དབུ་མ་གཞན་སྟོང་པ།
གཉིས་པ་ནི། སློབ་དཔོན་ཆེན་པོ་བྷ་བྱའི་༼ལེགས་ལྡན་འབྱེད༽དབུ་མ་རིན་ཆེན་སྒྲོན་མེ་ལས། དེ་བས་དེ་དག་བདག་གིས་གཞུང་ཆེན་པོ་མང་པོ་དག་བཀོད་པ་ནི། ཕྱི་རོལ་གྱི་དབུ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཕ་རོལ་རྒོལ་བ་བཟློག་པ་དང༌། །བསྟན་བཅོས་ཆེན་པོའི་གཞུང་དང་ནི། །རྩོད་པ་ཆེན་པོ་བྱུང་དུས་སུ། །རིགས་པའི་དབུ་མའི་གཞུང་སྨྲ་བྱ། །དེ་ཉིད་དེ་ལ་གཙོར་བྱེད་ཅིང༌། །རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །ཞེས་གསུངས་པས་ཐལ་རང་གི་དབུ་མ་རགས་པ་ཕྱིའི་དབུ་མར་བཞག་ནས་ཕྱི་རོལ་པ་དང་རྩོད་པའི་ཆེད་དང་གཞུང་ཆེན་པོ་སྨྲ་བ་ལ་དགོས་པ་རགས་པ་ཕྱིའི་དབུ་མ་དང༌། ནང་གི་རྣལ་འབྱོར་ཉམས་སུ་བླང་བྱ་ཕྲ་བའི་དབུ་མ་ཞེས་བཞེད་པས་དེ་ནི་འཁོར་ལོ་ཐ་མའི་དགོངས་པ་ངེས་དོན་དབུ་མ་ཆེན་པོ་འདི་ཉིད་ཡིན་ལ། དེ་ཡང་རྒྱལ་བའི་བཀའ་འཁོར་ལོ་ཐ་མའི་ངེས་དོན་སྙིང་པོའི་མདོ་བཅུ་སོགས་དང༌། གསང་སྔགས་ཀྱི་རྒྱུད་སྡེ། རྒྱལ་ཚབ་མ་ཕམ་པའི་རྒྱུད་བླ་མ་སོགས་བྱམས་ཆོས། ཀླུ་སྒྲུབ་ཡབ་སྲས་ཀྱི་མཐར་ཐུག་གི་དགོངས་པ་བསྟོད་ཚོགས་དང༌། ཐེག་ཆེན་ཉི་ཤུ་པ། མདོ་སྡེ་ཀུན་བཏུས། དབུ་མ་སྐྱེ་མེད་རིན་པོ་ཆེའི་མཛོད། སྲིད་པ་འཕོ་བ་སོགས་དང༌། ཨཱརྻ་དེ་བའི་སྙིང་པོ་བརྒྱ་པ་དང༌། དབུ་མ་བཞི་བརྒྱ་པ་གཞན་སྟོང་དུ་བཀྲལ་བའང་ཡོད། ཐོགས་མེད་སྐུ་མཆེད་ཀྱི་བསྟན་བཅོས་རྣམས་དང༌། རྗེས་འབྲང་ཕྱོགས་གླང་ཆོས་གྲགས་ཙནྚ་གོ་མི་སོགས་པནྚི་ཏ་དང༌། གྲུབ་ཐོབ་ཆེན་པོ་མདའ་བསྣུན༼ས་ར་ཧ༽ཞབས། པདྨ་འབྱུང་གནས་སོགས་གྲུབ་ཐོབ་བགྲངས་ཀྱིས་མི་ལངས་པ་ཐམས་ཅད་ཀྱི་དགོངས་པ་ཟབ་མོ་སྔགས་ཀྱི་ལྟ་བ་རང་བྱུང་གི་ཡེ་ཤེས་དང༌། སེམས་ཀྱི་རྡོ་རྗེ། སེམས་ཀྱི་ཕྱག་རྒྱ། གཉུག་མའི་སེམས། ཀུན་ཏུ་བཟང་པོ། དང་པོའི་སངས་རྒྱས། རྒྱུའི་རྡོར་འཛིན། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་སོགས་ལམ་འབྲས་པ་ལ་གྲགས་པ། རྒྱུའི་རྒྱུད། གཞི་ལམ་འབྲས་གསུམ་གྱི་དབྱེ་བ། གནས་ཡོངས་སུ་གྱུར་པའི་ཡེ་ཤེས། ཐིག་ལེ་ཉག་གཅིག སོ་སོ་རང་གི་རིག་པ་སོགས་མཚན་སྣ་ཚོགས་ཀྱིས་བསྙད་པའི་གཞི་གང་ཡིན་པ་དབུ་མ་ཆེན་པོ་ལས་མ་འདས་ཤིང༌། མཚན་ཉིད་གསུམ་དང་སེམས་ཀྱི་སྒྲ་ཙམ་བསྟན་པ་ཐམས་ཅད་དངོས་པོར་སྨྲ་བ་རྣམ་རིག་གི་གྲུབ་མཐའ་ཙམ་དུ་འདོད་ན་རྒྱལ་བ་སྲས་དང་བཅས་པ་ལ་སྐུར་འདེབས་ཀྱི་ཕུང་པོར་འགྱུར་བ་ནི་ཤིན་ཏུ་ཡ་ང་བའི་གནས་སོ། །
མཚན་ཉིད་གསུམ་གྱི་རྣམ་བཞག
དེ་ཡང་འཁོར་ལོ་ཐ་མར་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པར་བསྟན་ཏེ། ཀུན་བཏགས། གཞན་དབང༌། ཡོངས་གྲུབ་གསུམ་མོ། །དང་པོ་ཀུན་བཏགས་ལ་དབྱེ་ན་གཉིས་ཏེ། རྣམ་གྲངས་པའི་ཀུན་བརྟགས་ནི། མིང་ཚིག་ཡི་གེའི་རྣམ་པར་བརྟགས་པ། བརྗོད་བྱ་རྗོད་བྱེད། ཕུང་ཁམས་སྐྱེ་མཆེད། ཤར་ནུབ། མཐའ་དབུས། ཆེ་ཆུང༌། མཐོ་དམན། སྟེང་འོག བསྟོད་སྨད་སོགས། བློས་བཀོད་ཅིང་སྒྲོ་བཏགས་པའི་ཆ་རྣམས་ཀུན་རྫོབ་ཏུའང་མེད་ལ། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་ནི། ཟླ་བ་གཉིས་ལྟ་བུ་མེད་པ་གསལ་སྣང་དང༌། བདག་གཉིས་ལྟ་བུའོ། །གཞན་དབང་ལའང་མ་དག་གཞན་དབང་དང་དག་པ་གཞན་དབང་གཉིས་ལས།
དང་པོ་ནི། ལས་དང་བག་ཆགས་སྣ་ཚོགས་པའི་རྐྱེན་གཞན་ལ་ལྟོས་པས་གཞན་དབང་ཞེས་བཞག་ལ། དེ་ཡང་བག་ཆགས་སྣ་ཚོགས་པའི་དབང་གིས་སེམས་སྣང་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བ་ཡུལ། དོན་ལུས་དང་བཅས་པ་ཀུན་རྫོབ་ཏུ་ཡོད་ལ། དོན་དམ་དུ་མེད། དག་པའི་གཞན་དབང་ནི། ཤིན་ཏུ་དག་པའི་ཞིང་དང་སྐུ་ལ་སོགས་པ་སྟེ། སྒྲིབ་པ་དག་སྟོབས་ཀྱི་དབང་གིས་འབྱུང་བའོ། །ཡོངས་སུ་གྲུབ་པ་ལའང་གཉིས་ཏེ། འགྱུར་མེད་ཡོངས་གྲུབ་ནི། གནས་ལུགས་དོན་གྱི་ཀུན་གཞི་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ་གཞན་དབང་ཀུན་བཏགས་གཉིས་ཀྱིས་སྟོང་པའི་བདེ་གཤེགས་སྙིང་པོ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང༌། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཅིང༌། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་སོ། །
ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི། དག་བྱའི་དྲི་མ་ཐམས་ཅད་དག་པའི་མཐར་ཕྱིན་གྱི་འབྲས་བུ་ལ་འདོད་ཅིང༌། གཟུང་འཛིན་གཉིས་ཀྱིས་སྟོང་པའི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དེ་ཉིད་ཀུན་རྫོབ་ཏུ་མེད་ལ་དོན་དམ་དུ་ཡོད་དོ། །དེས་ན་ངེས་དོན་འཁོར་ལོ་ཐ་མར་བསྟན་པའི་བདེ་གཤེགས་སྙིང་པོ་ནི་འགྱུར་མེད་ཡོངས་གྲུབ་སྟེ། དེའི་ཚུལ་ནི། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མི་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་པས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ནི། དྲི་མ་གློ་བུར་བ་དང་ལྡན་པའི་དུས་ན་རིགས་སམ་ཁམས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་ལ། དྲི་མ་དང་བྲལ་བའི་ཚེ་དེ་བཞིན་གཤེགས་པའམ་སངས་རྒྱས་ཞེས་བྱའོ། །
