Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
  expand section
  collapse section
ཐུན་མོང་མ་ཡིན་པའི་རྒྱན་བཤད་པ།
   
   
   
   
   
   
   
   
  expand section
   
  expand section
  expand section
  expand section
  expand section


 
previousཐུན་མོང་མ་ཡིན་པའི་རྒྱན་བཤད་པ།next

ཐུན་མོང་མ་ཡིན་པའི་རྒྱན་བཤད་པ།


GLG020_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་རྒྱན་བཤད་པ།གཉིས་པ་ལ། ཐུན་མོང་མ་ཡིན་པའི་རྒྱན་དང་། ཐུན་མོང་པའི་རྒྱན་གཉིས་། དང་པོ་ལ། མདོར་བསྟན་རྒྱས་བཤད། སྙན་ངག་གི་རྒྱུ་བཤད་པ་དང་གསུམ། དང་པོ་ནི། ལྷོ་ཤར་གཉིས་ཀྱི་འདོད་པ་ཕན་ཚུན་མི་འདྲ་བའི་དབྱེ་བ་ཕྲ་མོ་ཅན་རྣམས་སྙན་ངག་གི་ལམ་འདིར་ནི་མང་དུ་ཡོད་དོ། །གཉིས་པ་ལ་དམ་བཅའ་བ་དང་། བཤད་ཚུལ་དངོས་གཉིས། དང་པོ་ནི། དབྱེ་བ་དེ་ནི་འཆད་ཚུལ་ཆེས་མང་ཡང་། འདིར་ལྷོ་ཕྱོགས་བཻ་ད་རྦྷ་དང་། ཤར་ཕྱོགས་གཽ་ཌ་པའི་ལམ་གཉིས་སུ་བསྡུས་ནས་ཁྱད་པར་གསལ་བར་བརྗོད་དོ། །གཉིས་པ་ལ། མདོར་བསྟན། རྒྱས་པར་བཤད་པ། མཇུག་བསྡུ་བ་དང་གསུམ། དང་པོ་ནི། ཡི་གེའི་སྦྱོར་བ་ལྕི་བ་སྦྱར་བ་དང་། འཇིག་རྟེན་ལ་གྲགས་པའི་དོན་རབ་དངས་དང་། ཡི་གེ་འཇམ་རྩུབ་ཀྱི་སྦྱོར་བ་མཉམ་པ་ཉིད་དང་། ཉམས་ཁྱད་པར་ཅན་དང་ལྡན་པས་སྙན་པ་དང་། ཡི་གེ་འཇམ་པ་ཤས་ཆེ་བས་ཤིན་ཏུ་གཞོན་པ་དང་། དོན་བརྟག་མི་དགོས་པར་གསལ་བ་དང་། བརྗོད་བྱའི་ཡོན་ཏན་རྒྱ་ཆེ་བ་དང་། ཚིག་སྡུད་མང་ཞིང་ལྕི་ཡང་དོ་མཉམ་པས་བརྗིད་པ་དང་། ལུང་ཆེན་པོ་མ་ཡིན་པའི་འཇིག་རྟེན་དང་མཐུན་པས་མཛེས་པ་དང་། སེམས་ལྡན་གྱི་ཆོས་སེམས་མེད་ལ་བཀོད་པའི་ཏིང་ངེ་འཛིན་ཏེ། ཡོན་ཏན་བཅུ་པོ་འདི་ནི་ལྷོ་ཕྱོགས་བཻ་ད་རྦྷའི་ལམ་གྱི་(༢༢ན)
སྲོག་ཏུ་བཤད་པ་ཡིན་ལ། འདི་དག་ཕལ་ཆེར་གོ་ལྡོག་པ་ནི་ཤར་ཕྱོགས་གཽ་ཌ་པའི་ལམ་དག་མཚོན་པ་ཡིན་ནོ། །

སྦྱར་བའི་ཡོན་ཏན་བཤད་པ།


GLG020_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་ཡོན་ཏན་བཤད་པ།གཉིས་པ་ལ་སྔར་བཤད་པའི་སྦྱར་བ་སོགས་བཅུ་ལས། དང་པོ་ལ། མཚན་ཉིད། ཟློག་ཟླ། དངོས་ཀྱི་དཔེར་བརྗོད་དང་གསུམ། དང་པོ་ནི། སྦྱར་བའི་ཡོན་ཏན་ནི། སྡེ་པའི་དང་པོ། གསུམ་པ། ལྔ་པ་མཐར་གནས་ཀྱི་སྲོག་ཆུང་བའི་ཡི་གེ་མཆོག་སྟེ་འབའ་ཞིག་ཏུ་ཡོད་པ་དེ་ལྷོད་པ་ཉིད་ཀྱིས་མ་རེག་པར། སྡེ་པའི་གཉིས་པ། བཞི་པ། དྲོ་བ། ཧ་ཀྵ་རྣམས་ལས་བརྩམས་པ་ཞིག་དགོས་སོ། །དེའི་ཕྱིར་འདི་ནི་ལེའུ་གཉིས་པའི་སྦྱར་བ་དང་མི་འདྲ་བར་སྲོག་ཆེ་ཆུང་ལ་བྱེད་དོ། །གཉིས་པ་ནི། མཱ་ལཱ་ཏཱི། ཛ་ཏིའི་མེ་ཏོག མཱ་ལཱ་ཕྲེང་བ། ལོ་ལ་སྲེད་པ། ཨཱ་ལི་ཀ །བུང་བ། ལི་ལཱ། འཁོར་བ་སྟེ། ལྷོད་པ་ཛ་ཏིའི་མེ་ཏོག་ཕྲེང་། །སྲེད་པས་བུང་བ་འཁོར་བར་བྱེད། །ཅེས་འབྱུང་བ་བཞིན། ཤར་ཕྱོགས་གཽ་ཌ་པ་དག་ལ་ཡིག་བསྐོར་བའི་རྗེས་ཁྲིད་ཚུལ་འདིར་འཇུག་པའི་བློས། ལྷོད་པ་སྦྱོར་བར་འདོད་དོ། །བོད་ལ་དཔེར་མཚོན་ན། རབ་དཀར་གངས་རི་ལྟར་དཀར་བ། །དཀར་མཛེས་པདྨ་དཀར་པོར་འགྲན། །ལེགས་དཀར་སྒེག་མོའི་གདོང་ལྟར་དཀར། །སྤྲིན་དཀར་རྗེས་འགྲོ་ལྷག་བསམ་དཀར། །ཞེས་པ་སྲོག་ཆུང་ཞིང་ཀ་ཡིག་ལ་བསྐོར་བ་ལྟ་བུ། གསུམ་པ་ནི། མཱ་ལ་ཏཱི། ཛ་ཏིའི་མེ་ཏོག་དཱ་མ་ཕྲེང་བ། ལཾ་གྷི་ཏཾ་འཁོར་བ་འཾ་ལྡིང་པ། བྷྲ་མ་ར། བུང་བ་རྣམས་ཀྱིས་ཏེ། ཛ་ཏིའི་མེ་ཏོག་ཕྲེང་། བུང་བ་རྣམས་ཀྱིས་འཁོར་ཞིང་ལྡིང་། ཞེས་གྷ་དང་བྷ་སོགས་སྲོག་ཆེན་པོ་མང་དུ་ཚོགས་པའི་འདུས་པ་ལྟ་བུ་ལ་བསྐོར་བའི་སྦྱོར་བ་ལྕི་བ་བཻ་དརྦྷ་བྱེད་དེ། (༢༢བ)
དཔེར་ན། ཚང་ཚིང་ཁོ་ར་ཁོར་ཡུག་གི །སྲ་མཁྲེགས་སར་འཁོད་སྐྱེ་བོ་འགའ། །ཐགས་མཁན་ཚུལ་མཚུངས་འཐད་འཐད་ཚིག །ཁ་ནས་མི་ཡོང་ཕ་རོལ་ཚེར། །ཞེས་པ་སྲོག་ཆེན་གཙོ་བོར་སྦྱར་བ་ལྟ་བུ། སྐབས་འདིའི་ལྕི་བ་ནི་སྦྱོར་ལྕི་བ་ཡིན་ལ། སྡེབ་སྦྱོར་གྱི་ལྕི་བ་ནི་ཡི་གེ་ལྕི་བ་ཡིན་པས་མི་མཚུངས་སོ། །

