Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
ཀླད་ཀྱི་དོན།
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousཀླད་ཀྱི་དོན།next

ཀླད་ཀྱི་དོན།


GLG014_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན། དང་པོ་ལ་མཚན་དོན། འགྱུར་ཕྱག་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྒྱ་གར་བས་སྨྲ་བའི་ལྷའི་སྐད་དུ་བསྟན་བཅོས་འདིའི་མཚན་ལ་ཨ་བྷི་སོགས་སུ་འདོད་པ་ཡིན་ཏེ་བསྒྱུར་གྱི་ཨ་བྷི་མངོན་པ། དྷརྨ་ཆོས། ཀོ་ཥ་མཛོད། ཀཱ་རི་ཀཱ་ཚིག་ལེའུར་བྱས་པའི་དོན་ཡིན་པས་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི་ཕྱིར། དེ་ལྟར་སྐད་ཤན་སྦྱར་ཏེ་བསྒྱུར་བ་ལ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་འདི་འཕགས་ཡུལ་མཁས་པའི་ངག་ཡིན་པའི་ངེས་ཤེས་རྙེད་པ་དང་། ལེགས་སྦྱར་གྱི་སྐད་ལ་བག་ཆགས་གཞག་ཆེད་ཡིན་པའི་ཕྱིར། དེ་ཡང་འཕགས་ཡུལ་ན་སྐད་རིགས་བཞི་ཡོད་ཀྱང་རྒྱལ་བ་རྣམས་ཀྱིས་སྐད་རིགས་འདི་ལ་བརྟེན་ནས་ཆོས་འཁོར་བསྐོར་ཞིང་། པཎྜི་ཏ་རྣམས་ཀྱང་དེ་དང་ཚུལ་མཐུན་པར་མཛད་པས། མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས། རྒྱལ་བའི་གསུང་རབ་ཐམས་ཅད་སུཔྲ་དང་ནི། །ཏིང་གི་མཐའ་ཅན་ལེགས་སྦྱར་ལྷ་ཡི་སྐད། །བྱིངས་དང་རྣམ་འགྱུར་རྐྱེན་གྱི་རང་བཞིན་དུ། །གནས་ཕྱིར་འཕགས་ཡུལ་མཁས་རྣམས་ཚུལ་འདིར་རོལ། །ཞེས་གསུངས་པས་སོ། །གཉིས་པ་འགྱུར་


GLG014_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ནི། ཉོན་མོངས་ཀྱི་རྩུབ་རེག་དང་བྲལ་བས་འཇམ་ཞིང་། བདེ་ལེགས་ཀྱི་དཔལ་དུ་གྱུར་པ་ན་ཚོད་གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ཉམས་ལྡན་གྱི་ལང་ཚོ་ཅན་དུ་གྱུར་པའི་འཇམ་དབྱངས་ལ་ཕྱག་འཚལ་བ་ལ་དགོས་པ་ཡོད་དེ། སྒྱུར་བྱེད་ལོ་པཎ་གྱི་དོན་འགྲུབ་ཅིང་། འདི་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པར་ཤེས་པའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་གཞུང་དོན་ལ། རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམས་པའི་གཞུང་གི་བརྗོད་དོན་དངོས་བཤད་པ། རྩོམ་པ་མཐར་ཕྱིན་དང་གསུམ། དང་པོ་ལ་མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ། ཆོས་མངོན་པའི་མཚན་དོན་བཤད་པ། ཆོས་མངོན་པ་བརྩམས་པའི་དགོས་པ་བཤད་པ་དང་བཞི། དང་པོ་ལ་མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ། ཆོས་མངོན་པའི་མཚན་དོན་བཤད་པ། ཆོས་མངོན་པ་བརྩམས་པའི་དགོས་པ་བཤད་པ་དང་བཞི། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་གཉིས་ལས། དང་པོ་ནི། སློབ་