Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
ལེའུ་ལྔ་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ལྔ་པའི་རྣམ་པར་བཤད་པ།next

ལེའུ་ལྔ་པའི་རྣམ་པར་བཤད་པ།

༈ དོན་གཉིས་པ་དེ་ལྟར་བསྒྲུབ་པའི་རིམ་པ་(༡༡༠)ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །

དང་པོ་ནི། སྐུ་གསུང་ཐུགས་ཀྱི་རང་བཞིན་ཡི་གེའི་རོལ་པ་ལ་བརྟེན་པར་བཤད་པ་དེ༵་ནས༵་ཡང་ཡི༵་གེ༵་འཁོ༵ར་ལོའི༵་སྤྲིན༵་བཀོ༵ད་པ༵་ལས༵་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྒྱུ༵་འཕྲུལ༵་བསྒྲུབ་པའི་རིམ་པ་རྣ༵མ་པ༵ར་འཕྲོ༵ས་པ༵་འདི༵་ཆེ༵ད་དུ༵་བརྗོ༵ད་དོ༵། །

གཉིས་པ་ལ་གསུམ་སྟེ། གང་སྒྲུབ་པ་དངོས་གྲུབ་ཀྱི་རིམ་པ། གང་གིས་སྒྲུབ་པ་ཡི་གེའི་སྤྲིན་གྱི་རང་བཞིན། ཇི་ལྟར་བསྒྲུབ་པའི་ཐབས་དངོས་བསྟན་པའོ། །དང་པོ་ལ་བཞི་སྟེ། ཡེ་ནས་དག་པའི་སེམས་ཉིད་དངོས་གྲུབ་ཀྱི་རྩ་བར་བསྟན་པ། དེ་ལས་གྲུབ་པ་མཆོག་གི་དངོས་གྲུབ། དེའི་ཡན་ལག་ཐུན་མོང་གི་དངོས་གྲུབ། དེ་དག་གྲུབ་པའི་དཔེའོ། །

དང་པོ་ནི། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་གང་ལའང་གནས་མ་ཡིན། །དེ་བཞིན་ཕུང་པོ་སྐྱེ་མཆེད་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་པ་ལྟར། ཆོས་ཐམས་ཅད་སེམས་ལ་བརྟེན་ཞིང་། སེམས་ནི་རང་བཞིན་གྱིས་དག་པའི་འོད་གསལ་ལ་བརྟེན་པས། དེའི་ཕྱིར་གཞི་དང་རྩ༵་བ༵་གང་དུའང་གྲུབ་པ་མེད༵་པའི༵་རང་བཞིན་ནམ་མཁའ་ལྟ་བུའི་སེ༵མས་ཉིད༵་ནི༵་འཁོར་འདས་ཀྱི་ཆོས༵་དག་མ་དག་སྣ་ཚོགས་པ་རྣ༵མས་ཀུན༵་གྱི༵་རྩ༵་བ༵་ཡི༵ན་ཏེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །དེའང་ཤེལ་གོང་གཅིག་ལས་རྐྱེན་ཐ་དད་ཀྱིས་མེ་དང་ཆུ་འབྱུང་བ་ལྟར། གཟུང་འཛིན་བྱས་མ་བྱས་དང་རིག་མ་རིག་གིས་སེམས་ཉིད་གཅིག་ལ་འཁོར་འདས་སུ་སྣང་ཡང་དོན་ལ་གཉིས་སུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡེ་ནས་དག་པའི་སེ༵མས་ཉིད༵་འོད་གསལ་བ་ཡི༵་གེའི༵་ར༵ང་བཞིན༵་དུ་ཡེ་ནས་ཤར་ཏེ༵་སྣང་ལ་རང་བཞིན་མེད་པར་ཡོད་དོ། །དེ་ལྟར་སྣང་བ་ཡི༵་གེའི༵་སེམས་ཉིད་ནི་རྟོགས་ན་དོན་གཉིས་འབྱོར་པས་བརྒྱན་པའི་ཆར་རྒྱུན་དངོས་སུ་འབབ་ཅིང་། མ་རྟོགས་ན་ཡང་འདོད་རྒུ་འབྱུང་བའི་གཞིར་ཡེ་ནས་གྲུབ་པའི་ཡིད༵་བཞི༵ན་གྱི་ནོར་བུ་རི༵ན་ཅེ༵ན་གྱི་སྤྲིན༵་ཡིན་ནོ། །

གཉིས་པ་ནི། སེམས་ཉིད་འོད་གསལ་བའི་ངང་ན་རང་བྱུང་ལྷུན་གྱིས་གྲུབ་པའི་སྒྱུ༵་འཕྲུ༵ལ་གྱི་དཀྱི༵ལ་འཁོ༵ར་ཡི་གེའི་གཟུགས་སུ་སྣང་བ་བཞི༵་བཅུ༵་རྩ་གཉི༵ས་ཀྱི་ངོ་བོ་སྤྲོས་པའི་མཐའ་དང་བྲལ་བའི་ཤེས་རབ་དྲྭ༵་བ༵འི་དཀྱི༵ལ་(༡༡༡)འཁོ༵ར་དུ་ཡེ་ནས་མངོ༵ན་པར་རྫོ༵གས་པའི་ཆོས་ཉིད་དུ་གྲུབ་ཟིན་པ༵ས་ན། དེ་ཉིད་ཏིང་ངེ་འཛིན་གྱི་རིམ་པས་ཉམས་སུ་བླངས་པའི་ཚེ་ཕྱོག༵ས་བཅུ༵་དུས༵་བཞི༵འི་སངས་རྒྱས་ཐམས་ཅད་ཀྱི་རིགས་དང་དགོངས་པ་གཅིག་ཏུ་རྫོག༵ས་པ༵་ཡི༵་དཀྱིལ༵་འཁོར༵་ཐ༵མས་ཅད༵་ཡོངས་སུ་འགྲུབ༵་པ༵ར་འགྱུར༵་ཏེ། དཀྱིལ་འཁོར་གྱི་རྩ་བ་ཡི་གེ་སྤྲིན་ཉིད་ཕྱིན་ཅི་མ་ལོག་པར་ཉམས་སུ་བླངས་པའི་ཕྱིར་རོ། །

