སྤར་བྱང་སྨོན་ཚིག
གསེར་གྱི་མདོག་ཅན་མཚན་དཔེའི་དཔལ་འབར་སྐུ། །རབ་སྙན་ཚངས་དབྱངས་ཐེག་གསུམ་ལམ་སྟོན་གསུང་། །མཁྱེན་གཉིས་ཡེ་ཤེས་ཐུགས་མངའ་བཅོམ་ལྡན་འདས། །ཐུབ་དབང་སྲས་བཅས་སྒོ་གསུམ་ཕྱག་གི་ཡུལ། །ཐུབ་པའི་རྒྱལ་ཚབ་རྗེ་བཙུན་གོང་མ་ལྔ། །ངོར་ཆེན་ཡབ་སྲས་ཚར་ཆེན་ཆོས་ཀྱི་རྗེ། །རིགས་གསུམ་རྣམ་སྤྲུལ་འཁོན་སྟོན་རིམ་བྱོན་སོགས། །བརྒྱུད་པར་བཅས་ལ་དད་གསུམ་བློ་ཡིས་འདུད། །འགྲོ་བའི་སྡུག་ཀུན་ནད་སེལ་སྨན་གྱི་མཆོག །མངོན་མཐོ་ངེས་ལེགས་བདེ་སྟེར་ཐུབ་དབང་གསུང་། །དམ་ཆོས་བདུད་རྩིའི་འཆད་ཉན་རྒྱུན་འཕེལ་ཞིང་། །ཡུན་དུ་གནས་ཕྱིར་འཕྲུལ་གྱི་པར་དུ་བསྐྲུན། །འདི་ཡི་དགེ་བས་ཡོངས་རྫོགས་རྒྱལ་བསྟན་དང་། །བྱེ་བྲག་ཐུབ་དབང་གཉིས་པ་ས་སྐྱ་པའི། །རྣམ་དག་བཀའ་སྲོལ་མདོ་རྒྱུད་སྙིང་པོའི་བསྟན། །སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག །བསྟན་འཛིན་སྐྱེས་ཆེན་ཐམས་ཅད་ཞབས་བརྟན་ཅིང་། །མཛད་ཕྲིན་རབ་རྒྱས་འཕགས་ཚོགས་འདུས་སྡེ་ཀུན། །དམ་པའི་ཚུལ་དགུ་ཆོས་སྤྱོད་རྣམ་བཅུ་འཕེལ། །དོན་གཉིས་ལེགས་ཚོགས་ལྷུན་གྱིས་འགྲུབ་གྱུར་ཅིག །དེའི་མཐུས་མི་མཇེད་འཇིག་རྟེན་ཁམས་ཀུན་ཏུ། །སྣོད་བཅུད་དུས་ཀྱི་རྒུད་ཚོགས་རིང་བཅིལ་ཏེ། །རྫོགས་ལྡན་གསར་པའི་ཕུན་ཚོགས་དཔལ་འབྱོར་རྒྱས། །སྐྱེ་རྒུ་ཞི་མཐུན་བདེ་དགར་སྤྱོད་གྱུར་ཅིག །རླབས་ཆེན་རྣམ་དཀར་དགེ་འདིར་འབྲེལ་ཐོགས་ཀྱི། །དད་ལྡན་རྒྱུ་སྤྱོར་ཡོན་གྱི་བདག་པོ་གཙོས། །མ་གྱུར་མཁའ་མཉམ་སེམས་ཅན་ཇི་སྙེད་པ། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་པ་འདིའང་ས་སྐྱ་ཁྲི་འཛིན་འཁོན་རིགས་ཝགིནྡྲ་ནཎྡས་ས་གཞིས་སྒྲོལ་མ་ཕོ་བྲང་གི་རང་གནས་འཆི་མེད་རྡོ་རྗེའ་ིལྡིང་ཁང་དུ་ལེགས་པར་སྦྱར་བའི་དགེ་བས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག