Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྟོང་ཉིད་ཀྱི་རབ་དབྱེ་བཤད་པ།
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྟོང་ཉིད་ཀྱི་རབ་དབྱེ་བཤད་པ།next

སྟོང་ཉིད་ཀྱི་རབ་དབྱེ་བཤད་པ།


GLG012_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཀྱི་རབ་དབྱེ་བཤད་པ།གཉིས་པ་ལ་སྟོང་ཉིད་ཀྱི་དབྱེ་བ་མདོར་བསྟན་པ། ཕྱེ་བ་སོ་སོའི་དོན་རྒྱས་པར་བཤད་པ་གཉིས། དང་པོ་ནི། བདག་མེད་འདི་ནི་ཆོས་དང་


GLG012_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་དབྱེ་བ་རྣམ་པ་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འགྲོ་བ་རྣམས་འཁོར་བ་ལས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། དེ་ལྟར་སྟོན་པས་སླར་ཡང་སྟོང་ཉིད་འདི་ཉིད་ནི་གདུལ་བྱ་རྣམས་ལ་མང་དུ་གསུངས་ཏེ། སྤྲོས་པ་དང་བཅས་པར་སྟོང་ཉིད་བཅུ་དྲུག་བཤད་ནས།མདོར་བསྡུས་ཏེ་སླར་ཡང་སྟོང་ཉིད་བཞིར་བཤད་པ་དེ་དག་ནི་ཐེག་ཆེན་དུ་ཡང་བཞེད་པ་ཡིན་པའི་ཕྱིར། གཉིས་པ་ལ། བཅུ་དྲུག་ཏུ་ཕྱེ་བ་དང་། བཞིར་ཕྱེ་བ་གཉིས། དང་པོ་ལ་བཅུ་དྲུག་ལས། དང་པོ་ནི། མིག་ལ་སོགས་པ་དྲུག་པོའི་རང་བཞིན་གྱིས་མེད་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ནང་སྟོང་པ་ཉིད་དུ་འདོད་དེ། སྟོང་གཞི་ནང་གི་སྐྱེ་མཆེད་བདེན་པས་སྟོངས་པའི་སྟོང་ཉིད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། མིག་ནི་མིག་རང་གི་ངོ་བོས་སྟོངས་ཏེ། གང་ཕྱིར་དེའི་རང་བཞིན་ནི་ངོ་བོས་སྟོངས་པ་དེ་ཡིན་པའི་ཕྱིར། དེར་ཐལ། དེར་ཐེར་ཟུག་གནས་པ་མ་ཡིན་པ་དང་། འཇིག་པར་བདེན་པ་མ་ཡིན་པ་ཉིད་ཀྱི་ཕྱིར། དེ་བཞིན་དུ། རྣ་བ་སྣ་དང་ལྕེ། ལུས་དང་ཡིད་ཀྱང་བསྙད་པར་བྱའོ། །གཉིས་པ་ནི། གཟུགས་སོགས་རང་བཞིན་གྱིས་མེད་པ་ཉིད་ཕྱི་རོལ་སྟོང་པ་ཉིད་དུ་འདོད་དེ། སྟོང་གཞི་ཕྱིའི་སོགས་འགྲེ། གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོངས་ཏེ། རྟགས་འགྲེ། སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཉིད་དང་དེ་བཞིན་ནོ། །གསུམ་པ་ནི། ཤེས་རྒྱུད་ཀྱིས་བསྡུས་ལ། དབང་པོས་མ་བསྡུས་པའི་ཕྱི་ནང་གཉིས་ཀའི་ཆོས་དབང་རྟེན་ཁོག་པ་རང་བཞིན་གྱིས་མེད་པ་ཉིད་ནི་ཆོས་ཅན། གཉིས་ཀ་སྟོང་པ་ཉིད་ཡིན་ཏེ། སྟོང་གཞི་ཕྱི་ནང་གཉིས་ཀ་སོགས་འགྲེ། བཞི་པ་ནི། ཕྱི་ནང་གི་ཆོས་རྣམས་རང་བཞིན་གྱིས་མེད་པ་ཉིད་ནི་ཆོས་ཅན། མཁས་པས་སྟོང་པ་ཉིད་ཅེས་