གསུམ་པ་ཐུན་མོང་གི་དངོས་གྲུབ་ལ་གསུམ་སྟེ། ཡེ་ཤེས་ལྔ་གྲུབ་པའི་རྟགས་སུ་ལས་བཞི་ལྷུན་གྱིས་གྲུབ་པའི་དངོས་གྲུབ་བསྟན་པ། ཕུང་པོ་ལྔ་གནས་སུ་དག་པའི་རྟགས་སུ་འབྱུང་བ་ལྔ་ཟད་པར་གྲུབ་པའི་ཚུལ་བཤད་པ། རྣམ་ཤེས་བརྒྱད་དབྱིངས་སུ་དག་པའི་རྟགས་སུ་གྲུབ་པ་བརྒྱད་ཇི་ལྟར་ཐོབ་པའི་ཚུལ་བརྗོད་པའོ། །

དང་པོ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་གྲུབ་པ་ན་དུག་ཐམས་ཅད་ཀྱང་འགྲོ་བའི་གསོས་སྨན་གྱི་བདུད༵་རྩིར༵་འགྱུར༵་ཞིང༵་རང་གཞན་གྱི་དོན་དུ་འབྱུང༵་བ༵་དང༵་། དེས་བཞི༵་བརྒྱ༵་རྩ༵་བཞི༵འི་ནད༵་ཐམས་ཅད་སེལ༵་ཞི༵ང་བདེ་ལེགས་སུ་བྱེད་དོ། །ནད་བཞི་བརྒྱ་རྩ་བཞི་ནི། ཙ་ར་ཀ་ལས། བརྒྱ་དང་གཅིག་ནི་ཀུན་བརྟགས་གདོན་གྱི་ནད། །བརྒྱ་དང་གཅིག་ནི་འཕྲལ་བྱུང་རྐྱེན་གྱི་ནད། །བརྒྱ་དང་གཅིག་ནི་འབྱུང་འདུས་གཞི་ཡི་ནད། །བརྒྱ་དང་གཅིག་ནི་རང་བཞིན་སྔོན་གྱི་ལས། །ཞེས་པའམ། ཡང་ན་རླུང་མཁྲིས་བད་ཀན་འདུས་པ་བཞི་ལ་བརྒྱ་དང་རེ་རེ་ལྡན་པར་བཤད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་གྲུབ་པའི་ཚེ་ལྷ་དང་མིའི་ལོ༵ངས་སྤྱོད༵་ལས་འཕགས་པ་ནམ་མཁའ་ལས་ཅི་འདོད་བླངས་པས་ཟད་མི་ཤེས་པ་ནམ་མཁའི་མཛོད་ཀྱི་ལོངས་སྤྱོད་ལྷུན་གྲུབ་ཏུ་འབྱུང༵་ཞི༵ང་རེ་བ་རྫོགས་པར་བྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྲུབ་པའི་ཚེ་ངན༵་སོ༵ང་གི་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ཀྱི་སྒྲིབ་པ་སྦྱོང༵་ཞིང་མཐོ་རིས་ཀྱི་བདེ་བ་ལ་འགོད་པར་བྱེད་དོ། །སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་གྲུབ་པའི་ཚེ་སྣང་བ་ཉིད་མི་སྣང་བར་བྱེད་མི་སྣང་བ་ལས་སྣང་བར་སྟོན་དངོས་པོ་ཕན་ཚུན་སྣང་བ་དེ་དག་ཀྱང་མེ་ཆུར་བསྒྱུར་ཞིང་ས་ནམ་མཁར་སྟོན་པ་ལ་སོགས་པ་དང་། གཞན་དབང་དུ་བསྡུ་ཞིང་བསད་པ་གསོ་བ་ལ་སོགས་པའི་རྫུ་འཕྲུལ་གྲུབ་པས་ཅི༵་དང་ཅིར་སྣང་བའི་ཆོས་རྣམས་ཀྱི་རྣམ་པ་ཡང༵་དེ་ལས་གཞ༵ན་དུ༵་འགྱུ༵ར་བ༵འི་ཆོ་འཕྲུལ་འགྲུབ༵་སྟེ། དཀོན་ཅོག་བརྩེགས་པ་ལས། ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་དང་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ། རྫས་དང་སྨན་དང་སྔགས་དང་ནོར་བུ་རྣམས་ཀྱི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། གཟའ་དང་སྐར་མ་དང་དུས་ཀྱི་འཁྱུད་སྤྱད་དང་རྟེན་འབྲེལ་གྱི་མཐུ་ཡང་བསམ་གྱིས་མི་ཁྱབ། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང་(༡༡༢)བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཞེས་པ་ལྟར་རོ། །

གཉིས་པ་ནི། གཟུགས་ཀྱི་ཕུང་པོ་གནས་སུ་དག་པས་ཟད་པར་སའི་ཏིང་ངེ་འཛིན་ཐོབ་པ་དེའི་ཚེ་ན༵མ་མཁ༵འ་ལ་རྡོ༵་རྗེ༵འི་ས་གཞི་ལྟར་སྲ༵་བར་བྱིན་གྱིས་བརླབས་པ་ནི་དེ་ལྟར་འབྱུང༵་ཞིང༵་། ཚོར་བའི་ཕུང་པོ་གནས་སུ་དག་པ་ན་མེའི་ཏིང་ངེ་འཛིན་ལ་དབང་ཐོབ་པས་ལུས་ལ་མེ་འབ༵ར་བ་ན༵ས་སྣང་བ་ཐམས་ཅད་མེའི་ཕུང་པོར་གྱུར་པས་སེམས་ཅན་དམྱལ་བ་པའི་མེ༵་རབ་ཏུ་ཚ་བ་ཡ༵ང་འཚི༵ག་ཅིང་སྡུག་བསྔལ་དེ་ལས་ཐར་བར་བྱེད་པ༵་དང༵་། འདུ་ཤེས་དག་པས་ཆུའི་ཏིང་ངེ་འཛིན་ལ་དབང་ཐོབ་སྟེ་སྣང་བ་ཐམས་ཅད་ཆུར༵་འགྱུར༵་ཞིང་ས་ལ་འཛུལ་བ་དང་ཐམས་ཅད་ཆུ་ཀླུང་གཅིག་ཏུ་འབ༵བ་པར་སྟོན་པའ༵ང་མེ་ལ་བྱ་བ་དེ༵་བཞི༵ན་དུ་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ཡིན་ཏེ༵། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྱིས་འཕྲུལ་པ་ཡིན་པའི་ཕྱིར་རོ། །འདུ་བྱེད་དག་པས་རླུང་གི་ཏིང་ངེ་འཛིན་ལ་མངའ་བརྙེས་པའི་ཚེ་རགས་པ་དང་ཕྲ་བར་སྣང་བའི་འཇི༵ག་རྟེན༵་གྱི༵་ཁ༵མས་འདི་ནི༵་རྡུལ་ཕྲན་དུ་འཐོ༵ར་བའི་ཆོ་འཕྲུལ་འགྱེད་ཅིང་སེམས་ཅན་ལ་ཕན་པར་མཛད་པ༵་དང༵་། རྣམ་པར་ཤེས་པ་དག་ཅིང་ནམ་མཁའི་ཏིང་ངེ་འཛིན་ཐོབ་པའི་ཚེ་འཇིག་རྟེན་གྱི་ཁམས་ཐ༵མས་ཅ༵ད་སྟོང༵ས་ཤི༵ང་ཉི་མ་དང་ཟླ་བ་ཡང་ས་ལ་ལྷུང༵་བ༵ར་འགྱུར༵་བའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །འདིར་ཁ་ཅིག །རིགས་ལྔའི་ཐུགས་ཀ་ནས་འབྱུང་བ་ལྔས་དེ་ལྟར་གྱུར་པར་བསྒོམ་པ་ནི་གཞུང་དོན་དངོས་བཤད་པ་དང་མ་འབྲེལ་ལོ། །དེ་ནི་བྱེ་བྲག་ཏུ་བསྒྲུབ་ཚུལ་ཡིན་ལ། འདིར་ནི་སྤྱིར་བསྟན་པ་ཡིན་ནོ། །