དེའང་དབྱིངས་སྙིང་པོ་དེའི་ངོ་བོ་ལ་དོར་བྱའི་དྲི་མ་ཡེ་ནས་མེད་དེ་རང་བཞིན་འོད་གསལ་དྲི་མ་མེད་པའི་ཕྱིར་རོ། །སྔར་མེད་ཀྱི་ཡོན་ཏན་ཕྱི་ནས་གསར་དུ་བསྒྲུབ་པའང་མེད་དེ། ཡོན་ཏན་ལྷུན་གྲུབ་ཡིན་པའི་ཕྱིར། སྔ་མ་ལས། ལས་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་སོ། །དེའི་ཕྱིར་ན་སྙིང་པོའི་ངོ་བོ་ལ་ལྟོས་ནས་དྲི་མ་དང་སྐྱོན་གྱི་དངོས་པོ་རྣམ་དབྱེ་དང་བཅས་པས་སྟོང་ལ། གདོད་ནས་རང་ཆས་སུ་ཡོད་པའི་ཡོན་ཏན་གྱིས་མི་སྟོང་པ་སྟེ། དེ་ཉིད་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེས་ན་རིགས་ཁམས་བདེ་གཤེགས་སྙིང་པོ་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བཞུགས་ཏེ། དཔལ་ཕྲེང་གི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང༌། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་ཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །དེའང་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་དེ་མ་དག་པ་དང༌། ཅུང་ཟད་དག་པ། ཤིན་ཏུ་རྣམ་དག་གི་གོ་རིམ་བཞིན། སེམས་ཅན། འཕགས་པ། རྫོགས་སངས་ཀྱི་རིམ་པར་བཞག་པ་ལས་སྙིང་པོ་ཆོས་ཀྱི་དབྱིངས་ལ་འགྱུར་བ་མེད་དེ། རྒྱུད་བླ་མར། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་ཏེ། ས་བུམ་ཟངས་བུམ་གསེར་བུམ་ནང་གི་ནམ་མཁའ་ལ་བཟང་ངན་མེད་པ་དང་མཚུངས་སོ། །
རྒྱལ་བས་འཁོར་ལོ་དང་པོ་དང་བར་བ་རྣམས་སུ་བདག་མེད་དང་སྟོང་པ་ཉིད་ཁོ་ན་བསྟན་པ་བདག་དང་ཉོན་མོངས་པ་བཟློག་པའི་ཐབས་སུ་གསུངས་ཤིང་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་དང་ཡེ་ཤེས་མེད་པར་སྟོན་པ་མིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་པས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །དབྱིངས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང༌། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང༌། གུར་ལས། རིན་ཆེན་སེམས་ལས་མ་གཏོགས་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང༌། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་ལ། །འདི་ཉིད་མྱ་ངན་འདས་པ་ཞེས། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ཡོད་མ་ཡིན། །ཞེས་འཁོར་འདས་མཉམ་ཉིད་ཀྱི་ལྟ་བ་གསུངས་པའང་དབྱིངས་དེ་ཉིད་ཀྱིས་ཁྱབ་པས་ངོ་བོ་དབྱེར་མེད་པ་ལ་དགོངས་པ་ཡིན་ཏེ། དབྱིངས་ཡེ་ཤེས་གཉིས་ལས་སྣང་སྟོང་གིས་དབྱེ་བས། སྟོང་ཆའི་དབྱིངས་ཆོས་སྐུ་ངོ་བོ་ཉིད་སྐུའི་བྲལ་རྒྱུའི་རྟེན་དང༌། ཡེ་ཤེས་སྣང་ཆ་མཚན་དཔེ་དང་བཅས་པ་བརྟེན་པ་གཟུགས་སྐུ་གཉིས་ཀྱི་བྲལ་རྒྱུར་གནས་ཏེ། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དག །དེ་ནི་རྟེན་དང་བརྟེན་པ་དང༌། །ཞེས་སོ། །
རིགས་དེ་གཞི་ལ་རང་བཞིན་ལྷུན་གྲུབ་ཏུ་ཡོད་པས་རང་བཞིན་གནས་རིགས་དང༌། དེའི་སྟེང་དུ་སེམས་དང་པོ་བསྐྱེད་པ་ནས་བཟུང་ས་བཅུའི་རྒྱུན་མཐའི་བར་གྱི་དགེ་རྩ་ཚོགས་གཉིས་ཀྱིས་བསྡུས་པ་ཐམས་ཅད་ནི་རྒྱས་འགྱུར་གྱི་རིགས་ཞེས་བྱ་ལ། དགེ་བ་དེའང་གློ་བུར་གྱི་སྒྲིབ་པའི་གཉེན་པོ་གསར་དུ་བླངས་པ་ཅན་གནས་རིགས་ཀྱི་དྲི་མ་བསལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་གསལ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཀྱང་བྲལ་བའི་འབྲས་བུ་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུས་འབྲས་བུ་བསྒྲུབ་པ་མིན་ཏེ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར་རོ། །སངས་རྒྱས་ཀྱི་སའི་རྒྱས་འགྱུར་གྱི་རིགས་སྣང་ཆ་ལོངས་སྐུ། དེའི་སྟོང་ཆ་ཆོས་སྐུ་རང་བཞིན་གྱི་རིགས་གཉིས་དབྱེར་མེད་པའི་བྱིན་རླབས་ལས། གདུལ་བྱའི་སྣང་ངོར་རང་སྐལ་དང་འཚམས་པའི་སྤྲུལ་སྐུར་སྣང་བ་ཉིད། ནམ་མཁའ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྣང་བའི་གཟུགས་བརྙན་གསེར་གྱི་རིའི་ངོས་ལ་འཆར་བ་བཞིན་ནོ། །