GLG012_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བསྙད་དེ། ཕྱི་ནང་གི་ཆོས་ཀུན་གྱི་རང་བཞིན་ཡིན་པའི་ཕྱིར། སྟོང་པ་ཉིད་དེ་ཡང་ཆོས་ཅན། སྟོང་པ་ཉིད་ངོ་བོ་ཉིད་ཀྱིས་སྟོངས་པར་འདོད་པ་ཡིན་ཏེ། རྟག་དངོས་གང་རུང་དུ་མི་འཛིན་པའི་ཕྱིར། སྟོང་པ་ཉིད་སྦྱར་བའི་སྟོང་པ་ཉིད་གང་དེ་ཆོས་ཅན། སྟོང་པ་ཉིད་སྟོང་པ་ཉིད་དུ་འདོད་དེ། རྟགས་འགྲེ། སྟོང་ཉིད་བདེན་པར་གྲུབ་པས་སྟོངས་པ་ཆོས་ཅན། ཁྱོད་མདོ་ལས་གསུངས་པ་ལ་དགོས་པ་ཡོད་དེ། ཁྱོད་དངོས་པོར་འཛིན་པའི་བློ་ཅན་གྱི་འཛིན་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། ལྔ་པ་ནི། ཕྱོགས་བཅུ་པོ་རྣམས་ནི་ཆོས་ཅན། ཆེན་པོ་ཉིད་ཡིན་ཏེ། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ནི་མ་ལུས་པ་ལ་ཁྱབ་བྱེད་ཉིད་ཡིན་པའི་ཕྱིར་དང་། ཚད་མེད་པའི་དཔེ་ཡིས་བྱམས་སོགས་བཞི་སྒོམ་པ་མུ་མཐའ་མེད་པར་བཞག་པའི་ཕྱིར། ཕྱོགས་འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱི་ངོ་བོས་སྟོངས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ཆེན་པོ་སྟོང་པ་ཉིད་ཡིན་ཏེ། རྟགས་འགྲེ། དེ་ལྟར་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཕྱོགས་ལ་ཆེན་པོར་འཛིན་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། དྲུག་པ་ནི། མྱང་འདས་དེ་ནི་ཆོས་ཅན། དོན་དམ་པ་ཡིན་ཏེ། དགོས་པའི་མཆོག་ཡིན་པའི་ཕྱིར། དེ་ནི་དེའི་ངོ་བོས་སྟོངས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། དོན་དམ་པ་སྟོང་པ་ཉིད་ཡིན་ཏེ། རྟགས་འགྲེ། དོན་དམ་མཁྱེན་པ་སངས་རྒྱས་ཆོས་ཅན། དོན་དམ་པ་སྟོང་པ་ཉིད་ནི་བསྟན་པར་མཛད་དེ། མྱང་འདས་དངོས་པོར་འཛིན་པའི་བློ་ཅན་གྱི་འཛིན་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། བདུན་པ་ནི། ཁམས་གསུམ་པོ་ཆོས་ཅན། འདུས་བྱས་ཡིན་པར་ངེས་པར་བསྙད་དེ། རྒྱུ་རྐྱེན་ལས་འབྱུང་བའི་ཕྱིར། དེ་ནི་དེ་ཡི་རང་བཞིན་གྱིས་སྟོངས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན།