གསུམ་པ་རྣམ་ཤེས་བརྒྱད་དག་པའི་རྟགས་སུ་ལས་ཕྲན་ཚོགས་བརྒྱད་ཀྱི་གྲུབ་ཚུལ་ནི། ཀུན་གཞིའི་རྣམ་ཤེས་ལ་སོགས་པ་བརྒྱད་དག་ཅིང་རིག་པའི་ཡེ་ཤེས་ལ་དབང་ཐོབ་པའི་ཚེ་བསྒྲུབ་བྱ་རང་གི་མདུན་དུ་དགུག༵་པ་ད༵ང་། ཡུལ་གཞན་དུ་བཏང༵་བ་བསྐྲད་པ་དང༵་དགྲ་དང་ཆོམ་རྐུན་ལ་སོགས་པ་བཅི༵ང་བ་དང་། བྱད་དང་གནོད་པ་ཐམས་ཅད་དགྲོལ༵་བ་དང་། རིམས་དང་དུག་ལ་སོགས་པ་གསོ༵་བ་དང༵་། ཕ་རོལ་གྱི་དགྲ་བགེགས་བས༵ད་པ་དང༵་། དགྲའི་སྡེ་རབ་ཏུ་འཕ༵མ་པར་བྱ་བ་ད༵ང་། རང་གི་སྡེ་རྒྱལ༵་བར་བྱ་བའི་ལས་ཐམས་ཅད་ཡི་གེའི་སྤྲིན་གྱི་ཏིང༵་ངེ་འཛི༵ན་འདི༵་ཡི༵ས་བྱེད༵་པ༵ར་འགྱུར༵་རོ༵། །

བཞི་པ་དེ་དག་གྲུབ་པའི་དཔེ་ནི་ཏིང་ངེ་འཛིན་གྲུབ་པའི་དངོས་གྲུབ་དེ༵་ཉིད༵་གདོད་ནས་དག་པའི་ཡེ༵་ཤེས༵་རང༵་སྣང༵་དུ་ཤར་བ༵འི་ཆོ་འཕྲུལ་ཕྱི་རོལ་ཏུ་སྣང་བའི་གཟུགས་བརྙན་ནོ། །དེའང་མིང༵་དང་ཚིག༵་གིས་མཚོན་པའི་ཡི་གེ་ཨཱ་ལི་ཀཱ་ལིའི་ཕྲེང་བ་སོ་སོའི་གཟུ༵གས་ཐ་དད་དང་སོ༵གས་ཁོང་ནས་ཁ་དོག་དང་འོད་ཟེར་ལས་ཀྱི་རྗེས་སུ་འགྲོ་བ་ཅན་གོམས་པས། ཏིང་ངེ་འཛིན་དེའི་འབྲས་བུ་(༡༡༣)ཡིད༵་བཞིན༵་དུ་འགྲུབ་པ་ཉིད་ཀྱིས༵་ཡི་གེ་འཁོར་ལོ་འདི་དཔེར་ན་མུན༵་ནག་ལ༵་སྣང༵་བ་བྱུང༵་བ་ཇི༵་ལྟ་བ་བཞི༵ན་དུ༵་གང་འདོད་མཐོང་བ་དང་། ཕྱི་ནང་གི་དུག་རྣམས་མ་སྤངས་བར་བདུད་རྩིར་འགྱུར༵་བ༵ས་གསེ༵ར་འགྱུར༵་གྱི་རྩི་ལྟ་བུ་དང་། མི་འདོད་པ་རྣམས་རང་སར་ཞི་བ་གསོས་སྨན༵་གྱི༵་ཚུལ༵་དང་འདྲ་བར་ཤེས་པར་བྱའོ། །

གཉིས་པ་གང་གིས་སྒྲུབ་པ་ཡི་གེ་སྤྲིན་གྱི་རང་བཞིན་ལ་གཉིས་ཏེ། གང་ཟག་གང་གིས་སྒྲུབ་པ་དང་། ངོ་བོ་གང་བསྒྲུབ་པའོ། །