བདེ་གཤེགས་སྙིང་པོ་སེམས་ཅན་ལ་བཞུགས་པ་དེ་ཡང་སྒྲིབ་པར་བྱེད་པའི་གློ་བུར་གྱི་དྲི་མའི་སྦུབས་སུ་བཞུགས་ཚུལ་དང་དེ་ལས་སད་ཚུལ་འཁོར་ལོ་ཐ་མའི་དགོངས་པ་ངེས་པ་དོན་གྱི་བསྟན་བཅོས་རྣམས་སུ་བཀྲལ་པ། ཀླུ་སྒྲུབ་ཀྱིས་ཆོས་ཀྱི་དབྱིངས་སུ་བསྟོད་པར། ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་པ་ལ་སོགས་པས༌། མར་དང༌། མར་མེ། ནོར་བུ་དང༌། གསེར་དང༌། འབྲུ་དང༌། ཤིང་འབྲས་ཀྱི་རིམ་པས་གཞི་ལམ་འབྲས་གསུམ་མཚོན་ནས་གསུངས་པ་དང༌། རྒྱལ་བ་བྱམས་པས། པདྨའི་ནང་དུ་སངས་རྒྱས་བཏུམས་པ་སོགས་དཔེ་དགུའི་སྒོ་ནས། སེམས་ཅན་དང༌། ཉན་རང༌། ཐེག་ཆེན་སྐྱེ་འཕགས། ས་བཅུའི་མ་དག་ས་བདུན། དག་ས་གསུམ་གྱི་མཐོང་སྒོམ་གྱི་སྤང་བྱ་རྣམས་དཔེ་དང་དོན་གྱི་སྒོ་ནས་བསྟན་པ་ཡིན་ལ། དེ་ལྟ་བུའི་བདེ་གཤེགས་སྙིང་པོ་དོན་དམ་བདེན་པ་ཉིད་ཚོགས་སྦྱོར་དུ་ཡོད་དོ་སྙམ་པའི་ཡིད་དཔྱོད་མོས་པ་ལམ་བྱེད་ཙམ་ལས་མངོན་སུམ་དུ་མི་མཐོང༌། མཐོང་ལམ་ནས་ཕྱོགས་རེ་མཐོང༌། སངས་རྒྱས་ཀྱི་སར་རང་བཞིན་ཅི་ཡིན་པ་མངོན་སུམ་དུ་གྱུར་ནས་གཟིགས་སོ། །དེའང་ཉི་མ་ཤར་ཡང་མིག་མེད་པས་མི་མཐོང་ལ། ཡོད་པས་མཐོང་བ་བཞིན་ཏེ། བྱམས་པས། རང་བྱུང་ནང་གི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་ཡང༌། །མིག་མེད་པས་ནི་མཐོང་བ་མེད། །ཅེས་སོ། །དེའི་ཕྱིར་ཉན་རང་བྱང་སེམས་ཀྱི་འཕགས་པ་གསུམ་གྱིས་ཇི་བཞིན་མི་མཐོང་ལ། སངས་རྒྱས་ཀྱིས་རྫོགས་པར་གཟིགས་པའོ། །
དེས་ན་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་ཡིན། འདིའི་རང་བཞིན་མཐོང་བས་དོན་དམ་བདེན་པ་མཐོང་ཞེས་བྱ་ཡི། ཅི་ཡང་མེད་པའི་སྟོང་པ་ཉིད་དོན་དམ་བདེན་པ་མ་ཡིན་ལ། བྱིས་པ་དང་ལས་དང་པོ་པ་བདག་ཏུ་ཞེན་པའི་གཉེན་པོར་བདག་མེད་པ་ལ་སོགས་པ་བསྟན་པ་ཡིན་གྱི། དོན་ལ་དབྱིངས་འོད་གསལ་བ་འདུས་མ་བྱས་ཤིང་ལྷུན་གྲུབ་ཏུ་ཡོད་པ་ཤེས་པར་བྱ་སྟེ། དེའང་རྒྱལ་བ་བྱམས་པས།མདོར་བསྡུ་ན། གང་ཟག་བཞི་བོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཞག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི། འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་དང༌། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །ཡང་ཁ་ཅིག་གིས། བཀའ་བར་བས་ཆོས་ཐམས་ཅད་མི་རྟག་པ་སྤྲིན་ལྟ་བུ། མི་བདེན་པ་རྨི་ལམ་ལྟ་བུ། རྒྱུ་རྐྱེན་ཚོགས་ཀྱང་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་གསུངས་ན། བཀའ་ཐ་མར་ཡེ་ནས་འགྱུར་མེད་དུ་ཡོད་པས་རྟག་པ་དང༌། རང་བཞིན་དུ་གསལ་བས་བདེན་པ་དང༌། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་སུ་བསྟན་པ་འགལ་ལོ་སྙམ་ན་མི་འགལ་ཏེ། སྙིང་པོ་འདི་ལ་སྐྱོན་དང་འདུས་བྱས་འཁོར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་སྟོང་པ་ཡིན་ལ། མྱ་ངན་ལས་འདས་པའི་ཆོས་ཡོན་ཏན་ཐམས་ཅད་ཀྱིས་མི་སྟོང་པ་ཡིན་ཏེ། བྱམས་པས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། སོགས་གོང་དུ་དྲངས་པ་ལྟར་རོ། །འདིས་ཀྱང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་དང༌། དོན་དམ་བདེན་པ་ལ་ལྟོས་ནས་གཞན་སྟོང་པའི་ཚུལ་གསལ་བར་གསུངས་པ་ཤེས་པར་བྱ་དགོས་སོ། །དེས་ན་མི་རྟག་སྟོང་པ་བདག་མེད་སོགས་བསྟན་པས་བདག་གཉིས་སུ་ཞེན་པའི་གཉེན་པོར་བྱེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པར་བྱེད་ལ། དེའི་འོག་ཏུ་བཀའ་ཐ་མར་སྟོང་ཉིད་ལ་མཐར་འཛིན་པའི་སྒྲོ་སྐུར་དུ་ཞེན་པ་ལ་སོགས་པའི་ཉེས་པ་ལྔ་འབྱུང་པས་དེ་དག་བསལ་བའི་ཕྱིར་དོན་དམ་བདེ་གཤེགས་སྙིང་པོ་བསྟན་པ་ཡིན་ཏེ། ཉེས་པ་ལྔ་ནི། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་སོ། །དེའང་བྱང་ཆུབ་སྙིང་པོ་རང་ལ་ཡོད་པར་མ་མཐོང་བས། བདག་ལྟ་བུས་སངས་རྒྱས་མི་ཐོབ་ཅེས་སེམས་ཞུམ་ནས་བྱང་ཆུབ་ཏུ་སེམས་མི་བསྐྱེད་པ་དང༌། བསྐྱེད་ཀྱང་བདག་བྱང་ཆུབ་སེམས་དཔའ་གཞན་ཐ་མལ་པ་ཞེས་སེམས་ཅན་ལ་བརྙས་པས་ལམ་གོང་མ་ཐོབ་པའི་གེགས་བྱེད་པ་དང༌། སྟོང་ཉིད་མཐར་འཛིན་གྱི་དབང་གིས་དོན་དམ་པའི་རང་བཞིན་ཆོས་ཀྱི་དབྱིངས་ལ་མི་འཇུག་པས་ཡང་དག་པར་མི་འཛིན་པ་དང༌། རྟག་ཆད་དུ་ལྷུང་བས་ཡང་དག་པའི་ཆོས་ལ་སྐུར་བ་འདེབས་པ་དང༌།
བདག་དང་སེམས་ཅན་མཉམ་པར་མ་མཐོང་བས། བདག་གཞན་དུ་འཛིན་པའི་ཉེས་པ་འབྱུང་པའི་ཕྱིར་རོ། །
འདི་ལྟ་བུའི་ཁམས་རང་གཞན་ལ་ཡོད་པར་ཤེས་ན། རང་གི་སེམས་ཐར་བར་བགྲོད་པ་ལ་དཀའ་བ་མེད་པར་ཤེས་ཏེ། སྤྲོ་བ་དང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཞིན་དུ་གུས་པས་འཚེ་བ་དང་གནོད་པ་མེད་ཀྱི་སྟེང་དུ་ཕན་འདོགས་པ་དང༌། དོན་དམ་པའི་དབྱིངས་རྟོགས་པའི་ཤེས་རབ་དང༌། གནས་ལུགས་མཐོང་བའི་ཡེ་ཤེས་དང༌། བྱམས་པ་ཚད་མེད་པའི་དཀྱིལ་འཁོར་རྒྱས་པས་གཞན་དོན་སྒྲུབ་པར་ནུས་པ་སྟེ། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟར། །སྐྱོན་མེད་ཡོན་ཏན་ལྡན་པ་དང༌། །བདག་དང་སེམས་ཅན་མཚུངས་བྱས་ཏེ། །སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །ཅེས་སོ། །
དྲང་ངེས་ཀྱི་ཁྱད་པར།
