ་སྲུང་རྟ་མགྲིན་སྐུ་སོགས་བྱོན། །གཞན་ཡང་མཆིམས་ཕུ་ཤམ་པོ་ལྷ་ས་སོགས། །གཏེར་གནས་བཅུ་གསུམ་གཏེར་སྣ་དཔག་མེད་དེ། །གཏེར་འབྱུང་ཚངས་པས་དྲ་བ་བྱ་བར་གསལ། །རྨི་ལམ་བུ་མོ་བཞི་ཡིས་ལྡེའུ་མིག་གཏད། །གཏེར་སྒོ་ཕྱེས་ལ་སློབ་མ་སྐྱོངས་ཤིག་ཟེར། །པད་འབྱུང་ཞག་བདུན་བསྒྲུབས་པས་དངོས་སུ་མཇལ། །བདེར་འདུས་དཀྱིལ་འཁོར་མངོན་སུམ་སྤྲུལ་མཛད་ནས། །དབང་བསྐུར་རྒྱུད་བཤད་གདམས་པ་མ་ལུས་གནང་། །བདེར་འདུས་སྨན་སྒྲུབ་མཛད་ཚེ་མངོན་སུམ་དུ། །སྨན་གྱི་ལྷ་མོས་ཨ་རུ་ར་ནི་ཕུལ། །མཚོ་རྒྱལ་དངོས་སུ་ཅི་འདོད་གསུང་པ་ལས། །དམ་ཆོས་ཞུས་པས་མཁའ་འགྲོའི་ལུང་བསྟན་སྐོར། །ཞུ་ལན་བརྒྱ་རྩའི་དཔེ་ཆ་དངོས་སུ་གནང་། །བསིལ་བ་ཚལ་དུ་ཁྲིད་པས་ཨོ་རྒྱན་རྗེ། །ཚངས་པ་ལྷ་ཡི་མེ་ཏོག་གླེགས་བམ་གསུངས། །ཀེང་རུས་ཁྲིར་བཞག་གྲུབ་ཆེན་དགུ་པོ་ཡི། །བཀའ་བརྒྱད་སྤྱི་དང་བྱེ་བྲག་དབང་རྫོགས་གནང་། །ཡི་དམ་དབང་འདུས་ཆོས་སྐྱོང་བྲན་དུ་ཁོལ། །ཕྲིན་ལས་ཚད་མེད་རྒྱས་ཤིང་སློབ་མ་ནི། །བྷི་མ་ལ་ཡི་ཐུགས་སྲས་གཉིས་དྲག་རྒྱལ། །དེ་ལ་སྒྲུབ་པ་བཀའ་བརྒྱུད་བཀའ་བབས་སོ། །ཞིག་པོར་
བདུད་རྩིར་ཐུགས་རྗེ་སྲོང་བཙན་ལུགས། །སྲས་པོ་ཆེ་བ་མི་བསྐྱོད་རྡོ་རྗེ་ལ། །ཐུགས་རྗེ་ཆེན་པོ་པད་དཀར་ལུགས་བཀའ་བབས། །སྨན་འོན་པ་ལ་གསང་སྐོར་བཀའ་བབས་ཏེ། །སེ་སྟོན་ཁྲི་མཆོག་བྱིན་རླབས་དབང་བཀའ་བབས། །དེ་ལྔ་བཀའ་བབས་བུ་ཆེན་ལྔ་ཞེས་གྲགས། །སྲས་པོ་ཆུང་བ་སྤྱན་གཟིགས་སྤྲུལ་པ་སྟེ། །མངའ་བདག་འགྲོ་མགོན་ནམ་མཁའ་པ་ཞེས་གྲགས། །དེ་ལ་ཡོངས་རྫོགས་བཀའ་བབས་གཏེར་རྣམས་གཏད། །གདན་སར་བཀོས་ནས་ཞལ་གདམས་རྫུ་འཕྲུལ་བསྟན། །རེ་དགུའི་ལོ་ལ་གཤེགས་ཚེ་འདས་མ་ཐག །གདུང་གིས་ཐུགས་ཀར་ཧཱི༔ཡིག་དཀར་པོ་ཞིག །བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་གྱུར། །ཞིང་དེར་བཀོད་པ་ཚད་མེད་ཞིང་འདས་དབུས། །རྨ་བྱ་ཉི་ཟླ་པདྨའི་གདན་སྟེང་དུ། །སྣང་བ་མཐའ་ཡས་པདྨ་སྤྱན་ཆེན་པོ། །རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་འཛིན། །ཐུགས་ཀར་ཧཱུྃདེ་མར་ལ་མར་བཞིན་ཐིམ། །རིག་པ་ཆོས་ཉིད་དབྱིངས་སུ་ཐིམ་གྱུར་ཀྱང་། །སོ་སོར་རྟོག་པའི་གསལ་ཆ་མ་འགག་ཅིང་། །ཕྱོགས་འཛིན་མེད་པར་ཤེས་རབ་ངང་ལ་བཞུགས། །གང་འདུལ་སྤྲུལ་པས་མཁའ་མཉམ་འགྲོ་བ་འདྲེན། །ཁྱད་པར་