རབ་དྭངས་ཀྱི་ཡོན་ཏན་བཤད་པ།


GLG020_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དྭངས་ཀྱི་ཡོན་ཏན་བཤད་པ།གཉིས་པ་རབ་དྭངས་ལ་ལྷོ་པ་དང་། ཤར་པ་གཉིས། དང་པོ་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། རབ་ཏུ་ཆུ་དྭངས་པའི་ནང་གི་རྡེའུ་མཐོང་བ་ལྟ་བུ་དང་ལྡན་པ། གྲོང་ཚིག་གིས་མ་བསྲངས་པའི་ངོས་ནས་འཇིག་རྟེན་ལ་གྲགས་པ་ཤས་ཆེ་བའི་དོན་ཅན་ནོ། །གཉིས་པ་ནི། ཟླ་བའི་མཚན་མ་རི་བོང་གི་གཟུགས་ཨུཏྤ་ལ་སྔོན་པོའི་འོད་ཀྱིས་མཛེས་པ་རྒྱས་ཞེས་པ། དོན་དེ་འབད་མེད་དུ་རྟོགས་པའི་སྐལ་བ་བཟང་པོ་དང་ལྡན་པའི་ཚིག་གོ །དཔེར་ན། དཀར་གསལ་ཟླ་གཞོན་ཅོད་པན་ལེགས་འཆང་ཞིང་། །མགྲིན་པར་ཨིནྡྲ་རྙིལ་གྱི་མདངས་འཕྲོ་བ། །འཇིག་རྟེན་བྱེད་པོ་དུས་ཀུན་སྒྲིབ་མེད་པར། །གཟིགས་ཁྱོད་སྐབས་གསུམ་གཙུག་ན་མངོན་པར་མཛེས། །ཞེས་པ་ལྟ་བུ། གཉིས་པ་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། གཽ་ཌ་པ་ནི་འཇིག་རྟེན་ལ་ཤིན་ཏུ་གྲགས་ཆེ་བ་མིན་ཡང་ངེས་ཚིག་བརྗོད་རྒྱུ་ཡོད་པ་ཙམ་གྱི་ཕྱིར་གོ་དཀའ་བ་ཞིག་ལའང་འདོད་དོ། །གཉིས་པ་ནི་ཤིན་ཏུ་དཀར་བ་མིན་པ་ལ་སྔོན་པོ་དང་། ཆུ་ལས་སྐྱེས་པ་ལ་ཨུཏྤ་ལའི་ངེས་ཚིག་ཏུ་བྱས་ཏེ། དེ་འདྲ་བའི་རི་བོང་གིས་མཚན་པའི་འོད་དཀར་ཅན་ཞེས་སོ། །དཔེར་ན་ལང་ཚོ་དར་བའི་འོད་ཀྱིས་དཀའ་ཐུབ་(༢༣ན)
མུན། །ཉེར་བཅོམ་བདེ་བའི་དཔལ་མངའ་འདྲེན་བྱེད་ཞུགས། །པད་དཀར་མིག་བུ་ལྷག་མར་བྱས་པའི་སྒྲས། །འཆི་མེད་རྗེ་ཁྱོད་ནུས་མཐུའི་རང་བཞིན་དཔལ། །ཞེས་པ་ལྟ་བུ།

མཉམ་པའི་ཡོན་ཏན་བཤད་པ།


GLG020_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་ཡོན་ཏན་བཤད་པ།གསུམ་པ་མཉམ་པ་ལ་ལྷོ་ཤར་གཉིས། དང་པོ་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། ཡི་གེའི་སྦྱོར་བ་མཉམ་པ་ནི་སྲོག་ཆུང་བ་འཇམ་པ་དང་། མི་མཉམ་པ་དང་བྲལ་བ་ནི་སྲོག་ཆེ་བ་རྩུབ་པ་ཡིན་ལ། དེ་ལྟ་བུའི་འཇམ་རྩུབ་གཉིས་པོ་ནི་ཕྱེད་སྔ་མ་ལ་འཇམ་ན་ཕྱི་མ་ལ་རྩུབ་པའི་ཡི་གེ་བཀོད་པ་ལས་བྱུང་བའི་སྙན་ངག་དེ་ནི་དེ་འདྲའི་སྦྱོར་བ་འཇམ་རྩུབ་བར་མའི་སྐྱེ་གནས་ལས་གྲུབ་པའི་བར་མ་སྟེ། དྲེའུ་ལ་ཁལ་བཀལ་ན་དོ་ཡ་མཉམ་པ་བཞིན་ནོ། །གཉིས་པ་ནི། དཔྱིད་ཀ་ཁུ་བྱུག་རྣམས་སྐད་སྙན་པའི་ཅ་ཅོ་སྒྲོག་པར་བྱེད་ཅིང་། ཉར་མ་སྟེ་ཆུའི་ཟེགས་མ་རབ་ཏུ་འཐོར་བ་དང་། ཆུ་དངས་ཤིང་དངས་པའི་རྒྱུན་ཏེ་ཆུའི་ཐིགས་པས་དྲན་པས། མ་ལ་ཡ་རླུང་གི་དྲི་དང་མཚུངས་ཏེ། བདག་གི་འདོད་པ་འཕེལ་བའི་སླད་དུ་འོངས་སོ། །བོད་དཔེར་མི་གསལ་ཡང་། རྒྱ་དཔེར་ཕྱེད་སྔ་མ་ལ་ཀ་ལ་པ་སོགས་འཇམ་པ་དང་། ཕྱི་མར་ཚ་ཛྷ་བྷ་ཀྵ་སོགས་རྩུབ་པ་མང་ངོ་། །དཔེར་ན། དཀར་མཛེས་མིག་གི་བདུད་རྩི་དབྱངས་ཅན་ཞལ། །འདྲེན་བྱེད་ཡུལ་གྱུར་ཙམ་གྱིས་བློ་གྲོས་རྒྱས། །དགའ་སྟོན་སྒྲ་ཡིས་ས་ཕྱོགས་ཕ་མཐར་ཁྱབ། །ཤེས་བྱར་ཧོལ་ཧོལ་མ་ཡིན་མཁས་མཁས་བསླབས། །ཞེས་པ་ལྟ་བུ། ཟུར་མཁར་བློ་གྲོས་རྒྱལ་པོས། འཇམ་པར་མཉམ་པ་དང་རྩུབ་པར་མཉམ་པ(༢༣བ)
ཞེས་འགྲེལ་པ་སྔ་མ་འགའ་ཞིག་གི་རྗེས་སུ་འབྲངས་ཏེ་འཆད་པ་ནི་གཞུང་དོན་དུ་འཇམ་རྩུབ་མཉམ་པའི་ཐ་སྙད་མེད་པས་མི་འབྲེལ་ལོ། །ཟུར་མཁར་བ། དཔལ་སྒང་པ། འབྲུག་པ་པདྨ་དཀར་པོ་གསུམ་གྱིས་རྫོག་རྟགས་མ་བསྐྱལ་ཙམ་དེ་མཛད་ན། གཞན་ནི་སྒོ་ངའི་མཐིལ་མཛུབ་ལེན་དུ་འདུག་པས། ཁྱེད་གསུམ་གྱི་བཀའ་རྒྱུད་པ་མི་གྲལ་དུ་ཆུད་པ་མཛོད་ཅིག་གཉིས་པ་ལ་དཔེར་བརྗོད་དང་། དོན་བསྡུ་གཉིས། དང་པོ་ནི་ཙནྡན་གྱིས་གོས་པའི་དྲི་ངད་བཟང་པོ་ལྡང་ཞིང་། བསིལ་ཞིང་འཇམ་པ་མ་ལ་ཡའི་རླུང་དེས་ནི། བདག་གི་སེམས་ཀྱི་བརྟན་པ་དབང་མེད་དུ་འགོག་པ་སྟེ་ཕྲོགས་ནས། དགའ་མ་བུད་མེད་མཆོག་གི་ཁ་ནང་གི་རླུང་དང་འགྲན་པ་དེ་ལ་ཅོ་འདྲིའོ། །རྒྱ་དཔེར་རྐང་པ་གསུམ་པར་དྷ་མང་དུ་ཚོགས་ཤིང་། གཞན་གསུམ་ལ་སྲོག་ཆུང་བར་ཤས་ཆེ་བའི་སྦྱོར་ལུགས་ལ་འདོད་དེ། དཔེར་ན། སྙན་ངག་སྣང་བ་སྟེར་མཛད་ཅིང་། །རྒྱལ་བ་ཀུན་གྱི་ཡུམ་གཅིག་མ། །ཚངས་སྲས་ཤ་ཤ་དྷ་ར་ཡི། །དྲི་མེད་དཀར་བའི་རྗེས་འགྲོ་ཅན། །ཞེས་པ་ལྟ་བུ། གཉིས་པ་ནི། ཞེས་པ་མི་མཉམ་པ་བཤད་མ་ཐག་པ་ལ། ཤར་ཕྱོགས་པས་མ་བརྟགས་པར་མཉམ་པའི་མཚན་ཉིད་དུ་འཇོག་ཀྱང་། ཚིག་གི་དོན་དང་རྒྱན་ཕུན་སུམ་ཚོགས་པ་དག་ལ་ལྟོས་ནས་ཏེ་བསམས་ན་ཤར་ཕྱོགས་པའི་ལུགས་དག་ལ་མི་མཉམ་པའི་སྙན་ངག་གི་ལམ་འདི་འབྱུང་བར་འགྱུར་རོ། །