དེ་བས་ན་བདེ་གཤེགས་སྙིང་པོའི་རང་བཞིན་ཤིན་ཏུ་རྒྱས་པར་གསུངས་པའི་བཀའ་དང་བསྟན་བཅོས་རྣམས་དྲང་དོན་དུ་མི་བལྟ་བར་ངེས་པའི་དོན་འབའ་ཞིག་ཏུ་བཟུང་སྟེ་ཤེས་པར་བྱ་ཞིང༌། དེ་ལས་ལྡོག་ན་གོང་དུ་སྨོས་པའི་བཀའ་མདོ་རྒྱུད་དང༌། དེ་སྟོན་པའི་བསྟན་བཅོས་བཅས་ཐམས་ཅད་དྲང་དོན་དུ་ཁས་ལེན་དགོས་པར་འགྱུར་པས་འདི་ལྟ་བུའི་གཏམ་ལ་རྣ་བ་དགབ་པར་བྱའོ། །དེས་ན་འཕགས་པ་ལྷས། བསོད་ནམས་མ་ཡིན་དང་པོས་བཟློག། སོགས་གོང་དུ་དྲངས་པ་ལྟར་གྱི་དོན་ཇི་ལྟ་བར་ཤེས་ན། འཁོར་ལོ་བར་ཐ་དགོངས་པ་མི་འགལ་ཏེ། བར་བས་བདག་བཟློག་པས་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་ནས། ཐ་མས་མཐར་འཛིན་སྒྲོ་སྐུར་སོགས་ཀྱི་ལྟ་བའི་གཞི་ཐམས་ཅད་བཟློག་ནས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ་ཉིད་སེམས་ཅན་ལ་འཇིག་རྟེན་ལས་འདས་པར་རང་བཞིན་གཤིས་ཀྱི་བཞུགས་ཚུལ་གཏན་ལ་ཕབ་ནས་གསུངས་པ་ཡིན་ནོ། །ཞེས་འཆད་པའི་ཕྱིར་རོ། །ཡང་གཞུང་གཞན་ལས་ཕྱི་རོལ་གྱི་ཆོས་ཐམས་ཅད་སེམས་ཀྱི་སྣང་བར་བསྟན་པས་སེམས་ཙམ་གྱི་གྲུབ་མཐའ་སྟོན་པ་མིན་ཏེ། གོང་དུ་སྨོས་པ་ལྟར་བློ་འཁྲུལ་པའི་གཞན་དབང་གི་འཁོར་བའི་ཆོས་རྣམས་དང༌། དེ་ལ་བརྟེན་པའི་སྒྲོ་བཏགས་ཀུན་བརྟགས་ཀྱི་ཆོས་ཀུན་དོན་དུ་མི་སྣང་བར་བསྟན་པ་ཡིན་ཏེ། ལང་གཤེགས་ལས། སེམས་ཙམ་ཡིན་ཏེ་སྣང་བ་མེད། །སྣང་བ་མེད་པས་མི་སྐྱེ་སྟེ། །དབུ་མ་ཡི་ནི་ལམ་འདི་ཡང༌། །ང་དང་གཞན་དག་གིས་ཀྱང་བཞེད། །ཅེས་སེམས་ཙམ་ལས་འདས་པའི་དབུ་མ་བསྟན་པ་དང༌། ཡང་ལང་གཤེགས་ལས། སེམས་ཙམ་དུ་ནི་རྟོག་པ་དང༌། །ཕྱི་རོལ་དངོས་པོ་རྣམས་གསལ་བས། །རྣམ་པར་རྟོག་པ་རྣམས་ལྡོག་སྟེ། །ལམ་དེ་ཉིད་ནི་དབུ་མའོ། །ཞེས་པས་ཕྱི་རོལ་གྱི་དོན་དང་རྣམ་རིག་གཉིས་ཀ་བཀག་སྟེ་གཞན་སྟོང་དབུ་མའི་ལམ་ཉིད་བསྟན་པ་དང༌།ཀླུའི་ཐེག་ཆེན་ཉི་ཤུ་པ་ལས། སྒྱུ་མ་སྤྲུལ་པས་སྒྱུ་མ་མཐོང༌། །གང་ཚེ་འདུས་པ་དེ་ཡི་ཚེ། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །དེ་ནི་ཆོས་རྣམས་ཆོས་ཉིད་ཡིན། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མ་ལྟ་བུར་གནས་པ་ཡིན། །དགེ་དང་མི་དགེའི་ལས་རྣམས་ཀྱིས། །དེ་ཡིས་བཟང་ངན་སྐྱེ་བ་རྣམས། །སེམས་ཀྱི་འཁོར་ལོ་འགག་པ་ཡིན། །ཆོས་རྣམས་ཐམས་ཅད་འགག་པ་ཉིད། །འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །ཆོས་རྣམས་ཉིད་ནི་ཤེས་པར་བྱ། །མིག་ལ་སོགས་དང་ཡུལ་རྣམས་ཀྱིས། །ཡེ་ཤེས་ལྔ་པོ་ཉིད་དག་སྟེ། །ཕྱི་དང་ནང་དུ་རྣམ་དབྱེ་བ། །ཐམས་ཅད་སེམས་ལས་གཞན་མ་ཡིན། །ཞེས་དང༌། འཕགས་པ་ལྷས། ཕྱི་རོལ་དོན་ནི་ཡོད་མིན་ཏེ། །རང་གི་སེམས་ནི་མཐོང་བར་འགྱུར། །དེ་ཡང་སྒྱུ་མ་ལྟར་བྱ་ཞིང༌། །དེ་བཞིན་ཉིད་ཀྱང་རྗེས་དྲན་བྱ། །ཞེས་དང༌། གཟུགས་སོགས་ལྔ་དང་དེ་བཞིན་སྐྱེ་མཆེད་བཅུ་གཉིས་དང༌། །བཅོ་བརྒྱད་ཁམས་ཞེས་བཤད་པ་དེ་རྣམས་དང༌། །ཤེས་པ་ལྔ་དང་འགྲོ་བ་མ་ལུས་པ། །ཐམས་ཅད་རང་གི་སེམས་ཡིན་གཞན་མེད་དོ། །གང་ཡང་རི་བརྒྱད་དང་ནི་མཚོ་རྣམས་དང༌། །གླིང་ལ་སོགས་ཏེ་དམྱལ་བ་ལ་སོགས་ཀྱི། །གང་ཡང་རྟེན་དང་གཡོ་བ་ཉིད་མཐོང་བ། །ཐམས་ཅད་རང་གིི་སེམས་ཡིན་གཞན་མ་ཡིན། །ཞེས་དང༌། སློབ་དཔོན་ཟླ་བས་ཀྱང༌། དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་ན་མི་གནས་ཏེ་མིག་ཡོར་ཙམ་དུ་གནས་པ་གང་ཡིན་པ་ཐམས་ཅད་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ཅི་ཡང་མེད་དོ། །ཞེས་སོགས་མཐའ་ཡས་གསུངས་པ་འདི་རྣམས་ཀྱང་ཁྱོད་རང་གིས་སེམས་ཞེས་པའི་སྒྲ་བྱུང་ཚད་སེམས་ཙམ་གྱི་གྲུབ་མཐར་ཁས་ལེན་ན་ཐལ་རང་གི་སློབ་དཔོན་འདི་རྣམས་ཀྱང་སེམས་ཙམ་དུ་སྨྲ་བར་འདོད་དགོས་པར་འགྱུར་ལ།
ཆོས་འཁོར་གྱི་རྣམ་བཞག
གཞན་ཡང་ཆོས་འཁོར་བསྐོར་བའི་གོ་རིམ་ལྟར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་ནོར་བུ་སྦྱངས་པའི་དཔེས་བསྟན་པའི་རིམ་པ་ཡང༌། དང་པོ་དྲང་དོན། བར་བ་ངེས་དོན། ཐ་མ་མཐར་ཐུག་གི་ངེས་དོན་དུ་འཐད་དེ། དང་པོ་དྲང་དོན། བར་བ་ངེས་དོན། ཐ་མ་དྲང་ངེས་ཅི་རིགས་པར་བཤད་ན། བར་བས་ངེས་དོན་བསྟན་པའི་ཕྱིི་ནས་སླར་ཡང་དྲང་དོན་སྟོན་པ་མི་འཐད་ཅིང་གོ་རིམ་འཁྲུགས་པར་འགྱུར་བ་དང༌། དང་པོ་བར་བ་གཉིས་སུ་རྣམ་ཤེས་ཚོགས་དྲུག་ལས་མ་གསུངས་ཤིང༌། ཀུན་གཞི་མ་བསྟན་པ་དང༌། དེ་བཞིན་དུ་བདེ་གཤེགས་སྙིང་པོའང་མ་གསུངས་པ་ནི། དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་བཞིན་འབབ། །བདག་ཏུ་ལྟ་བར་འགྱུར་ན་མི་རུང་པས། །ངས་འདི་བྱིས་པ་རྣམས་ལ་མ་བསྟན་ཏོ། །ཞེས་གསུངས་པས་བྱིས་པ་རྣམས་ཀྱིས་བདག་ཏུ་འཁྲུལ་བར་གཟིགས་ནས་སྙིང་པོའི་གཏམ་འདི་དང་པོ་གཉིས་སུ་མ་བསྟན་ཅིང༌། དེ་གཉིས་ཀྱིས་རྒྱུད་སྦྱངས་པའི་ཕྱི་ནས་བློ་ཆེན་པོ་རྣམས་ལ་འདི་ཉིད་བསྟན་པར་བཞེད་ལ། དེའི་ཕྱིར་ཆོས་འཁོར་དང་པོ་གཉིས་ནི། བླ་ན་མཆིས་ཤིང༌། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིར་གྱུར་པ་དང༌། ཕྱི་མ་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། རྩོད་པའི་གཞིར་མ་གྱུར་པ། ངེས་པའི་དོན་འབའ་ཞིག་གོ། ཞེས་བསྟན་པས་ཀྱང་ཐ་མ་ངེས་དོན་མཐར་ཐུག་ཏུ་རྒྱལ་བས་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་གསུངས་པའི་ཕྱིར་དང༌། དེའང་བཀའ་ཐ་མ་ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོར་གསུངས་ཤིང་སངས་རྒྱས་ཉིད་ཀྱིས་དྲང་ངེས་ཕྱེ་བར་མཛད་པ་དང༌། དེར་མ་ཟད་རྒྱལ་པས་དྲང་ངེས་འབྱེད་པར་ལུང་བསྟན་པའི་འཕགས་པ་ཐོགས་མེད་ཀྱིས་དྲང་ངེས་རྣམ་པར་ཕྱེ་བ་ལ་ཚད་མར་མི་བྱེད་ན། སངས་རྒྱས་ལས་ཚད་མར་གྱུར་པ་འཇིག་རྟེན་དུ་མེད་པས་དེས་དྲང་ངེས་ཕྱེས་ཤིང་དྲང་ངེས་དབྱེ་བར་ལུང་བསྟན་པ་དོན་གྱིས་དབེན་པར་འགྱུར་རོ། །
