Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
expand section
  
12  collapse section
  
 
 
  
 
  
 
 
 
  
  
  
 
 
  
ངོ་མཚར་བའི་མཛད་སྤྱོད་འགའ།
  
  
  
  
  


16 occurrences of ཆུ་བཟང་
[Clear Hits]

 
previousངོ་མཚར་བའི་མཛད་སྤྱོད་འགའ།next

ངོ་མཚར་བའི་མཛད་སྤྱོད་འགའ།


GTN006_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་དེ་དག་འཁོར་ལོ་གསུམ་གྱི་ཁོང་དུ་བསྡུས་ཏེ་བསྟན་ནས། ངོ་མཚར་བའི་མཛད་སྤྱོད་རྣམས་དད་མོས་ལྡན་པའི་བློ་ལ་འབད་མེད་དུ་འཆར་བའི་ཕྱིར་བརྗོད་པ་ནི། ཐོག་མར་ཀློག་པ་ཐོས་བསམ་མཛད་པའི་སྐབས། ཆུང་ངུའི་དུས་དང་པོ་ཡི་གེའི་ང་རོ་སློབ་པ་ནས་བཟུང་། དཔོན་སློབ་གཉིས་ཀས་ཧ་ཅང་འབད་པ་མི་དགོས་པར་དམ་པའི་བག་ཆགས་སད་པས་ལོབ་སྐྱེན་པ། དཔེར་ན་སྤྲ་བ་བརླན་མེད་མེ་དང་འཕྲད་པ་ལྟ་བུ་ཡིན་ཞིང་། རྗེས་སུ་ཕྱག་མཛོད་མཁས་པ་ཆེན་པོ་པདྨ་དོན་ལྡན་དང་། ལྔ་རིག་སྨྲ་བ་དགེ་སློང་སངས་རྒྱས་ཆོས་འཕགས་སོགས་ཀྱི་མདུན་ནས་རིག་གནས་རྣམས་གསན་བཞེས་མཛད་ཚེ་ཡང་ཐོགས་མེད་དུ་མཁྱེན་པ་དང་། ཁྱད་པར་དུ་ཤར་ཀཿཐོག་རྡོ་རྗེ་གདན་ནས་འཇམ་མགོན་མི་ཡི་གཟུགས་ཅན་པཎྜི་ཏ་ཆེན་པོ་ཚེ་དབང་མཆོག་གྲུབ་ཀྱི་མདུན་ནས། ཕྱི་ནང་གི་ཤེས་བྱ་རིག་པའི་གནས་ལ་གསན་བསམ་མཐར་ཕྱིན་པར་མཛད་པས། སྤྱིར་ཀཿ ཐོག་པ་ལ་སློབ་མ་མཁས་པ་དང་གྲུབ་པའི་མཚན་སྙན་དོན་དང་ལྡན་པ་མང་དུ་བྱོན་པ་ཡིན་མོད། བསྟན་པ་རིན་པོ་ཆེ་ལ་དངོས་སུ་ཕན་པ་རྒྱ་ཆེ་ཞིང་། བརྒྱུད་ནས་སློབ་མའི་ཚོགས་ཁྱུ་མཆོག་དང་། སེངྒེ་ལྟ་བུ་མང་དུ་བྱོན་པས། རྒྱལ་དབང་པདྨ་ཀཱ་རའི་བསྟན་པའི་རྫོགས་ལྡན་གསར་དུ་སློང་བར་ནུས་པ་རྗེ་འདི་ལྟ་བུ་སུ་ཡང་མ་བྱོན་པས། རྒྱུ་


GTN006_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་གྱི་དབུས་སུ་ཆ་ཤས་ཀྱི་བདག་པོ་ལྟ་བུ་ཡིན་པ་དང་། ཞེ་རྫོགས་གཉིས་བླ་མ་གོང་མ་རྣམས་ཀྱི་རིང་ནས། ཨོ་རྒྱན་སྨིན་གྲོལ་གླིང་གི་གར་འཆམ་གདངས་རོལ་འབུད་དཀྲོལ་རྣམས་རྒྱུན་འཇགས་སུ་ཡོད་རྩིས་ཡིན་ནའང་། གྲྭ་ས་དེ་ཉིད་དུ་ཞུགས་ནས་སྒྲིག་ལམ་ཕྱག་བཞེས་ཀྱི་རིགས། དབང་དང་གདམས་ངག་རྣམས་འབོག་པའི་ཚེ། བླ་སློབ་རྣམས་ཀྱི་ཇི་ལྟར་བགྱི་བའི་སྲོལ། སྐུ་ཆས་དང་ནབ་བཟའ་བཞེས་ཚུལ། བྱོན་ལུགས་བཞུགས་སྟངས་སོགས་ཐམས་ཅད་འདུས་པ་རྣམས་དང་སྤྱོད་ལམ་ལྷན་ཅིག་ཏུ་བསྐྱངས་པས་སུས་ཀྱང་འགྲན་དུ་མེད་པ་གྲྭ་སའི་ཕྱག་བཞེས་ཇི་ལྟ་བའི་ཁྱད་ཐོན་པ་དང་། ཐ་ན་ལྷ་བསང་དང་མདོས་ཕྲན་ཞིག་གཏོང་ལུགས་ཚུན་གལ་ཆུང་དང་སླ་ཆོས་སུ་མ་བྱས་པས། མགྱོགས་འགྲོ་རྣམས་ཀྱི་ནང་ནས་ཅང་ཤེས་ལྟ་བུར་བསྔགས་པར་འོས་པ་དང་། གཞན་ཡང་ཁམས་དབུས་གཙང་གི་བླ་མ་བཅུ་བདུན་ཙམ་དང་། བཀའ་དྲིན་གཞལ་བར་དཀའ་བའི་ཡོངས་འཛིན་རྣམ་པ་གསུམ་སོགས་བསམ་སྦྱོར་དག་པས་བསྟེན་ནས། སྔ་འགྱུར་བཀའ་གཏེར་རྒྱ་མཚོ་ལྟ་བུ་དང་། སྔགས་གསར་མའི་བཀའ་སྲོལ་ཡང་ཕལ་ཆེ་བ་ཞིག་གསན་བཞེས་མཛད་པ། དེ་དག་ཀྱང་བརྒྱུད་པའི་ཁྱད་པར་སོགས་ཞིབ་ཏུ་གཟིགས་ཤིང་། གལ་ཆེ་བ་རྣམས་ལན་གསུམ་རེ་སོགས་སུ་གསན་པ་དང་། དུས་རྟག་པར་རང་ཡུལ་གཞན་ཡུལ་གང་ནས་ཀྱང་ཆོས་སྨྲ་བའི་སྤོབས་པ་ཅུང་ཟད་ཡོད་པ་ཞིག་དང་འཕྲད་ནས་བཟུང་། མདོ་སྔགས་ཀྱི་གཞུང་དང་ཐུན་མོང་གི་རིག་གནས་སོགས་དེ་ཉིད་ལ་རྒྱུན་ཡོད་རིགས་གསན་བཞེས་མཛད་པ་ལ་ཐུགས་སྐྱོ་ངལ་དང་།