སྙན་པའི་ཡོན་ཏན་བཤད་པ།


GLG020_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་ཡོན་ཏན་བཤད་པ།བཞི་པ་སྙན་པ་ལ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བ་དང་གསུམ། དང་པོ་ནི། སྙན་པའི་ཡོན་ཏན་ནི། ཡིད་འགྱུར་ཐུབ་(༢༤ན)


GLG020_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉམས་དང་ལྡན་པའི་ཚིག་དང་ནི་བརྗོད་བྱ་དོན་གྱི་དངོས་པོ་ལ་ཡང་ཉམས་ཁྱད་ཅན་གནས་པས་ཚིག་དོན་གཉིས་ཀ་སྦྲང་རྩི་བཞིན་དུ་གང་གིས་སྦྲང་རྩི་ལ་སྤྱོད་པའི་བུང་བ་ལྟར། གང་གིས་བློ་ལྡན་རྣམས་དགའ་བར་བྱེད་པའོ། །གཉིས་པ་ལ། སྒྲའི་ཉམས། དོན་གྱི་ཉམས། གཉིས་ཀ་ལ་གྲོང་ཚིག་སྤང་བ་དང་གསུམ། དང་པོ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། སྒྲའི་ཉམས་ཡི་གེ་དང་ཚིག་གང་དང་ཅི་ལ་སྦྱར་ཀྱང་། སྔ་མ་དང་ཕྱི་མ་ལ་ཥ་ཡིག་ཏུ་མཚུངས་པ་ལྟ་བུས་གང་ཞིག་ཉམས་སུ་མྱོང་བ་དེ་ཡིས། བཤད་མ་ཐག་པའི་གཟུགས་དང་། སོགས་ཀྱིས་གནས་དང་། ཕྱི་མོ་དང་། བརྩེགས་པའི་ཚིག་ཉེ་བར་གནས་པ། རྗེས་སུ་འཁྲིད་པ་དང་བཅས་པ་སྒྲའི་ཉམས་དང་ལྡན་ནོ། །གཉིས་པ་ལ་ལྷོ་པ་དང་། ཤར་པ་གཉིས། དང་པོ་ལ། དཔེར་བརྗོད་དང་། མཇུག་བསྡུ་བ་གཉིས། དང་པོ་ནི། གང་གི་ཚེ་བྲམ་ཟེ་དགའ་བའི་རྒྱལ་པོ་ཞེས་བྱ་བ་འདི་ཡིས་རྒྱལ་སྲིད་ཀྱི་དཔལ་ཐོབ་པར་གྱུར་པ་དེ་ནས་བཟུང་སྟེ་སྡེ་བཞིའི་ཆོས་ཀྱི་དགའ་སྟོན་འཇིག་རྟེན་འདི་རུ་བྱུང་ངོ་། །རྒྱ་དཔེར་ཨེ་ཥ་དང་། ལ་ཀྵྨཱིམ། པྲ་སྟ་དང་། པྲི་ཡ། བྷྲྀ་ཏི་རྦྷརྨ་དང་། ས་བོ་བྷ་བ་ཏ། རྐང་པ་བཞི་ལ་རིམ་བཞིན་ཥ་ཡིག་ཏུ་མཚུངས་པ་ཡིག་དང་པོ་ཅན་གྱི་ར་ཡིག་ཏུ་མཚུངས་པ་པ་ཡིག་དང་པོ་ཅན་གྱི་ར་ཡིག་ཏུ་མཚུངས་པ། བརྩེགས་པ་དང་པོའི་ར་ཡིག་ཏུ་མཚུངས་པ། སྐྱེ་གནས་སུ་མཚུངས་པའོ། །དཔེར་ན། རྣམ་དཀར་རྣམ་དཔྱོད་རྣམ་མང་རྣམ་ཐར་རྣམས། །མ་ལུས་ཕུལ་བྱུང་བླ་མེད་སྤུངས་ཤིང་འཕྱུར། །རབ་ཡངས་(༢༤བ)


GLG020_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་དབྱངས་ཅན་ལྷ་གང་ལ། །རྟག་ཏུ་བསྟོད་ཅིང་སྟོབས་ཆེན་རྟ་སོགས་སྟོབ། །ཅེས་རྐང་པ་དང་པོ་ལ་ར་ལ་ན་སྦྱར་བ། གཉིས་པ་སྐྱེ་གནས་གསུམ་པ་དབྱངས་གཅིག །བཞི་པ་བརྩེགས་པའོ། །བྲཱཧྨ་ཎའི་བྲཱ་རིང་པོ་ནི་བུ་རྒྱུད་ཀྱི་རྐྱེན་བྱིན་ཤུལ་ཡིན་པས་ཚངས་པར་བསྒྱུར་བ་མི་ལེགས་སོ། །གཉིས་པ་ནི། ཞེས་འདི་ཉིད་བཻ་དརྦྷ་ནི་འདོད་ཀྱི། གཽ་ཌ་པ་ནི། རྐང་པ་བཞི་ལ་རིགས་མི་མཐུན་པ་འདི་མི་འདོད་དེ། དེ་དག་ཀ་ལྟ་བུ་ཡི་གེ་གཅིག་ལ་བསྐོར་བ་དང་ཚིག་ལ་བསྐོར་བའི་ཚེ་རྐང་པ་དང་པོ་ལ་ཙ་ཡིག་དང་། གཉིས་པ་ལ་མ་ཡིག་དང་ལྡན་པའི་བ་ཡིག་ལ་བསྐོར་བ་ལ་སོགས་པའི་རྗེས་སུ་འཁྲིད་པ་ལ་དགའ་བས། སྦྱོར་བ་ཕལ་ཆེར་ཡང་རྗེས་སུ་འཁྲིད་པ་ཞེས་པ་བྱེད་དོ། །གཉིས་པ་ཤར་པ་ལ། མཚན་ཉིད་མདོར་བསྟན་པ། མིང་དང་སྦྱོར་བ་རྒྱས་པར་བཤད་པ། ཞར་བྱུང་ཟུང་ལྡན་སྨོས་པ་དང་གསུམ། དང་པོ་ནི། ཚིགས་བཅད་ལ་ལྟོས་པའི་རྐང་པ་རྣམས་དང་། བཅད་ལྷུག་གཉིས་ཀ་ལ་ལྟོས་ནས་ཚིག་རྣམས་ལ་དབྱངས་ལ་ངེས་པ་མེད་ཀྱང་། གསལ་བྱེད་ཀྱི་ཡི་གེ་གཅིག་ཡང་ཡང་བསྐོར་བ་ནི་རྗེས་སུ་འཁྲིད་པའོ། །དེ་ཡང་གལ་ཏེ་སྔ་མར་བཀོད་པའི་སྒྲ་ཉམས་སུ་མྱོང་བ་ནི་ཡི་གེའི་འདུ་བྱེད་ཡིན་ལ། ཡི་གེ་དེ་ཉིད་རྟོགས་པ་སྟེ་དྲན་པར་བྱེད་པའི་ཡི་གེ་སྔ་ཕྱི་ཐག་མི་རིང་བ་ཉིད་དུ་གནས་པ་ཞིག་དགོས་སོ། །གཉིས་པ་ལ། རྐང་པ་ལ་བསྐོར་བ། ཚིག་ལ་བསྐོར་བ། རིང་བར་ཐོས་པ། ཤར་པ་ཁོ་ན་འདོད་པའི་རྗེས་ཁྲིད་དང་བཞི། དང་པོ་ནི། སྟོན་(༢༥ན)


