Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
 collapse section
  
  
  
  
  
  
  
 collapse section
  
  
  
  
  
  
  
  
 
  
  
  
  
  
 collapse section
  
དང་པོ། གཞི་རྟོགས་པས་གྲོལ་བའི་ལེའུ།
  
  
  
  
 collapse section
  
  
  
  
 collapse section
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousདང་པོ། གཞི་རྟོགས་པས་གྲོལ་བའི་ལེའུ།next

དང་པོ། གཞི་རྟོགས་པས་གྲོལ་བའི་ལེའུ།

༄༅། །རྒྱ་གར་སྐད་དུ། མཧཱ་སནྡྷི་ཙིཏྟ་ཏཱ་སྭ་མུཀྟི་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ངོ་བོ་རྣམ་དག་བསམ་ཡུལ་འདས་པ་ལས། །རང་བཞིན་ལྷུན་གྲུབ་སྙིང་པོའི་གདངས་ཤར་བ། །མཚན་ཉིད་སྣ་ཚོགས་གཟུང་འཛིན་དག་པའི་སེམས། །རྒྱ་ཆད་ཕྱོགས་ལྷུང་བྲལ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ལས། །སྣང་སེམས་ཡེ་གྲོལ་འཛིན་མེད་ཕྱམ་བརྡལ་བ། །རྨད་བྱུང་རྒྱལ་པོ་སེམས་ཉིད་རང་(༢)གྲོལ་ནི། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །ལྟ་བ་རྣམ་དག་མཐའ་དབུས་མེད་པ་ལ། །འདི་ཞེས་མི་མཚོན་ཡངས་དོག་མཐོ་དམན་མེད། །རྟག་ཆད་ལས་འདས་མུ་བཞིའི་དྲི་མ་བྲལ། །བཙལ་ན་མི་རྙེད་བལྟས་པས་མཐོང་བ་མེད། །ཕྱོགས་དང་རིས་བྲལ་བསམ་ཡུལ་ཀུན་ལས་འདས། །གྲུབ་པའི་མཐའ་མེད་སྟོང་དང་མི་སྟོང་མེད། །རྟོགས་དང་མ་རྟོགས་རྩིས་གདབ་གཟའ་གཏད་མེད། །ཆོས་ཀུན་ཡེ་ནས་རྣམ་དག་བྱང་ཆུབ་པས། །མ་སྐྱེས་མི་འགག་སྨྲ་བསམ་བརྗོད་དུ་མེད། །དག་དང་མ་དག་རང་བཞིན་དག་པའི་དབྱིངས། །ཐམས་ཅད་མི་དམིགས་མཉམ་རྫོགས་ཆེན་པོ་ཉིད། །བཅིང་གྲོལ་མེད་པས་འགྲོ་འོང་གནས་པ་མེད། །སྣང་སྟོང་ཀུན་བརྟགས་གཟུང་འཛིན་སྒྱུ་མའི་ངང་། །འཁོར་འདས་བདེ་སྡུག་རྨི་ལམ་བཟང་ངན་འདྲ། །སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ། །དེ་ལས་སྐྱེ་འགག་ཆེན་པོ་རྟེན་འབྲེལ་ཉིད། །རྨི་ལམ་སྒྱུ་མ་མིག་ཡོར་དྲི་ཟའི་གྲོང་། །བྲག་ཅ་གཟུགས་བརྙན་འདྲ་སྟེ་ངོ་བོ་མེད། །སྐྱེ་སོགས་ཆོས་ཀུན་རང་བཞིན་མ་སྐྱེས་པས། །ནམ་ཡང་མི་འགག་དུས་གསུམ་འཕོ་འགྱུར་མེད། །གང་ནས་མ་འོང་གང་དུ་མ་སོང་ཞིང་། །གར་ཡང་མི་གནས་རྨི་ལམ་སྒྱུ་མ་འདྲ། །མི་མཁས་བདེན་པར་ཞེན་པའི་སྣང་འདི་ལ། །ཐེར་ཟུག་ཆོས་སུ་ང་བདག་འཛིན་པ་ནི། །སྒྱུ་མའི་ན་(༣)ཆུང་རེག་པས་ཞིག་པ་འདྲ། །བསླུ་བས་མི་བདེན་སྣང་ངོར་དོན་བྱེད་བཞིན། །འགྲོ་དྲུག་གནས་དང་སངས་རྒྱས་ཞིང་རྣམས་ཀྱང་། །རྡུལ་ཕྲན་འདུས་མིན་འགྲོ་སེམས་རང་སྣང་ཙམ། །ཇི་ལྟར་རྨི་ལམ་སངས་རྒྱས་སེམས་ཅན་རྣམས། །བདེན་བདེན་ལྟར་སྣང་རང་བཞིན་དཔག་མེད་ཀྱང་། །སད་པའི་ཚེ་ན་སྐད་ཅིག་ཡིད་ཀྱི་ཡུལ། །དེ་བཞིན་འཁོར་འདས་ཆོས་རྣམས་ཤེས་པར་བྱ། །སྣང་བའི་ངོས་ལས་ལོག་པའི་སྟོང་པ་མེད། །མེ་དང་མེ་ཡི་རང་བཞིན་ཚ་བ་བཞིན། །ཐ་དད་མོས་པ་བློ་ཡིས་དབྱེ་བ་སྟེ། །ཆུ་དང་ཆུ་ཟླ་དབྱེར་མེད་རྫིང་བུར་གཅིག །དེ་བཞིན་སྣང་སྟོང་ཆོས་ཉིད་ཆེན་པོར་གཅིག །སྣང་འདི་གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ། །དྲི་མེད་རང་བཞིན་དག་པའི་གཟུགས་བརྙན་འདྲ། །དེ་ལ་ཡོད་མེད་བློས་བརྟགས་འཁྲུལ་པས་ན། །གང་སྣང་དོན་ལ་དམིགས་གཏད་མ་བྱེད་ཅིག །སྣང་ཡུལ་དེ་ཡང་སེམས་ཀྱི་གཟུགས་བརྙན་ཏེ། །བྱད་དང་མེ་ལོང་ནང་གི་གཟུགས་བརྙན་བཞིན། །གཉིས་སུ་མེད་བཞིན་གཉིས་སུ་སྣང་བ་ནི། །ཐོག་མེད་བགས་ཆགས་གོམས་པའི་རང་བཞིན་ཏེ། །སེམས་དང་རྨི་ལམ་གཉིས་སུ་མེད་མོད་ཀྱང་། །གཉིད་མྱོས་པ་ལ་རྨི་ལམ་སྣང་བ་བཞིན། །ངོ་བོ་ཐ་དད་མེད་པར་ཤེས་པར་བྱ། །ཇི་ལྟར་བུ་ཆུང་མེ་ལོང་མཐོང་བ་བཞིན། །བྱིས་པས་ཕྱི