དང་པོ་ནི། ཡུལ་ཁྱད་པར་ཅན་གང་ལ་བརྟེན་ནས་ཐར་པའི་ལམ་སྟོན༵་པ༵་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་རྣམས་མཆོ༵ད་པ་ལ་བརྩོ༵ན་པ་ནི་ཡི་གེ་འགྲུབ་པའི་ཡན་ལག་དང་པོའོ། །དེའང་བླ་མ་ནི་ཞིང་གི་མཆོག་དམ་པ་སྟེ། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ཏེ་འབྱུང་། །བླ་མ་མེད་པའི་གོང་རོལ་ཏུ། །སངས་རྒྱས་འབྱུང་བར་ངས་མ་བཤད། །ཅེས་པ་དང་། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །ཅི་ཕྱིར་ཞིང་རབ་གཤིན་པ་ལ། །ས་བོན་བཏབ་ན་རྒྱས་འཕེལ་ཅིང་། །བསོད་ནམས་དམ་པའི་ཞིང་རབ་ལ། །ཏིལ་འབྲུའང་མི་སྟོར་འཕེལ་སྨིན་འགྱུར། །ཞེས་པ་དང་། དྲྭ་བ་སྡོམ་པ་ལས། བླ་མ་དཀྱིལ་འཁོར་ཀུན་གྱི་གཙོ། །མཆོད་ཅིང་བསྙེན་བཀུར་བྱས་གྱུར་ན། །དཀྱིལ་འཁོར་ཐམས་ཅད་མཉེས་པར་འགྱུར། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་སོ། །ལྷ་དང་ཡི་གེ་བསྒོམ་པའི་མངོན་པར་རྟོག༵ས་པ༵་གས༵ལ་ཞིང་མ་ཡེངས་པ་ནི་གཉིས་པའོ། །དེ་སྐད་དུའང་སྤྱོད་འཇུག་ལས། སེམས་གཞན་གཡེང་བས་བྱས་པ་ཡི། །བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །དེ་ཉིད་རིགས་པས་དོན་མེད་གསུངས། །ཞེས་པ་ལྟར་རོ། །རྩ་བ་དང་ཡན་ལག་གི་དམ༵་ཚི༵ག་ལ་གནས་པ་ནི་གསུམ་པའོ། །དེ་སྐད་དུའང་འཁོར་ལོ་མཆོག་ལས། དམ་ཚིག་ལ་གནས་སྔགས་ཀུན་འགྲུབ། །ཅེས་སོ། །གསང་སྔ༵གས་བཟླས་པ་ཡང་ཧ་ཅང་མྱུར་བ་དང་བུལ་བ་དང་ཆད་པ་དང་ལྷག་པ་དང་སྒྲ་ཆེ་བ་དང༵་ཆུང་ངུ་དག་སྤངས་ཏེ་དག་པ་བཞི་པའོ། །དེ་སྐད་དུའང་དམ་ཚིག་མཆོག་ལས། སྔགས་ཀྱང་སྒྲ་ཚིག་རྣམ་པར་དག །ཡན་ལག་དྲུག་དང་ལྡན་པས་འགྲུབ། །ཅེས་སོ། །ཆོས་དང་ལས་དང་དམ་ཚིག་དང་ཕྱག༵་རྒྱ༵་ཆེན་པོ་སྟེ་ཕྱག་རྒྱ་རྣ༵མས་ཀྱང་ལེགས་པར་ཤེས་ཤིང་། དེ་དག་གི་ཡན་ལག་མ༵་ཉམ༵ས་པའི་དོན་ཇི་ལྟ་བ་བཞིན་ཤེ༵ས་ཤི༵ང་འཆིང་བར་བྱེད་པ་ནི་ལྔ་པའོ། །དེ་སྐད་དུའང་རྒྱལ་མཆོག་ལས། ཕྱག་རྒྱ་བཞི་ནི་ལྡན་པས་འགྲུབ། །ཅེས་སོ། །དེ་དག་གི་ཡན་ལག་ཏུ་སྒྲུབ་(༡༡༤)པའི་གནས་དང་དུས་དང་ཡོ༵་བྱ༵ད། ལྔ་དང་ལྡན༵་པས་འདི་ཉིད་འགྲུ༵བ་པར་འགྱུར༵་ཞིང་། དེ་དག་དང་མི༵་ལྡ༵ན་པའི་གང་ཟག་གིས་འདི་བསྒྲུབས་ཀྱང་དོན༵་མེད༵་པར་མ་ཟད་ངན་སོང་དུ་འཚེད་པར་འགྱུར་བའི་ཕྱིར་བརླག༵་པ་ཞེས་བྱའོ། །དེ་སྐད་དུའང་ཐིག་ལེ་གསང་བ་ལས། སློབ་དཔོན་མ་བཀུར་དབང་མ་ཐོབ། །དམ་ཚིག་མེད་ཅིང་སྔགས་དང་བྲལ། །སྒྲུབ་པའི་ཡན་ལག་མཆོག་ཉམས་པ། །འདིར་ཡང་ལེགས་པར་མི་འགྲུབ་ཅིང་། །ཕྱི་མར་ངན་སོང་ཉིད་དུ་འཚེད། །ཅེས་སོ། །

གཉིས་པ་ངོ་བོ་གང་བསྒྲུབ་པ་ནི་འདས་མ་འོངས་ད་ལྟར་བའི་དུས༵་གསུམ༵་གྱི་རྒྱལ༵་བས༵་ཐུག༵ས་སུ་ཆུད༵་པའི༵་འབྲས་བུ་མཆོག་དང་ཐུན་མོང་གི་དངོ༵ས་གྲུབ༵་མཆོ༵ག་གི༵་སྙིང༵་པོ༵་ནི༵་ཡི་གེ་འཁོར་ལོ་ཡིན་པས་ན། དེའི་ངོ་བོ་རིན་པོ་ཆེ་ལྟར་འདོད་རྒུ་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར་ཟ༵ད་པའི༵་དུས༵་མེད༵་དེ་ཡིད༵་བཞི༵ན་གྱི་མཛོ༵ད་དམ་པར་གྱུར་པའི་ཕྱིར་རོ། །དེའང་ཆོས་སྐུ་ནམ་མཁའ་ལྟ་བུ་འཕེ༵ལ་བ་མེད་ཅིང་། ལོངས་སྐུ་འཇའ་ཚོན་ལྟ་བུ་འགྲི༵བ་པ་མེད༵་པའི་ངང་ནས་སྤྲུལ་སྐུ་སྣ་ཚོགས་སུ་འཕྲོ་བའི་རོལ་པར༵་འབྱུང༵་བ༵་སྟེ༵་ངོ་བོ་རང་བཞིན་གྱིས་དག་པའོ། །དེ་ཉིད་ཀྱང་ཆོས་སྐུ་དངོ༵ས་པོ༵་མེ༵ད་པའི་ངང་ལས༵་གཟུགས་སྐུ་སྣང་བའི་སྐུ་གཉིས་དངོ༵ས་པོ༵་ལྟར་སྣང་བའི་སྤྲི༵ན་ལས། འགྲོ་བའི་དོན་དུ་མཛད་པའི་འཕྲིན་ལས་སྣ༵་ཚོ༵གས་པ་གདུལ་བྱའི་བློ་དང་འཚམ་པ་ཉིད་རྣམ༵་པར༵་འབྱུང༵་ཞིང༵་ལྷུན་གྱིས་གྲུབ་པའི་རོལ་པར་འགྱུར༵་བ་ནི་ཡི་གེ་སྤྲིན་གྱི་ངོ་བོ་ཡིན་ནོ། །

གསུམ་པ་ཇི་ལྟར་བསྒྲུབ་པའི་ཐབས་དངོས་བསྟན་པ་ལ་གསུམ་སྟེ། ཏིང་ངེ་འཛིན་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། མཉམ་པར་བཞག་པ་གཅིག་ཏུ་དོན་བསྡུ་བའོ། །