དཔོན་དབྱིག་གཉེན་ཆོས་ཅན། ཁྱོད་ཀྱིས་བསྟན་བཅོས་འདི་རྩོམ་པའི་ཐོག་མར། ཕུན་སུམ་ཚོགས་པ་གསུམ་མངའ་བའི་སངས་རྒྱས་གང་ཞིག་ལ་ཕྱག་འཚལ་བའི་རྒྱུ་མཚན་ཡོད་དེ། སངས་རྒྱས་དེ་ཤེས་བྱ་ཀུན་ལ་སྒྲིབ་པའི་ཉོན་མོངས་དང་། ཉོན་མོངས་ཅན་མ་ཡིན་པའི་མུན་པ་ས་བོན་དང་བཅས་པ་གཏན་ནས་བཅོམ་ཞིང་སྤངས་པའི་སྤངས་པ་ཕུན་ཚོགས་དང་། ཤེས་བྱ་ཐམས་ཅད་རྟོགས་པའི་རྟོགས་པ་ཕུན་ཚོགས་གཉིས་དང་ལྡན་ཞིང་། དེ་གདུལ་བྱ་ལ་ཕན་པའི་དོན་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་སྒོ་ནས་འགྲོ་བ་རྣམས་བརྒལ་བར་དཀའ་བའི་འདམ་ལྟ་བུའི་འཁོར་བ་ལས་དྲང་བར་མཛད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ་ཁ་ཅིག །ཉོན་མོངས་ཅན་གྱི་མུན་པ་དང་ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཉིས་སྤངས་པའི་སྤངས་པ་དེ་གཞུང་འདིའི་སྐབས་ནས་དངོས་སུ་བསྟན་པའི་སྤངས་པ་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་ཉན་རང་


GLG014_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཉན་རང་དགྲ་བཅོམ་དེ་གཉིས་ཀྱིས་དེ་གཉིས་སྤངས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི། གཏན་ནས་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཉོན་མོངས་ཅན་མ་ཡིན་པའི་མུན་པ་སྤངས་ན། དེ་སླར་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་ནས་སྤངས་དགོས་པར་ཐལ། ཁས་བླངས་འཐད་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་ཡིན་ན། ཅིག་ཤོས་དེའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དགྲ་བཅོམ་པ་ཡིན་པའི་ཕྱིར། དེར་ཐལ། དགྲ་བཅོམ་དྲུག་པོ་གང་རུང་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་སླར་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། དེ་དེའི་འབྲས་བུ་ལས་ཉམས་པ་ཡོད་པའི་ཕྱིར། དེར་ཐལ། དགྲ་བཅོམ་བར་པ་བཞི་པོ་དེ་རང་གི་རིགས་ལས་ཉམས་པ་དང་། ཉམས་པའི་ཆོས་ཅན་སོགས་ལྔ། རང་གི་འབྲས་བུ་ལས་ཉམས་པར་འགྱུར་བ་དང་། རྒྱུན་ཞུགས་རང་གི་འབྲས་བུ་ལས་ཉམས་པར་འགྱུར་བ་མེད་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། བཞི་ནི་རིགས་ལས་ལྔ་འབྲས་ལས་ཉམས་འགྱུར། དང་པོ་ལས་མ་ཡིན། ཞེས་གསུངས་པའི་ཕྱིར། ཁ་ཅིག །མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ཡིན་ན། ཐོབ་བྱའི་ཡོན་ཏན་གང་ལས་ཀྱང་མི་ཉམས་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། དེ་ཐོབ་བྱའི་ཡོན་ཏན་མ་ཐོབ་པ་ལས་ཉམས་པའི་ཕྱིར། དེར་ཐལ། དེ་སྟོབས་བཅུ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་མ་ཐོབ་པའི་ཕྱིར། ཁ་ཅིག །སངས་རྒྱས་ཡིན་ན་ཡོན་ཏན་གང་ལས་ཀྱང་མི་ཉམས་པས་ཁྱབ་ཟེར་ན། མི་འཐད་པར་ཐལ།