་རོལ་ཡུལ་ལ་དགག་སྒྲུབ་བྱེད། །ཨ་མས་མཐོང་བས་མེ་ལོང་ཕྱིས་པ་ལྟར། །རྒྱུ་འབྲས་ཐེག་པས་ཕྱི་རོལ་བཅོས་སྒྱུར་བྱེད། །བཟང་མོས་མཐོང་སྟེ་བཞིན་ལ་ཕྱི་བ་ལྟར། །དེ་ཉིད་ཤེས་པས་ནང་གི་སེམས་ཉིད་བལྟ། །འདི་ནི་དངོས་མེད་སྙིང་པོའི་ཐེག་པ་ཡིན། །སེམས་གང་ངོ་བོ་མེད་ལ་སྣ་ཚོགས་ནི། །ཡུལ་གྱི་རྐྱེན་གྱིས་ནང་དུ་ཤར་བ་སྟེ། །མེ་ལོང་རྒྱ་མཚོར་གཟུགས་བརྙན་སྣང་བ་བཞིན། །ངོ་བོ་སྟོང་ལ་རང་བཞིན་མ་འགགས་པ། །མཚན་ཉིད་སྣ་ཚོགས་སྣང་བའི་ཆོ་འཕྲུལ་ནི། །སེམས་ཉིད་གཅིག་ལ་འཁོར་འདས་གཉིས་འཕྲོ་བ། །དཀར་ནག་རས་ལས་ཤེལ་ལ་བསྒྱུར་བ་བཞིན། །ངོ་བོ་མི་འགྱུར་འཆར་གཞི་རྐྱེན་སྣང་གིས། །སྣང་བ་སྣ་ཚོགས་སྣང་དུས་འགྱུར་འདྲ་ཡང་། །དོན་ལ་མ་འགྱུར་ཤེལ་སྒོང་དག་པ་བཞིན། །ཡེ་སྟོང་རྩ་བ་བྲལ་བའི་སེམས་ཉིད་ལ། །འཁོར་འདས་ཆོས་རྣམས་སྣང་བས་མ་གོས་སོ། །དུས་གསུམ་དུས་མེད་ཀུན་ཏུ་བཟང་པོའི་ངང་། །གཞི་རྫོགས་འཕོ་འགྱུར་མེད་པའི་ངོ་བོ་ལ། །ཡུལ་དྲུག་སྣང་བས་མ་གོས་ཆུ་ཟླ་འདྲ། །མེད་སྣང་སྤྲུལ་པ་ལྟ་བུའི་འཁོར་འདས་ལ། །བླང་དོར་དགག་སྒྲུབ་རེ་དོགས་མ་བྱེད་ཅིག །སྤྲུལ་པའི་རང་བཞིན་ཤེས་པས་གྲོལ་བ་ནི། །སྒྱུ་མའི་དཔུང་ཚོགས་མཐོང་བས་(༤)བཟུང་ན་ཡང་། །རང་བཞིན་ཤེས་པས་འཇིགས་སྐྲག་མེད་པ་བཞིན། །སྣང་བའི་ཡུལ་རྣམས་ལོགས་སུ་སྤོང་མི་དགོས། །འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད། །ཡེ་ནས་མ་སྐྱེས་མྱ་ངན་འདས་པས་ན། །སྲིད་པའི་རང་བཞིན་སེམས་ཉིད་མཐོང་བས་གྲོལ། །དེ་ཚེ་ཞི་བ་གཞན་ཞིག་བསྒྲུབ་ཏུ་མེད། །རང་གི་དཔུང་ལ་གཞན་དུ་སྐྲག་པ་ལས། །ཕྱིས་ནས་ཤེས་པས་སླར་ཡང་བདེ་བ་ཐོབ། །དེ་རིང་དཔལ་ལྡན་བླ་མའི་བྱིན་རླབས་ཀྱིས། །སྲིད་པའི་ཀུན་རྟོག་ཆོས་སྐུར་ངོ་འཕྲོད་པས། །རང་བབས་བདེ་ཆེན་ནང་ནས་ཤར་བ་ཡིན། །སྤང་བླང་