བྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ་གཉིས་པ།
བླ་མ་ལ་ཕྱག་འཚལ་ལོ། །མཆོག་གསུམ་བླ་མ་གཙུག་ཏུ་ཁུར་ཞིང་། །སྡོམ་གསུམ་མིག་འབྲས་བཞིན་དུ་བསྲུངས་ནས། །སྒོ་གསུམ་སྤྱོད་པ་ཆོས་དང་མཐུན་པའི། །གྲོགས་མཆོག་ཁྱེད་ལ་འདི་སྐད་ཞུའོ། །ཉིན་མོ་སྐྱེ་བོའི་འདུ་ཚོགས་ཉུང་ཞིང་། །མཚན་མོ་སྒྲ་ཡི་ཀླག་ཅོར་མེད་པར། །ཡེངས་མེད་བརྩོན་པས་ཏིང་འཛིན་སྒྲུབ་པ། །དམ་པ་གོང་མའི་རྣམ་ཐར་ལགས་མོད། །བསྟན་པའི་ཉི་མ་ནུབ་རིར་ཕེབས་པས། །ཕན་བདེའི་འོད་སྣང་ཉམས་ལ་ཉེ་ཞིང་། །སྣ་ཚོགས་སྤྱོད་ངན་རྒྱན་དུ་འཛིན་པའི། །མི་སྲུན་སྐྱེ་བོས་ཕྱོགས་ཀུན་གང་བས། །ནད་དང་འཁྲུག་རྩོད་མུ་གེ་ལ་སོགས། །སྡུག་བསྔལ་མུན་པ་འཐིབ་པའི་དུས་འདིར། །གྲོགས་མེད་གཅིག་པུ་དབེན་པའི་གནས་སུ། །སྒྲུབ་ཚུགས་ཟིན་པ་ཤིན་ཏུ་དཀའ་བས། །བྱམས་དང་སྙིང་རྗེས་སེམས་རྒྱུད་བཏུལ་ནས། །ཐབས་མཁས་སྤྱོད་པས་གྲོགས་དང་བསྟུན་ཏེ། །འདུ་འཛིའི་འབྲེལ་ཐག་ཅི་ཆོད་ངང་ནས། །གནས་དེར་བཞུགས་པ་འཐད་དམ་སྙམ་ལགས། །འདུ་འཛི་སྡུག་བསྔལ་རྒྱུ་རུ་མཐོང་བའི། །སྐྱོ་ཤེས་གཏིང་ནས་སྐྱེ་བ་མེད་ན། །གང་དུ་ཕྱིན་ཀྱང་འདུ་འཛིའིདགྲ་ལས། །ཐར་བར་དཀའ་འོ་སྙིང་གི་གྲོགས་པོ། །སྐྱིད་སྡུག་དུས་སྐབས་བཟང་ངན་སྣ་ཚོགས། །འབྱུང་བ་འཁོར་བའི་ཆོས་ཉིད་ལགས་པས། །དེ་ནས་གྲོགས་ཁྱེད་གང་དུ་བཞུགས་ཀྱང། །ཡུན་རིང་སྡོད་པའི་དམ་བཅའ་མ་མཛད། །ནག་ཕྱོགས་བདུད་སྡེའི་མཐུ་དཔུང་དར་བའི། ཆེར་སྙིགས་རྒུད་པའི་དུས་ངན་འདི་ན། །ཆོས་མཐུན་བསམ་པ་འགྲུབ་པར་དཀའ་བས། །ལྷ་དང་བླ་མར་གསོལ་བ་ཐོབ་མཛོད། །བཀའ་དྲིན་སུམ་ལྡན་བླ་མ་མཆོག་ལ། །དཀོན་མཆོག་གསུམ་པོ་ཚང་བར་ཤེས་པའི། །མོས་གུས་ངང་ནས་གསོལ་བ་བཏབ་ན། །བསམ་དོན་ཆོས་བཞིན་འགྲུབ་ཅེས་ཐོས་སོ། །རྣམ་རྟོག་འཁྲུལ་པའི་རྗེས་སུ་འབྲང་ན། །སྣང་བ་ཐམས་ཅད་དགྲ་རུ་ལྡང་བས། །ཉམས་དང་རྨི་ལམ་བཟང་ངན་སོགས་ལ། །རེ་དོགས་དགག་སྒྲུབ་གང་ཡང་མ་མཛད། །བདུད་དང་བར་དུ་གཅོད་པ་མཐའ་དག །སེམས་ཉིད་འཁྲུལ་པའི་སྣང་བ་ཙམ་ལས། །ལོགས་ན་མེད་པའི་ཆོས་ཉིད་ཤེས་ན། །བདུད་ཀྱང་ཆོས་ཀྱི་གྲོགས་པོ་ཡིན་སྐད། །འཁོར་འདས་དབྱེར་མེད་ལྟ་བའི་ཀློང་ན། །འཁོར་འདས་ཆོས་ལ་སྤང་བླང་མེད་པས། །གཉུག་མ་སྤྲོས་བྲལ་སེམས་ཀྱི་ཆོས་ཉིད། །ཡང་དག་ལྟ་ལ་འདྲིས་གོམས་མཛོད་ཅིག །ཁྱད་པར་རང་རེ་མཆེད་གྲོགས་ཐམས་ཅད། །གནས་འདིར་སྡོད་ལ་བར་དུ་གཅོད་པ། །གློ་བུར་དགྲ་སྣང་འབྱུང་བ་མེད་པའི། །ཕྲིན་བཅོལ་ཡེ་ཤེས་སྤྱན་རས་གསལ་ཞིང་། །རྫུ་འཕྲུལ་མྱུར་བའི་ཞབས་དང་ལྡན་པའི། །སྲུང་མའི་ཚོགས་ལ་ཞུ་བ་གལ་ཆེ། །ལས་ངན་བདག་གི་འཁྲུལ་པའི་རྟོག་པ། །ཡི་གེར་བྲིས་ལ་དགོས་པ་ཅི་ཡོད། །འོན་ཀྱང་ཁྱོད་གསུང་མི་ལྡོག་ཙམ་དུ། །ཅུང་ཟད་བྲིས་ཏེ་ཕུལ་བ་དེ་ལགས། །མ་འོངས་སླད་མའི་སྐྱེ་བ་ཀུན་ཏུ། །ལྟ་སྤྱོད་མཐུན་པའི་གྲོགས་སུ་གྱུར་ནས། །བྱང་ཆུབ་བར་དུ་འགྲོགས་ནས་འགྲོ་བར། །སྙིང་ནས་སྨོན་ནོ་སྙིང་གི་གྲོགས་པོ། །དགེའོ།། །།