སྤྲུལ་སྐུ་རྒྱ་གར་ཤར་ཕྱོགས་སུ། །རྣལ་འབྱོར་པར་གྱུར་བཀོད་པ་སྣ་ཚོགས་སྟོན། །གསུང་སྤྲུལ་གུ་རུ་ཆོས་དབང་གཏེར་ལ་སྤྱོད། །ཐུགས་སྤྲུལ་མ་གྲོ་མཚོ་དང་ཉེ་བའི་སར། །ཌའི་བུདྡྷ་ཛྷཱ་ནའི་སྲས་གྱུར་ནས། །ཉི་ཤུ་རྩ་བཞིའི་ཡུལ་དུ་སྤྱོད་པ་མཛད། །སྤྲུལ་པ་དེ་གསུམ་དུས་ཤིག་འབྱུང་བ་སྟེ། །ཡན་ལག་སྤྲུལ་པ་སྟོང་ཕྲག་དྲུག་སྟོང་འགྱེད། །དེ་ལས་གྱེས་པའི་སྤྲུལ་པ་སྟོང་ཕྲག་ནི། །ཁྲི་འབུམ་ཡལ་ཡོལ་འགྲོ་དོན་མཛད་པར་གསུངས། །ཚིག་ལོའི་གདུང་བཞུས་མེ་སྦར་མ་ནུས་ཚེ། །རང་བྱུང་མེ་འབར་མེ་ལས་འཇའ་ཚོན་བྱུང་། །ནུབ་ཕྱོགས་ཟུག་ཅིང་འཇའ་ཚོན་དཀར་པོ་ཞིག །ལྷ་སའི་བཅུ་གཅིག་ཞལ་གྱི་ཐུགས་ཀ་དང་། །གདུང་ཁང་གཉིས་པོ་འབྲེལ་བར་ཟུག་པ་མཐོང་། །གདུང་ཁང་ཁྱེའུ་ལོ་བརྒྱད་རྒྱན་ལྡན་ཞིག །ཧ་རི་ནི་ས་སྒྲོག་ཅིང་མཁའ་འགྲོས་བསྐོར། །དེ་འདྲ་ཀུན་གྱིས་ཡོངས་སུ་མཐོང་བ་དང་། །ཐུགས་ལྗགས་དབུ་སྐྲ་མ་ཚིག་རིང་བསྲེལ་མང་། །དེ་ནས་སྲས་པོ་ཁྲི་པས་སྐུ་ཡི་རྟེན་། །རིགས་གསུམ་མགོན་པོ་མི་ཚད་བལ་ཡུལ་དུ། །བཞེངས་ནས་སྤྱན་དྲངས་གསུང་རྟེན་མདོ་མང་དང་། །གསར་རྙིང་རྒྱུད་འབུམ་བཞེངས་ཤིང་ཐུགས་རྟེན་ནི། །གདུང་འབུམ་
མཐོང་གྲོལ་བཞེངས་པའི་རབ་གནས་ལ། །པཎ་ཆེན་ཤཱཀ་ཤྲཱི་སྤྱན་དྲངས་ཆོས་འཁོར་བཙུགས། །གཙུག་ཕུད་ཕུལ་ནས་རབ་བྱུང་ཞུས་པ་ཡི། །ཕྲིན་ལས་འདི་ཀ་ཆེ་གསུངས་མ་གནང་ངོ་། །ཡོན་ཏན་རྟེན་ལ་ར་རིས་ཐོག་ཚད་མ། །བརྒྱ་དང་བརྒྱད་བཞེངས་ཕྲིན་ལས་རྟེན་ལ་ནི། །རྡོ་རྣམས་ཤམ་པོའི་གང་ནས་ལུག་ཁྱུ་ལྟར། །ནམ་མཁར་དེད་ནས་ལྷ་སར་ཆུ་རིག་བརྩིགས། །མངའ་བདག་འགྲོ་མགོན་འདི་པ་ཤཱཀྱ་ཤིས། །སྤྱན་རས་གཟིགས་ཀྱི་སྤྲུལ་པར་ལུང་བསྟན་མཛད། །གུ་རུ་ཆོས་དབང་ལ་སོགས་སློབ་མ་མང་། །གདུང་རྒྱུད་རིགས་གསུམ་སྤྲུལ་པར་ལུང་བསྟན་མཛད། །དེ་ཡི་སྲས་མོ་མངའ་བདག་བློ་ལྡན་ནི། །འཇམ་དབྱངས་སྤྲུལ་པར་ངེས་ཤིང་དེ་ཡི་སྲས། །མངའ་བདག་བདུད་འདུལ་གསང་བདག་སྤྲུལ་པ་སྟེ། །མི་རབས་བརྒྱད་དུ་ཕ་རྗེས་བུ་སླེབས་གསུངས། །།གཏེར་ཁ་འོག་མ་གུ་རུ་ཆོས་དབང་ནི། །སྔོན་ཚེ་སྙག་བོན་རྙ་རིང་ཞེས་བྱ་བའི། །རྒྱལ་པོ་ཁྲི་སྲོང་ཐོག་གིས་གསོད་ཅེས་ཟེར། །དེ་ཚེ་པད་འབྱུང་བི་མ་བེ་རོ་ཡི། །སློབ་མ་སྔགས་པ་སང་རྗེ་བཙན་ཁྲོམ་དེས། །རྒྱལ་པོའི་མཁར་རྩེར་ང་ཡི་གདན་ཤོམ་ཟེར། །ཁྲི་བཤམས་བཞུགས་པས་སང་