དང་པོ་ནི། བསྐྱེད་པའི་རིམ་པ་ཡི་གེ་སྤྲིན་དུ་སྣང་བས་མཚོན་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དངོས༵་པོར་སྣང་དུས་ཉིད༵་ན༵་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མ་སྐྱེས་པས་ན་དངོ༵ས་པོ་མེད༵་པའི་རང་བཞིན་ཡེ་ནས་དག་པའི་རྫོགས་རིམ་དུ་ཤེས་པ༵ར་བྱའོ། །དེ་ལྟར་བསྐྱེད་རིམ་སྣང་ལ་ངོས་བཟུང་མེད་པའི་ངང་ནས་བདེན་ཞེན་མེད་པའི་ཚུལ་གྱིས་འཕྲོ་འདུ་ལ་སྦྱངས་ཏེ། ལས་དང་མཐུན་པའི་ཡི་གེའི་སྤྲོ་བསྡུ་རྟོག༵ས་པའི༵་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་རྩལ་སྦྱང་ཞིང་རིག་པར་དབ༵ང་སྒྱུར༵་བའི་རོལ་པ་ནི་ཡི་གེ་འཁོར་ལོའི་ཏིང༵་ངེ་འཛི༵ན་ཡི༵ན་ནོ། །

གཉིས་པ་ལ་གཉིས་ཏེ། ཤེས་རབ་ཆོས་ཀྱི་སྐུ་སྟོང་པ་ཉིད་སྒོམ་པའི་ཏིང་ངེ་འཛིན་དང་། ཐབས་གཟུགས་ཀྱི་སྐུ་སྣང་བ་ཉིད་སྒོམ་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས་ཏེ། དམིགས་སུ་མེད་པའི་དོན་ལ་གདམས་ཚུལ་སྤྱིར་བསྟན་པ་དང་། གཉིས་སུ་མེད་པའི་ཡེ་ཤེས་བྱེ་བྲག་ཏུ་བཤད་པའོ། །

དང་པོ་ནི། གང་ཟག་ག༵ང་གི༵ས་ཆོས་ཐམས་ཅད་ཀྱི་རང་བཞིན་དམི༵གས་པ་དང་མཚན་མ་(༡༡༥)མེ༵ད་པར་མི༵་ཤེས༵་པ༵་དེ༵་ཡི༵ས་ཆོས༵་ཀྱི༵་དབྱི༵ངས་སྤྲོས་པ་དང་བྲལ་བའི་གནས་ལུགས་མི༵་ཤེ༵ས་ཏེ། དགོངས་འདུས་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་དུ་མེད་པར་བློ་འཇོག་པའི། །བྱིས་པ་དེ་ནི་བླུན་པ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །ཞེས་པ་དང་། ཕལ་པོ་ཆེ་ལས། ཆོས་རྣམས་ཆོས་ཀྱི་རང་བཞིན་མི་ཤེས་པར། །དེ་ཡིས་ཆོས་ཀྱི་དབྱིངས་ཉིད་མཐོང་བ་མེད། །ཅེས་སོ། །རྒྱུ་མཚན་དེའི༵་ཕྱིར༵་སེམས་ལ་སྣང་བའི་གཟུང་ཡུལ་དངོ༵ས་པོ་སྣ་ཚོགས་རྨི་ལམ་ལྟ་བུ་འདི་དག་གཞིགས་ཤིང་དཔྱད་ན་ཕྱི་ནང་གང་དུའང་གྲུབ་པ་མེད་པ་ནམ་མཁའ་ལྟ་བུར་གནས་པ་དང༵་། དེ་ཉིད་རྟོགས་བྱེད་ཀྱི་ཤེས་པ་ཁ་དོག་དང་དངོས༵་པོ་མེད༵་པ༵་ལ་བརྟགས་ན་ཕྱི་ནང་གང་དུའང་མི་རྙེད་པས་འཛིན་པ་ངོ་བོ་ཉིད་མེད་པ་དེའི་ཚེ་སེམས་དང་སེམས་ལ་སྣང་བ་ལས་གཞན་པའི་ཆོས་ཤིག་དམིགས་སུ་མེད་པས། གཟུང་འཛིན་དུ་ཞེན་པའི་འཁྲུལ་རྟོག་འཇི༵ག་པའི་ཚུལ་བརྟགས་པས༵་ཆོས་ཐམས་ཅད་ཀྱི་རང་བཞིན་དམི༵གས་སུ་མེད༵་པའི་དེ་ཁོ་ན་ཉིད་ཤེས༵་པར༵་གྱིས༵་ཞེས་བསྟན་ནོ། །དེ་སྐད་དུའང་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །

གཉིས་པ་གཉིས་སུ་མེད་པའི་ཡེ་ཤེས་བྱེ་བྲག་ཏུ་བཤད་པ་ནི། ཡེ་ནས་གཞི༵་དང་རྩ༵་བ་མེད༵་པའི༵་སེམ༵ས་ཉིད༵་ནམ་མཁའ་ལྟ་བུ་ནི༵། དངོས་པོ་དང་མཚན་མ་གང་དུའང་མ་གྲུབ་པས། འདི་ལ་ཕོ༵་ཞེས་གདགས་སུ་མེད་ཅིང་མོ༵་མ༵་ཡི༵ན་པ་དང་མ༵་ནི༵ང་ཞེས་དམིགས་སུ་ཡོད་པ་མིན༵་པས་དེའི་ཕྱིར། སེམས་ཉིད་ལ་འཁོར་འདས་དང་བཟང་ངན་མེད་པར་ད་ལྟ་ཉིད་ནས་གྲུབ་བོ། །དེ་ལྟ་བུའི་རང་བཞིན་ནི་མཚ༵ན་མ་མེ༵ད་པར་ཡང་དམིགས་སུ་ཡོད་པ་མ༵་ཡི༵ན་སྟེ་ཡོད་མེད་ཀྱི་མཐའ་ལས་འདས་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཉིད་ལ་སངས་རྒྱས་དང་སེམས་ཅན་ལ་སོགས་པའི་རིག༵ས་དང་རྒྱལ་པོ་དང་གདོལ་པ་ལ་སོགས་པའི་རིག༵ས་སོ་སོའི་རྒྱུད༵་དུའང་གྲུབ་པ་མི༵ན་ཞིང་། དཀར་པོ་ལ་སོགས་པའི་ཁ༵་དོག༵་ཏུ་གྲུབ་པ་མ༵་ཡི༵ན་ཞིང་གྲུ་བཞི་ལ་སོགས་པའི་དབྱི༵བས་སུའང་གྲུབ་པ་མ༵་ཡི༵ན་ཏེ། ངོ་བོ་ཉིད་ཀྱི་སྟོང་ཞིང་མཚན་མ་མེད་པའི་ཕྱིར་རོ། །ཡང་སེམས་ཉིད་ལ་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གན༵ས་སུའ༵ང་གྲུབ་པ་མ༵་ཡི༵ན་ཞིང་འདིའོ་ཞེས་པའི་ཆོས་ག༵ང་དུ་ཡ༵ང་གྲུབ་པ་མི༵ན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། སེམས་ནི་དམིགས་མེད་བསམ་དུ་ཡོད་མ་ཡིན། །རང་བཞིན་དག་ཅིང་ངོ་བོ་ཉིད་ཀྱིས་སྟོང་། །ཡེ་ནས་བདག་མེད་ཆོས་ཉིད་ཟབ་མོ་སྟེ། །ནམ་མཁའ་བཞིན་དུ་ཟབ་ཞི་སྤྲོས་དང་བྲལ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་སེམས་ཉིད་ནི་ཆོས་ཉིད་དེ༵་བཞི༵ན་ཉིད༵་ཀྱི་དབྱི༵ངས་རྣམ་པར་དག་པའི་ཡེ༵་ཤེ༵ས་ཏེ༵། དེའི་གནས་ལུགས་(༡༡༦)ཀྱིས་ཐབ༵ས་ཀྱི༵་ཕྱག༵་རྒྱ༵་ཐམས་ཅད་འགྲུབ་པའི་རྒྱུ་དང་ཤེས་རབ་ཀུན༵་གྱི༵་རྒྱུ༵་བྱེད་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའི་དབྱིངས་དང་རྟེན་འབྲེལ་དང་འབྲས་བུ་དམ་པ་ཐམས་ཅད་བྱེད་དེ། སེམས་ཉིད་རང་བཞིན་གྱིས་དག་པའི་དོན་ལས། གཞན་གྱུར་གྱི་གཞི་ལམ་འབྲས་བུའི་ཆོས་ཐ་དད་པ་ཞིག་ལོགས་ན་མེད་པའི་ཕྱིར་རོ། །