GLG020_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་མཚན་མོ་ནམ་མཁའ་གཡའ་དག་པས་དབུ་རྒྱན་དུ་གྱོན་པའི་ཟླ་བ་དེ་ནི་དཀར་མཛེས་སོགས་ཀྱིས་ཀུ་མུ་ཏའི་ཕོན་པོར་སྐྱེ་བོ་འགའ་ཞིག་འཁྲུལ་བ་ལས། སླར་བརྟགས་ཚེ་རི་བོང་གི་མཚན་མ་ཨིནྡྲ་ནཱི་ལ་དང་མཚུངས་པའམ། ཡང་ན་བུང་བའི་ཁ་དོག་གི་དཔལ་ནི་ཡང་དག་པར་འཛིན་པས་ཟླ་བར་ངེས་སོ། །རྒྱ་དཔེར། རྐང་པ་བཞིའི་དང་པོ་རྣམས་སུ། ཙནྡྲ། ཀུནྡ། ཨིནྡྲ། སནྡྲ་ཞེས་། ན་ཡིག་དང་ལྡན་པའི་ད་ཡིག་ལ་བསྐོར་རོ། །དཔེར་ན། རག་གན་གསེར་གྱི་མདོག་ལྟར་རྫུ་བ་འགའ། །རང་འོད་རྣམ་པར་སྤྱོད་པའི་མཐུ་དམན་ཡང་། །རཀྟ་ལྟར་དམར་རྟོག་པ་འོག་འགྱུ་མཁན། །ར་ལུག་མི་ཡི་གཟུགས་བརྙན་ཅན་འདི་སུ། །ཞེས་པ་བོད་སྐད་ལ་འོས་པ་དང་། ཡང་ཡོན་ཏན་དབྱར་མཚོ་ལྟ་བུར་རྒྱས་འདོད་རྣམས། །ནན་ཏན་འབད་པ་ཆེན་པོས་མཁས་པར་འགྱུར། །འོན་ཏང་སྔོན་གོམས་བག་ཆགས་སད་པ་ལས། །ནན་ཏར་མ་བྱས་མཐོང་བ་ཙམ་གྱིས་ཤེས། །ཞེས་རྒྱ་དཔེ་དང་བསྟུན་ནས་བོད་སྐད་ལ་འདི་ལྟ་བུ། ལེའུ་གསུམ་པའི་ཟུང་ལྡན་ལ་ནི་ཡི་གེ་ཚོགས་པ་མཐའ་བརྟེན་སོགས་གཟུགས་ཐམས་ཅད་ཅིག་ཅིང་ཚིག་རྐང་སྔ་མའི་ཐོག་མཐའ་བར་གང་ལ་འོང་བ་དེ་ཕྱི་མར་མ་འཆོལ་བ་ཞིག་དགོས་ལ། རྗེས་ཁྲིད་ལ་ཀ་ལྟ་བུ་མཐའ་བརྟེན་ཕུལ་བྱེད་མཚམས་སྦྱོར་གྱི་ཡི་གེའི་སྲོག་ཞུགས་མེད་པ་འམ། ལྷོ་པ་ལྟར་དབྱངས་སྣ་ཚོགས་སྲོག་ཏུ་ཞུགས་ཆོག་པ་དང་། ཤར་པ་ལྟར་མཐའ་བརྟེན་སོགས་ལ་ངེས་པ་མེད་པའི་དབྱེ་བ་འདི་ནི་ཤོང་དཔང་གི་བརྒྱུད་འཛིན་རྣམས་མ་གཏོགས་མཁས་པ་ཕལ་ཆེར་གྱིས་དགོངས་པར་མ་མངོན་ནོ། །གཉིས་པ་ནི། ཀྱེ་མཛེས་མ་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་དཀར་ཞིང་མཛེས་པ་བསིལ་བའི་རེག་བྱ་འདིས། བདག་གི་ཡིད་དབང་མེད་དུ་ཡིད་སྲུབས་ཏེ་འདོད་ལྷས་མནན་ཅིང་བརྩེ་མེད་དུ་འཇོམས་པར་བརྩོན་(༢༥བ)


GLG020_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལ་ལྟོས་ལ་ཆགས་པ་སོལ་ཅིག །རྒྱ་དཔེར། རྐང་པ་བཞི་ལ་རིམ་བཞིན། ཙཱ་ཏུར། ཙཱནྡྲ་དང་། བིམྦ་དང་། མནྨ་དོ། མདྨ་དང་། རྡ་ཡཾ། དྱ་ཏཾ། ཞེས་ཙ་དང་། མ་དང་ལྡན་པའི་བ། ན་དངལྡན་པའི་མ། ར་དང་ལྡན་པའི་ཡ་ལ་བསྐོར་ཞེས་པ་ཡི་གེ་དེ་རྣམས་ཀྱི་བར་དུ་ཡི་གེ་མང་པོས་མ་ཆོད་པའི་ཤིན་ཏུ་མི་རིང་བར་ཐོས་པ་དག་ནི་ཚིག་ལ་བསྐོར་བའི་རྗེས་ཁྲིད་དུ་འདོད་དོ། །དཔེར་ན། པ་སངས་ལྟར་དཀར་པདྨའི་བཞིན། །མཛེས་ལྡན་སྒྱུག་མོ་གར་སྟབས་བསྒྱུར། །རྔ་ཤོན་རྔ་ཡབ་ཐོགས་ནས་འགྱིང་། །སྐད་སྙན་མགྲིན་གླུ་ལེན་ནམ་སྙམ། །ཞེས་པ་ལྟ་བུའོ། །གསུམ་པ་ནི། དགའ་མ་ཁྱོད་ཀྱི་བཞིན་རས་ཀྱི་ཆུ་སྐྱེས་དཀར་པོ་འདི་དང་མཚུངས་པ་ནི་ཟླ་བ་ཉིད་ཙམ་ཡིན་ཞེས་འཇིག་རྟེན་ན་མི་མཐུན་པ་མེད་པར་འདོད་དོ། །རྒྱ་དཔེར། རཱ་མཱ། ཙཱནྡྲ་མཱ་ཞེས་པའི་མ་གཉིས་ཀྱི་བར་དུ་ཡི་གེ་དགུ་ཙམ་གྱིས་ཆོད་པའོ། །དཔེར་ན། ལ་བའི་བེམ་པོ་གྱོན་པ་འགའ། །དོན་མེད་ལ་ལུང་མང་པོར་འཁྱམ། །བྱ་བྲལ་ཡིན་ཞེས་ལ་ལ་དད། །རྟགས་ཚེ་འཁྲུལ་བའི་རང་ཚང་ལ། །ཞེས་པ་ལྟ་བུ། བཞི་པ་ནི། ཁོ་མོ་བདག་གི་ལུས་ནི་མཛའ་བོ་དང་བྲལ་བའི་དབང་གིས་རིད་པོར་གྱུར་པས། ཡན་ལག་རྣམས་ཕྲ་ཞིང་གདུ་བུ་རྣམས་ཡངས་འཕྲོལ་དུ་རྒྱུག་པ། དེ་བཞིན་ངོ་ཚ་བས་མི་འདོད་པའི་ཁྲོ་བ་དེ་ཡང་ཕྲ་བ་སྟེ་ངོ་ཚ་དང་བྲལ་བ་ལྟ་བུར། འདོད་པ་ཆགས་པའི་མཚོན་ནི་རྣོ་ལ་རྩུབ་ན་ཡང་། སྙིང་རིང་བའི་མཛའ་བོ་ངན་པ་དེས་དོར་བས། ད་ནི་ལང་ཚོའི་ཁེངས་པ་ཉམས་ཤིང་མི་བཟོད་པའི་ཆགས་པ་དྲག་ཏུ་རྒྱས་ལ་འཁྲིག་པ་ཁོ་ན་ཡིད་ལ་འཆར་བའི་རྨོངས་པ་སྐྱེས་ཏེ། ད་ནི་སྲོག་རྣམས་སོད་པ་སྟེ་འཆི་བ་ལ་ཐུག་གོ་ཞེས་སོགས་སྦྱོར་བ་རྩུབ་པ་དང་། དེའི་འགལ་ཟླ་ལྷོད་པ་ཡང་ནི་ཤར་ཕྱོགས་པ་རྣམས་སྟེར་བ་སྟེ་སྦྱོར་བར་བྱེད་ལ། དེ་འདྲ་བའི་རྗེས་ཁྲིད་དེ་ནི་ལྷོ་ཕྱོགས་པ་རྣམས་མི་(༢༦ན)