GLG014_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐོབ་བྱའི་ཡོན་ཏན་ཐོབ་ཀྱང་མངོན་དུ་མི་བྱེད་པའི་ཉེར་སྤྱོད་ལས་ཉམས་པའི་ཕྱིར། དེར་ཐལ། དེས་འགོག་སྙོམས་ཐོབ་ཀྱང་མངོན་དུ་མ་བྱས་པའི་ཕྱིར། དེར་ཐལ། དེ་འགོག་པ་ལ་སྙོམས་པར་ཞུགས་པའི་གང་ཟག་མ་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་ཚོར་འདུ་རགས་པ་མངོན་གྱུར་དུ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་སྒོ་ལྔའི་དབང་ཤེས་མངོན་གྱུར་དུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སློབ་དཔོན་གྱིས་དེ་ལྟར་ཕྱག་འཚལ་ནས་དགོས་པའི་དོན་བྱ་བ་ཁྱད་པར་ཅན་ཞིག་བརྩམ་པར་བྱ་བ་ཡིན་ཏེ། ཆོས་མངོན་པ་སྡེ་བདུན་གྱི་བརྗོད་བྱ་ཐམས་ཅད་ཚང་བའི་རྒྱལ་པོའི་གན་མཛོད་ལྟ་བུའི་བསྟན་བཅོས་འདི་རབ་ཏུ་བཤད་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཆོས་མངོན་པའི་མཚན་དོན་བཤད་པ་ལ། དོན་དམ་པའི་ཆོས་མངོན་པ་དང་། བརྡར་བཏགས་པའི་ཆོས་མངོན་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་དྲི་མ་མེད་པའི་ཤེས་རབ་ཟག་པ་མེད་པའི་ཕུང་པོ་ལྔ་རྗེས་འབྲང་དང་བཅས་པ་ཆོས་ཅན། འབྲས་བུའི་མངོན་པ་ཡིན་ཏེ། དོན་དམ་པའི་ཆོས་མངོན་པ་ཡིན་པའི་ཕྱིར། གཉིས་པ་ནི། ཟག་མེད་ཀྱི་ཆོས་སུ་དམིགས་པ་དེ་ཆོས་མངོན་པའི་མཚན་ཉིད་ཟེར་ན། ཉན་ཐོས་སྦྱོར་ལམ་པའི་རྒྱུད་ཀྱི་སོ་སོར་བརྟགས་མིན་གྱི་འགོག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། འདུས་མ་བྱས་གསུམ་པོ་གང་རུང་ཡིན་པའི་ཕྱིར། འདོད་ན། ལམ་བདེན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ལམ་བདེན་ཡོད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བསྡུས་པའི་ཟག་མེད་ཀྱི་ཆོས་སུ་དམིགས་པ་དེ། ཆོས་མངོན་པའི་མཚན་ཉིད་ཟེར་ན། ཉན་


GLG014_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཟག་མེད་ཀྱི་ཕུང་པོ་ལྔ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། ཟག་མེད་ཀྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། སེམས་བྱུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཟུགས་ཕུང་ཡིན་པའི་ཕྱིར། ཁ་ཅིག །ཟག་མེད་ཀྱི་སྡོམ་པ་ཡིན་ན། གཟུགས་ཡིན་པས་མ་ཁྱབ་པར་ཐལ། གཟུགས་མེད་ཁམས་ན་དེ་ཡོད་པའི་ཕྱིར། དེར་ཐལ། གཟུགས་མེད་ཁམས་པའི་འཕགས་པའི་རྒྱུད་ལ་དེ་ཡོད་པའི་ཕྱིར། དེར་ཐལ། དེ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར་ན། མ་ཁྱབ། དེར་ཐལ། དེའི་རྒྱུད་ལ་དེ་ལྡན་པའི་ཕྱིར། དེར་ཐལ། དེས་དེ་ཐོབ་པ་གང་ཞིག །དེས་དེ་མ་བཏང་བའི་ཕྱིར། དང་པོ་དེར་ཐལ། འཕགས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཟག་མེད་འཕགས་པའི་སེམས་ཅན་རྣམས། །ཞེས་གསུངས་པའི་ཕྱིར། སྒོམ་ལམ་ལ་ཟག་བཅས་ཟག་མེད་གཉིས་སུ་ཡོད་ཟེར་ན། ཟག་བཅས་སྒོམ་ལམ་རྒྱུད་ལྡན་ཡིན་ན། སྒོམ་ལམ་རྒྱུད་ལྡན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་བཅས་སྒོམ་ལམ་རྒྱུད་ལྡན་གྱི་ཕྱི་རོལ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་སྒོམ་ལམ་རྒྱུད་ལ་ལྡན་པའི་ཕྱི་རོལ་པ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དཀོན་མཆོག་ལ་སྐྱབས་སུ་སོང་བར་ཐལ། ལམ་ཞུགས་སེམས་ཅན་ཡིན་པའི་ཕྱིར།བརྡར་བཏགས་པའི་ཆོས་མངོན་པ་ལ། ལམ་མངོན་པ་དང་། གཞུང་མངོན་པ་གཉིས། དང་པོ་ནི། ཉན་ཐོས་ཚོགས་ལམ་པའི་རྒྱུད་ཀྱི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཤེས་རབ་གང་ཡིན་པ་དེ་ཆོས་ཅན། ལམ་མངོན་པ་ཡིན་ཏེ། འབྲས་བུ་དེ་ཐོབ་པར་བྱ་བའི་ཕྱིར་ཞུགས་པའི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་


GLG014_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་མཚུངས་ལྡན་དང་བཅས་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། མངོན་པའི་བསྟན་བཅོས་འདི་ཆོས་ཅན། ཁྱོད་ལ་མཛོད་ཅེས་བྱ་བའི་རྒྱུ་མཚན་ཡོད་དེ། མངོན་པ་གཉིས་བརྗོད་བྱའི་དོན་དུ་ཡང་དག་པར་ཆུད་པའི་ཕྱིར་རམ། ཡང་ན། མངོན་པ་སྡེ་བདུན་པོ་དེ་ལ་ཆོས་མངོན་པའི་གསུང་རབ་མཚན་ཉིད་པ་ཞེས་བྱ་ལ། ཁྱོད་གང་ནས་བྱུང་བའི་གནས་ཀྱང་དེ་ཡིན་པས། དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །དོན་དམ་པའི་ཆོས་མངོན་པ་ཐོབ་བྱེད་ཀྱི་ཐབས་ཡིན་ན། བརྡར་བཏགས་པའི་ཆོས་མངོན་པ་ཡིན་པས་ཁྱབ་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་གྱི་ངོ་བོར་གྱུར་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དོན་དམ་པའི་ཆོས་མངོན་པ་ཡིན་པའི་ཕྱིར། ཁ་ཅིག །ཚོགས་སྦྱོར་གང་རུང་ཡིན་ན་བརྡར་བཏགས་པའི་ཆོས་མངོན་པ་ཡིན་པས་ཁྱབ་པར་ཐལ། ཉན་ཐོས་ཀྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཀྱི་ཚོགས་ལམ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་དེ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་རྟོགས་པ་སྔོན་དུ་སོང་བའི་དེ་ཡོད་པའི་ཕྱིར་ན། མ་ཁྱབ། ཁ་ཅིག །འདོད་ཁམས་ན་བརྡར་བཏགས་པའི་ཆོས་མངོན་པའི་ངོ་བོར་གྱུར་པའི་བསྒོམས་བྱུང་གི་ཤེས་རབ་མེད་ཟེར་ན། དེ་ཡོད་པར་ཐལ། འདོད་ཁམས་ན་སྦྱོར་ལམ་ཡོད་པ་གང་ཞིག །དེ་བསྒོམས་བྱུང་གཙོ་བོར་གྱུར་པའི་ལམ་ཡིན་པའི་ཕྱིར། དང་པོ་དེར་ཐལ། འདོད་རྟེན་ཆོས་མཆོག་བུད་མེད་ཀྱི། །གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར། །ཞེས་པས་སྦྱོར་ལམ་བཞི་པོ་དེ་འདོད་པའི་ལྷ་མི་གཉིས་ཀྱི་རྟེན་ལ་ཐོབ་པར་བསྟན་ནས། ཆོས་མཆོག་བུད་མེད་ཀྱི། ཞེས་སོགས་


GLG014_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་དེ། དང་པོར་བུད་མེད་ཀྱི་རྟེན་ལ་ཐོབ་པ་ཡིན་ན། སླར་ཡང་ཕོ་མོ་གཉིས་ཀའི་རྟེན་དུ་ཐོབ་པར་འགྱུར་བ་ཡོད་ཅིང་། དང་པོར་སྐྱེས་པའི་རྟེན་ལ་ཐོབ་པ་ཡིན་ན། སླར་ཡང་སྐྱེས་པ་ཁོ་ནའི་རྟེན་ལ་ཐོབ་པར་འགྱུར་བར་བསྟན་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། བསྒོམས་བྱུང་མི་ལྕོགས་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ། །ཞེས་པའི་རྐང་པ་དང་པོས་དེ་བསྒོམས་བྱུང་གཙོ་བོར་གྱུར་པའི་ལམ་དུ་བསྟན་ཅིང་། ཕྱི་མའི་དེ་ཁྱད་པར་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་ཐོབ་པར་བསྟན་པའི་ཕྱིར། ཁ་ཅིག །བརྡར་བཏགས་པའི་ཆོས་མངོན་པ་དེ་ཆོས་མངོན་པ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་ལམ་བདེན་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཟག་མེད་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཆོས་མངོན་པ་མེ་ལ་བསྲེགས་པའི་ཆོས་སྤོང་གི་ལས་མི་སྲིད་པར་ཐལ། དོན་དམ་པའི་ཆོས་མངོན་པ་ནི་མེ་ལ་སྲེག་མི་ནུས། བརྡར་བཏགས་པའི་ཆོས་མངོན་པ་ཆོས་མངོན་པ་མ་ཡིན་པའི་ཕྱིར་ན། མ་ཁྱབ། འོ་ན། སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་ཀྱི་ལས་མི་སྲིད་པར་ཐལ། ཡེ་ཤེས་ལ་སུས་ཀྱང་ཁྲག་འབྱིན་མི་ནུས། གཟུགས་ཕུང་སངས་རྒྱས་མ་ཡིན་པའི་ཕྱིར། བཞི་པ་ཆོས་མངོན་པ་གསུངས་པའི་དགོས་པ་ལ། ཚིག་དོན། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། སློབ་དཔོན་དབྱིག་གཉེན་ཆོས་ཅན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བརྗོད་བྱའི་གཙོ་བོར་སྟོན་པའི་བསྟན་བཅོས་འདི་རྩོམ་པ་ལ་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན། ཤེས་རབ་དེ་མེད་པར་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། ཉོན་མོངས་པ་དག་དང་ལྡན་པས་ཀྱང་། འཇིག་རྟེན་ཏེ་སྐྱེ་དགུ་རྣམས་སྲིད་པ་འཁོར་བའི་སྡུག་བསྔལ་རྒྱ་མཚོ་དང་འདྲ་ཆོས་སུ་གྲུབ་པ་འདིར་འཁྱམས་ཏེ། ཐར་པ་ཐོབ་པར་མི་འགྱུར་བ་དེ་བས་རྒྱུ་མཚན་དེའི་