ཉིན་ཉིན་ཕྱེད་ལ། །དུས་གཅིག་ཐོག་ལྔ་བརྒྱབ་བྱུང་སྡིགས་མཛུབ་ཀྱིས། །བླངས་ཏེ་བོན་པོའི་གྲོང་ལ་རྒྱབ་པས་བརླགས། །རྒྱལ་པོས་ཡུལ་ཁང་བདུན་དང་ཁྱད་ནོར་ཕུལ། །དེ་ཡི་སྲས་པོ་རིག་འཛིན་སྙིང་པོ་ནི། །ཡ་འདུལ་ལྷ་ཁང་རྣམས་ཀྱི་མཆོད་གཉེར་མཛད། །མཁོན་མཐིང་ལྷ་ཁང་མཆོད་དུ་བྱོན་པའི་ཚེ། །དཔོན་ཆེན་སྦྱང་པས་བྱ་རྒྱལ་ལྷ་ཁང་གིས། །ས་འདུལ་རབ་གནས་ཞུས་ནས་ནོར་གཞིས་ཕུལ། །ཚེ་རབས་སྔ་མའི་ཡུལ་ཡིན་གསུངས་ནས་བཞུགས། །དེ་ནས་བཟུང་སྟེ་སྔགས་རྒྱུད་ནུས་ལྡན་ནི། །བར་མ་ཆད་དུ་བྱོན་པའི་གདུང་རྒྱུད་དེ་། །པད་སྟོང་ཉེར་དྲུག་དེ་ཡི་ཇོ་མོ་འདས། །སླར་ལ་ལེན་པར་བསྒྲོས་ཚེ་རྨི་ལམ་དུ། །ཌཱ་ཀི་སྲིང་མོའི་གཟུགས་སྤྲུལ་ལུང་བསྟན་པ། །མཁའ་འགྲོ་གར་གྱི་དབང་མོ་མ་ཇོ་གྱིས་ཤིག་ཟེར་། །དེ་སུ་ཡིན་བྱས་པས། འཁྲུལ་པ་ནུབ་ཕྱོགས་རི་འདབ་ན། །འགྲོ་འདུལ་འཁོར་བའི་ཆ་ལུགས་འཛིན། །བུད་མེད་དཀར་མོ་སྙིང་ཁ་ན། །ཡི་གེ་ཧེ་ཡི་རབ་ཏུ་མཚན། །དེ་ཉིད་བསྟེན་གྱུར་ཉི་མ་འཆར། །བདག་ནི་ཏཱ་རེ་ཏུཏྟ་རེ། །ལུང་ལ་ཐེ་ཚོམ་ཁྱོད་མ་ཟ། །ཟེར་ནས་སངས་རྒྱས་འོད་སྲུང་བྱམས་པ་གཉིས། །ཆོས་བགྲོའི་བར་དུ་ཤད་ཀྱིས་སོང་བ་
རྨིས། །དེ་ནས་འཕུར་ཆེན་འཕུར་ཆུང་ལ་སོགས་པ། །འཕུར་ནུབ་གྲུབ་ཐོབ་རྒྱུན་དུ་འཁྲུངས་པ་ཡི། །དཀར་ཟ་མགོན་སྐྱིད་བླངས་པས་ཡུལ་དེ་ཡི། །རྨི་ལམ་ཉི་ཟླ་།ཁ་སྦྱོར་སྤྱི་བོར་ཐིམ། །ལྷ་ཡི་བདུད་རྩི་བླུད་ཅིང་མི་དཀར་པོ། །མདའ་དར་གཏད་ཅིང་འདི་སྐད་ཟེར་བ་རྨིས། །འཇིག་རྟེན་པད་མགོན་བསྐྱེད་བྱེད་མ། །ཉི་ཟླའི་དབང་པོ་ཁྱོད་ལ་ཡོད། །འོད་ནི་མུན་པའི་སྨག་རུམ་འདྲ། །ཡེ་ཤེས་སྒྲོན་མར་ད་ཐེག་ཞིག །ཡུམ་གྱི་ནད་ཞི་ལྷུམ་ནས་ཨ་ཡིག་གསུངས། །སྤྲེལ་ལོར་མཚན་བརྗོད་གསེར་གྱིས་བྲི་བ་ཡི། །ཚིག་མཚམས་ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཟེར་བ་ཕྱ་པས་ཆོས་ཀྱི་དབང་ཕྱུག་བཏགས། །ཡུམ་གྱིས་ལོ་དགུ་ལོན་དུས་མ་མ་ཞིག །ཁྱོད་ལ་བུ་གཅིག་སྐྱེ་བ་དེ་ཡི་མིང་། །འཇམ་དཔལ་མཚན་བརྗོད་ལ་ནི་གྲས་པ་ཐོགས། །གསུངས་པ་ཡིན་ཟེར་འཇམ་དཔལ་རྡོ་རྗེ་བཏགས། །མི་མཐོང་པས་ནི་ལྷ་འདྲེ་ཐམས་ཅད་ཀྱིས། །མཆོད་ཅིང་འདུག་ཟེར་འཇིག་རྟེན་དབང་ཕྱུག་བཏགས། །སྔོན་ཚེ་ཡབ་ཀྱིས་སངས་རྒྱས་རྟ་མགྲིན་བསྒོམས། །བདག་གིས་རབ་བྱུང་བྱ་ཞེས་ཞུས་པ་ལ། །ཁྱིམ་པ་གྱིས་དང་བྱང་ཆུབ་སེམས་དཔའ་ཡི། །གདུང་རྒྱུད་མི་