མི་དགོས་སྣང་སྲིད་བླ་མར་ཤར། །གདམས་ངག་མི་ཟད་ཐམས་ཅད་བྱང་ཆུབ་གྲོགས། །ཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མི་འཆད། །ཐམས་ཅད་ཡིད་བདེ་ཆོས་ཉིད་བརྡལ་བ་ལས། །སྣ་ཚོགས་ཆོས་ཅན་མ་འགག་རོལ་པ་ནི། །ཆོས་སྐུ་གཟུགས་སྐུ་སྣང་སྟོང་ཚོགས་གཉིས་ཏེ། །ཐབས་དང་ཤེས་རབ་མཉམ་རྗེས་ལྷུན་གྱིས་གྲུབ། །མ་བྱས་རང་བབས་སྐུ་ལྔ་ཡེ་ཤེས་ལྔ། །སྣང་སེམས་འཛིན་མེད་རིག་པའི་ངང་དུ་རྫོགས། །ས་དང་ལམ་དང་གཟུངས་དང་ཏིང་འཛིན་ཏེ། །ཡོན་ཏན་ལྷུན་རྫོགས་ཆོས་ཉིད་གཉུག་མའི་ངང་། །ཕྱོགས་བྲལ་རིག་པ་རང་ཤར་ཆེན་པོ་ལ། །བཟུང་བས་མ་བསླད་འཛིན་པས་བཅིངས་པ་མེད། །སྒྱུ་མའི་རང་བཞིན་གཉིས་མེད་དག་པ་ལ། །བསམ་བརྗོད་ཏིང་འཛིན་བསྒོམ་པས་ཅི་ཞིག་བྱ། །བསྐྱེད་དང་རྫོགས་མེད་གཉིས་མེད་ཟུང་འཇུག་མེད། །གྲུབ་པའི་མཐའ་མེད་ཐེག་པའི་རྣམ་དབྱེ་མེད། །དེ་དག་ཀུན་བརྟགས་བློ་ཡི་རི་མོ་སྟེ། །རང་ཤར་ངང་ལ་རང་གྲོལ་བཏགས་པ་ཙམ། །འདི་ཡིན་གཟའ་གཏད་མེད་པའི་རིག་པ་ལ། །འདི་ཞེས་ཆེད་དུ་མ་མཛིན་བློ་ལས་འདས། །བྱར་མེད་ལྷུན་གྱིས་རྫོགས་པའི་སེམས་ཉིད་ལ། །བཅོས་བསྒྱུར་གཉེན་པོས་མ་བསླད་གང་བདེར་ཐོངས། །རྟོགས་དང་མ་རྟོགས་མཉམ་པའི་ཆོས་ཉིད་ལ། །བསམ་གཏན་འཆིང་བའི་གཟེབ་ཀྱིས་མ་བསླད་ན། །གནས་ལུགས་དོན་ལ་ཡོད་མེད་སྣང་སྟོང་མེད། །གཅིག་དང་དུ་བྲལ་ལ་སོགས་མི་མཚོན་ཞིང་། །ལྟ་སྒོམ་ལས་འདས་གྲུབ་བསལ་འགྲོ་འོང་མེད། །མཐའ་བྲལ་གཉིས་མེད་སྒྱུ་མ་རྨི་ལམ་ཞེས། །བདེན་པ་གཉིས་དོན་བདེན་ཞེན་དགག་ཕྱིར་ཏེ། །རྣལ་མའི་དོན་ལ་དོན་དམ་ཀུན་རྫོབ་མེད། །གང་ལྟར་བརྟགས་པ་དེ་ལྟར་མི་གནས་ཤིང་། །འདི་ཞེས་འཛིན་པ་དེ་ཡི་གཟེབ་ཏུ་འཆིང་། །ཇི་ལྟར་འདོད་ཀྱང་ཞེན་པའི་མཐར་ལྷུང་ཞིང་། །རྩོལ་སྒྲུབ་ཆོས་ཀྱིས་འཁོར་བ་རྒྱུན་མི་འཆད། །བཟང་ངན་ལས་ཀྱིས་