GLG014_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་མངོན་པ་སྡེ་བདུན་པོ་འདི་སྟོན་པས་གསུངས་པའི་བཀའ་དགྲ་བཅོམ་བདུན་གྱིས་བསྡུས་པར་གྲགས་པ་དེའི་རྗེས་སུ་འབྲངས་ཏེ་བཤད་པའི་ཕྱིར། ལོ་ཞེས་སྨོས་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། སློབ་དཔོན་གྱི། མངོན་པའི་དོན་སྟོན་པས་གསུངས་ཤིང་། སྡེ་བདུན་དགྲ་བཅོམ་པ་བདུན་གྱིས་བརྩམས་པར་བཞེད་པས། མ་རངས་པའི་ཚིག་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །མངོན་པ་མཛོད་འདི་རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔོན་དུ་སོང་བའི་བསྟན་བཅོས་མ་ཡིན་པར་ཐལ། རང་གི་རྩོམ་གཞིར་གྱུར་པའི་མངོན་པ་སྡེ་བདུན་ལ་མ་རངས་པའི་ཚིག་ཡོད་པའི་ཕྱིར། དེར་ཐལ། ལོ་ཞེས་བྱ་བའི་ཚིག་ཡོད་པའི་ཕྱིར་ན། མ་ཁྱབ་སྟེ། ལོ་ཞེས་པའི་ཚིག་དེ་མངོན་པ་སྡེ་བདུན་བཀའ་ཡིན་པར་འདོད་པ་ལ་མ་རངས་པ་ཡིན་ཞིང་། དེའི་བརྗོད་དོན་ལ་མ་རངས་པའི་ཚིག་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། ཞེས་དང་པོ་དེར་ཐལ། རང་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་ནི་བཅོམ་ལྡན་འདས་ཀྱིས་སིལ་བུར་བཤད་ལ། བཙུན་པ་ཀཱ་ཏྱཱའི་བུ་ལ་སོགས་པས་བསྡུས་ནས་བཞག་སྟེ། བཙུན་པ་ཆོས་སྐྱོབ་ཀྱིས་ཆེད་དུ་བརྗོད་པའི་སྡེ་ཚན་དུ་བྱས་པ་བཞིན་ནོ་ཟེར་རོ། །ཞེས་གསུངས་པས། སྐབས་འདིར་བྱེ་བྲག་སྨྲ་བ་ཕྱོགས་སྔར་སླང་བའི་ཕྱིར་དང་། འགྲེལ་པ་རྒྱལ་སྲས་མ་ལས་ཀྱང་། ལོ་ཞེས་བྱ་བའི་སྒྲ་ནི། ཆོས་མངོན་པ་བ་རྣམས་ཀྱི་གཞུང་ལུགས་ཡིན་གྱི། མདོ་སྡེ་པ་ཁོ་བོ་ཅག་གི་ནི་མ་ཡིན་ནོ། །ཞེས་ཕ་རོལ་གྱི་འདོད་པ་སྟོན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། སློབ་དཔོན་གྱིས་བྱེ་བྲག་ཏུ་སྨྲ་བའི་ལུགས་ཁས་ལེན་པའི་ཕྱིར། དེར་ཐལ།


GLG014_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་གསུམ་རྫས་གྲུབ་ཏུ་ཁས་ལེན་པའི་ཕྱིར། དེར་ཐལ། དེ་གསུམ་རྫས་སུ་གྲུབ་པའི་ཕྱིར། དེར་ཐལ། དེ་གསུམ་དོན་བྱེད་ནུས་པ་ཡིན་པའི་ཕྱིར། དེར་ཐལ། ནམ་མཁས་རླུང་བརྟེན་པའི་དོན་བྱེད་ནུས། སོ་སོར་བརྟགས་འགོག་གིས་རང་གི་བྲལ་ཐོབ་འཛིན་པའི་དོན་བྱེད་ནུས། སོ་སོར་བརྟགས་མིན་གྱི་འགོག་པས་རང་གི་དགག་བྱ་འགོག་པའི་དོན་བྱེད་ནུས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སློབ་དཔོན་དབྱིག་གཉེན་མདོ་སྡེ་པ་ཡིན་པར་ཐལ། འགྲེལ་པ་རྒྱལ་སྲས་མར། མདོ་སྡེ་པ་ཁོ་བོ་ཅག་གི་ཞེས་འབྱུང་བའི་ཕྱིར་ན། མ་ཁྱབ་སྟེ། དེའི་དོན་ནི། མངོན་པ་སྡེ་བདུན་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འདོད་པ་མདོ་སྡེ་པ་དང་། སློབ་དཔོན་གཉིས་མཐུན་པར་བསྟན་གྱི། སློབ་དཔོན་མདོ་སྡེ་པར་བཤད་པ་མ་ཡིན་པའི་ཕྱིར། ལ་ལ་དག །ལོ་གྲག་ཟེར་གསུམ་བཤད་པའི་རྒྱན་ཡིན་ཟེར་བ་ནི། རང་ཉིད་ཀྱིས་ཁས་བླངས་ཕྱིན་ཅི་ལོག་ཏུ་བཟུང་བའི་སྒྲིབ་བྱེད་ཡིན་འདུག་ཀྱང་ཟེར་རྒྱུས་ཕོངས་པའོ། ཁ་ཅིག །སྲིད་ཉོན་སྤངས་པའི་གང་ཟག་ཡིན་ན། དེ་སྤངས་པའི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཐོབ་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། དེ་འདྲའི་གང་ཟག་ཡིན་ན། དེ་སྤངས་པའི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཐོབ་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ན། དེ་སླར་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་ནས་སྤངས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་རོ། །གཉིས་པ་བརྩམས་པའི་གཞུང་གི་བརྗོད་དོན་ལ། ལུས་ཀྱི་ཚུལ་གྱིས་མདོར་བསྟན་པ། ཡན་ལག་གི་ཚུལ་གྱིས་རྒྱས་པར་བཤད་པ་གཉིས། དང་པོ་ལ་གཉིས་སུ་བསྡུ་བ་དང་། ཅུང་ཟད་བཤད་པ་གཉིས། དང་པོ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདིར་ཟག་བཅས་དང་ཟག་མེད་ཀྱི་ཆོས་གཉིས་བརྗོད་བྱའི་གཙོ་བོར་འཆད་པའི་རྒྱུ་མཚན་ཡོད་


GLG014_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཆོས་ཐམས་ཅད་བསྡུ་ན་དེ་གཉིས་སུ་འདུས་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཟག་པ་དམིགས་པ་དང་མཚུངས་ལྡན་གཉིས་ཀྱི་སྒོ་ནས་རྒྱས་སུ་རུང་བ་དེ་ཟག་བཅས་ཀྱི་མཚན་ཉིད་ཟེར་ན། དགྲ་བཅོམ་པའི་རྒྱུད་ཀྱི་མིག་དབང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། བསྒོམ་སྤང་ཡིན་པའི་ཕྱིར། དེར་ཐལ། གཟུགས་ཅན་གྱི་ཁམས་བཅུ་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། དེ་བཅུ་དང་རྣམ་ཤེས་ཀྱི་ཁམས་ལྔ་ལ་བསྒོམས་སྤང་གི་ཁྱབ་པའི་ཕྱིར། དེར་ཐལ། བཅུ་ནི་བསྒོམས་པས་སྤང་བྱ་ཡིན། །ལྔ་ཡང་། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་སུ་རུང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དང་མཚུངས་ལྡན་གྱི་ཉོན་མོངས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་མོངས་རྒྱུད་ལྡན་གྱི་དགྲ་བཅོམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་སྐྱེ་བའི་ཆོས་ཡིན་ན། དེ་གང་རུང་གི་སྒོ་ནས་ཟག་པ་རྒྱས་རུང་གི་ཆོས་ཡིན་པས་ཁྱབ་ཟེར་ན། འགོག་ལམ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དམིགས་པའི་སྒོ་ནས་ཟག་པ་སྐྱེ་བའི་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ལ་དམིགས་ནས་ཟག་པ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། འགོག་པ་མཐོང་སྤང་ཉོན་མོངས་དང་ལམ་མཐོང་སྤང་ཉོན་མོངས་གཉིས་ཡོད་པའི་ཕྱིར། རྩ་བར་འདོད་ན། ཟག་བཅས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེ་གཉིས་ལ་རྒྱས་པར་ནི་མི་འགྱུར་བས་དེ་གཉིས་ཟག་པ་དང་བཅས་པ་ཉིད་དུ་ཐལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ལམ་བདེན་དུ་མ་གཏོགས་པའི་འདུས་བྱས་རྣམས་ནི། ཟག་བཅས་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། དེ་དག་ལ་དམིགས་པ་དང་


