Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of གཏེར་སྲུང་
[Clear Hits]


 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
ལེའུ་ཉེརདགུ་པ། འབྱོར་པ་ཆུང་ཞིང་སྒྲུབ་ལ་བརྩོན་པ་ལ། །སྦྱིན་སྲེག་ནོར་བུ་སྣ་ཚོགས་མདོག་ཅན་ཡོད། །
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  


3 occurrences of གཏེར་སྲུང་
[Clear Hits]

 
previousལེའུ་ཉེརདགུ་པ། འབྱོར་པ་ཆུང་ཞིང་སྒྲུབ་ལ་བརྩོན་པ་ལ། །སྦྱིན་སྲེག་ནོར་བུ་སྣ་ཚོགས་མདོག་ཅན་ཡོད། །next

ལེའུ་ཉེརདགུ་པ། འབྱོར་པ་ཆུང་ཞིང་སྒྲུབ་ལ་བརྩོན་པ་ལ། །སྦྱིན་སྲེག་ནོར་བུ་སྣ་ཚོགས་མདོག་ཅན་ཡོད། །


CMR032_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༼ཧ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས་སྤྲོས་མེད་ལས་བཞིའི་སྦྱིན་སྲེག་རི་ཁྲོད་པ་ལ་ཕན་པ་ནོར་བུ་སྣ་ཚོགས་མདོག་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པྲ་ཝ་ཀཱ་ར་ཡེ། ལས་བཞིའི་སྦྱིན་སྲེག་མན་ངག་ཅུང་ཟད་བྲི། །ཨོ་རྒྱན་ཆེན་པོས་བཀའ་གནང་བྱིན་གྱིས་རློབས། །ལས་བཞི་རྒྱས་པར་གཞན་དུ་གསལ་བ་ལྟར། །བསྡུས་པ་ལ་ཡང་སྤྲོས་བཅས་སྤྲོས་མེད་གཉིས། །སྤྲོས་བཅས་མདུན་མེ་འབུད་སར་ཐབ་བརྩེག་གམ། །ཡང་ན་རྡུལ་ཚོན་སྟེང་དུ་ས་ཡིས་གཡོགས། །བུད་ཤིང་ལས་བཞི་སོ་སོའི་དབྱིབས་ལྟར་བརྩེག །ཁ་ཁྱེར་ཀུ་ཤ་བཀོད་པ་ཀུན་ལ་དགོས་། །ཡམ་ཤིང་མར་ཁུ་ཀུན་ལ་དགོས་པ་ཡིན། །བདུན་ནམ་ཉེར་གཅིག་ཙམ་རེ་འབུལ་བས་ཆོག །དངོས་གཞི་རྫས་གཅིག་བརྟེན་པའི་སྦྱིན་སྲེག་ཞེས། །ལྷ་སྔགས་རྫས་


CMR032_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལས་སྔགས་གསུམ་པོ་དེ། །སྦྲེལ་བ་བརྒྱ་རྩ་ཚང་བས་གྲངས་ཚང་སྟེ། །ལྷ་སྔགས་ཨོ་དང་རྫས་སྔགས་ཨོ་གཉིས་གཅིག །དེ་བཞིན་སཱ་ཧཱ་ཡོད་ན་གཅིག་ཏུ་བསྡུ། །སྡིག་པ་ཞི་འདོད་ཏིལ་ནག་ཁོ་ན་སྟེ། །བགེགས་ཞི་ཡུངས་ཀར་ནད་ཞི་གྲོ་ཉིད་འབུལ། །ཞི་བའི་སྦྱིན་སྲེག་དེ་གསུམ་གཙོ་བོ་ཡིན། །ཚེ་རྒྱས་དུར་ཝ་བསོད་ནམས་རྒྱས་པ་འབྲས། །སྟོབས་རྒྱས་སྲན་མ་ནོར་འབྲུ་རྒྱས་སོ་བ། །བདེ་སྐྱིད་དངོས་གྲུབ་དབང་སྡུད་ཟས་མཆོག་སྟེ། །ཡང་ན་མེ་ཏོག་དམར་པོ་སྲེག་རྫས་གཙོ། །མེ་ཏོག་མེད་ན་འབྲུ་ལ་ཚོན་གྱིས་བསྒྱུར། །དྲག་པོར་ཤ་ཁྲག་ལིང་ག་ཁོ་ནས་ཆོག །འཇིག་རྟེན་མེ་ལྷ་དེ་ནང་ཡེ་ཤེས་པ། །གཉིས་ཀ་ལས་བཞི་སོ་སོའི་མདོག་ལྟར་བསྒོམ། །མངོན་རྟོགས་བསྒྱུར་རམ་མ་ལྕོགས་ཡིད་ཀྱིས་བསྒྱུར། །མེ་ལྷའི་ཐུགས་ཀར་ཡི་དམ་དཀྱིལ་འཁོར་བསྒོམ། །དེ་ཡི་བསྲེག་རྫས་མཆོད་བསྟོད་རྫོགས་པའི་རྗེས། །དཀྱིལ་འཁོར་ཕྱི་ཁྱམས་རྡོ་རའི་ནང་དེ་རུ། །གཏོར་མགྲོན་བཞིན་དུ་ལྷ་ཚོགས་གང་འདོད་ཀུན། །མངོན་རྟོགས་བསྒོམ་མམ་སྐད་ཅིག་སྤྱན་དྲངས་ལ། །བསྲེག་རྫས་མཆོད་བསྟོད་ཆ་རེ་གང་འགྲུབ་འབུལ། །དེ་