GLG012_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་སྟོང་པ་ཉིད་དུ་གསུངས་ཏེ། རྟགས་འགྲེ། བརྒྱད་པ་ནི། ནམ་མཁའ་གང་དེ་ཆོས་ཅན། འདུས་མ་བྱས་ཡིན་ཏེ། སྐྱེ་བ་དང་མི་རྟག་པ་དང་གནས་པ་ལས་གཞན་འགྱུར་བ་དེ་དག་མེད་པའི་ཕྱིར། ཆོས་ཅན་དང་རྟགས་འགྲེ། འདུས་མ་བྱས་སྟོང་པ་ཉིད་དེ་ཞེས་སོ། །དགུ་པ་ནི། རྟེན་འབྲེལ་དེ་ནི་ཆོས་ཅན། མཐའ་ལས་འདས་པར་བརྗོད་དེ། གང་ལ་རྟག་ཆད་ཀྱི་མཐའ་ནི་ཡོད་པ་མིན་པའི་ཕྱིར། མཐའ་བྲལ་དེ་ནི་དེ་ཁོ་ནས་སྟོངས་པ་ཉིད་ནི་ཆོས་ཅན། མཐའ་ལས་འདས་པ་སྟོང་པ་ཉིད་དུ་བསྙད་དེ། རྟགས་འགྲེ། བཅུ་པ་ནི། འཁོར་བ་ནི་ཆོས་ཅན། ཐོག་མ་དང་ཐ་མ་མེད་པར་བརྗོད་དེ། ཐོག་མ་དང་པོ་དང་། ཐ་མའི་མཐའ་མ་དེ་དག་མེད་པའི་ཕྱིར། རྨི་ལམ་ལྟ་བུའི་སྲིད་པ་འདི་དེ་ཡི་རང་བཞིན་གྱིས་གྲུབ་པས་དབེན་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེས་བསྟན་བཅོས་ལས་ནི་ངེས་པར་བསྙད་དེ། རྟགས་འགྲེ། བཅུ་གཅིག་པ་ནི། ཐེག་ཆེན་གང་ཡིན་པ་ཆོས་ཅན། གཏོང་བ་མེད་པས་དོར་བ་མེད་པ་ཡིན་ཏེ། འགའ་ཡང་དོར་མེད་དེ་དོར་དུ་མི་རུང་བའི་ཕྱིར། ཁྱབ་སྟེ་དོར་བ་ཞེས་བྱ་བ་ནི་འཐོར་བ་དང་འབོར་བ་ལ་ངེས་པར་བརྗོད་པའི་ཕྱིར། དོར་བ་མེད་པ་དེ་ཉིད་ཀྱིས་དེ་ཉིད་སྟོང་པ་ཉིད་གང་ཡིན་པ་ཆོས་ཅན། དོར་བ་མེད་པ་སྟོང་ཉིད་ཅེས་བྱ་བར་བརྗོད་དེ། རྟགས་འགྲེ། བཅུ་གཉིས་པ་ནི། འདུས་བྱས་ལ་སོགས་ཀྱི་ངོ་བོ་ཉིད་ཆོས་ཅན། རང་བཞིན་ཉིད་དུ་བསྙད་དེ། གང་ཕྱིར་འདུས་བྱས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་དེ་སློབ་མ་ཉན་རང་རྒྱལ་སྲས་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཛད་ཅིང་། གདོད་ནས་གནས་པའི་ཕྱིར། དེ་ཉིད་ཀྱི་སྟོང་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། རང་བཞིན་སྟོང་པ་ཉིད་དེ། རྟགས་འགྲེ།