དབུ་མ་གཞན་སྟོང་གི་ཤིང་རྟའི་སྲོལ་འབྱེད།
དེས་ན་བཀའ་མདོ་རྒྱུད་རྣམས་དང༌། ས་བཅུའི་བྱང་སེམས་འཕགས་པ་སངས་རྒྱས་གཉིས་པ་ལྟ་བུ་དེ་རྣམས་ཀྱིས་མདོའི་འགྲེལ་པ་བྱམས་ཆོས་ལྔ་དང༌། སྔགས་ཀྱི་སེམས་འགྲེལ། སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དང༌། རྡོ་རྗེ་སྙིང་པོའི་དགྱེས་རྡོར་གྱི་འགྲེལ་པ། ཕྱག་ན་རྡོ་རྗེའི་བདེ་མཆོག་གི་འགྲེལ་པ་རྣམས་སུ་གསུངས་པའི་ངེས་དོན་དབུ་མ་ཆེན་པོ་དེ་ལ་བོད་ཀྱི་ལྗོངས་སུ་གཟུ་དགའ་རྡོར་དང་བཙན་ཁ་བོ་ཆེ་རྣམ་གཉིས་ཀྱིས་མཻ་ཏྲི་པའི་བརྒྱུད་འཛིན་ཁ་ཆེ་རིན་རྡོར་དང་ས་ཛྫ་ན་ལས་རྒྱུད་བླ་སོགས་བྱམས་ཆོས་མན་ངག་ལྟར་གྱི་བཤད་པ་གསན་ནས་སྤེལ་ཞིང༌། ཀུན་མཁྱེན་རང་བྱུང་རྡོ་རྗེས་དེ་ཉིད་རྩལ་དུ་བཏོན་ནས། རྣམ་ཤེས་ཡེ་ཤེས་དབྱེ་བ་དང༌། སྙིང་པོ་བསྟན་པ། ཟབ་མོ་ནང་དོན་སོགས་མཛད། དེ་ཉིད་ཀྱི་སློབ་མར་གྱུར་པ་ཀུན་མཁྱེན་ཀློང་ཆེན་པས་འཁོར་ལོ་ཐ་མའི་བདེ་གཤེགས་སྙིང་པོའི་རྣམ་བཞག་རྒྱས་པར་བཀྲལ་བས་དེ་ཉིད་ངེས་དོན་མཐར་ཐུག་ཏུ་བཞེད་ཅིང༌། རྫོགས་ཆེན་གྱི་གཞི་འབྲས་དང་མཐུན་པར་ཆོས་སྐད་ཅི་རིགས་པའི་སྒོ་ནས་རྫོགས་ཆེན་དང་མཚམས་སྦྱོར་བའི་ངེས་དོན་གྱི་དགོངས་པ་མ་ནོར་བར་བཀྲལ་བར་མཛད་ལ།
གཞན་སྟོང་སེངྒེའི་སྒྲས་ས་སྟེང་ཁྱབ་པར་མཛད་པ་པོ་ནི་ཀུན་མཁྱེན་དོལ་པོ་པ་༼ཤེས་རབ་རྒྱལ་མཚན་༽སྟེ་ཐོག་མར་ཐལ་འགྱུར་བཞེད་པ། རང་བྱུང་ཞབས་ཀྱིས་ཁྱོད་ཀྱིས་ད་ལྟའི་འདི་མིན་པའི་ལྟ་བ་ཞིག་དང་འཕྲད་པར་འགྱུར་གསུངས་པ་བཞིན་བྱམས་ཆོས་མན་ངག་གི་བཤད་པ་གསན་ཞིང་སྦྱོར་བ་ཡན་ལག་དྲུག་པ་ཉམས་སུ་བཞེས་པས་ཐུགས་དམ་ན་འཕར་ནས་གཞན་སྟོང་གི་ལྟ་བ་ཐུགས་ལ་འཁྲུངས་ཤིང་བྱམས་ཆོས་ཀྱི་འགྲེལ་པ་དང༌། ངེས་དོན་རྒྱ་མཚོ་སོགས་དེ་སྟོན་པའི་བསྟན་བཅོས་མང་དུ་མཛད། གཞན་སྟོང་ཞེས་པ་གྲུབ་ཐོབ་ཡུ་མོ་པས་གསར་དུ་རྙེད་པ་ལས་ཁུངས་གཞན་མེད་ཚུལ་མཁས་པ་འགའ་ཞིག་གིས་གསུངས་ཀྱང་གཞན་སྟོང་གི་མཚན་གཞི། རྒྱལ་བ་བྱམས་པས། རྣམ་དབྱེར་བཅས་པའི་སོགས་ཀྱིས་དངོས་སུ་བསྟན་པའི་ཕྱིར་དང༌། དེའང་སྟོང་ཉིད་མེད་དགག་ཏུ་སྨྲ་བའི་ལུགས་ལ་ཐུགས་ཞེན་ཆེ་བའི་རྣམ་འགྱུར་ཙམ་དུ་ཟད། དེའི་ལུགས་སུ་སངས་རྒྱས་རང་སྣང་ལ་སྐུ་དང་ཡེ་ཤེས་ཀྱང་མེད་པར་བཞེད་པ་ལྟར་ན་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུའི་ཅང་མེད་ཅིག་ཏུ་འདོད་དགོས་པར་འགྱུར་ལ། དེ་ལྟར་ན་སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པ་དང༌། རྡོ་རྗེ་སྙིང་འགྲེལ་ལས། ལུས་ལ་གནས་པའི་ཡེ་ཤེས་ནི། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཇི་ལྟར་བུམ་པ་ཞིག་གྱུར་ཀྱང༌། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་ལྟར་ལུས་ནི་ཞིག་གྱུར་ཀྱང༌། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང༌། དུས་ཀྱི་འཁོར་ལོ་ལས། བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བུར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དེ་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་དང༌། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང༌། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང༌། འདུས་པའི་བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ནོ། །ཞེས་དང༌། སམྦྷུ་ཊི་ལས། ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་དང༌། དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་པོ་ཉིད། །ཅེས་པ་ལ་སོགས་རྒྱས་པར་གསུངས་པས་ཡེ་ཤེས་དེ་ཉིད་ས་བོན་གྱི་ཚུལ་ཙམ་བསྟན་པ་རྫོགས་ཆེན་གྱི་རྒྱུད་རྣམས་སུ་སྙིང་དབུས་སུ་གཞོན་ནུ་བུམ་སྐུའི་ཚུལ་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞུགས་པ་དང༌། དེའི་རྩལ་སྤྱི་བོར་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་བཞུགས་ཤིང་ལྷུན་གྲུབ་ཉམས་ལེན་གྱི་དུས་སུ་སྣང་བ་བཞིའི་འཆར་གཞི་སྙིང་དབུས་ནས་དབང་པོའི་སྒོར་འཆར་བའི་ཚུལ་སོགས་ཤིན་ཏུ་རྒྱས་པར་བསྟན་པ་ཡིན་ཏེ། མགོན་པོ་བྱམས་པས།ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་སོགས་གསུངས་པ་དང་དགོངས་པ་གཅིག་གོ།
མཐའ་བསལ་བ།