འཆད་དགེ་སློང་སྡེ་བརྒྱ་ལས། །བྱང་སེམས་གཅིག་གི་འགྲོ་དོན་ཆེའོ་གསུངས། །རིགས་གསུམ་མགོན་པོ་ཕུར་པའི་རྒྱུད་ཞུས་ཚེ། །ཁྱོད་ཀྱི་བུ་ལ་ཕྲིན་ལས་འབྱུང་ངོ་གསུངས། །ཞིང་གི་དགེ་བས་ལྷོ་ན་ཁྱོད་ལ་ནི། །རང་དང་འདྲ་བས་བུ་ཞིག་འོང་ངོ་གསུངས། །དེ་ནི་གྲྭ་པ་མངོན་ཤེས་ཅན་གྱིས་ཀྱང་། །ཟབ་མོ་ཐུགས་ཀྱི་གཏེར་གཅིག་མ་འདི་ནི། །ལྷོ་བྲག་འཇམ་དཔལ་ཞེས་བྱས་ཉོན་ནས་གསུངས། །དགོང་ལོ་བཞི་ནས་འབྲི་ཀློག་ཐམས་ཅད་དང་། །སྒྲ་རིགས་བཅུ་གསུམ་འཇིག་རྟེན་བསྟན་བཅོས་བཅུ། །སྒྲུང་འབུམ་གླུ་གར་བསྟན་ཆོས་བརྒྱ་དང་བཞི། །བོན་གྱི་གཞུང་ཆེན་བདུན་ཅུ་དོན་ལྔ་དང་། །མདོས་ཆེན་བརྒྱ་དང་སྔགས་ཀྱི་ཐིག་རྩའི་སྐོར། །ཕུར་པ་པོད་བཞི་ལ་སོགས་དཔྱིས་ཕྱིན་པ། །དགུང་ལོ་དགུ་པ་ཡན་ལ་མཁྱེན་པར་གྱུར། །དགུང་ལོ་བཅུ་པར་ཕྱག་རྡོར་ལུགས་དྲུག་གསན། །བསྒྲུབས་པས་དགུན་ལ་བུམ་ཆུ་ཁོལ་བར་གྱུར། །གཤིན་རྗེའི་གཤེད་དང་ཕུར་པའི་བསྙེན་སྒྲུབ་མཛད། །བཅུ་གཅིག་སྒྱུ་འཕྲུལ་དབང་ལུང་མན་ངག་སྦྱོར། །བཅུ་གཉིས་ལོ་ལ་སྒྲུབ་ཐབས་བརྒྱ་རྩ་སོགས། །མཁྱེན་ཅིང་ཡི་གེ་བརྒྱ་པའི་སྒྲུབ་པ་མཛད། །བཅུ་ལ་མ་གཤིན་ཡང་དག་རྟ་མགྲིན་
དང་། །ཐུགས་རྗེ་ཆེན་པོ་ལུགས་གཉིས་གསན་ཅིང་བསྒྲུབ། །དེ་ཀུན་ཡབ་ལ་གསན་ཅིང་མཁས་པར་སྦྱངས།། །བཅུ་གསུམ་ཉམས་སྣང་སྒྲོན་མ་ཁྲིད་བྱས་ནས། །ཤེལ་མཁར་དགུ་ཐེག་རྩེར་བསྐྱལ་རྡོར་སེམས་མཇལ། །དེ་ནི་ཌཱ་ཀི་ཞལ་བཞི་ཡོད་པ་གཅིག །ཞལ་བཞི་དག་ནས་ལུང་བསྟན་བཞི་གསུངས་ནས། །མདའ་དར་སྒྲོ་ལྔ་ཡོད་པ་གཅིག་གཏད་ནས། །བོད་ལ་ཉི་མ་ཤར་གསུམ་ཉིད་ལ་ཐིམ། །བཅུ་བཞི་ནས་བརྩམས་མྱང་སྟོན་ས་པཎ་སོགས། །བླ་མ་མང་བསྟེན་ཚད་མ་མངོན་པ་སོགས། །སྤྱོད་འཇུག་ཞི་བྱེད་ཕྱག་ཆེན་ཆོས་དྲུག་སོགས། །གསར་རྙིང་གཏེར་གསུམ་ཆོས་ལ་སྦྱངས་པ་མཛད། །ས་པཎ་ལ་ནི་སེམས་བསྐྱེད་ཆོས་ཞུས་ནས། །རྨི་ལམ་འཇམ་དཔལ་མཇལ་ནས་ཆོས་སྒོ་བསྟན། །མདོར་ན་ཉིད་ཀྱི་གསུང་དོན་མདོར་བསྡུས་ནས། །དང་པོ་བདེན་བཞིའི་སྒོར་ཞུགས་རང་དོན་དུ། །གདམས་ངག་བདག་མེད་མངོན་སུམ་རྟོགས་པར་བྱས། །དེ་ནས་རྟེན་འབྲེལ་བཅུ་གཉིས་སྒོར་ཞུགས་ནས། །ཆོས་ཀྱི་བདག་མེད་ཕྱོགས་གཅིག་རྟོགས་པར་བྱས། །དེ་ནས་ཕར་ཕྱིན་སྒོར་ཞུགས་བདག་མེད་རྟོགས། །བྱ་བའི་སྒོར་ཞུགས་སྐྱེ་འགག་མེད་དོན་