GLG020_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་མི་སྦྱོར་བ་དེའི་ཕྱིར་རོ། །འདིའི་རྩུབ་པ་ནི། རྒྱ་དཔེར། སྨ་རཿ ལྟ་བུ་རྣམ་བཅད་ཡོད་པ་རྣམས་དང་། ལྷོད་པ་ཨོ་ཡིག་སྲོག་ཏུ་ཞུགས་པ་དང་། ཙནྡྲ་གོ་མིའི་ཡི་གེའི་མདོར་བཤད་པའི་ཡི་གེ་འཇམ་རྩུབ་དང་མི་མཐུན་ཀྱང་། ངག་ནས་འདོན་པའི་སྒྲ་མཚུངས་པ་ཙམ་བོད་སྐད་ལ་ཡང་རྩུབ་པ་ནི། སངས་རྒྱས་ཀྱི་བཀས། ཁྱོད་ཀྱི་སྨྲས། ཞེས་པ་ལྟ་བུ། ལྷོད་པ་ནི། གསུང་མཉན་ཞེས་པ་ལྟ་བུ་སྟེ། ཙནྡྲ་གོ་མིའི་ཡི་གེའི་མདོའི་སྲོག་ཆེ་ཆུང་ལས་རྒྱ་ཆེ་བར་སུམ་རྟགས་ནས་བཤད་པའི་ཕོ་དང་ཤིན་ཏུ་མོ་སོགས་ཀྱི་རྣམ་གཞག་དཎྜཱིའི་གཞུང་དངོས་ལ་བརྟེན་ནས་འཆད་རྒྱུ་མེད་ཀྱང་བོད་སྐད་ཀྱི་གདངས་ལ་བརྟེན་ནས་རྒྱ་དཔེ་དང་འདྲ་མཚུངས་སུ་སྦྱོར་བ་སློབ་དཔོན་མཁས་པའི་ལེགས་བཤད་གསར་པའོ། །དཔེར་ན། སྒྲ་སྒྲོག །ཁ་གདངས། མཆེ་བ་གཙིགས། ཧ་ཧ་སྒྲོག་ཅིང་ཐག་པས་བསྡམ། མི་སྙན་གཏམ་ཟེར་སྐེད་མེད་ལ། །དགའ་བྱེད་སྐྱེས་བུ་ཉམས་རེ་དགའ། །ཞེས་པ་ལྟ་བུ། གསུམ་པ་ཞར་བྱུང་ཟུང་ལྡན་སྨོས་པ་ནི། ཡི་གེ་བསྐོར་བ་ཁོ་ན་རྗེས་ཁྲིད་དང་། གཉིས་གསུམ་སོགས་འདྲ་བ་ཚོགས་པས་བསྐོར་བའི་སྔ་མ་བཀོད་པའི་སྤྱོད་ཡུལ་དུ་ཕྱི་མ་རྣམས་ཇི་ལྟ་བར་གྱུར་པ་ནི་ཟུང་དང་ལྡན་པར་རིག་པར་བྱ་ལ། དེ་ཡང་མཐའ་གཅིག་ཏུ་སྙན་པ་མིན་པས། དེའི་ཕྱིར་ན་ལེའུ་དང་པོ་འདིར་ཅུང་ཟད་བརྗོད་ཀྱི། འདི་དང་འདྲ་བ་རྣམས་ལེའུ་གསུམ་པར་བཤད་པར་བྱའོ། །གཉིས་པ་དོན་གྱི་ཉམས་ནི། བཤད་མ་ཐག་པའི་སྒྲའི་(༢༦བ)


GLG020_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱང་སྟན་པའི་རོ་དང་ལྡན་མོད། འོན་ཀྱང་ངེས་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱན་རྣམས་ཀུན་ལ་ཡང་བལྟ་བ་དང་མཉན་པ་སོགས་དོན་གྱི་ཉམས་ཁྱད་པར་ཅན་དག་སྦྱིན་པར་བྱེད་པ་གཙོ་ཆེའོ། །གསུམ་པ། གཉིས་ཀ་ལ་གྲོང་ཚིག་སྤང་བ་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ་ནི། དེ་ལྟ་ན་ཡང་གྲོང་པ་ཉིད་ཀྱི་ཚིག་གིས་བསླད་པ་མིན་པའི་བརྗོད་བྱ་དོན་གྱི་ཉམས་དང་ལྡན་པའི་སྙན་ངག་གི་ཁུར་ནི་ཚུལ་འདི་ལ་མཁས་པ་ཕལ་ཆེར་གྱིས་འཛིན་ནོ། །གཉིས་པ་ལ། དོན་གྱི་གྲོང་པ་སྤང་བ། སྒྲའི་གྲོང་པ་སྤང་བ། དོན་བསྡུ་བ་དང་གསུམ། དང་པོ་ལ། སྤང་བྱའི་གྲོང་པ་ངོས་བཟུང་བ། སྤོང་བྱེད་ཀྱི་ཉམས་ཇི་ལྟར་སྦྱིན་པ་གཉིས། དང་པོ་ནི། འཁྲིག་པའི་བདེ་བ་ཁོ་ནའི་འདོད་པ་དང་ལྡན་པའི་སྐྱེ་བོ་བདག་ལ། གཞོན་ནུ་མ་ཁྱོད་ནི། ཇི་ལྟར་འདོད་པ་བརྟེན་པར་མི་བྱེད་དེ་བྱེད་དགོས་སོ་ཞེས་པ་འདི་ལ་གྲོང་པའི་ཚིག་དངོས་སུ་ཞུགས་པས་དོན་གྱི་བདག་ཉིད་ཉམས་དང་བྲལ་བ་ཁོ་ནར་བྱེད་པས་སྤང་དགོས་སོ། །དཔེར་ན། ཡིད་དུ་འོང་པའི་བུ་མོ་ཁྱོད། །འབོལ་ཞིང་འཇམ་པའི་མན་སྟན་ལ། །བདག་དང་ལྷན་ཅིག་ཉལ་བྱས་ནས། །འཁྲིག་པའི་བདེ་བ་དགའ་མགུར་སྤྱོད། །ཅེས་པ་ལྟ་བུ། གཉིས་པ་ནི། གཡོན་མིག་མ་ཟུར་གྱིས་བལྟ་བས་བརྟན་པ་འཕྲོག་པར་བྱེད་པའི་འདོད་པའི་གཏུམ་པོ་འདི་ནི་ངེས་པར་བདག་ལ་བརྩེ་བར་མེད་པར་འདོད་པས་གདུང་བར་བྱེད་ནའང་། ཁྱོད་ལ་ཁྲོ་བ་མེད་པའི་སྟེང་དུ་ཤིན་ཏུ་དགའ་བར་བྱེད་པ་འདི་ཉིད་ཅི་ཡིན་ཞེས་བརྗོད་པ་ནི། གྲོང་པའི་དོན་(༢༧ན)