གཉིས་པ་ཐབས་གཟུགས་སྣང་བསྒོམ་པའི་ཏིང་ངེ་འཛིན་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །

དང་པོ་ལ་གཉིས་ཏེ། ཡི་གེ་འཁོར་ལོ་བསྒྲུབ་པ་དང་། དེའི་ལས་ཚོགས་བསྒྲུབ་པའོ། །དང་པོ་ནི། ཏིང་ངེ་འཛིན་གསུམ་སྔོན་དུ་སོང་བས་ཨ་ལས་སྤྲོ་བ་དང་བསྡུ་བ་སྔ་མ་བཞིན་བསྒོམས་པའི་རྗེས་ལ། རྩ་བ་མེད་པའི་སེམས་ཉིད་ཡི་གེའི་འཕྲོ་འདུ་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་ངང་ལ་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག་པ་ནི་ཤེས་རབ་ཀྱི་ངོ་བོ། དེ་ནས་ལྷའི་དཀྱིལ་འཁོར་དུ་བསྒོམ་པའི་སྔགས་ཕྲེང་གི་འོད་ཟེར་གྱིས་ལས་བཞི་དང་མཆོག་གི་ཏིང་ངེ་འཛིན་བསྒྲུབ་པའི་རོལ་པ་ལ་སེམས་སྦྱང་ངོ་། །རྗེས་ལ་དགེ་བ་བསྔོ་བར་བྱའོ། །དེ་ཉིད་བརྟན་ཞིང་བཟླས་པའི་ཚོགས་བྱེ་བ་སུམ་འབུམ་ས་ཡ་གཅིག་སོང་བ་ན་གྲུབ་པའི་རྟགས་འབྱུང་བས། ལས་ཚོགས་ཇི་ལྟར་བསྒྲུབ་པ་ནི། ཡི་གེ་སྤྲིན་ལས་བདག་ཉིད་ལྷར་གྱུར་པའི་ཚུལ་གྱིས་འོད་ཟེར་དང་ལྷའི་འཕྲོ་འདུས་ནད་གདོན་སྡིག་པ་ཞི་བ་དང་། ཚེ་དང་ལོངས་སྤྱོད་རྒྱས་པ་དང་། དབང་དུ་བྱ་བ་དང་། བསྐྲད་པ་དང་། གསད་པ་དང་། རེངས་པ་དང་། འཆིང་བ་ལ་སོགས་པ་ནི་ཏིང་ངེ་འཛིན་སྣ་ཚོགས་པའི་འཕྲོ་འདུས་ཞག་བདུན་ལ་སོགས་པ་ན་འགྲུབ་པའོ། །དེ་བཞིན་དུ་རང་ཉིད་རྣམ་པར་སྣང་མཛད་དུ་གསལ་བའི་ཐུགས་ཀ་ནས་ནམ་མཁའ་ལ་རྡོ་རྗེའི་ཐེམ་སྐས་དང་ས་གཞིར་བསྒོམས་ན་སའི་ཏིང་ངེ་འཛིན་འཐོབ་ཅིང་ཆུ་ལ་མི་བྱིང་ཞིང་ནམ་མཁའ་ལ་སྐྱིལ་མོ་ཀྲུང་གིས་གནས་པའོ། །རང་ཉིད་སྣང་བ་མཐའ་ཡས་ཀྱི་ཐུག༵ས་ཀ་ནས་རྃ་ལས་མེ་བྱུང་བས་སྣང་སྲིད་ཐམས་ཅད་འབར་ཞིང་དམྱལ་བའི་མེ་ཞི་བར་བསམ་པ་ལས་མེའི་ཏིང་ངེ་འཛིན་འགྲུབ་ཅིང་མེའི་ཆར་འབེབས་པར་བྱེད་དོ། །རང་ཉིད་རིན་ཅེན་འབྱུང་ལྡན་གྱི་ཐུགས་ཀ་ནས་ཁྃ་ལས་ཡེ་ཤེས་ཀྱི་ཆུར་འབབ་པས་འཇིག་རྟེན་ཁེངས་པར་བསྒོམས་པས་ཆུའི་ཏིང་ངེ་འཛིན་འགྲུབ་ཅིང་ས་ལ་ཕྱི་འཛུལ་དང་ངན་སོང་གི་མེ་ཞི་བར་བྱེད་དོ། །རང་ཉིད་དོན་གྲུབ་ཀྱི་ཐུགས་ཀའི་ཡྃ་ལས་རླུང་བྱུང་བས་འཇིག་རྟེན་གྱི་རགས་པའི་དངོས་པོ་འཐོར་བར་བསྒོམས་པས་རྫུ་འཕྲུལ་ཐོགས་པ་མེད་ཅིང་ནམ་མཁའ་ལ་ཡང་འགྲོ་བར་བྱེད་དོ། །རང་ཉིད་མི་བསྐྱོད་པའི་ཐུགས་ཀའི་ཨེ་ལས་ནམ་མཁའ་གཅིག་ཏུ་གྱུར་པར་བསྒོམས་ན་སྣང་བ་ཐམས་ཅད་སྟོངས་པ་དང་། ཉི་ཟླ་འཛིན་ཅིང་ལྷུང་བའི་ལས་འགྲུབ་བོ། །དེ་བཞིན་དུ་སྣང་བ་ཐམས་ཅད་དཀར་པོ་དང་། སེར་པོ་དང་། (༡༡༧)དམར་པོ་དང་། ལྗང་གུ་དང་། མཐིང་གའི་ཁ་དོག་ཏུ་བསྒོམས་པས་འོད་ཟེར་ཆེན་པོ་ལྔ་དང་སྣང་བ་དེ་དག་ཏུ་འགྲུབ་པར་བྱེད་དོ། །འདི་དག་ནི་སྨོས་པས་མཚོན་པ་སྟེ་ཡིད་ལ་ཇི་ལྟར་འདོད་པའི་ཏིང་ངེ་འཛིན་དེར་འཕྲུལ་པའི་ཆོ་ག་གཞན་ཡང་གྲངས་མེད་པར་བསྒོམས་པས་དེ་དག་འབྱུང་བ་ནི་ཏིང་ངེ་འཛིན་དྲྭ་བ་དམ་པའོ། །

གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། བསྐྱེད་རྫོགས་ལྷའི་ཏིང་ངེ་འཛིན་དུ་བསྟན་པ་དང་། སྣང་སྲིད་ཀུན་ཏུ་བཟང་པོའི་ཕྱག་རྒྱར་བཤད་པའོ། །

དང་པོ་ནི། རང་གི་སེམས་ཉིད་འོད་གསལ་བའི་ཡི་གེར་སྣང་བ་ནི་ཐ༵བས་ཀྱི་རང་བཞིན་སྣང་བ་དེ་ཉིད་ལ༵ས་ཐབས༵་བྱུང༵་བ་ནི་འོད་ཟེར་གྱི་རྩེ་ལས་ཡི་གེ་འཐོན་པའོ། །དེ་ཡང་གྲངས་མེད་པ་འཕྲོ་བས་ཐབ༵ས་བས༵མ་ཡས༵་ཤིང་དཔག་ཏུ་མེད་པའོ། །དེ་ཡོངས་སུ་གྱུར་པ་ལས་དོན་ལ་ཐ༵་དད༵་པ་གཞན་དུ་ཡོད་པ་མི༵ན་ཡང་། བློ་ལ་རང་ཉིད་ལྷ་དང་ལྷ་མོའི་རོལ་པར་བསྒོམ་ཞིང་། དེ་ལས༵་ཐ༵་ད༵ད་པའི༵་སྣོད་གཞལ་ཡས་ཁང་དང་ཞིང་ཁམས་སུ་བསྐྱེད་པ་ནི་སེམས་ཀྱི་རོལ་པ་སྟེ། དེ་ལྷར་བསྒོམ་དུས་ན་ནང༵་རང་ཉིད་ལྷ་དང༵་ཡི་གེར་སྣང་བའི་འཕྲོ་འདུ་དང་ནང༵་གི༵་ཕྱི༵་རོ༵ལ་སེམས་ཀྱིས་བསྐྱེད་པའི་གཞལ་ཡས་ཁང་དང་ཞིང་ཁམས་དང་སྤྲོ་བསྡུས་གཞི་སངས་རྒྱས་དང་སེམས་ཅན་དུ་བློས་བཀོད་པ་རྣམས་ཀྱི༵་དཀྱི༵ལ་འཁོ༵ར་གྲངས་མེད་བསམ༵་ཡས༵་སུ་བསྒོམ་པའི་འཕྲོ་འདུ་ཡང་། རང་སྣང་གི་ཡེ༵་ཤེས༵་བཀོད་པའི་རོལ༵་པ་ནི་སེམས་ཉིད་གདོད་ནས་དག་པས་སངས་རྒྱས་པའི་རང་བཞིན་གང་ལའང་འཇི༵གས་པ་སྟེ་ལས་དང་ཉོན་མོངས་པ་ཡེ་ནས་མེ༵ད་པ་གནས་ལུགས་དོན་གྱི་ཀུན༵་ཏུ་བཟ༵ང་པོའི་ཕྱག༵་རྒྱའི༵་མཆོ༵ག་གིས་བཏབ་པའི་ཕྱིར། བསྐྱེད་པའི་རིམ་པ་ལའང་རང་བཞིན་མེད་པའི་རྫོགས་རིམ་དུ་ལྷུན་གྱིས་གྲུབ་པས་དེའི་ངང་ལ་མཉམ་པར་བཞག་ཅིང་སྤྲོས་པ་མེད་པས་དོན་ལ་གནས་པར་བྱའོ། །

གཉིས་པ་སྣང་སྲིད་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་ཚུལ་དུ་བཤད་པ་ནི། འོད་གསལ་བའི་སེམས་ཉིད་ཡི་གེར་སྣང་བའི་ཐབས་ལས་རང་གི་དེ་ཁོ་ན་ཉིད་ཡུལ་སེམས་སུ་སྣང་བའི་ཐབས་བྱུང་ཞིང་། སྣང་སྲིད་སྣ་ཚོགས་སུ་སྣང་བའི་ཐབས་བསམ་ཡས་སུ་ཤར་བ་དེ་དག་ཀྱང་། དོན་ཐ་དད་དུ་ཡོད་པ་མིན་པ་ལ་ཐ་དད་པའི་སྣང་བ་སྣ་ཚོགས་སུ་སྣང་བ་ནི། ནང་གི་སེམས་དང་། ནང་གི་ཕྱི་རོལ་དཀར་དམར་སྣ་ཚོགས་སུ་སྣང་བའི་ཆོས་ཀྱི་དཀྱིལ་འཁོར་བསམ་ཡས་ཡེ་ཤེས་ཀྱི་རོལ་པར་ཤར་བས་འཇིགས་མེད་ཀུན་ཏུ་བཟང་པོ་ཡེ་ནས་སངས་རྒྱས་པའི་ཕྱག་རྒྱའི་མཆོག་གི་རྒྱས་བཏབ་པ་ཞེས་བྱའོ། །ཡང་ཐབས་ཡི་གེ་འཁོར་ལོ་ལས་ཐབས་བྱུང་འཕྲོ་འདུ་བྱེད་པའི་ཡི་གེའི་ཐབས་བསམ་ཡས་འཕྲོ་བ་ཡང་། སེམས་ལས་ཐ་དད་མིན་པ་ལ་བློས་འཕྲོ་ས་འཕྲོ་ཡུལ་ཐ་དད་པའི་ཆོས་སུ་བྱེད་ཅིང་། ནང་(༡༡༨)རང་གི་སེམས་དང་ནང་གི་ཕྱི་རོལ་སེམས་ལ་སྣང་བའི་ཆོས་ཐམས་ཅད་ཡི་གེར་གྱུར་པའི་འཕྲོ་འདུས་དབང་བསྒྱུར་བའི་དཀྱིལ་འཁོར་བསམ་ཡས་ཡེ་ཤེས་ཀྱི་རོལ་པ་བསྒོམ་པ་ནི། འཇིགས་མེད་ཀུན་ཏུ་བཟང་པོའི་ཕྱག་རྒྱའི་མཆོག་ཡིན་ནོ་ཞེས་ཡི་གེ་བསྒོམ་པ་ལའང་སྦྱར་རོ། །

གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ཡི་གེ་འཕྲེང་བ་རྟོགས་པའི་རྣལ་འབྱོར་པ་གང༵་གིས༵་གླ༵ང་ཆེ༵ན་ཆང་གིས་མྱོས༵་པ་དང་འདྲ༵་བ༵འི་སེ༵མས་ལས་སུ་མི་རུང་བ་བདག་ཏུ་ལྟ་བའི་གནས་ལ་རྟེན་འཆའ་ཞིང་མཚན་མར་འཛིན་པའི་ཆང་གིས་མྱོས་པས་འཁོར་བར་རྒྱུ་ཞིང་སྡུག་བསྔལ་བར་བྱེད་པ་འདི་ཉིད། གནས་ལུགས་ཀྱི་དོན་ལ་ཞི་ལྷག་ཟུང་འབྲེལ་གྱི་ཚུལ་དུ་མཉ༵མ་པ༵ར་བཞ༵ག་པས༵་དངོས་པོ་དང་མཚན་མར་འཛིན་པའི་བློ་བཏུལ༵་ན༵ས་གཉིས་སུ༵་མེད་པའི་ཡེ་ཤེས་སུ་བསྐྱེད་རྫོགས་ཁྱད་པར་ཅན་བསྒོམ་ཞིང་། དེའི་ཡན་ལག་སྔག༵ས་ཀྱི་དེ་ཁོ་ན་ཉིད་ད༵ང་ཕྱག༵་རྒྱའི༵་རང་བཞིན་རབ༵་ཏུ་བརྟན༵་ཞིང་གོམས་པར་བྱས་ན༵་དངོས༵་གྲུབ༵་ཡ༵་མཚན༵་ཆེན༵་པོ༵་ཀུན་ཏུ་བཟང་པོ་ཉིད་ཐོབ་པར༵་འགྱུར༵་རོ། །སྔགས་ཀྱི་ཡན་ལག་ལྔ་ནི། བདག་གི་ལྷའི། གསང་སྔགས་ཀྱི། བཟླས་བརྗོད་ཀྱི། འཕྲོ་འདུའི་དེ་ཁོ་ན་ཉིད་དོ། །ཞི་གནས་ནི་སེམས་ཀྱི་སྤྲོས་པ་ཞི་བ་དང་། ལྷག་མཐོང་ནི་ཡུལ་གསལ་ཞིང་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་སྟེ། སྐབས་འདིར་བསྐྱེད་པའི་རིམ་པས་སེམས་གཞན་དུ་མི་འཕྲོ་བར་བྱེད་པ་ཉིད་ཞི་གནས་དང་། དེའི་རང་བཞིན་སྤྲོས་པ་མེད་པར་འཇོག་པ་ལྷག་མཐོང་དུ་ཤེས་པར་བྱའོ། །དེའང་མདོ་སྡེ་རྒྱན་ལས། མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ་། །ཞེས་པ་དང་། དམིགས་པ་གང་ཡང་རུང་གཅིག་ལ། །ཡིད་ནི་ཏིང་ངེ་འཛིན་ལ་གཞག །ཅེས་པས། འདིར་ཡི་གེའི་ཏིང་ངེ་འཛིན་ནི་ཞི་གནས་སྐྱེ་བའི་ཐབས་ཡིན་ལ། དེའི་ངང་ལས་སྐྱེ་བ་མེད་པ་དང་རྣམ་པར་མི་རྟོག་པའི་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ངང་གིས་འགྲུབ་པའི་ཕྱིར་ཟབ་མོའོ། །དེའང་བསམ་གཏན་གྱི་སྒྲོན་མེ་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །ཅི་ཡང་མེད་ཅེས་རྟོགས་པར་འགྱུར། །ཅི་ཡང་མེད་ཅེས་གོམས་པ་ཡིས། །ཕྱི་ནས་དེ་ཡང་རབ་ཏུ་སྤོང་། །ཞེས་པ་ལྟར་རོ། །

གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཡི་གེའི་སྤྲིན་དུ་གནས་སོ་ཞེས༵་བརྗོ༵ད་པས༵། དེ༵་བཞི༵ན་གཤེགས༵་པ༵་ཀུན་ཏུ་བཟང་པོ་ཉིད༵་ཡི་གེ་འཁོར་ལོ་ལས་དངོས་གྲུབ་ཕུན་སུམ་ཚོགས་པ་ལྷུན་གྲུབ་ཏུ་འབྱུང་བའི་གཟིག༵ས་མོས༵་མཉེས༵་པར༵་གྱུ༵ར་ཏོ༵། །ཡི་གེ་སྤྲིན་གྱི་འཁོར་ལོ་གསང༵་བའི༵་སྙིང༵་པོ༵་དངོས་གྲུབ་ཕུན་སུམ་ཚོགས་པ་འབྱུང་བའི་དེ༵་ཁོ༵་ན༵་ཉིད༵་ངེས༵་པ༵་ལས༵། ཡི་གེ་སྒྱུ༵་འཕྲུ༵ལ་དྲྭ་བ༵་བསྒྲུབ༵་པའི༵་ཏིང༵་ངེ༵་འཛིན༵་གྱི༵་རྣམ་གྲངས་བསྟན་(༡༡༩)པའི་ལེ༵འུ༵་སྟེ༵་ལྔ༵་པའི་རྣམ་བཤད་ལེགས་པར་གཏན་ལ་ཕབ་པ༵འོ༵།། །།


previousལེའུ་ལྔ་པའི་རྣམ་པར་བཤད་པ།next