རྟོགས། །སྤྱོད་པའི་སྒོར་ཞུགས་སྐྱེ་འགག་ལྷ་རུ་རྟོགས། །ཡོ་གའི་སྒོར་ཞུགས་མཆོག་གསུམ་རྒྱུད་སྦྱངས་བྱས། །མ་ཧཱའི་སྒོར་ཞུགས་སྣང་སྲིད་ལྷ་རུ་རྟོགས། །ཨ་ནུའི་སྒོར་ཞུགས་གཉིས་མེད་རང་བྱུང་རྟོགས། །ཨ་ཏིའི་སྒོར་ཞུགས་འཁོར་འདས་གཉིས་མེད་རྟོགས། །ཞེས་གསུངས་དོན་མཐུན་ཐེག་པ་དགུ་ལ་སྦྱངས། །ཁྱད་པར་གླང་ཐང་སྒྲོལ་མའི་གཏེར་ཡིག་སོགས། །ལུང་བསྟན་མང་དུ་འཛོམ་ཞིང་བསམ་ཡས་ནས། །གྲྭ་པ་མངོན་ཤེས་གཏེར་མ་ཁ་བྱང་དེས། །ལྷ་བཟང་འཇམ་དཔལ་བྱ་བས་འདོན་བརྩམས་པས། །ཤི་ཤིང་དེ་རྗེས་སྔགས་པ་མང་པོ་ཡིས། །འདོན་པར་བརྩམས་ཚེ་ཐོག་སེར་བྱུང་ནས་བྲོས། །ཁ་བྱང་དེ་ཉིད་རིམ་པར་ཕྱག་ཏུ་བྱུང་། །ཡབ་ལ་གཟིགས་ཕུལ་བཀའ་བཀྱོན་བྱས། །ཐམས་ཅད་བརླགས་པའི་བརླག་ཤོག་འདིས་ཅི་བྱ། །ཁྱོད་ཀྱི་འཆི་ཉོ་ཟེར་ནས་འཕྲོག་ཏེ་སྦས། །ཕྱི་དུས་བརྐུས་ནས་རྟོགས་ལྡན་གཅོད་པ་ཞིག །གྲོགས་བཙལ་ཆུ་སྦྲུལ་རང་ལོ་ཉེར་གཉིས་པར། །གནམ་སྐས་ཅན་ནས་ཁ་བྱང་ལྡེའུ་མིག་ཐོན། །རྨི་ལམ་བཏགས་པས་ལྷ་ཁང་གོ་བཅབ་ལ། །མི་ནག་གཅིག་གིས་རེག་ནས་ནོར་ལོང་ཟེར། །མཁའ་འགྲོ་མ་རུ་སྤྲུལ་ནས་གཏད་བརྒྱ་
བཀྲོལ། །སྒོ་ཕྱེས་བྱ་ཁྱུང་ཁ་ནས་མེ་འབར་བྱུང་། །སྐུ་ལུས་བསྲེགས་ནས་ཐུགས་རྗེ་ཆེན་པོར་གྱུར། །ཁྱུང་དེ་ཞོན་ནས་འཇའ་སྤྲིན་བཅུ་གསུམ་ཡང་། །རྡོར་སེམས་ཤེལ་གྱི་ཁྱེའུ་རྣམ་པ་ཡི། །ཐུགས་ཀ་སྤྱི་མགྲིན་བར་སྣང་ཨ་ཀར་མཚན། །དེ་ཡི་བུམ་དབང་བསྐུར་ཞིང་བདུད་རྩི་བླུད། །རྡོར་སེམས་ཨར་ཐིམ་ཨ་གསུམ་གཅིག་ཏུ་ཐིམ། །ཨ་དེ་ཐུགས་ཀར་ཐིམ་པས་རྟོགས་པ་སྐྱེས། །བུམ་པ་དེ་ཉིད་ལག་ཏུ་གདའ་བར་ཁྱེར། །ཁྲི་མཐོན་སྟེང་སླེབས་རང་གི་བུ་བཅུ་དྲུག །བུ་མོ་བརྒྱད་དང་སྐྱ་སེར་དཔག་མེད་ལ། །བུམ་པ་ནང་གི་བདུད་རྩི་སྤྱད་རྨིས་པས། །ཁྲོ་ཆུའི་ཀླུ་བདུད་གཟུགས་ཅན་ཟངས་སྒྲོམ་ནས། །བླ་རྫོགས་ཐུགས་གསུམ་ལ་སོགས་མཐའ་ཡས་བཏོན། །གནམ་སྐས་ཅན་དང་བྲག་ཕྲེང་རྟ་མགྲིན་ཞབས། །མོན་མཁར་སྟེང་དང་རྟ་མགྲིན་དབེན་བརྩེའི་སྒོ། །ཁོ་ཡི་གཤེད་དམར་རྟ་མགྲིན་སྒྲོལ་ཆོས་དང་། །སྲས་མཁར་སྐྱ་བོ་ཕུག་རིམ་ཕྱག་ཐེབ་ལ། །བསམ་ཡས་ཨརྱ་ལྕགས་ཕུར་མོན་བུ་ཐང་། །རྩིས་ཀྱི་ལྷ་ཁང་རང་བྲག་ཧ་བོ་གངས། །རང་གབ་དོན་གྱི་གཏེར་དང་བཅས་པ་ཡི། །གཏེར་ཁ་བཅོ་བརྒྱད་གཏེར་འབྱུང་ངོ་མཚར་ཡོད། །ཕལ་ཆེར་གཏེར་
བདག་བཀུག་ནས་དམ་ལ་བཏགས། །འདོན་མཁན་གཞན་དག་བཏང་བ་ཆས་མང་ཞིང་། །རང་གི་འདོན་ཡང་མི་གཞན་དཔང་པོར་བཞག །དེ་ཕྱིར་ཐམས་ཅད་ཡིད་ཆེས་རྩོད་པ་བྲལ། །དང་པོ་གསང་ནས་བཏོན་ཡང་ཀུན་གྱིས་ཐོས། །ཡབ་ལ་གཟིགས་ཕུལ་མཉེས་ཤིང་ཞལ་ད་ནི། །སླར་ཡང་གཏེར་མང་རྡོལ་ཏེ་ཕོ་མ་བྱས། །བླ་རྫོགས་ཐུགས་གསུམ་ཆོས་མགོ་ཅི་ཐོན་མཛོད། །མཐུ་དང་སྨན་དང་དཔྱད་བཟོ་མོ་རྩིས་དང་། །སྐྱོགས་དང་དཔག་ཆེན་ལ་སོགས་ཁར་མི་འདོན། །ཞང་ཁྲོམ་ངན་སྔགས་སྤེལ་ནས་འགྲོ་དོན་ཆུང་། །སྐུ་ཚ་སྨན་པས་ཤོག་སེར་སྒྲོམ་ཆུང་གང་། །ཐོན་ཀྱང་སྨན་དཔྱད་བྱས་པས་འགྲོ་དོན་ཆུང་། །རཀཱ་གཏེར་སྟོན་ཤོག་སེར་སྟག་སྒྲོ་གང་། །ཐོན་ཀྱང་མདོས་ཆོག་བྱས་པས་མདོས་མཁན་གྱུར། །བོན་པོ་བྲག་ཚལ་ཤོག་སེར་བསེ་སྒྲོམ་གང་། །ཐོན་ཀྱང་པེ་ཀར་བསྒྲུབས་པས་མཐུ་མཁན་གྱུར། །ཟས་ནོར་དོན་དུ་གཉེར་བས་འགྲོ་དོན་སྡུག །དམ་ཆོས་བསྒྲུབས་པས་ཟས་ནོར་ནོར་ལ་འོང་། །ཆོས་སྐྱོང་རང་འཁོར་མཐུ་རྩལ་ཞོར་ལ་འབྱུང་། །ད་ལྟ་མྱང་སྲས་མི་ཡི་འཁུར་བ་འདི། །ཁོང་གི་ཐུགས་རྗེ་ཆེན་པོ་བསྒྲུབས་པས་འབྱུང་། །གཏེར་སྟོན་རྒྱུ་མ་སྡུག་ཙམ་ཉང་
རལ་ཡིན། །ཞེས་སོགས་ཞལ་ད་གནང་ནས་ཞི་བར་གཤེགས། །ཉང་སྲས་ཤོག་སེར་གཟིགས་པས་ཡི་རང་ཕུལ། །ཧོར་དམག་ལུང་བསྟན་གཞན་གྱི་ཐོས་པ་ཡི། །ཧོར་ནི་ཡུལ་ན་མེད་པའི་ག་ལ་འོང་། །ཞེས་སོགས་སྐུར་པ་བཏབ་པས་ཐུག་མུག་ནས། །གཏེར་མ་སླར་ལ་སྦས་དགོས་དགོངས་པ་ན། །བུ་མོ་གཉིས་ཀྱིས་རྟ་དཀར་བྱ་གཤོག་ཅན། །བསྐྱོན་ནས་རྔ་ཡབ་གླིང་དུ་ཨོ་རྒྱན་མཇལ། །དབང་བསྐུར་ལུང་བསྟན་གདམས་པ་ཞལ་ད་གནང་། །ད་དེ་ལོ་བདུན་འདས་པ་ན། །ནུབ་བྱང་མཚམས་ནས་འགྲོ་དོན་འབྱུང་། །འདི་ནས་ལོ་ནི་ལྔ་བརྒྱ་ན། །ལྷ་སའི་ཇོ་བོ་བོད་མི་འཛིན། །ལོ་ནི་སུམ་བརྒྱའི་ནང་ཁོངས་སུ། །བསམ་ཡས་ཨོ་རྒྱན་རྟ་མགྲིན་འབྱོན། །ཞེས་སོགས་ལུང་བསྟན་འདི་རུ་མ་ཞེན་ཅིག །ཞེན་ན་འཕོ་གསུངས་འོད་ཕུབ་འདྲ་བས་བཏེགས། །ཚུར་ལ་ཕེབས་ཤིང་གཏེར་དེ་བཏོན་ལོ་ལ། །ལོ་བདུན་དུ་རུ་འབེན་ཡུལ་ལྷག །ཨོ་རྒྱན་སྐུ་བཏོན་དེ་ཉིད་ཞལ་བསྟན་པར། །རིང་བསྲེལ་ཆར་བབ་གྱུར་ལ་གཞན་དག་གིས། །ཉ་མིག་གཏོར་བ་རེད་ཟེར་སྐུར་པ་བཏབ། །ཕྱིས་ནས་མ་ལུས་དངུལ་ནི་བབ་པ་ལྟར། །ཕྲམ་ཕྲོམ་བབ་པས་རྩོད་མེད་ཡིད་ཆེས་
སོ། །དངོས་ཉམས་རྨི་ལམ་རྩ་གསུམ་གྲངས་མེད་གཟིགས། །ཁྱད་པར་ཨོ་རྒྱན་རྟག་ཏུ་དངོས་སུ་མཇལ། །བསམ་ཡས་བཞེངས་མཁན་འོ་སྐོལ་རང་ཡིན་མོད། །ཁྲི་སྲུང་རྒྱབ་མ་ལྷ་བུ་འོད་མཐའ་ཡས། །དེ་རྒྱབ་ཁྲི་རལ་ཡིན་གསུངས་མེ་ལོང་བསྟན། །བྱིན་གྱིས་བརླབས་པས་སྐྱེ་བ་བཅུ་གསུམ་དྲན། །སྲིད་པའི་འཁོར་ལ་ཤེལ་གྱི་མཆོད་རྟེན་སོགས། །ཡ་མཚན་བརྡའ་ཆོས་བསྟན་ཞིང་གཟིགས་སྣང་མང་། །ཡིག་བདུན་གཙོར་མཛད་ཡིག་བདུན་བོད་ཡུལ་བཀང་། །རྒྱལ་བྱིན་ཉི་ཟླའི་ལྷ་ཡི་མཆོད་རྟེན་བཞེངས། །བོད་ཀྱི་ལྷ་འདྲེ་ཀུན་གྱིས་བླ་མར་བཀུར། །སྙན་གྲགས་དངོས་གྲུབ་དག་ཀྱང་ཕུལ་བར་བྱས། །བསམ་འགྲུབ་བདེ་ཆེན་གཙུག་ལག་ཁང་ཆེན་དང་། །ཚངས་དུས་འགྱུར་མོའི་ལྷ་ཁང་བཞེངས་མཛད་ཅིང་། །ཧ་བོ་གང་ནས་བསྟན་གཙོའི་སྐུ་ཚབ་བཏོན། །དེ་ནས་དང་པོ་རི་བོ་བཏང་བཟུང་ནས། །ཀླུ་སྒྲུབ་ཀྱིས་ནི་བཏོན་ཏེ་ཨོ་རྒྱན་གྱིས། །བོད་དུ་ལོངས་སྤྱོད་གཏེར་དུ་སྦས་པ་སྟེ། །ལྷ་སའི་ཇོ་བོ་ཉིད་དང་ཁྱད་མེད་ཅིང་། །མ་འོངས་ཀླུ་ཡུལ་གདན་འདྲེན་བྱེད་པར་བཤད། །གཏེར་ཆོས་ཟབ་མོ་མང་ཞིག་རྗོད་ལ་རྙེད། །རྒྱུད་དང་མན་ངག་མང་པོ་རྒྱ་ཆེ་སྟེ། །དྲག་སྔགས་
རྣམས་ནི་གནོད་དོ་མ་བཏོན་ཞིང་། །བཏོན་པ་རྣམས་ཀྱང་ཕལ་ཆེར་ཕོར་སྦས་ཤིང་། །སྐུ་དང་དབང་བུམ་སྦས་པ་དེ་དག་ཀྱང་། །ཕྱི་མའི་དུས་སུ་འཕྲིན་ལས་འབྱུང་བར་གསུངས། །དཔོན་སློབ་ཀུན་བསྡེབས་ནོར་བུའི་ཚགས་ལེན་རྨིས། །ང་དང་འབྲེལ་ཚད་གཏན་བདེ་ཐོབ་པའི་རྟགས། །འདི་ནས་མི་རབས་བདུན་ནམ་བཅུ་གསུམ་ན། །དྷརྨ་མི་ཏྲ་གཅིག་གིས་ལོངས་སྤྱོད་ནས། །བདག་གི་ཤ་རུས་སྲན་ཚད་ཡུངས་འབྲུ་རེ། །ལྟོར་སོང་ཐམས་ཅད་ལམ་འགྲོ་དོན་ཆེན་ཐོབ། །དེ་ནས་བརྒྱུད་པ་བདུན་ནམ་བརྒྱད་དུས་སུ། །ལུས་སྤྱད་རིམ་གྱིས་རྒྱུད་པ་མི་འཆད་ཀྱང་། །གཏེར་ཆོས་ཡོངས་རྫོགས་བཀའ་ལུང་བརྩམས་པར་འགྲོ། །བསྟན་པའི་གཙོ་བོ་འདི་ཡི་རྟེན་འབྲེལ་གྱིས། །བརྒྱུད་པའི་འདུལ་བྱ་གཙང་དུ་སྐྱོན་མེད་ཀྱང་། །ཞེས་སོགས་ལུང་བསྟན་ཞལ་གདམས་བཅུར་འབུམ་གསུངས། །བལ་ཡུལ་ཡམ་བུའི་བྷ་རོ་གཙུག་འཛིན་དེ། །བོད་དུ་གསེར་བཙལ་རྒྱ་གར་འགྲོ་སྙམ་པས། །རྨི་ལམ་མཁའ་འགྲོའི་ལུངབསྟན་ཆོས་དབང་མཇལ། །ཞག་བདུན་བར་དུ་ཨོ་རྒྱན་དངོས་སུ་མཐོང་། །གསུང་གླེང་བྱས་པ་ཙམ་གྱིས་རྟོགས་པ་ཤར། །དབང་བསྐུར་དུས་སུ་ང་ཉིད་ཅིར་མཐོང་
གསུངས་། །ཡི་དམ་དངོས་སུ་མཐོང་ཞུས་ཚོགས་ཀྱི་རྫས། །གནའ་ཤ་བུབ་ཕྱེད་ལ་སོགས་སྐད་ཅིག་གསོལ། །ཅིར་མཐོང་གསུངས་པས་སངས་རྒྱས་དངོས་མཐོང་ཞུས། །འོ་ན་དབང་བྱ་གསུངས་པས་དཀྱིལ་འཁོར་བཤིག །ཤུལ་དུ་བྲོ་བརྡུང་དྲི་ཆེན་སྤྱི་བོར་བཞག །ལུས་ཀྱི་ཤུན་པ་བརྗེས་འདྲ་ཉམས་མྱོང་སྐྱེས། །གསང་ཆབ་བླུད་པས་བཟོད་མེད་བདེ་བ་རྒྱས། །སྙིང་ཁར་ཕྱག་མཛུབ་བཙུགས་པས་ཡེ་ཤེས་མཐོང་། །ང་མཐོང་དོན་ལ་མ་ཡེངས་ཤིག །སྒོམ་རྒྱུ་སྤུ་ཙམ་མེད་གསུངས་ནས། །དབང་བཞི་ངོ་སྤྱོད་རྟོགས་པ་མཐར་ཐུག་སྐྱེས། །ད་ནི་སངས་རྒྱས་བྱོན་ཡང་དབང་མི་ཞུ། །རྒྱ་གར་འགྲོ་བའི་སྤྲོས་པ་ཆད་ཞུས་པས། །འཁོར་བར་མི་འཁྱམས་སངས་རྒྱས་མུ་སྟེགས་ཡིན། །རྒྱ་གར་བླ་མ་རྙེད་ན་བླ་མ་ཚོལ། །རྒྱ་གར་སློབ་མ་རྙེད་ན་སློབ་མ་ཚོལ། །ཞེས་གསུངས་ལུང་བསྟན་འདི་ནི་དད་ཆེ་ཞིང་། །གུ་རུའི་ལྟ་ཟུར་ཁྲོ་བོའི་སྤྱན་ཡོད་པ། །མཁའ་འགྲོ་ཆོས་བསྒོ་བ་སོགས་མཐའ་ཡས་མཐོང་། །དྲག་སྔགས་ཡོད་དམ་ཞུས་པས་མང་ཤེས་ཏེ། །མ་ཎི་འདྲེན་པས་བསྒྲུབ་ནི་མ་ཁོམ་གསུངས། །རི་བོང་གྱེན་དེར་སོང་བའི་གཟུགས་བྲིས་ནས། །ཁབ་ལ་ལན་བདུན་སྔགས་བཟླས་གཟུགས་
ལ་བརྒྱབ། །རི་བོང་རོ་འདྲིལ་དྲོད་དེ་མ་ཡལ་བར། །བཏགས་གྲོལ་བཏགས་ནས་ཚོགས་གཏོར་བསྔོ་བ་མཛད། །མི་ལ་དེ་འདྲ་འོང་ངམ་ཞུས་པ་ཡི། །མི་དང་ཕྱི་བ་འདྲ་གསུངས་ཕྱི་བའི་གཟུགས། །བྱས་ནས་ཁབ་བཙུགས་བཏོན་པས་དམར་ནར་བྱུང་། །ཕྱི་ཁུང་ལྟོས་གསུངས་ཕྱི་བ་ཁྲག་སྐྱུག་ནས། །འདི་འདྲ་མཐའ་ཡས་ཤེས་ཏེ་མི་སྤེལ་རེ། །མི་ལུས་ཐོབ་དཀའ་བསད་ན་སྡིག་མཐའ་ཡས། །རང་དོན་ངན་སྔགས་མཛད་རེ་དབུ་བསྙུང་མཛད། །བྷ་རོའི་གསེར་ཞོ་དྲུག་ཅུ་ཕུལ་བ་ཡི། །ཕྱེད་དེ་ཕྱེ་དང་བསྲེས་ཏེ་སྦྱིན་སྲེག་མཛད། །ཐལ་བ་ཆུ་ཕོས་ལམ་དུ་ཟས་གཏེར་མཁན། །འོང་བ་ཁྱེར་ཤོག་གསུངས་པས་བུད་མེད་ཞིག །ཡུང་ཞིག་བྱིན་པ་ཁྱེར་ནི་འོང་ཕུལ་བས། །རས་ཁོབ་ཚོས་གསུངས་བཙོས་པས་ཤ་རུ་གྱུར་། །ཟོས་པས་རོ་མཆོག་མངར་ཞུམ་པ་ཞིག་འདུག །ཀྱེ་མ་འགྲོ་ལ་བར་ཆད་མི་འོང་གསུངས། །སྐྱེལ་ཐུང་མཛད་དུས་གསེར་ཞོ་གསུམ་ཕུལ་བས། །ཆུ་ལ་གཏོར་ནས་མཁའ་འགྲོ་དགྱེས་འདུག་གསུངས། །གཞན་ཡང་བླ་ཆེན་མི་དཔོན་ཀུན་གྱིས་བཀུར། །ང་དགུའི་ལོ་ལ་མྱ་ངན་འདས་ཚུལ་བསྟན། །དབྱིངས་སུ་ཐིམ་ལ་རྟགས་མཚན་མི་འབྱུང་བཤད། །
སློབ་མའི་དམ་པ་བལ་པོ་བྷ་རོ་དང་། །གྲུབ་ཐོབ་མ་ནི་རིན་ཆེན་མ་ཎི་ལ། །ཐུགས་རྗེའི་བཀའ་བབས་ཁམས་སུ་བུམ་སྒྲུབ་དར། །སློབ་མ་སང་སྟོན་འོད་ཟེར་བླ་མ་སོགས། །སྤྱན་རས་གཟིགས་ཀྱི་བྱིན་རླབས་མང་དུ་འབྱུང་། །ཉིད་ཀྱི་སྲས་པོ་པདྨ་དབང་ཆེན་དང་། །ཉི་མ་འོད་ཟེར་གཉིས་ཀྱིས་རིགས་དང་ཆོས། །རྒྱུད་པ་བཟུང་སྟེ་བསྟན་པ་དར་རྒྱས་གྱུར། །གཞན་ཡང་སྣོད་ལྡན་བུ་དགུ་ལ་སོགས་གཅིག །སྐལ་ལྡན་དཔག་མེད་སྨིན་ཅིང་གྲོལ་བར་མཛད། །དེ་ལྟར་གཏེར་སྟོན་མངའ་བདག་ཡབ་སྲས་ཀྱི། །སྐྱེས་རབ་རྣམས་ཐར་མདོ་ཙམ་བསྡུས་པ་ལ། །འགལ་འཁྲུལ་གང་མཆིས་ཌཱ་ཀིའི་ཚོགས་ལ་བཤགས། །དགེ་བས་བདག་དང་བདག་ལ་འབྲེལ་ཐོགས་རྣམས། །འདི་ནས་འཕོས་མ་ཐག་ཏུ་བདེ་ཆེན་ཞིང་། །སྐྱེས་ནས་སྣང་མཐའ་ཡས་ཀྱི་ཞལ་མཐོང་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།