GLG020_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མིན་པར་སྙན་ངག་གི་རོ་དང་ལྡན་པ་ཡིན་ནོ། །དཔེར་ན། འདྲེན་བྱེད་ཟུར་གྱིས་བལྟ་བའི་འོད། །བདག་ཡིད་འདབ་བརྒྱ་ཅི་ཡང་བཞད། །དབང་པོའི་བུང་བ་ཆུ་སྐྱེས་ཀྱི། །རྩེད་འཇོར་རོལ་ཅིག་སྨིན་ལེགས་མ། །ཞེས་པ་ལྟ་བུ། གཉིས་པ་སྒྲའི་གྲོང་པ་སྤང་བ། སྐྱོན་བརྗོད་དང་བཅས་ཏེ་དཔེས་སྤྱིར་བསྟན་པ། དབྱེ་བ་སོ་སོར་བཤད་པ། དམིགས་བསལ་ཁས་ལེན་པ་དང་གསུམ། དང་པོ་ལ། དངོས་དང་དཔེར་བརྗོད་གཉིས། དང་པོ་ནི། དོན་ཙམ་དུ་མ་ཟད། སྒྲ་ལའང་གྲོང་པའི་ཚིག་ཉིད་ཞུགས་པ་ཡོད་དེ། དེའི་མཐུས་ནི་སྙན་ངག་ལེགས་པའི་ཅིག་ཤོས་མི་ལེགས་པར་གྲགས་པས་སྤང་དགོས་སོ། །གཉིས་པ་ནི། གྲོང་ཚིག་གི་དཔེ་ནི། དགའ་བའི་དགའ་སྟོན་སྟེ་འཁྲིག་པ་གོ་བར་བྱེད་པ་བརྗོད་པ་ལ། ཇི་ལྟར། ཡཱ་ཡིག་དང་། ལ་སོགས་པའི་སྒྲས། བྷ་ཡིག་གཉིས་ཚོགས་ན། ཡཱ་བྷ་ཞེས་པ་འཁྲིག་པའི་དངོས་མིང་ཡིན་པས་མི་མཛེས་པ་བཞིན། རྒྱས་པར་འོག་ཏུ་འབྱུང་ངོ་། །གཉིས་པ་དབྱེ་བ་སོ་སོར་བཤད་པ་ལ། རྣམ་གྲངས་མདོར་བསྟན་པ། དཔེར་བརྗོད་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྒྲ་ལ་གྲོང་ཚིག་ཞུགས་ཚུལ་དེ་ཡང་འགའ་ཞིག་ཏུ། །ཚིག་གི་མཚམས་སྦྱོར་ཉམས་པའི་དབང་གིས་ཞུགས་པ་དང་། །སླར་ཡང་དེར་མ་ཟད་ངག་ཚིག་གཅིག་ལ་གོ་བྱའི་དོན་ཐ་དད་པ་དག་གིས་ཀྱང་ངེས་པར་ལེགས་པ་མ་ཡིན་པ་རྟོགས་པར་བྱེད་པའི་གྲོང་པའི་ཚིག་རྣམ་པ་གཉིས་འབྱུང་ངོ་། །གཉིས་པ་ལན་མཚམས་སྦྱོར་ལོག་པ་(༢༧བ)


GLG020_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚིག་གཅིག་དོན་ཐ་དད་དུ་གོ་བ་གཉིས། དང་པོ་ནི། ཡཱ་གང་དང་། བྷ་བ་ཏ༔ཁྱོད་ཀྱི་དང་། པྲི་ཡཱ་དགའ་མ་ལ་འཇུག་པ་བཞིན། གང་ཁྱོད་ཀྱི་དགའ་མ་ཞེས་འབྱུང་ལ། གཅོད་མཚམས་ལོག་ན། ཡཱ་བྷ། འཁྲིག་པ། བ་ཏཿ ལྡན་པས་འཁྲིག་པ་དང་ལྡན་པའི་དགའ་མ་ཞེས་གྲོང་ཚིག་ཏུ་འགྲོའོ། །དཔེར་ན། གྲུབ་ཆེན་ཉམས་ལེན་བྱེད་འདོད་བློ། །ཆུང་ཆུང་ཕུག་པར་ཉལ་བར་དགའ། །ཕྱག་ཆེན་བསྒོམས་པས་ཉོན་མོངས་ཀུན། །འཕེལ་བ་མཐའ་དག་ཞི་བར་བྱེད། །ཅེས་པ་ལྟ་བུ། །གཉིས་པ་ནི། བཱིཪྻ་བརྩོན་འགྲུས། བི་ཤྲནྟཿརྣམ་པར་གནས་པ་ལ་འཇུག་པས། གཡུལ་དུ་གཞན་གྱི་དཔུང་ཚོགས་ལ་མཚོན་ཆ་བསྣུན་ནས་གཞོམ་པར་བྱེད་པའི་སྐྱེས་བུ་བརྩོན་འགྲུས་དང་ལྡན་ཞིང་། བརྟུལ་ཕོད་པས་ནི་རྣམ་པར་རྒྱལ་བའི་ས་ལ་གནས་པར་གྱུར་ཏོ། །ཡང་ན་སྐད་དོད་སྔ་མ་ཁུ་བ་དང་། ཕྱི་མ་རྣམ་པར་ངལ་བ་ལ་གོ་བས། གཞན་བུད་མེད་ལ་བསྣུན་པའི་སྐྱེས་བུ་ནི་ཁུ་བ་དང་ལྡན་པས་རྣམ་པར་ངལ་ལོ་ཞེས་པ་འབྱུང་ངོ་། །དཔེར་ན། སྔོ་གསང་མ་འདིའི་མཚན་མ་ལ། །ཁུ་བའི་དཀྱིལ་འཁོར་ཡོངས་སུ་འཁྱིལ། །བཅུད་བྲལ་མང་པོ་རབ་ཚོགས་ནས། །དད་གུས་ཀྱིས་འདུད་ཚིམ་མེད་བསྟེན། །ཞེས་པ་ལྟ་བུ། གསུམ་པ་མཇུག་བསྡུ་བ་ནི། གྲོང་ཚིག་དེ་ལྟ་བུ་སོགས་ལྷོ་ཤར་གཉིས་ཀའི་ལམ་དག་ལ་ཡང་བསྔགས་པ་མ་ཡིན་པས་ན་སྤང་དགོས་སོ། །གསུམ་པ་དམིགས་བསལ་ནི། བྷ་ག་ནི་མོ་མཚན་དང་སྐལ་པ། ཝ་ཏཱི་ལྡན་མ། བྷ་གི་ནཱི་སྲིང་མོ་ལ་འཇུག་པས། (༢༨ན)
ཞེས་སོགས་ཏེ་སྦྱོར་ཚུལ་མི་འདྲ་བ་གཉིས་བྱུང་ཡང་། རང་གི་སྲིང་མོ་ལ་ངོ་ཚ་བའི་གཏམ་མི་སྨྲ་བས། སྲིང་མོ་སྐལ་ལྡན་ཞེས་པ་ལས་འོས་མེད་ཅིང་། དེས་ན་དམིགས་བསལ་འདི་ནི་རྣམ་པ་ཀུན་ཏུ་ལྷོ་ཤར་གཉིས་ཀས་ཁས་ལེན་པ་ཉིད་ཡིན་ནོ། །དཔེར་ན་བདག་གི་སྲིང་མོ་མཚན་ལྡན་འདི། །ཕ་ལ་ནམ་ཡང་ཉེ་བར་གུས། །དྲིན་ལྡན་མ་མ་འདོད་པའི་རྟེན། །ཇི་སྙེད་བུ་ཚ་རྣམས་ཀྱིས་བསྒྲུབ། །ཅེས་པ་ལྟ་བུ། གསུམ་པ་སྙན་པའི་མཇུག་བསྡུ་བ་ནི། སྔར་བསྟན་པ་དེ་ལྟར་སྙན་པའི་ཡོན་ཏན་རྣམ་པར་ཕྱེ་ནས་བཤད་ཟིན་ནོ། །