GLG014_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ལྡན་ཅི་རིགས་པའི་སྒོ་ནས་ཟག་པ་རྣམ་པ་ཀུན་ཏུ་རྒྱས་པར་འགྱུར་བའི་ཕྱིར། ལམ་གྱི་བདེན་པ་དང་། འདུས་མ་བྱས་རྣམ་གསུམ་ཡང་ཆོས་ཅན། ཟག་མེད་ཡིན་ཏེ། དམིགས་པ་དང་མཚུངས་ལྡན་ཅི་རིགས་པའི་སྒོ་ནས་ཟག་པ་རྒྱས་པར་མི་འགྱུར་བའི་ཆོས་ཡིན་པའི་ཕྱིར། ནམ་མཁའ་དང་ནི་སོ་སོ་བརྟགས་འགོག །སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་ཏེ་གསུམ་ཡོད་པ་དེ་ལ། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མི་སྒྲིབ་པ་ཞེས་བྱ་སྟེ། རང་ཡོད་པའི་གཞིར་གཟུགས་ཅན་གཞན་འབྱུང་བ་ལ་གེགས་མི་བྱེད་པའི་སྟོང་ཆ་ཡིན་པའི་ཕྱིར། ཉན་ཐོས་འཕགས་པའི་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་འགོག་པ་ཆོས་ཅན། སོ་སོར་བརྟགས་པས་འགོག་པ་ཡིན་ཏེ། ཟག་མེད་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་གྱི་ཉོན་སྒྲིབ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། སྡུག་བསྔལ་མཐོང་སྤང་སོགས་བཞི་སྤངས་པའི་སྤངས་པ་བཞི་པོ་རྫས་སོ་སོ་ཡིན་ཏེ། དེ་དག་ལྡན་པར་བྱེད་པའི་རྫས་རྣམས་ཀྱང་རྫས་སོ་སོ་ཡིན་པའི་ཕྱིར། ཆོས་འོག་མ་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་བྲལ་བ་ལས་གཞན་པའི་འགོག་པ་གང་ཡིན་པ་དེ་ཆོས་ཅན། སོ་སོར་བརྟགས་མིན་གྱི་འགོག་པ་ཡིན་ཏེ། ཟག་མེད་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱ་སྤངས་པ་མ་ཡིན་པའི་ཕྱིར་ན་རྒྱུ་མ་ཚང་བས་རེ་ཞིག་ཡུལ་གང་དང་གང་དགག་པའི་འགོག་པ་ཡིན་པའི་ཕྱིར། སྨྲས་པ། ཆོས་མངོན་ཀུན་གསལ་ནོར་བུའི་བཞིན་རས་ལ། །ཚིག་དོན་མཐའ་དཔྱོད་ཆུ་འཛིན་སྨིན་མའི་གར། །ལེགས་བཤད་གྲུ་ཆར་གཡོ་བའི་ཟུར་མིག་གིས། །བློ་གསལ་ཞིང་པའི་འདོད་ལྡན་དགའ་བ་སྐྱེད། །ཟང་ཟིང་ནོར་གྱི་གཞལ་བས་ཁུགས་མིན་པའི། །ཆེས་དཀོན་ཕྲ་ཞིབ་རིག་པའི་ནོར་བུ་དཔྱ། །མཆོག་དམན་ཐར་པའི་གླིང་དུ་འཁྲིད་པ་ལ། །ཆོས་ཚུལ་འཕེལ་འདི་ཡོངས་འཛིན་ཞལ་ལུང་
ཡིན། །གང་ཞིག་འབྲུག་སྒྲ་དལ་གྱིས་རྒོད་པ་ལ། །རྨ་བྱ་དལ་གྱིས་བྲེལ་བ་ཆོས་ཉིད་ལྟར། །ན་ཚོད་ཆེས་ཕྲའི་དུས་ནས་ཚུལ་འདི་ལ། །ཅུང་ཟད་སྦྱངས་རྣམས་མི་སྨྲའི་རང་དབང་ཅི། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousཀླད་ཀྱི་དོན།next