སྲིད་པ་འདིར་འཁྱམས་ཏེ། །བདེ་སྡུག་མཐོ་དམན་ཟོ་ཆུའི་འཁྱུད་མོ་བཞིན། །དུས་གསུམ་འཁོར་བར་ཁམས་གསུམ་(༥)འགྲོ་བ་འཁྲུལ། །མ་རིག་ཀུན་བརྟགས་རྩོལ་བའི་ནད་ཀྱིས་གདུང་། །ཐོག་མཐའ་དུས་མེད་སེམས་ཅན་སྙིང་རེ་རྗེ། །ཀྱེ་ཧོ་དེ་ཀུན་རྨི་ལམ་སྒྱུ་མ་ཙམ། །ངེས་པའི་དོན་ལ་འཁོར་དང་འཁོར་མཁན་མེད། །ཐམས་ཅད་ཡེ་གྲོལ་ཀུན་ཏུ་བཟང་པོའི་ངང་། །གཞི་རྩ་དངོས་པོ་མེད་པས་བློ་རེ་བདེ། །མ་བཅོས་གདོད་ནས་དག་པའི་སེམས་ཉིད་ལ། །སྣང་སྲིད་ཆོས་ཀྱིས་མ་གོས་གཟུགས་བརྙན་འདྲ། །སྣང་བའི་ཡུལ་ལ་གཟུང་བ་མི་དམིགས་ཤིང་། །རང་ཤར་བློ་ལ་འཛིན་པ་མི་དམིགས་པའི། །གཉིས་མེད་ཡེ་ཤེས་གཉིས་སུ་སྣང་ལས་བྱུང་། །དེ་ཕྱིར་ཡུལ་སེམས་མི་འགགས་རྒྱན་དུ་ཆེ། །འཛིན་མེད་གླང་ཆེན་ཐབ་ལ་ཡན་པ་ནི། །རང་གྲོལ་འགྲོས་ཅན་གཉིས་མེད་དྲ་བས་མཛེས། །བླང་དོར་རེ་དོགས་འདམ་བུའི་ཚལ་འཇོམས་ཤིང་། །རྟོགས་པའི་སྟོབས་འཆང་གཉིས་མེད་རྒྱ་མཚོར་འཇུག །ཤར་གྲོལ་རིམ་པ་སྣ་མེད་ཡན་པ་ལ། །སྤང་གཉེན་ཞེན་པའི་ཐག་པས་མ་འཆིང་བར། །རླབས་ཆེན་རྫོགས་པའི་ལྟ་བ་ཁ་ཡན་སྐྱོང་། །རྩལ་ཆེན་རྫོགས་པའི་སྣང་སྲིད་ཆོས་སྐུར་འཆར། །ཡུལ་དྲུག་མ་འགགས་སྣང་མཁན་ངོ་བོས་སྟོང་། །མཐའ་བྲལ་སེམས་ཉིད་གཏད་མེད་གྲོལ་བ་ན། །འཁོར་འདས་གཉིས་མེད་རིག་པ་གཞི་ཐོག་ཕྱིན། །མཆོག་གི་དངོས་གྲུབ་བརྙེས་ཞེས་དེ་ལ་བྱ། །རང་གཞན་དོན་གཉིས་རྫོགས་པའི་མཐར་ཕྱིན་པས། །འོག་མིན་གནས་སུ་མངོན་པར་བྱང་ཆུབ་ཡིན། །ཨེ་མ་ཕྱུགས་དང་འདྲ་བའི་བསམ་གཏན་པ། །འདུ་ཤེས་བཀག་ནས་རྟོག་མེད་གནས་པ་ལ། །གནས་ལུགས་ཉིད་ཅེས་མངོན་པའི་ང་རྒྱལ་འཛིན། །དེ་ཉིད་གོམས་པས་དུད་འགྲོའི་སར་འཕེན་ཅིང་། །མ་གོམས་ན་ཡང་བསམ་གཏན་གཟུགས་མེད་ཉིད། །འཁོར་བའི་གནས་ལས་གྲོལ་བའི་སྐབས་མེད་དོ། །དེ་བས་ཆེས་ཆེར་མངོན་པའི་ང་རྒྱལ་ཅན། །