ཤིན་ཏུ་གཞོན་པའི་ཡོན་ཏན་བཤད་པ།


GLG020_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གཞོན་པའི་ཡོན་ཏན་བཤད་པ།ལྔ་པ་ཤིན་ཏུ་གཞོན་པ་ལ་ལྷོ་ཤར་གཉིས། དང་པོ་ལ། དམ་བཅའ་བ། མཚན་ཉིད། དཔེར་བརྗོད། དོན་བསྡུ་དང་བཞི། དང་པོ་ནི། ད་ནི་ཤིན་ཏུ་གཞོན་པ་ཞེས་བྱ་བ་བཤད་པར་བྱའོ། །གཉིས་པ་ནི། རྩུབ་པ་མིན་པའི་འཇམ་པའི་ཡི་གེ་མང་བ་ནི། ལྷོ་ཕྱོགས་པའི་ལམ་འདིར་ཤིན་ཏུ་གཞོན་པའི་མཚན་ཉིད་དུ་འདོད་ལ། གང་གི་ཕྱིར་ཡི་གེ་ཐམས་ཅད་མཉེན་པ་སྟེ་འཇམ་པ་འབའ་ཞིག་ནི་མི་དགོས་ཏེ། དེ་ལ་སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད་དོ། །གསུམ་པ་ནི། ཆར་སྤྲིན་གྱི་ཕྲེང་བ་ལྡན་པ་དབྱར་གྱི་དུས་སུ་སྐད་སྙན་པར་སྒྲོག་པའི་མགྲིན་པ་དང་ལྡན་པ་རྨ་བྱ་ཡི་ནི་མཇུག་མ་དག་གདུགས་ཕུབ་པ་ལྟར་ཟླུམ་པོར་བྱས་ནས་གར་བྱེད་དོ། །རྒྱ་དཔེ་ལ། ལཎྜ་ལཱི་ཀྲི་དྱ་སོགས་འཇམ་པའི་ཡི་གེ་ཤས་ཆེ་བར་གནས་པའོ། །དཔེར་ན། སྦྲང་རྩིའི་རྒྱལ་མཚན་འདབ་མའི་དབུས། ཟེའུ་འབྲུའི་ཕང་ཕུང་ལྡན་པ་ལ། །བུང་བ་གཞོན་ནུ་སྙན་པའི་གླུ། །ལེན་ཞིང་རོ་བཅུད་མྱང་བར་བྱེད། །ཅེས་པ་ལྟ་བུ། བཞི་པ་ནི། ཞེས་པ་དེ་ནི་དོན་རྒྱས་པ་ཟབ་ཅིང་བརླིང་བ་ཉིད་མ་ཡིན་ལ། རྒྱན་ཡང་རང་(༢༨བ)
བཞིན་བརྗོད་པ་ཙམ་མ་གཏོགས། ཕུལ་དུ་བྱུང་བ་དེ་འདྲ་ཡོད་པ་མིན་པ་སྟེ་མིན་མོད། འོན་ཀྱང་ཤིན་ཏུ་གཞོན་པ་ཉིད་ཀྱི་ཚིག་སྦྱོར་དེ་ལྟ་བུ་ནི་ཡི་གེ་འཇམ་ཞིང་ངག་ནས་བརྗོད་བདེ་བའི་ཕྱིར་དམ་པ་སྟེ་མཁས་པ་རྣམས་ཀྱི་ཁ་ན་གནས་སོ། །གཉིས་པ་ལ་འདོད་ཚུལ་དང་། དཔེར་བརྗོད་གཉིས། དང་པོ་ནི་ཤིན་ཏུ་གཞོན་པའི་ཚིག་སྦྱོར་དེས་དོན་གསལ་བར་མཐོང་བའི་ཕྱིར། གཞན་ཤར་ཕྱོགས་པ་དག་སྐབས་འགར་འཇམ་པ་སྦྱོར་བ་སྲིད་མོད་ཀྱང་། ཕལ་ཆེར་ནི་རྩུབ་པ་བརྗོད་པར་དཀའ་བ་དག་སྦྱོར་རོ། །གཉིས་པ་ནི། ནྱཀྵ་སྟེ་དགྲ་སྟེ་རཱ་མ་ཎས་སྲིད་སྒྲུབ་བསད་པའི་རྗེས་སུ། འགལ་ཟླའི་རྒྱལ་རིགས་རྣམས་ཀྱི་ཕྱོགས་སྐད་ཅིག་གིས་ཉམས་པར་བྱས་སོ། །འདིར་རྒྱ་དཔེ་ལ་ཀྵ་ཡིག་ལྔ་ཙམ་ཚོགས་པས་བརྗོད་དཀའ་བ་སྟེ། དཔེར་ན། ཁོང་ཁྲོས་ཁ་ཡི་སོ་ལྕེ་ཐཾ་ཐཾ་དུ། །བསྒྲིག་ཅིང་ཤཀྠི་ཐོགས་ནས་རྒྱུག་བྱེད་ཅིང་། །ཁུ་སྒྲས་ས་ཕྱོགས་འགེངས་པའི་ཧོར་འདྲ་སྟེ། །རྒྱལ་རྗེའི་དམའ་འབེབས་ཁོ་རའི་ཐོང་ཡང་འགྲིབ། ཅེས་པ་ལྟ་བུ།