GLG012_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་པ་ནི། ཁམས་བཅོ་བརྒྱད་དང་རེག་པ་དྲུག་དང་། དེ་རྣམས་ལས་བྱུང་བའི་ཚོར་བ་དྲུག་དང་། གཟུགས་ཅན་དང་གཟུགས་ཅན་མིན་པ་དང་། དེ་བཞིན་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཆོས་ཅན། ཆོས་ཐམས་ཅད་ཅེས་བྱ་སྟེ། ཆོས་ཀུན་ཚང་བའི་ཕྱིར། ཆོས་དེ་དག་ནི་ཐམས་ཅད་ཀྱི་དེ་དག་གི་ངོ་བོས་དབེན་པའི་སྟོང་ཉིད་གང་ཡིན་པ་ཆོས་ཅན། རྟགས་བསལ་འགྲེ། བཅུ་བཞི་པ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་ཀུན་བྱང་གི་ཆོས་རྣམས་ཀྱི་རང་རང་གི་མཚན་ཉིད་དངོས་པོ་སྟེ་བདེན་གྲུབ་ཏུ་མེད་པ་གང་ཡིན་པ་དེ་ཆོས་ཅན། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། སྟོང་གཞི་རང་ཉིད་དོན་དམ་བདེན་པས་སྟོངས་པའི་སྟོང་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། གཞིའི་ཆོས་དང་། ལམ་གྱི་ཆོས་དང་། འབྲས་བུའི་ཆོས་སོ། །དང་པོ་ནི། གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན། ཚོར་བ་ནི་བདེ་སྡུག་བཏང་སྙོམས་མྱོང་བའི་བདག་ཉིད་ཅན། འདུ་ཤེས་ནི་སྔོ་སོགས་མཚན་མར་འཛིན་པ་དང་། འདུ་བྱེད་ནི་མངོན་པར་འདུ་བྱེད་པ་དང་། རྣམ་ཤེས་ནི་ཡུལ་ལ་སོ་སོར་རྣམ་པར་རིག་པ། ཕུང་པོ་ནི་རང་གི་མཚན་ཉིད་ཀྱིས་སྡུག་བསྔལ་བ། ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདྲ་བ། སྐྱེ་མཆེད་རྣམས་ནི་སངས་རྒྱས་ཀྱིས་སྐྱེ་བའི་སྒོར་གྱུར་པ་ཉིད་དུ་གསུངས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདུ་འཕྲོད་ཀྱིས་ཕྱེ་བའོ། །གཉིས་པ་ནི། སྦྱིན་པའི་ཕར་ཕྱིན་གཏོང་བ། ཚུལ་ཁྲིམས་ཀྱི་གདུང་བ་མེད་པ། བཟོད་པའི་མཚན་ཉིད་ཁྲོ་བ་མེད་པ། བརྩོན་འགྲུས་ཀྱི་ཁ་ན་མ་ཐོ་བ་མེད་པ། བསམ་གཏན་གྱི་རྩེ་གཅིག་ཏུ་སྡུད་པའི་མཚན་ཉིད་ཅན། ཤེས་རབ་ཆགས་པ་མེད་


GLG012_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཕར་ཕྱིན་དྲུག་པོ་རྣམས་ཀྱི་མཚན་ཉིད་འདི་དག་ཡིན་པར་བརྗོད་དོ། །བསམ་གཏན་རྣམས་དང་། ཚད་མེད་དང་དེ་བཞིན་གང་གཟུགས་མེད་པ་དེ་དག་ཡང་དག་མཁྱེན་པ་ཡི་སངས་རྒྱས་ཀྱིས་མི་འཁྲུགས་པའི་མཚན་ཉིད་ཅན་དུ་གསུངས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་གི་མཚན་ཉིད་ནི་ངེས་པར་འབྱུང་བར་བྱེད་པ། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། དམིགས་པ་མེད་པས་རྣམ་པར་དབེན་པ། མཚན་མ་མེད་པ་ནི་ཞི་བའོ། །རྣམ་