གཞན་ཡང་དྲི་མེད་འོད་ལས། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དང་མེ་ལོང་གི་པྲ་ཕབ་པ་བཞིན་དུ་སྐྱེ་བ་མེད་པའི་ཆོས་རྣམས་ངེས་པར་མཐོང་ལ། རང་གི་སེམས་ཀྱི་སྤྲོས་པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་ པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་ཉིད་ལས་རིང་དུ་བྱས་པ། ནང་གི་བདེ་བ་རང་གིས་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་དངོས་པོས་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཞེས་གསུངས་པ་འདིས་ནི་ཕུང་པོ་རྣམ་དཔྱད་ཀྱི་སྟོང་པ་ཉིད་དང་སྔགས་སུ་དབང་གསུམ་པའི་དཔེའི་ཡེ་ཤེས་ཀྱང་བཀག་ནས། རང་རིག་མི་འགྱུར་བའི་བདེ་བ་བསྟན་ཅིང༌།ས་ར་ཧས། མཁས་པ་རྣམས་ཀྱིས་བསྟན་བཅོས་འཆད་པ་ན། །ལུས་ལ་ཡེ་ཤེས་ཡོད་པར་མ་རྟོགས་སོ། །ཞེས་གསུངས་པ་སོགས་ངེས་དོན་གྱི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་དུ་ཟབ་གསལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་བསྟན་ཞིང༌། དེ་རྟོགས་པའི་ཐབས་བླ་མའི་མན་ངག་དང་དད་པ་དང་བསོད་ནམས་ཀྱི་ཚོགས་བསགས་པ་སྦྲེལ་ནས་རྟོགས་པར་བྱ་བ་ལས་ཐབས་གཞན་གྱིས་མི་རྟོགས་པར་གསུངས་པ་དང་རྟོག་དཔྱོད་ཀྱིས་དོན་དམ་པའི་བདེན་པ་མི་རྟོགས་པ་ནི། ཞི་བ་ལྷས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་དང༌། མཻ་ཏྲི་པས། བླ་མའི་མན་ངག་གིས་མ་བརྒྱན་པའི་དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་དང༌། ཀྱཻ་རྡོར་ལས། གང་དུ་བརྗོད་མིན་ལྷན་ཅིག་སྐྱེས། །ནམ་དུ་ཡང་ནི་རྙེད་མིན་དང༌། །བླ་མའི་དུས་ཐབས་མན་ངག་དང༌། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་ལ་སོགས་རྒྱ་ཆེར་བསྟན་པའི་ཕྱིར་ཕྱིས་སུ་བླ་མའི་མན་ངག་ལ་ཡིད་མི་ཆེས་ཤིང་སྔགས་ཀྱི་ལྟ་བ་ཐུན་མོང་མ་ཡིན་པ་རང་རིག་པའི་ཡེ་ཤེས་ལ་ལོག་པར་བལྟ་ཞིང་དབུ་མའི་རིགས་པ་ཁོ་ནས་རྟོགས་པར་བྱ་བ་ལས་རྟོགས་བྱེད་ཐབས་ཀྱི་མན་ངག་གཞན་རྣམ་དག་ཏུ་མི་འདོད་པ་ནི་གོང་གི་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་རྣམས་ལས་ཕྱིར་ཕྱོགས་པར་འགྱུར་རམ་མི་འགྱུར་དཔྱོད་ལྡན་རྣམས་ཀྱིས་རྟོགས་ཤིག
སྤྱིར་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་གོ་ཡུལ་གྱི་ལྟ་བ་ཙམ་རྟོགས་པ་ཤིང་རྟ་ཆེན་པོའི་རང་ལུགས་མ་ནོར་བ་ཡིན་པས་ཁོ་བོ་ཅག་དེ་ལ་མི་གུས་པ་མ་ལགས་མོད་ཀྱི། དེས་རྟོགས་པ་ནི་ཆོས་སྤྱིའི་ལྟ་བ་རྗེས་དཔག་ཙམ་གྱི་རིག་ཤེས་ཀྱི་ཡུལ་ཡིན་པ་དང༌། སྔགས་སུ་བཤད་པའི་ལྟ་བ་རང་བྱུང་གི་ཡེ་ཤེས་ཐོས་བསམ་ལ་རག་མ་ལུས་ཤིང་བླ་མ་མཚན་ཉིད་དང་ལྡན་པར་རིམ་པས་བརྒྱུད་པའི་མན་ངག་འདོམས་སུ་ཡོད་པ་དང༌། བྱིན་རླབས་ཀྱི་བཀའ་བབས་གཞིར་བཞག་ནས་དབང་དང་རིམ་གཉིས་ཀྱི་སྒོ་ལ་བརྟེན་ནས་རྟོགས་པར་བྱར་ཡོད་པས། སྲོལ་འདི་གཉིས་འགལ་པར་འདུ་བར་མི་བསམ་པ་ནི་ཤིན་ཏུ་གལ་ཆེ་བའི་གནས་སུ་ཤེས་པར་བྱ་དགོས་ཤིང༌། སྔགས་ཀྱི་ཡེ་ཤེས་དེ་ཉིད་སྤྲོས་བྲལ་གྱི་ཆ་ནས་དབུ་མའི་དགོངས་པ་དང་གཅིག་མོད་ཀྱང༌། བདེ་སྟོང་ཟུང་འཇུག་དང་རྣམ་པ་ཐམས་ཅད་པའི་སྐུ་དང་ཡེ་ཤེས་ཀྱི་འཆར་གཞིར་གྱུར་པ་སོགས་ཁྱད་པར་དུ་མས་འཕགས་པ་ཡིན་ནོ། །དེས་ན་ཡང་དག་པའི་ལྟ་བ་དེ་ཉིད་དགག་ཕྱོགས་དང་སྒྲུབ་ཕྱོགས་ནས་དགོངས་པ་ལེན་ལུགས་ཆེས་མི་མཚུངས་པས་འགལ་འདུར་སེམས་པ་དང༌། རང་བྱུང་གི་ཡེ་ཤེས་ལ་རྟོག་དཔྱོད་ཀྱི་རིགས་པ་ལྟར་སྣང་བ་དགོས་པར་འདོད་པ་སོགས་ཉ་དང་ཉུངས་མ་བསྲེས་པར་ཟད་དོ། །
ཡང་འགའ་ཞིག་འདི་སྙམ་དུ། ཁྱོད་ཅག་གིས་ཐོས་བསམ་གྱི་ཤེས་རབ་སྤང་བར་ཐལ་ལོ་ཞེ་ན། ཐོས་བསམ་གཏན་མི་དགོས་པར་སྨྲ་བའང་མ་ཡིན་མོད་ཀྱི། བླ་མའི་བྱིན་རླབས་དང༌། ཐབས་ཀྱི་རིམ་པས་སྒོ་གསུམ་ལ་གནད་དུ་བསྣུན་པར་ངོ་སྤྲོད་ཀྱི་གནད་གསང་ལ་བརྟེན་ནས་རྣལ་འབྱོར་བས་རང་རིག་མངོན་སུམ་ཡུལ་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་བར་བྱར་ཡོད་པ་དེས་མ་རིག་པའི་མུན་པ་སྟུག་པོ་བསལ་བར་ནུས་པས་སྒོམ་བྱུང་གི་ཤེས་རབ་བླ་ན་མེད་པར་གྲུབ་ཅིང༌། དེ་ཉིད་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཏུ་སོང་བས་ཤེས་བྱ་ཀུན་ལ་རྨོངས་པ་མེད་པས་ཤེས་རབ་ཀྱི་ཕར་ཕྱིན་ཀྱང་ཡིན་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་ཤིང་བདེ་མཆོག་སྡོམ་འབྱུང་ལས་ཀྱང༌། །གང་ཚེ་དེ་ཉིད་ལ་རེག་པ། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །སེམས་ཅན་ཇི་ལྟར་བསམ་མེད་དེ། །བསམ་མེད་ཇི་ལྟར་རྒྱལ་བ་དེ། །དེ་ཕྱིར་བསམ་བྲལ་སངས་རྒྱས་ཀྱིས། །བསམ་པ་འདི་ནི་རབ་ཏུ་བཤད། །བསམ་དུ་མེད་པའི་སེམས་དེ་ལ། །བསམ་པ་ཀུན་གྱིས་བགྲོད་དང་བྲལ། །སྣ་ཚོགས་སྒྲོ་འདོགས་སྒྲོ་འདོགས་མེད། །ཆགས་མེད་བདེ་བ་ཆེན་པོ་འོ། །རྣམ་པ་ཐམས་ཅད་ཀྱི་ནི་མཆོག །དབང་པོ་ཀུན་འདས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་ཀྱང༌། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམ་པོ་མིན་ཕྱིར་རང་རིག་པ། །ཤེས་པ་མ་ཡིན་མཐོང་མ་ཡིན། །གཟུགས་མེད་ཕྱིར་ན་གར་མི་གནས། །འགྱུར་བ་མེད་པས་དེ་རྟག་པ། །ཞེས་སོགས་ཕུང་ལྔ་དང་ཚོགས་བརྒྱད་ཀྱི་ཤེས་པ་ལས་འདས་པའི་སོ་སོ་རང་གི་རིག་གསུངས་ཤིང༌། ཧེ་བཛྲ་ལས་ཀྱང༌། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་སོགས་ལུང་མཐའ་ཡས་སོ། །