རང་རང་གྲུབ་མཐའི་གདོན་གྱིས་ཟིན་པ་དག །བློས་བརྟགས་འཁྲུལ་པའི་ཆོས་ཀྱི་རྗེས་འབྲང་བྱེད། །ཀུན་བརྟགས་དྲི་མས་ཆོས་ཉིད་དོན་མི་མཐོང་། །བདེན་གཉིས་གཞལ་ཀྱང་རྟག་ཆད་མཐར་ལྷུང་ཞིང་། །མཐའ་བྲལ་གཞལ་ཡང་སྲིད་རྩེའི་ལྟ་བ་སྟོན། །ཇི་ལྟར་བྱས་ཀྱང་གྲུབ་པའི་མཐས་བཅིངས་ནས། །གཉུག་མའི་ཡེ་ཤེས་ནམ་ཡང་མཐོང་མི་འགྱུར། །རྣལ་མའི་དོན་ནི་བསམ་བརྗོད་དམིགས་པས་སྒྲིབ། །བསམ་བརྗོད་དམིགས་ནི་རྣལ་མར་མ་ཤེས་པས། །བཙལ་བའི་དོན་ནི་རྩོལ་མཁན་བྱས་པས་གོལ། །སེམས་དང་ཡེ་ཤེས་ཆུ་དང་རླན་བྱད་བཞིན། །དུས་རྣམས་ཀུན་ཏུ་འདུ་འབྲལ་མེད་པ་ལ། །སྤང་བླང་ཡིད་ཀྱིས་སོ་སོར་ཕྱེ་བས་བསླད། །གང་སྣང་ཡུལ་སེམས་གཉུག་མའི་ངོ་བོ་ལ། །ཕྱོགས་རིས་འཛིན་པས་(༦)ནམ་མཁའ་གུད་དུ་བཅད། །ད་ནི་དམིགས་མེད་ཆོས་སྐུའི་དོན་འདོད་ན། །གཉུག་མའི་ཡུལ་ལ་ཚོལ་ཁྲོ་མ་བྱེད་པར། །གང་ཤར་རྒྱལ་པོ་དམིགས་གཏད་ཞེན་པ་བཤོལ། །ཕྱོགས་རིས་མ་བཅད་འདི་ཡིན་ངོས་བཟུང་མེད། །གང་ལྟར་ཤར་བ་དེ་ལྟར་མ་གྲུབ་ཅིང་། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད། །ཐ་མལ་སྣང་སེམས་ཡེ་གྲོལ་ཟང་ཀ་མ། །རང་བཞིན་རྫོགས་པ་ཆེན་པོའི་ལྟ་བ་ཡིན། །ཆོས་རྣམས་རང་བཞིན་ནམ་མཁས་མཚོན་བྱས་ཀྱང་། །ནམ་མཁའི་རང་བཞིན་ཆོས་རྣམས་དམིགས་སུ་མེད། །སེམས་ཉིད་མ་སྐྱེས་ཆོས་རྣམས་མཁའ་འདྲ་ཞེས། །མིང་ཙམ་བརྗོད་ཀྱང་བརྡ་ཙམ་བཏགས་པ་ཙམ། །ཡིན་མིན་ཕྱོགས་བྲལ་བསམ་ལས་འདས་པ་ལ། །འདི་ཞེས་མི་མཚོན་ཡེ་རྫོགས་ཕྱམ་གཅིག་གོ། །ཀྱེ་ཧོ་སྣང་སྲིད་རང་བཞིན་རྣམ་དག་ལ། །འཛིན་མེད་རིག་པ་གློ་བུར་རྣམ་དག་ཤར། །ཤར་ཙམ་ཉིད་ནས་གང་དུ་མི་གནས་པ། །རང་གྲོལ་རྫོགས་ཆེན་ནམ་ཞིག་མཐོང་བར་འགྱུར། །རྩ་བྲལ་གདོད་ནས་དག་པའི་སེམས་ཉིད་ལ། །བྱ་རྒྱུ་བྱེད་མཁན་མེད་པས་བློ་རེ་བདེ། །ཐམས་ཅད་གཟའ་གཏད་མེད་པའི་རིག་པ་ལ། །འདི་ཡིན་ཆེད་འཛིན་ཞིག་པས་དང་རེ་སྤྲོ། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་སྒོམ་ལ། །ཡངས་དོག་མཐོ་དམན་