པར་ཐར་པའི་སྒོ་གསུམ་པའི་རང་གི་མཚན་ཉིད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཤེས་པས་སྨོན་པ་མེད་པ་དང་། རང་བཞིན་མེད་པར་རྟོགས་པས་གཏི་མུག་མེད་པ། རྣམ་ཐར་བརྒྱད་པོའི་མཚན་ཉིད་ནི་སྙོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པའོ། །གསུམ་པ་ནི། སྟོབས་བཅུ་རྣམས་ཤིན་ཏུ་རྣམ་པར་གཏན་ལ་འབེབས་པའི་ཐོགས་པ་མེད་པའི་རང་བཞིན་ཅན། སྐྱོབ་པའི་མི་འཇིགས་པ་རྣམས་ཤིན་ཏུ་བརྟན་པའི་ངོ་བོ་ཅན་སོ་སོ་ཡང་དག་རིག་པ་རྣམས་ནི་སྤོབས་པ་སོགས་ཚད་མེད་པའི་མཚན་ཉིད་ཅན། བྱམས་པ་ཆེན་པོ་ཞེས་བྱ་བས་འགྲོ་ལ་ཕན་པ་ཉེ་བར་བསྒྲུབ། ཐུགས་རྗེ་ཆེན་པོས་ནི་སྡུག་བསྔལ་ཅན་རྣམས་ཡོངས་སུ་སྐྱོབ། དགའ་བ་ཆེན་པོས་ནི་སེམས་ཅན་བདེ་བར་རབ་ཏུ་དགའ། བཏང་སྙོམས་ནི་ཆགས་སྡང་མ་འདྲེས་པའི་མཚན་ཉིད་ཅན། སངས་རྒྱས་ཀྱི་ཆོས་ནི་མ་འདྲེས་པ་བཅུ་དང་། བརྒྱད་དུ་གང་འདོད་པ་དེ་དག་མི་འཕྲོགས་པའི་མཚན་ཉིད་ཅན་ཡིན་ཏེ། གང་ཕྱིར་སྟོན་པ་ལ་མི་མཐུན་པ་དེས་འཕྲོག་པར་མི་ནུས་པའི་ཕྱིར། རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་ཀུན་མངོན་སུམ་དུ་མཁྱེན་པའི་མཚན་ཉིད་ཅན་དུ་འདོད་དེ། ཤེས་པ་གཞན་ནི་ཉི་ཚེ་བ་ཉིད་ཀྱིས་ཆོས་ཀུན་


GLG012_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་མཁྱེན་པ་ཞེས་བྱ་བར་མི་འདོད་པའི་ཕྱིར།གསུམ་པ་ནི། གང་ཞིག་འདུས་བྱས་ཀྱི་མཚན་ཉིད་དང་འདུས་མ་བྱས་པའི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་རྣམས་དེའི་རང་བཞིན་གྱིས་གྲུབ་པ། དེ་ཁོ་ནས་སྟོངས་པ་ཉིད་ནི་ཆོས་ཅན། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། རྟགས་འགྲེ། བཅོ་ལྔ་པ་ནི། ཤེས་བྱ་ཆོས་ཅན། གང་དུ་དུས་དེ་དག་མི་དམིགས་པ་དེ་ལ་མི་དམིགས་པ་ཞེས་བརྗོད་དེ། ད་ལྟར་བ་འདི་སྐད་ཅིག་གཉིས་པར་མི་གནས་ཤིང་། འདས་པ་དང་མ་འོངས་པ་ད་ལྟར་ཡོད་པ་མ་ཡིན་པའི་ཕྱིར། མི་དམིགས་པ་དེ་རང་གི་ངོ་བོ་དེ་ཡིས་དབེན་པ་གང་ཡིན་པ་དེ་ནི། མི་དམིགས་པ་ཞེས་བྱ་བའི་སྟོང་པ་ཉིད་དེ། མི་དམིགས་པ་དོན་དམ་པར་ཐེར་ཟུག་ཏུ་གནས་པ་མིན་ཞིང་འཇིག་པ་མིན་པས་སོ། །བཅུ་དྲུག་པ་ནི། དངོས་པོ་རྣམས་ཆོས་ཅན། འདུས་པ་པའི་ངོ་བོ་རང་བཞིན་གྱིས་མེད་དེ། རྐྱེན་ལས་བྱུང་བའི་ཕྱིར། འདུས་པ་པ་ནི་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོངས་པ་ཉིད་ཆོས་ཅན། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡིན་ཏེ། ཞེས་སོ། གཉིས་པ་ནི། དངོས་པོའི་སྒྲས་ནི་མདོར་བསྡུས་ན་ཕུང་པོ་ལྔ་རྣམས་བརྗོད་པ་ཡིན་ལ་དེ་རྣམས་དེ་ཡི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ཆོས་ཅན། དངོས་པོ་སྟོང་པ་ཉིད་དུ་བཤད་དེ། ཞེས་སོ། །མདོར་བསྡུས་ན་ནི་དངོས་པོ་མེད་པ་འདུས་མ་བྱས་ཆོས་རྣམས་ལ་བརྗོད་ལ་དེ་ཉིད་དངོས་མེད་ཀྱི་ངོ་བོ་ཉིད་དེས་སྟོངས་པ་ཉིད་ཆོས་ཅན། དངོས་པོ་མེད་པ་སྟོང་པ་ཉིད་ཡིན་ཏེ། ཞེས་སོ། །རང་བཞིན་ངོ་བོ་ཉིད་ཀྱིས་མེད་པ་ནི་ཆོས་ཅན། རང་བཞིན་ཞེས་བྱ་བའི་སྟོང་ཉིད་ཡིན་ཏེ། ཞེས་སོ། །རང་བཞིན་ཆོས་ཉིད་ཆོས་ཅན། རང་བཞིན་ཞེས་ནི་བྱ་བར་བསྙད་དེ། འདི་ལྟར་ཉན་ཐོས་ལ་སོགས་


GLG012_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་བྱས་པར་དངོས་པོའི་གཤིས་ལུགས་ཡིན་པའི་ཕྱིར། སངས་རྒྱས་རྣམས་ནི་བྱུང་བའམ་མ་བྱུང་ཡང་རུང་། དངོས་སུ་ན་དངོས་པོ་ཀུན་གྱི་སྟོང་པ་ཉིད་ནི་གཞན་གྱི་དངོས་པོ་སྟེ་ངོ་བོར་རབ་ཏུ་བསྒྲགས་ལ་ཡང་དག་མཐའ་དང་དེ་བཞིན་ཉིད་རང་བཞིན་གྱིས་མེད་པ་དེ་ཆོས་ཅན། གཞན་གྱི་དངོས་པོ་སྟེ་ངོ་བོའི་སྟོང་པ་ཉིད་ཡིན་ཏེ། གཞན་གྱི་ངོ་བོ་བདེན་པས་སྟོངས་པའི་ཆ་ཡིན་པའི་ཕྱིར། སྟོང་ཉིད་དེ་དག་ཆོས་ཅན། མདོ་ལས་བཤད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མདོ་ལས་སྔར་བཤད་པ་དེ་སྐད་དུ་རབ་ཏུ་བསྒྲགས་པའི་ཕྱིར། ཛྙཱ་ཁོང་དུ་ཆུད་པའི་བྱིངས་ལ་ཉེར་བསྒྱུར་གྱི་པྲ་སྔོན་དུ་བཞག །པ་ཙ་སོགས་རྣམས་ལས་ཨཙ་འདོ་ཞེས་པས་ཨཙའི་རྐྱེན་བྱིན་པས། པྲཛྙཱ་ཞེས་པ་ཤེས་རབ་ཡིན་ནོ། །བཞི་པ་ནི་དེ་ལྟར་བློ་གྲོས་ཀྱི་འོད་ཟེར་གྱིས་དེ་ཉིད་མཐོང་བའི་མུན་པ་འཇོམས་པའི་སྣང་བ་གསལ་བར་བྱས་པའི་ས་དྲུག་པ་བ་ཆོས་ཅན། ཐ་སྙད་བདེན་པའི་སྟོབས་ཀྱིས་ཀུན་རྫོབ་ཏུ་འགོག་པར་འགྲོ་སྟེ། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ་སྲིད་པ་གསུམ་པོ་འདི་དག་མ་ལུས་པ་གདོད་ནས་སྐྱེ་བ་མེད་པར་རྟོགས་པའི་ཕྱིར། དེ་ཆོས་ཅན། འགོག་པར་གནས