CMR032_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དཀྱིལ་འཁོར་མེད་པའི་གཙོ་རྐྱང་ལའང་། །མེ་ལྷའི་ཐུགས་ཀར་གཙོ་བོའི་མཐའ་བསྐོར་དུ། །རིམ་བཞིན་སྤྱན་དྲངས་མཆོད་བསྟོད་གོང་བཞིན་བྱ། །སྦྱིན་སྲེག་གཅིག་ནང་སྲོག་མང་པོ་ཤོང་། །བསྲེག་རྫས་འབུལ་བས་ལྷ་ཚོགས་རབ་ཏུ་མཉེས། །ཞི་བའི་དུས་སུ་འོད་ཟེར་མུ་ཏིག་མདོག །བདེ་བའི་རེག་བྱ་ལྡན་པ་དཔག་མེད་འཕྲོས། །འགྲོ་བ་ཀུན་དང་བདག་དང་བསྲུང་བྱ་ཡི། །ཚངས་བུག་ནས་ཞུགས་ལུས་གང་ནད་གདོན་སྡིག་།བ་མོར་ཉི་ཟེར་ཕོག་ལྟར་དག་གྱུར་ཏེ། །བདེ་སྟོང་ཉམས་སྐྱེས་དྲི་མེད་ཤེལ་ལྟར་བསྒོམ། །།རྒྱས་པའི་དུས་སུ་འོད་ཟེར་གསེར་གྱི་མདོག །བདག་དང་བསྲུང་བྱ་ལ་ཕོག་ཚེ་བསོད་འཕེལ། །ཟེར་གྱི་གསེབ་ནས་རིན་ཆེན་ཆར་འབེབ་བསམ། །དབང་གི་དུས་སུ་འོད་ཟེར་རཱ་གའི་མདོག །ལྕགས་ཀྱུའི་དབྱིབས་འཕྲོས་འཇིག་རྟེན་སྤྱི་དང་ནི། །བྱེ་བྲག་གང་དམིགས་མེ་ལྷའི་མདུན་དུ་བཀུག །གུས་འདུད་ལྡན་པ་ཆགས་པའི་མེ་ཡིས་ཞུ། །འོད་དམར་ཞུ་ནས་བདག་ལ་ཐིམ་པར་བསམ། །དྲག་པོའི་དུས་སུ་ལྷ་དེ་ཞལ་གདངས་པའི། །ནང་དུ་ཤ་ཁྲག་ལིང་ཕུལ་བ་དེ། །དགྲ་བགེགས་དངོས་ཉིད་རྐང་རྟིང་སྐྱ་ལྷག་ལྷག ། །


CMR032_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་མཇུག་ལོག་སྟེ་ཞལ་དུ་སོང་བར་བསམ། །དེ་ནས་མེ་ཞགས་ལ་སོགས་བརྒྱབ་པ་ན། །མེ་དཔུང་ཐོགས་པའི་ཁྲོ་བོ་དཔག་མེད་ཀྱིས། །མེ་རླུང་ཞུན་མའི་རྟ་ལ་ཞོན་ནས་རྒྱུག །གནོད་བྱེད་དགྲ་བགེགས་ཐམས་ཅད་བསྲེག་པར་བསྒོམ། །དེ་ལྟར་རྫས་གཅིག་སྦྱིན་སྲེག་འདོན་འགྲིག་ནི། །རང་ཉིད་ཡི་དམ་བདག་བསྐྱེད་སྔོན་སོང་ནས། །བསྲེག་རྫས་བྱིན་རླབས་ཐབ་བསྐྱེད་ཀུ་ཤ་བཀྲམ། །མེ་ལྷ་བསྐྱེད་བསྟིམ་ཨགྷཾ་སོགས་ཀྱིས་མཆོད། །ཡམ་ཤིང་མར་ཁུ་གསུམ་བདུན་གང་འགྲུབ་འབུལ། །མེ་ལྷར་བསྟོད་ཅིང་དེ་ཡི་ལྟོ་བའི་ནང་། །རྒྱས་པར་ཡི་དམ་མངོན་རྟོགས་བཞིན་དུ་བསྐྱེད། །བསྡུ་ན་སྐད་ཅིག་སྤྱན་དྲངས་བཞུགས་ཀྱང་ཆོག །དེ་ལ་རྣམ་ལྔའི་མཆོད་པ་བསྡུས་ཙམ་འབུལ། །དངོས་བཤམས་མེད་ནའང་སྔགས་དང་ཚིག་གིས་ཆོག །གང་ཡིན་བསྲེག་རྫས་གཅིག་པོ་བརྒྱ་རྩ་འབུལ། །གཏོར་མ་བསྔོས་ཕུལ་འདོད་དོན་གསོལ་བ་གདབ། བསྟོད་པས་བསྟོད་ནས་རྗེས་ཆོག་སྔགས་མཆོད་བསྟོད། །རྗེས་ཆོག་ལྷ་བྲན་སོ་སོར་མི་དགོས་པས། །གང་ཡིན་གཙོ་བོའི་རྗེས་ཆོག་དེ་གས་ཆོག །ཡེ་ཤེས་གཤེགས་ཤིང་དམ་


CMR032_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བདག་ལ་བསྟིམ། །འཇིག་རྟེན་མེ་ལྷར་དྲིན་ལན་གཏོར་མ་འབུལ། །འདོད་དོན་གསོལ་ཞིང་ཨརྒྱུ་སོགས་ཀྱིས་མཆོད། །བསྟོད་པས་བསྟོད་ཅིང་ཡེ་ཤེས་དྲང་སྲོང་དེ། །ཤར་ལྷོའི་ཕྱོགས་གཤེགས་དམ་ཚིག་མི་དམིགས་བསམ། །འདི་ནི་རྫས་གཅིག་བརྟེན་པའི་སྦྱིན་སྲེག་ཅེས། །སྤྲོས་མེད་ལུགས་ཀྱི་སྦྱིན་སྲེག་བསྡུས་པ་ཡིན། །སྦྱིན་སྲེག་བརྒྱ་རྩ་སོགས་ལ་འདི་བྱ་སྟེ། །ཆོ་ག་བསྡུས་པའི་གསུང་རམ་ཁྱོག་པ་ཡི། །བཙུན་པ་དུ་ཡོད་གྲངས་སུ་བརྩི་བ་ཡིན། །སྦྱིན་སྲེག་རེ་རེར་སྔགས་གྲངས་བརྒྱ་རྩ་རེ། །དེ་ཉིད་འགྲུབ་པར་དཀའ་བར་གྱུར་པ་ན། །ཆོ་ག་ཚང་མའི་རམ་བུ་མི་ཁྱོག་ཀྱང་། །སྔགས་དེའི་རྗེས་ཟློས་རམ་བུ་ཁྱོག་ཚད་བརྩི། །འདི་ནི་རང་གཞན་ཀུན་ལ་ཕན་སྟོབས་ཆེ། །ཨྠྀི། །ཤིན་ཏུ་སྤྲོས་མེད་ལས་བཞིའི་སྦྱིན་སྲེག་ནི། །རི་ཁྲོད་ཡིན་ན་ཐབ་ཀྱི་མེ་ལ་རུང་། །བླ་མ་སློབ་དཔོན་ཡིན་ན་མདུན་མེ་བུས། །འདི་ནི་ཤིན་ཏུ་སྤྲོས་མེད་ཡིན་པའི་ཕྱིར། །འཇིག་རྟེན་མེ་ལྷ་འདི་ལ་བསྐྱེད་མི་དགོས། །མངོན་རྟོགས་དྲན་རྫོགས་ཡིད་ཀྱིས་བསྒོམ་པ་སྟེ། །དམ་ཡེ་དབྱེར་མེད་སྤྱན་འདྲེན་བྱ་མི་དགོས། །བདག་དང་ཚེ་འདས་ལ་སོགས་འགྲོ་ཀུན་


CMR032_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །སྡིག་སྒྲིབ་སྣ་བུག་ནས་ཐོན་ཏིལ་ལ་བསྟིམ། །ཏིལ་མེད་ལྡུམ་ཏིལ་ཡུངས་ནག་ཡུངས་གཞི་སོགས། །བརྩིར་བས་སྣུམ་འབྱུང་ཏིལ་ནག་ཚབས་སུ་འོང་། །མེ་དཔུང་ཞི་བའི་ཐབ་ཁུང་ཡོངས་རྫོགས་དབུས། །ཡི་དམ་གཙོ་རྐྱང་མདོག་དཀར་ཞལ་གདངས་བསམ། །དེ་ནང་ཕུལ་དམིགས་སྔགས་རེ་ཏིལ་འབྲུ་རེ། །ཡི་དམ་རྩ་སྔགས་གང་ཡིན་ཤམ་བུ་རུ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །དགུ་ལས་མི་ཉུང་བརྒྱ་ལས་མི་མང་བ། །ཕྲེང་བ་མི་བགྲང་གྲངས་སུ་མི་བཞག་པར། །ཚོད་ཀྱི་གང་འགྲུབ་ཙམ་ཞིག་ཕུལ་བའི་རྗེས། །ཨགྷཾ་སོགས་མཆོད་བསྟོད་པ་ཤོ་ལོས་བསྟོད། །ལྷ་དེ་རྟེན་ལ་ཐིམ་མམ་རང་ཐིམ་དམིགས། །འདི་ནི་སྒྲིབ་སྦྱོང་ཞི་བའི་ཕྲིན་ལས་འགྲུབ། །འབྲུ་སྣ་རིན་ཆེན་སྣ་ཚོགས་ཕྱེ་མ་དང་། །ཟས་སྣ་དར་རས་དུམ་བུ་གང་འཛོམ་རྣམས། །ཟངས་སམ་གང་འབྱོར་སྣོད་དུ་མང་བར་སྒྱུ་བསག་བྲན་ཞིང་ཨ་ཀཱ་རོ་ཡིས་བདུད་རྩིར་བསམ། །མདུན་གྱི་མེ་དཀྱིལ་རྒྱས་པའི་ཐབ་ཁུང་དབུས། །ཡི་དམ་མམ་ནི་ནོར་ལྷ་གང་འདོད་བསྒོམ། །བསྲེག་རྫས་ཕུལ་བས་


CMR032_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཆར་འབེབས་བསམ། །རྩ་སྔགས་ཤམ་བུར་སྔགས་འདི་སྦྱར་ལ་འབུལ། །ཛྭ་ལ་རཾ་རཾ་རཏྣ་སིདྡྷི་ཧཱུཾ། བརྒྱ་རྩ་ཕུལ་ཞིང་ཨགྷཾ་སོགས་ཀྱིས་མཆོད། །བསྟོད་པ་ཉུང་ངུས་བསྟོད་ཅིང་རང་ལ་བསྟིམ། །དེ་ཡིས་དཔལ་འབྱོར་རྒྱས་པའི་ཕྲིན་ལས་འགྲུབ། །བསྲེག་རྫས་མེ་ཏོག་དམར་པོ་རྙེད་ན་རབ། །མེད་ན་འབྲུ་ལ་ཚོན་གྱིས་ཁ་དོག་བསྒྱུར། །ཆང་གི་གླུམ་དང་འབྲི་མོག་སིནྡཱ་ར། །རྒྱ་སྐྱེགས་ཤིང་ཐོག་དམར་པོ་ལ་སོགས་པ། །ཕྱོགས་གཅིག་བསྡུས་ལ་བྲན་ཏེ་བྱིན་གྱིས་རླབས། །མེ་དཀྱིལ་དབང་གི་ཐབ་ཁུང་གསལ་བའི་དབུས། །ཡི་དམ་གཙོ་རྐྱང་སྐུ་མདོག་དམར་པོའམ། །འཛམ་དམར་ཀུ་རུ་ཀུལླེ་གང་རུང་བསྐྱེད། །རྩ་སྔགས་མཇུག་ཏུ་འདི་སྦྱར་བརྒྱ་རྩ་འབུལ། །ལོ་ཀ་སརྦ་པ་ཤཾ་ཀུ་རུ་ཧཱུྃ༔ འོད་ཟེར་དམར་པོས་སྣང་སྲིད་དབང་བསྡུས་བསམ། །ཨརྒྱུ་སོགས་མཆོད་བསྟོད་ནས་རང་ལ་བསྟིམ། །དེ་ཡིས་སྣང་སྲིད་དབང་སྡུད་ཕྲིན་ལས་འགྲུབ། །ཐོད་ཏིང་ངམ་ནི་ཟངས་ལྕགས་ཐེབ་ཙེའི་ནང་། །ཡུངས་ཀར་བླུགས་ལ་དགུག་གཞུག་ཅི་མང་བྱ། །མེ་ནང་དྲག་པོའི་ཐབ་ཁུང་ཡོངས་རྫོགས་དབུས། །རྟ་མགྲིན་ཕྱག་རྡོར་གུར་དྲག་སེང་གདོང་མ། །


CMR032_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཤེད་དང་མ་མགོན་ལ་སོགས་པ། །གཙོ་རྐྱང་འཇིགས་རུང་ཞལ་ནི་གནམ་དུ་གདངས། །ཞལ་དང་སྐུ་ལུས་མེ་ཡི་རང་བཞིན་ཅན། །ཡུངས་འབྲུ་རེ་རེ་དགྲ་བགེགས་དངོས་བསམ་སྟེ། །རྐང་མཐིལ་སྐྱི་དང་ལྷག་ལྷག་ཞལ་དུ་སོང་། །ལུས་ངག་ཡིད་གསུམ་བྱ་སྒྲོ་མེས་སྲེག་བཞིན། །སེམས་ནི་དངོས་མེད་ཆོས་སྐུར་ཐིམ་པར་བསམ། །འབྲུ་རེ་སྔགས་རེ་སྤྲད་ལ་བརྒྱ་རྩ་འབུལ། །རྩ་སྔགས་ཤམ་དུ་འདི་ཉིད་སྦྱར་བར་བྱ། །གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ། །ཨརྒྱུ་སོགས་མཆོད་བསྟོད་པ་ཤོ་ལོས་བསྟོད། །ལྷ་དེ་འོད་ཞུ་ཐུགས་ཀའི་ས་བོན་བསྟིམ། །ས་བོན་རང་ཐིམ་ཉམས་ལེན་ངང་ལ་གཞག། །འདི་ནི་ཤིན་ཏུ་ཟབ་པའི་གདམས་པ་སྟེ། །སེང་གདོང་མ་ཡི་གདམས་ངག་སྙན་བརྒྱུད་ཡིན། །དེ་ལྟར་སྤྲོས་མེད་ལས་བཞིའི་སྦྱིན་སྲེག་འདི། །གསར་རྙིང་རྒྱུད་གཞུང་མན་ངག་དུ་མའི་བཅུད། །གཞན་ལ་སྤེལ་ཕངས་བརྩོན་འགྲུས་ཁྱོད་ལ་ཀླུ་གདམས། །དེ་སྐད་རཱ་ག་ཨ་སྱས་སྨྲས་པ་དེ། །ཡི་གེ་པ་ཡང་བཱིརླ་སཱ་ག་ར། །དགེ་བས་ལས་བཞིའི་ཕྲིན་ལས་འགྲུབ་པར་ཤོག །ལེའུ་ཉེར་དགུ་པའོ་མངྒ་ལཾ།། །།


previousལེའུ་ཉེརདགུ་པ། འབྱོར་པ་ཆུང་ཞིང་སྒྲུབ་ལ་བརྩོན་པ་ལ། །སྦྱིན་སྲེག་ནོར་བུ་སྣ་ཚོགས་མདོག་ཅན་ཡོད། །next