GTN006_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ང་རང་མི་ཆེན་པོའི་བླ་མ་ཡིན་པ་དང་། མཁས་བཙུན་གྱི་གྲགས་པ་ཐོབ་པ་ཡིན་པས། དམན་པ་ལ་ཡོན་ཏན་ཡོད་ཀྱང་ཞུ་བའི་སྐབས་ག་ལ་སོགས་ང་རྒྱལ་གྱི་གོང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་པའི་སྤྱོད་ངན་རིང་དུ་སྤངས་ཏེ། གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་གསན་བསམ་མཐར་ཕྱིན་མཛད་དེ། སྔོན་ཚོང་དཔོན་གྱི་བུ་ནོར་བུ་བཟང་པོས། བྱང་ཆུབ་ཀྱི་སྤྱོད་པ་སློབ་པའི་ཡོངས་འཛིན་བསྟེན་པ་བཞིན་ཆོས་ཀྱི་སྣང་བ་འབྱམས་སུ་ཀླས་པས་གང་དུ་བྱོན་ཀྱང་དེད་དཔོན་མཁས་པ་ནོར་བུའི་གླིང་དུ་ཕྱིན་པ་ལྟར་དམ་པ་ཆོས་ཀྱིས་འདོད་དོན་ཡོངས་སུ་རྫོགས་པར་མཛད་དེ། ཐུན་མོང་གི་རིག་པའི་གནས། སྒྲ་ཀཱ་ཙན་པཱ་ཎི་དབྱངས་ཅན་བཅས་དང་། སྙན་ངག །སྡེབ་སྦྱོར། ལྷ་བྲིས་འབུར་གྱི་ཐིག །རྩིས་དཀར་ནག་སོགས་དང་ཐུན་མོང་མིན་པ་སྡེ་སྣོད་གསུམ་དང་། རྒྱུད་ཀྱི་བཤད་པ། རྒྱལ་བཀའ་རིན་པོ་ཆེ། གསར་རྙིང་གི་རྒྱུད་འབུམ་རྣམས་དང་། དགོངས་འགྲེལ་བསྟན་བཅོས་རྒྱུན་ཡོད་རིགས། སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་དབང་ལུང་། གསང་སྔགས་གསར་མའི་གསང་བདེ་འཇིགས་གསུམ་སོགས། རྡོར་ཕྲེང་། རིན་འབྱུང་བརྒྱ་རྩ། སྣར་ཐང་བརྒྱ་རྩ། མི་ཏྲ་སོགས་ཀྱི་དབང་ལུང་། རིག་གནས་གཞུང་བཤད་མཐའ་དག་གི་ལུང་རྒྱུན། ཐ་ན་མདོས་སྐོར་སྣ་ཚོགས་པའི་ལུང་། སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་དང་། འདུས་པ་མདོ། སྒྱུ་འཕྲུལ་སོགས་བཀའ་གཏེར་གྱི་སྒྲུབ་ཕྲིན་ཡོད་དོ་ཅོག་གི་ཕྱག་བཞེས། གཙོ་བོ་སྨིན་ལུགས་དང་། ཀཿཐོག་ལུགས་དང་། གཞན་རྡོར་བྲག་པ་སོགས་ཀྱི་ཕྱག་བཞེས་ཆེ་ཕྲ། གདངས་དབྱངས། རོལ་མོ།
གར་འཆམ། ཐིག་ཚོན་སོགས་གང་དགོས་པའི་རིགས་ལ་རྨོངས་པ་མེད་པ། མདོར་ན་བཟོ་རིག་ལག་ཁྲ་ཕྲན་བུ་མ་གཏོགས། ཕྱི་ནང་གི་ཤེས་བྱ་མཐའ་དག་གྲུབ་པའི་བུམ་པ་བཟང་པོར་ལག་པ་བཅུག་པ་བཞིན་གཞི་གཅིག་ལས་སྣ་ཚོགས་པའི་འདོད་པ་ཅི་དགར་འབྱུང་བ་མཐོང་ཆོས་ཚད་མས་གྲུབ་པ་དེ་བཞིན་ནོ། །


previousངོ་མཚར་བའི་མཛད་སྤྱོད་འགའ།next