དོན་གསལ་བའི་ཡོན་ཏན་བཤད་པ།


GLG020_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གསལ་བའི་ཡོན་ཏན་བཤད་པ།དྲུག་པ་དོན་གསལ་ལ། ལྷོ་ཤར་གཉིས། དང་པོ་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། བརྗོད་བྱའི་དོན་གསལ་བས། དོན་དེ་གཏན་ཚིགས་ཀྱིས་བརྟག་མི་དགོས་པར་རྟོགས་ནུས་པ་ཉིད་དོ། །གཉིས་པ་ནི། འཕྲོག་བྱེད་དེ་ཁྱབ་འཇུག་གིས་ནི་ཕག་པའི་གཟུགས་སུ་སྤྲུལ་ནས། ས་གཞི་དག་རྒྱ་མཚོར་བྱིང་བ་ལས་འདོན་པའི་ཆེད་དུ་མཚོའི་ནང་དུ་ཞུགས་ཏེ་ཕྱིན་པ་ན་རྨིག་པས་ཀླུའི་གཟུགས་རྣམས་བཅད་པའི་ཁྲག་གིས་ཆུའི་གཏེར་དམར་པོར་གྱུར་པ་ལས་ས་གཞི་ཕྱུང་ངོ་། །ཞེས་པ་རིག་བྱེད་ཀྱི་གཏམ་རྒྱུད་རྣམས་འཇིག་(༢༩ན)
རྟེན་ན་གྲགས་ཆུང་ཡང་། ཆུ་མདོག་དམར་པོར་འགྲོ་བ་བརྟག་མི་དགོས་པར་གསལ་བ་ལྟ་བུ་སྟེ། དཔེར་ན། སྔོ་བསངས་གོ་སྐབས་ཀུན་ནས་འཕྲོག་བྱེད་པའི། །ཟླ་བའི་མ་མ་ལས་འོངས་འོད་རྣོན་ཅན། །བི་ཤ་ཀརྨས་ལན་བརྒྱར་བདར་བ་ལ། །ནེ་རུ་ཀ་ཡི་འདོད་པ་ཡོངས་སུ་རྫོགས། །ཞེས་པ་ལྟ་བུ། །གཉིས་པ་ལ་དཔེར་བརྗོད། དོན་བཤད་པ། མཇུག་བསྡུ་བ་དང་གསུམ། དང་པོ་ནི། ཁྱབ་འཇུག་གིས་ཕག་པ་ཆེན་པོ་དག་ཏུ་སྤྲུལ་ནས་ཕྱུང་བའི་ས་འདི་ཆུ་གཏེར་ཏེ། རྒྱ་མཚོ་དམར་པོ་དག་ལས་བྱུང་ངོ་། །གཉིས་པ་ནི། ཞེས་པའི་སྦྱོར་བ་འདི་ཉིད་བསྟན་པ་ནི། བརྗོད་བྱ་སྔ་མ་དང་གཅིག་ཀྱང་། བརྗོད་བྱེད་ཀྱི་ཚིག་སྦྱོར་མི་གསལ་བའི་དབང་གིས། ཆུ་དམར་པོ་བྲང་འགྲོ་སྟེ་ཀླུའི་ཁྲག་ལས་བྱུང་ཡང་དེ་ནི་ཞིབ་ཏུ་བརྟག་དགོས་པ་ཉིད་དོ། །དཔེར་ན། འཆི་མེད་བདག་པོའི་ཚོགས་ཀྱི་སྒྱུ་རྩལ་ལས། །འཇིག་རྟེན་མཐོང་བར་བྱེད་པའི་མི་ཟད་འོད། །ལུས་ཕྲ་ཅན་གྱིས་བཟོད་མི་བཟློག་པའི་ཐབས། །སྣ་ཚོགས་ལས་ཀྱི་དུམ་བུར་ཆ་རུ་བགོས། །ཞེས་པ་ལྟ་བུ། གསུམ་པ་ནི། བཤད་མ་ཐག་པའི་ལམ་འདི་ལྷོ་ཤར་གཉིས་ཀ་དག་ལ་ཡང་། དོན་རྟོགས་པའི་སྐལ་པ་བཟང་པོ་དང་མི་ལྡན་ཤིང་། ཆུ་གཏེར་དམར་པོ་ལས་བྱུང་བའི་གཏན་ཚིགས་ནི་རྗོད་བྱེད་ཀྱི་སྒྲས་མ་ཟིན་ཞིང་རིགས་པས་ཀྱང་བསྒྲུབ་ཏུ་མེད་པས། དེ་གཉིས་ཀ་ལས་འགོང་བ་འདི་འདྲ་ཤར་ཕྱོགས་པ་རེ་རེ་ཙམ་མ་གཏོགས། ལྷོ་ཤར་ཕལ་ཆེ་བ་བཞེད་པ་མིན་ནོ། །

རྒྱ་ཆེ་བའི་ཡོན་ཏན་བཤད་པ།


GLG020_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་བའི་ཡོན་ཏན་བཤད་པ།བདུན་པ་རྒྱ་ཆེ་བ་ལ་ལྷོ་ཤར་གཉིས། (༢༩བ)


GLG020_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། མཚན་ཉིད་དཔེར་བརྗོད། དོན་བསྡུ་བ་གསུམ། དང་པོ་ནི། ཚིག་སྦྱོར་གང་དུ་དོན་འགའ་ཞིག་དངོས་སུ་བརྗོད་པའི་ཤུགས་ལ། ཡུལ་དེ་ཉིད་དུ་ཁྱད་པར་འཕགས་པ་དང་ལྡན་པའི་ཡོན་ཏན་རྟོགས་ནུས་པ་དེ་ནི་རྒྱ་ཆེན་པོར་གྱུར་པའི་ཡོན་ཏན་གྱི་མཚན་ཉིད་དུ་བརྗོད་དེ། དེས་ནི་སྙན་ངག་གི་ལམ་ཀུན་གྱི་མགོན་དང་བཅས་པ་སྟེ་མཆོག་ཡིན་ནོ། །ལེའུ་གཉིས་པའི་རྒྱ་ཆེ་བ་དང་མི་འདྲ་བར་ཡུལ་གང་ལ་སྦྱར་ཀྱང་ཆོག་གོ །གཉིས་པ་ནི། སློང་བ་རྣམས་ཀྱི་བཀྲེན་པས་ཉེན་པའི་མིག་དག་སྦྱིན་དུ་རེ་བས་ལན་གཅིག་ཙམ་ཁྱོད་ཀྱི་གདོང་ལ་ལྷུང་བ་སྟེ་ལྟ་བར་བྱས་ན། ལྷ་གཅིག་དེས་གནས་སྐབས་སུ་ཇི་ལྟར་འདོད་པའི་དངོས་པོས་ཚིམ་པར་བྱས་པའི་མཐུ་དེ་ཡིས། སླར་སློང་བས་ཆེད་དུ་སྦྱིན་པ་པོ་གཞན་གྱི་གདོང་ལ་བལྟ་དགོས་པ་མ་ཡིན་ནོ། །དཔེར་ན། ཤོང་དཔང་རིག་བྱེད་འཆད་པའི་རྣམ་ཐར་དྲི། །སྔོན་བྱུང་ལོ་རྒྱུས་མ་ལ་ཡ་རླུང་གིས། །དྲངས་པས་དད་པའི་སྤུ་ལོང་གཡོས་པ་ན། །འདྲེན་པ་གཞན་ལ་མཁས་པའི་རེ་བ་ལྷོད། །ཅེས་པ་ལྟ་བུ། གསུམ་པ་ནི། ཞེས་པ་འདི་ཉིད་ཀྱི་ངག་གི་སྦྱོར་ལུགས་འདི་ལ་གཏོང་བའི་སྦྱིན་པ་ཁྱད་པར་དུ་འཕགས་པར་མཚོན་ཞིང་། ལམ་འདི་ཉིད་ཀྱི་ཤུགས་ལ་དཔའ་བརྟུལ་སོགས་གཞན་དག་ཀྱང་རིགས་པས་མཚུངས་པས་དཔག་པར་བྱའོ། །གཉིས་པ་ཤར་པ་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། བསྟོད་ཡུལ་གྱི་བསྔགས་པར་འོས་པའི་ཁྱད་པར་གྱི་ཆོས་དངོས་པོ་འགའ་ཞིག་དངོས་སུ་བརྗོད་(༣༠ན)
པ་ན། ཤུགས་ཀྱིས་ཁྱད་ཆོས་དངོས་པོ་དེ་རྣམས་དང་ལྡན་པའི་ཁྱད་གཞི་ཡུལ་དེའི་ཡོན་ཏན་ངོ་མཚར་རྒྱ་ཆེན་པོ་དང་ལྡན་པར་རྟོགས་ནུས་པའི་ངག་དེ་ནི། རྒྱ་ཆེ་བར་ཤར་ཕྱོགས་པ་འགའ་ཞིག་འདོད་དོ། །གཉིས་པ་ནི། རྩེ་དགའ་ལ་རོལ་བའི་དུས་དགའ་བ་སྐྱེད་པའི་གཞི་ཆུ་སྐྱེས་ཏེ་པདྨའི་མཚོ་རྫིང་དང་། གསེར་གྱི་རྣ་རྒྱན་དང་། གདུ་བུ་ལ་སོགས་པའི་མཛེས་པའི་རྒྱན་མང་པོ་ཞིག་ལ་བསྔགས་པའི་ཤུགས་ལ། རྒྱན་འདི་བཏགས་ནས་རྫིང་བུར་ཁྲུས་ལ་འཇུག་པའི་སྨིན་ལེགས་མ་དེ་ཁྱད་འཕགས་སུ་སྟོན་ནུས་པ་བཞིན་ནོ། །དཔེར་ན། སྤང་ལྗོངས་མརྒད་འོག་པག་གྱོན། །རབ་དཀར་ཆུ་ཁུར་ལང་ལོང་གཡོ། །འབྲུག་གི་སྒྲ་དབྱངས་དར་དིར་སྒྲོག །རྨ་བྱ་གཞོན་ནུ་ཟློས་གར་བསྒྱུར། །ཅེས་པ་ལྟ་བུ།


previousཐུན་མོང་མ་ཡིན་པའི་རྒྱན་བཤད་པ།next