དེས་ན་ཤེས་རབ་ཀྱི་དཔྱད་པ་ཐམས་ཅད་རྗེས་ཐོབ་ཏུ་ལྟ་བ་གཏན་ལ་དབབ་པའི་ཐབས་སུ་གསུངས་པ་ལས་མཉམ་བཞག་ལ་རྟོག་དཔྱོད་དགོས་པར་ཚད་ལྡན་གྱི་མདོ་རྒྱུད་རྣམས་ལས་གསུངས་པ་མེད་ཅིང༌། མན་ངག་སྙེ་མ་ལས། ཡན་ལག་འདི་རྣམས་ནི་ལངས་པ་ཁོ་ནས་ཏེ། ལམ་ལ་མཉམ་པར་བཞག་པ་ལ་ནི་ཡང་དག་པའི་རྟོགས་པ་དང༌། ངག་དང༌། ལས་ཀྱི་མཐའ་རྣམས་དང༌། ཚོར་བ་དང༌། དྲན་པ་རྣམས་མི་སྲིད་དོ། །ཞེས་པ་ལ་སོགས་མདོ་རྒྱུད་ཐམས་ཅད་དུ་བསམ་ངོ་དང་བྲལ་བའི་མཉམ་བཞག་ཁོ་ན་བསྟན་པའི་ཕྱིར་རོ། །
དེ་ལྟར་མ་ཡིན་པར་མཉམ་པར་བཞག་པའི་ལྷག་མཐོང་གི་ཡེ་ཤེས་དེ་ཉིད་རྟོག་དཔྱོད་སོགས་སེམས་བྱུང་རྣམ་རྟོག་གི་ཕྲེང་བ་ཞིག་ཏུ་འདོད་(པ)རྣམས་རིག་པའི་མུན་པ་སེལ་བར་ལྟ་ཅི་རྣམ་རྟོག་ཉིད་མ་རིག་པའི་རང་བཞིན་ཡིན་པའི་ཕྱིར། ཏིང་འཛིན་རྒྱལ་པོ་ལས། །རྣམ་རྟོག་མ་རིག་ཆེན་པོ་སྟེ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་པ། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་འབྱུང་པའི་ཕྱིར་རོ། །
ཡང་དབུ་མའི་ལྟ་བ་རྟོགས་པ་དེ་སྔགས་ཀྱི་སྐྱོན་དུ་མི་འགྱུར་ཏེ། འཕགས་ཡུལ་གྱི་གྲུབ་ཐོབ་འགའ་ཞིག་ཀྱང་ཐོག་མར་ཐོས་བསམ་ལ་བརྟེན་པས་ཆོས་སྤྱིའི་ལྟ་བ་ཉམས་འོག་ཏུ་ཆུད་ནས་སྔགས་ལ་ཞུགས་པའི་ཚེ་དེ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་འཕྲོད་ནས་ཐབས་ལམ་སྣ་ཚོགས་ཀྱིས་བོགས་དབྱུང་སྟེ་དངོས་གྲུབ་མཆོག་ཐོབ་པའང་ཡོད་དོ། །ཕྱག་རྒྱ་ཆེན་པོ་ཡང་ངེས་དོན་དབུ་མ་ཆེན་པོ་དང་གཉིས་སུ་མེད་པ་ཡིན་ཏེ། སློབ་དཔོན་ཡེ་ཤེས་གྲགས་པའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་དེ་ཉིད་དོ། །ཞེས་བསྟན་པའི་ཕྱིར་རོ། །དེས་ན་གངས་ཅན་གྱི་ལྗོངས་འདིར་མར་མི་དྭགས་གསུམ། འགྲོ་བའི་མགོན་པོ་ཕག་མོ་གྲུ་པ། འབྲི་རྟག་འབྲུག་པ་ཀམ་ཚང་སོགས་བཀའ་བརྒྱུད་སྔོན་བྱོན་ཐམས་ཅད་ཟབ་མོའི་དོན་འདི་ཉིད་བཞེད་པ་ཡིན་པས་དོན་གྱིས་གཞན་སྟོང་དབུ་མ་ཆེན་པོ་ལས་མ་འདས་ཤིང༌། ས་སྐྱ་པནྚི་ཏས་ཆོས་སྐད་ཐལ་འགྱུར་བཞེད་ཀྱང་དགོངས་པ་ཐུན་མོང་མིན་པ་ནི་བདག་མེད་བསྟོད་པའི་འགྲེལ་པར་གསུངས་པ་ལྟར་སྙིང་པོའི་ཡེ་ཤེས་ཀྱི་བཞུགས་ཚུལ་རྒྱས་པར་འཆད་པ་འཁོར་ལོ་ཐ་མ་དང་གཅིག་གོ།
དེས་ན་རྒྱུའི་རྒྱུད་སོགས་གསུམ་དང༌། སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས། རྒྱུའི་རྡོ་རྗེ་འཛིན་པ་དང༌། དང་པོའི་སངས་རྒྱས་སོགས་གསང་སྔགས་ཀྱི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ། སྨིན་བྱེད་དང་གྲོལ་བྱེད་ཐམས་ཅད་འཁོར་ལོ་ཐ་མ་གཞིར་བཞག་ནས་འཆད་དགོས་པའི་ཕྱིར་མཁས་གྲུབ་ཚད་ལྡན་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་དབུ་མ་འདི་ལས་མི་འདའོ། །
རྫོགས་པ་ཆེན་པོ་ནི་ཡིད་དཔྱོད་ཀྱི་གྲུབ་མཐར་བཞག་པའི་བླཽ་དང་ཚིག་གི་སྤྲོས་པ་ལས་གྲོལ་བས་ལམ་བདེན་འདུས་བྱས་ཀྱི་ཆོས་སུ་མི་གནས་པའི་ཕྱིར་ཚིག་དང་ཐ་སྙད་ཀྱི་ལམ་དུ་མི་གནས་ཏེ། ཀུན་བྱེད་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་པ། །སྒྲོ་དང་སྐུར་བ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང༌། །གཉིས་སུ་མ་མཐོང་རྣམ་བཞག་གཅིག་ཏུ་རྟོགས། །ཞེས་གསུངས་པས་དབུ་མ་ཐལ་འགྱུར་པའི་བཞེད་པའི་ཁས་ལེན་ཐམས་ཅད་དང་བྲལ་བའི་དགོངས་པ་ཀ་དག་གི་ངོ་བོའི་བཞུགས་ཚུལ་དང་མཐུན་ཞིང༌། དེ་ཉིད་ལས། ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་ཏེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་བལྟ། །ཞེས་གསུངས་པས་སྐུ་གསུམ་ཡོན་ཏན་དང་བཅས་པ་ཐམས་ཅད་གཞི་ལ་བཞུགས་པའི་ལྷུན་གྲུབ་ཀྱི་ཆ་ནས་འཁོར་ལོ་ཐ་མ་དང་བྱམས་ཆོས་ཀྱི་དགོངས་པ་ཇི་ལྟ་བར་གནས་ཤིང༌། མྱ་ངན་ལས་འདས་པའི་ཡོན་ཏན་ཉི་མ་དང་འོད་ཟེར་བཞིན་ཡེ་ནས་ལྷན་ཅིག་ཏུ་གནས་ཏེ། སྣང་བའི་ཡོན་ཏན་སྐུ་དང་འོད་ཟེར་དང་ཞིང་ཁམས་དང་གཞལ་ཡས་ཁང་ལ་སོགས་པ་དང༌། རིག་པའི་ཡོན་ཏན་སྟོབས་དང་མི་འཇིིགས་པ་ལ་སོགས་པ་སྟེ་ཤིན་ཏུ་རྒྱས་པར་ལྷུན་གྲུབ་ཏུ་བཞུགས་པའི་ཚུལ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་གསུངས་པ་བཞིན་དང༌། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་སོགས་དང༌། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་རྗེས་དཔག་སོགས་ཀྱི་བློས་མི་རྟོགས་པར་བསྟན་པ་སོགས་རྫོགས་ཆེན་གྱི་ལམ་ཇི་བཞིན་པར་བསྟན་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ཡེ་ཤེས་ཞབས་ཀྱི་འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོར་རིམ་གཉིས་འདིས། །སྡུག་བསྔལ་ལམ་བཅས་བསྐལ་བ་གསུམ་དུ་ཡང༌། །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོགས་པ། །རྣལ་འབྱོར་དེ་ཡིས་ཅི་ཕྱིར་དེ་མི་བསྒོམ། །ཞེས་པས་ཕར་ཕྱིན་སོགས་ལམ་འོག་མས་གྲངས་མེད་གསུམ་དུ་ངལ་དུབ་དང་བཅས་པ་བསྒོམས་པས་རང་གི་བྱང་ཆུབ་རྗེས་མཐུན་པ་རེ་ཐོབ་ཏུ་ཟིན་ཀྱང༌། ད་དུང་དེའི་གོང་དུ་ཐོབ་བྱ་གཞན་ཡོད་པའི་ཕྱིར་གཏན་གྱི་འབྲས་བུ་མ་ཡིན་པས། དེའི་ཕྱིར་ན་རྫོགས་པ་ཆེན་པོའི་ལམ་གོང་ན་མེད་པ་འདི་ཅིའི་ཕྱིར་མི་སྒོམ་སྟེ་བསྒོམ་པར་བྱ་བ་ཉིད་དོ། །ཞེས་བསྟན་པའོ། །བུ་སྟོན་ཆེན་པོའི་ཤེར་ཕྱིན་གྱི་ཊི་ཀ་དང༌། རྡོ་རྗེ་འབྱུང་བ། དཔལ་མཆོག་དང་པོའི་རྒྱུད་འགྲེལ་རྣམས་སུ་རྒྱུའི་རྒྱུད་འཆད་པའི་སྐབས་དང༌། བདེ་གཤེགས་སྙིང་པོའི་མཛེས་རྒྱན་རྣམས་སུ་སྙིང་པོའི་བཞུགས་ཚུལ་འཁོར་ལོ་ཐ་མ་དང་གཞན་སྟོང་དབུ་མ་ལྟར་རྒྱས་པར་བཤད་ཅིང༌།
རྗེ་བཙུན་རེ་མདའ་པས་དང་པོ་བྱམས་ཆོས་སེམས་ཙམ་གྱི་བསྟན་བཅོས་སུ་མཛད་ནས་སེམས་ཙམ་དང་མཐུན་པའི་ཊི་ཀ་ཡང་མཛད། ཕྱིས་དབེན་པ་བསྟེན་ནས་གཞན་སྟོང་གི་ལྟ་བ་ཐུགས་ལ་འཁྲུངས་ཤིང༌། ཇི་སྐད་དུ། དེ་ཕྱིར་རང་སེམས་རིག་སྟོང་དབྱེར་མེད་འདི། །སེམས་ཅན་ཀུན་ལ་ཁྱབ་པར་ཡོད་གཟིགས་ནས། །ས་འོག་གཏེར་དང་སྦྲུམ་མའི་མངལ་སོགས་དཔེས། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་གསུངས། །ཞེས་བྱ་བའི་ཉམས་མགུར་བླངས། ཀུན་མཁྱེན་པདྨ་དཀར་པོ་ནི། ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་བཞེད་ཅིང༌། ཟུང་འཇུག་དངོས་ནི། གཞི་དུས་འོད་གསལ་གྱི་སེམས་དེ་ཉིད་སྒྱུ་མའི་སྣང་བར་ཤར་བ་ལ་གསལ་བ་དང༌། སྣང་བ་དེ་ཉིད་དེར་མ་གྲུབ་པའི་སྟོང་པ་རབ་ཏུ་མི་གནས་ཤིང་རྣམ་པར་མི་རྟོག་པ་ཞེས་བྱ་ཞིང༌། འབྲས་དུས་དབུ་མ་སྐུ་གཉིས་ཟུང་འཇུག་ཀྱང་སྐུ་དང་ཞིང་ཁམས་ཟུང་དུ་འཇུག་པ་ལ་འདོད་དགོས་པས་རང་སྟོང་ཙམ་ལ་དེ་ལྟ་བུ་མེད་དོ། །བོ་དོང་པཎ་ཆེན་ཀྱང་གཞུང་ཆེན་པོ་མཛད་པ་རྣམས་ཀྱང་ངེས་དོན་དབུ་མ་འདི་དང་གཅིག་པར་བཞེད་པ་ཡིན་ཞེས་གྲགས་སོ། །
གཞན་ཡང་རྗེ་ཙོང་ཁ་བའི་བླ་མ་མཁན་ཆེན་ཤུ་ཕུ་པ་ལས་ཀྱི་རྡོ་རྗེ་ལ་གསང་བའི་བདག་པོས་གསུངས་པ་ལས། ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག སྨན་ཆེན་པོ་སྒྲུབ་པ་ལ་སེམས་ཉིད་འོད་གསལ་རྩད་ཆོད་ཅིག ཅེས་གསུངས་ཤིང་དེ་ཉིད་ཀྱི་སྙན་བརྒྱུད་ཀྱི་ཆོས་སྐོར་ཐམས་ཅད་རྫོགས་ཆེན་གྱི་ཁྲིད་ཡིག་ཁོ་ན་གསལ་པར་བཞུགས་སོ། །གཞན་ཡང་ཀླུ་ཐོགས་རྣམ་གཉིས་སྔ་ཕྱིའི་རིམ་པའང༌། ཀླུ་སྒྲུབ་མི་ཡུལ་དུ་མ་བཞུགས་པའི་ཕྱི་མོ་ཞིག་ཏུ་ཐོགས་མེད་སྐུ་མཆེད་བྱོན་པས་འཕགས་པ་ཡབ་སྲས་ཀྱི་བསྟན་བཅོས་རྣམས་སུ་ཕྱོགས་སྔར་བཀོད་པ་གྲུབ་མཐའ་བཞིའི་ནང་གི་རྣམ་རིག་སྨྲ་བ་ཁོ་ན་ཡིན་ལ། བྱམས་ཆོས་དང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་བཀོད་པ་མིན་པ་ཕྱུགས་རྫི་རྒན་པོས་ཀྱང་ཤེས་སླ་བ་དེར་ཟད། བྱམས་ཆོས་ལྔས་གྲུབ་མཐའ་ཐ་དད་སྟོན་པར་འདོད་པའང་མི་རིགས་ཏེ། མངོན་རྟོགས་རྒྱན་གྱིས་འཕགས་པ་གསུམ་གྱི་ཐུགས་རྒྱུད་ལ་ཡུམ་དོན་མངོན་པར་རྟོགས་ཚུལ་གྱི་རིམ་པ་གསུངས་པ་ཡིན་ཏེ། གཞན་བཞི་པོས་བདེ་གཤེགས་སྙིང་པོའི་བཞུགས་ཚུལ་རྒྱས་པར་བསྟན་པ་ལ། སྔ་མ་རང་སྟོང་དང་གཞན་བཞི་པོ་སེམས་ཙམ་དུ་འདོད་པའང་རྣམ་པར་འཁྱམས་པས་ལོག་རྟོག་དང་སྐུར་འདེབས་གཉིས་ཆབས་གཅིག་ཏུ་གྲུབ་པ་ཡིན་ནོ། །
འཕགས་པ་རྣམ་གཉིས་དགོངས་པ་དབུ་མ་གཉིས་མི་འགལ་བར་བཞེད་པ་རྒྱ་གར་དུ་སློབ་དཔོན་རིན་འབྱུང་ཞི་བ་དང༌། གསེར་གླིང་པ་དང༌། མཻ་ཏྲི་པ། ཇོ་བོ་ཨ་ཏི་ཤ་ལ་སོགས་ཀྱིས་བཞེད་ལ། བོད་འདིར་པཎ་ཆེན་གསེར་མདོག་ཅན་པ་ཤཱཀྱ་མཆོག་ལྡན་དང༌། ཀརྨ་པ་ཆོས་གྲགས་རྒྱ་མཚོ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ངག་དབང་ཆོས་དཔལ་སོགས་དང༌། སི་ཏུ་ཆོས་ཀྱི་འབྱུང་གནས་སློབ་མའི་ཚོགས་ཀྱང་དེ་ལྟར་བཞེད་པ་ཡིན་ནོ། །
སླར་ཡང་སྨྲས་པ། རྒྱལ་དང་དེ་སྲས་ཚོགས་ཀྱི་གསུང་རབ་རྣམས། །རྡུལ་དང་མུན་པའི་གནས་སུ་ངལ་བསོས་ནས། །ཀློག་པ་ཙམ་ཡང་མེད་ན་བདག་འདྲ་ཡིས། །འདི་བརྗོད་རང་ཉིད་ངལ་བའི་རྒྱུ་རུ་ཟད། །འོན་ཀྱང་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུས། །བཀའ་ནན་ཐོད་བཅིངས་དོན་གཉེར་ཅན་འགས་ཀྱང༌། །བསྐུལ་ཕྱིིར་གཞན་ལ་ཕན་འདོད་ཁོ་ན་ཡིས། །ངལ་བས་བྲིས་འདི་དོན་མེད་མ་གྱུར་ཅིག །བདག་བློས་མ་ཡིན་བཀའ་དང་དགོངས་འགྲེལ་དོན། །ཇི་བཞིན་མ་ནོར་གཟིགས་པའི་མཁས་རྣམས་ཀྱི། །གཞུང་བཟང་ལ་བརྟེན་གོ་བདེར་བཤད་པ་ལ། །ནོངས་པར་གྱུར་ན་སྙིང་ནས་མཐོལ་བགྱིད་ཅིང༌། །འདིས་ཀྱང་གསུང་རབ་དོན་ལ་རྨོངས་པའི་མུན། །རབ་བསལ་ཆོས་རབ་རྣམ་འབྱེད་ཤེས་རབ་ལས། །རྟོན་པ་རྣམ་བཞིའི་རྡུལ་བྲལ་སྤྱན་ཐོབ་སྟེ། །ཀུན་མཁྱེན་གནས་སུ་བདེ་བླག་འཇུག་གྱུར་ཅིག