་ཀྱང་འགྲོ་བ་སྐྱོབ་པའི་སེམས་མི་འདོར་ཏེ།རྟག་ཏུ་འགོག་པ་འོད་གསལ་དུ་རྟོགས་པའི་བསམ་པ་དང་ལྡན་པ་ཡིན་མོད་ཀྱི། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད་པའི་ཕྱིར། དེ་ཆོས་ཅན། ས་དྲུག་པའི་གོང་བདུན་པར་བདེ་བར་གཤེགས་པའི་གསུང་ལས་སྐྱེས་པའི་ཉན་རང་དང་བཅས་པ་ནི་མ་ལུས་པ་རྣམས་བློ་སྟོབས་ཀྱིས་ཕམ་པར་བྱེད་པའང་ཡིན་ཏེ། བདུན་པར་སྐད་ཅིག་མ་རེར་འགོག་པ་ལ་
འཇུག་ལྡང་བྱེད་ནུས་པའི་ཕྱིར། དེ་ཆོས་ཅན། ཐབས་ཤེས་ཟུང་འབྲེལ་གྱིས་སངས་རྒྱས་ཀྱི་སར་བགྲོད་དེ། རྒྱ་ཆེ་བ་ཀུན་རྫོབ། ཟབ་པ་དེ་ཁོ་ན་ཉིད་ཀྱི་ལམ་རིམ། གཡས་གཡོན་གྱི་གཤོག་པ་ཡངས་པ་དཀར་པོ་རྒྱས་པར་གྱུར་པས་ངང་པའི་རྒྱལ་པོ་ལྟ་བུ་ཁྱོད་ནི་གདུལ་བྱའི་སྐྱེ་བོའི་ངང་པས་མདུན་དུ་བདར་ནས། དགེ་བའི་རླུང་གི་ཤུགས་དང་ལྡན་པའི་སྟོབས་ཀྱིས་རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཆེན་པོའི་ཕ་རོལ་མཆོག་ཏུ་འགྲོ་བའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་ཆེན་པོ་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ལས། སེམས་བསྐྱེད་པ་དྲུག་པ་གཏན་ལ་ཕབ་པ་ཡིན་ཏེ། ས་དྲུག་པའི་ཡོན་ཏན་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། བདག་ཏུ་འཛིན་པའི་མ་རིག་སྟུག་པོའི་མུན། །ཕ་མཐར་སྐྲོད་པའི་ཤེར་ཕྱིན་འོད་དཀར་ཅན། །སྟོང་ཉིད་རི་དྭགས་མཚན་མས་རྣམ་བཀྲ་བའི། །ངོ་མཚར་བདུད་རྩིའི་གཟེགས་མ་ཅི་ཡང་འཛག །བྱེད་པོའི་སོར་མོའི་རྩེ་ལས་མ་བསྐྲུན་ཞིང་། །བསྲ་བརྟན་གཞུ་མཆོག་རྒྱུད་ལས་དྲངས་མིན་པར། །རྒོལ་བའི་ཁས་བླངས་ཕྱེ་མར་འཐག་བྱེད་པ། །རིགས་པའི་མདའ་འདི་སྐྱེས་ཐོབ་ཤེས་རབ་དྲིན། །དབང་ཕྱུག་བརྒྱད་ལྡན་བློ་བཟང་གྲགས་པ་ཡིས། །དབང་བཅུ་བརྙེས་པའི་གསུང་རབ་དྲུག་པའི་དོན། །དབང་ཆེན་འཛིན་མའི་སྤོ་འདིར་བཤད་པ་ན། །དབང་པོ་སྐྱེངས་ཏེ་ཤོལ་མེད་མངལ་དུ་ཡིབ། །བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་གསལ་པར་བྱེད་པ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བ་ལས། སེམས་བསྐྱེད་པ་དྲུག་པའི་ཚིག་དོན། སྤྱི་དོན། མཐའ་དཔྱོད་རྣམས་བཤད་ཟིན་ཏོ། །


previousསྟོང་ཉིད་ཀྱི་རབ་དབྱེ་བཤད་པ།next