མེད་པས་ཉམས་རེ་དགའ། །བླང་དོར་རེ་དོགས་མེད་པའི་སྤྱོད་འབྲས་ལ། །ཐོབ་དང་མ་ཐོབ་མེད་པས་བག་རེ་དྲོ། །ཐམས་ཅད་མཉམ་རྫོགས་སྒྱུ་མའི་རང་བཞིན་ལ། །བཟང་ངན་བླང་དོར་མེད་པས་དགོད་རེ་བྲོ། །སྣང་སེམས་འལ་འོལ་སང་སིང་ཁྲལ་མ་ཁྲོལ། །བན་བུན་ཆད་ཆོད་ཟང་ཐལ་གཉུག་མ་ལ། །གང་སྣང་དེར་ཡིན་དེར་སྣང་འཛིན་པ་མེད། །ཡིན་མིན་བློ་ཡིན་བློ་བྲལ་ཆོས་སྐུ་ཡིན། །གཏད་མེད་ཡུལ་ལ་ངེས་མེད་སྣང་བ་ཤར། །འཛིན་མེད་ཤེས་པ་གཉིས་མེད་གྲོལ་བའི་ཚེ། །སྣང་སེམས་ཆོས་རྣམས་སེམས་ཀྱི་རོལ་མོར་ཆེ། །གཞི་རྩ་དངོས་པོ་མེད་པའི་སེམས་ཉིད་ལ། །མ་བྱས་ལྷུན་གྱིས་གྲུབ་པའི་ཡོན་ཏན་རྫོགས། །དགག་སྒྲུབ་ཆོས་སྐུར་གྲོལ་བས་བློ་བདེ་རྙེད། །ཆེད་དུ་དམིགས་པ་ཐམས་ཅད་བཅོས་མ་སྟེ། །དམིགས་མེད་གང་ཤར་ཤར་ན་ཡེ་ཤེས་དངོས། །སྤང་བླང་རང་སར་གྲོལ་བས་བློ་བདེ་རྙེད། །སྤང་བླང་རང་སར་གྲོལ་བས་བསམ་ཡུལ་འདས། །མ་ལུས་རང་བཞིན་དག་པའི་སངས་རྒྱས་ནི། །རང་སེམས་ཉིད་ལས་གཞན་དུ་བཙལ་མི་བྱ། །ཚོལ་མཁན་གོལ་བས་བཙལ་བྱ་ལོག་ན་མེད། །སྒྱུ་མའི་རིགས་དང་སྨིག་རྒྱུའི་ཆུ་སྙེགས་འདྲ། །འཁོར་འདས་གཉིས་མེད་གཉིས་སུ་འཛིན་པ་ནི། །རང་བྱུང་རིག་པ་བཅོས་བསླད་མེད་པར་ཟད། །གང་གིས་ཆོས་(༧)ཀུན་མཉམ་པའི་དོན་མཐོང་ནས། །སེམས་ཉིད་མ་སྐྱེས་མཁའ་ལྟར་རྟོགས་པ་ནི། །སྣང་སྲིད་སྣོད་བཅུད་རང་བཞིན་དག་པའི་ཞིང་། །མ་སྐྱེས་ལྷུན་རྫོགས་མཉམ་པའི་ངང་དུ་ཕྱིན། །སྣང་སེམས་ངོ་བོ་སྟོང་པས་ཆོས་སྐུའི་དོན། །རང་བཞིན་མ་འགགས་ལོངས་སྐུའི་སྣང་བ་ལ། །མཚན་ཉིད་སྣ་ཚོགས་སྤྲུལ་པའི་སྐུར་ཤེས་པས། །ཐམས་ཅད་སྐུ་གསུམ་ཡེ་ཤེས་དག་པའི་ཞིང་། །བཅོས་བསྒྱུར་སྤང་གཉེན་མེད་པས་བློ་བདེའོ། །ཨེ་མ་འགྲོ་བས་གཉིས་སུ་བཟུང་བ་ཡིས། །རྨི་ལམ་འཁྲུལ་པའི་འཁོར་བར་གནས་དུས་འདིར། །ཇི་ལྟར་འབད་ཀྱང་འཁོར་བའི་རྒྱུ་འབྲས་ཏེ། །མི་རྟོག་ཀུན་གཞི་གོམས་པས་གཟུགས་མེད་ལ། །གསལ་སྟོང་ཀུན་གཞིའི་རྣམ་ཤེས་གཟུགས་ཀྱི་ཁམས། །ཚོགས་དྲུག་ཉིད་ལ་གོམས་པས་འདོད་པར་འཁྲུལ། །སེམས་ཀྱིས་བཅོས་བསྒྱུར་སྲིད་པའི་ཐེམ་སྐས་ལ། །ཐར་འདོད་རྣམས་ཀྱིས་མ་བཅོས་རྣལ་མའི་དོན། །སེམས་ལ་ལས་མེད་དལ་དུ་འཇུག་པ་འོ། །ཐ་མལ་ཤེས་པ་བཟོ་མེད་ལྷུག་པ་ལ། །འཁོར་འདས་འཛིན་པས་མ་གོས་རང་སར་གྲོལ། །དེ་ལྟར་གྲོལ་བས་རང་བབ་སྐད་ཅིག་ལ། །གནས་ལ་མི་རྟོག་ཆོས་སྐུའི་ངང་ཉིད་ལ། །འཆར་གཞི་མ་འགག་གསལ་སྟོང་ལོངས་སྤྱོད་རྫོགས། །འཕྲོ་ན་ཤར་གྲོལ་སྤྲུལ་སྐུར་ཐག་ཆོད་པས། །འཁོར་བའི་ཀུན་རྟོག་མྱ་ངན་འདས་པར་ངེས། །ཀྱེ་ཧོ་སྣང་སེམས་རང་བཞིན་འགྱུར་བས་ཀྱང་། །ཆོས་སྐུ་གཟའ་གཏད་བྲལ་བའི་མེ་ལོང་ལྟོས། །གཏད་མེད་ཆོས་ལ་འཛིན་མེད་ཤར་བ་ནི། །སེམས་ཀྱི་གསང་ཡིན་གཞན་ཞིག་མཚོན་དུ་མེད། །ལྷུན་གྲུབ་རིག་པ་གང་ཤར་སྙིང་པོའི་དོན། །རང་བཞིན་བབས་ཡིན་བཅོས་བསླད་མ་བྱེད་ཅིག །ཆོས་རྣམས་དངོས་པོ་མེད་པའི་རང་བཞིན་ལ། །འཛིན་མེད་སེམས་ཀྱི་ནམ་མཁའ་མཐའ་དབུས་མེད། །མ་བྱས་འགག་པ་མེད་པའི་རང་ཤར་ཡང་། །དགག་སྒྲུབ་མཚན་འཛིན་མེད་པ་རྣལ་མའི་དོན། །དུས་གསུམ་འཕོ་འགྱུར་མེད་པར་ཤེས་པར་བྱ། །ཡུལ་སེམས་གཉིས་མེད་གཉུག་མའི་ཡེ་ཤེས་ནི། །རྟོགས་པས་མཚོན་ཏེ་བསྟན་ཅིང་བསྟན་དུ་མེད། །དོན་དམ་སེམས་ཉིད་རང་བཞིན་གནས་ན་མཛེས། །བསམ་གཏན་མི་གཡོ་རྟོག་དཔྱོད་ཤེས་རབ་དང་། །ལུང་རིག་མན་ངག་མང་པོས་གོ་ཡུལ་ཙམ། །རྗེན་པའི་ཡེ་ཤེས་ནམ་ཡང་ཐོབ་མི་ནུས། །ནམ་མཁའ་འདི་ཞེས་མཛུབ་མོས་མཚོན་བྱས་ཀྱང་། །མཐོང་བའི་ཡུལ་མིན་རྣམ་ཕྱེའི་གོ་བ་ཙམ། །བླ་མའི་དྲིན་གྱིས་རྟོགས་པར་འཆར་བ་ནི། །ཉི་མའི་སྙིང་པོས་མུན་པ་བསལ་བ་བཞིན། །སྐད་ཅིག་རིག་པས་ཆོས་སྐུར་མཐོང་མ་ཐག །མ་རིག་ཡེ་ཤེས་ཉོན་མོངས་མཚོན་པར་སོང་། །དངོས་པོ་ཀུན་གྱིས་གཡོ་མེད་བསྙེན་པར་བཀུར། །མཆོག་དང་ཐུན་(༨)མོང་དངོས་གྲུབ་ཚེ་འདིར་ཐོབ། །རྨོངས་རྣམས་སྲིད་སྔངས་མྱ་ངན་འདས་པ་འཚོལ། །ནམ་ཡང་མི་རྙེད་ནོར་བུ་དོར་བྱས་ནས། །བྱི་དོར་བྱ་བའི་ནོར་བུ་གཞན་བླངས་ཏེ། །དྲི་མ་སྦྱངས་ཤིང་འཆིང་བུ་འཚོལ་བ་བཞིན། །སེམས་ཉིད་རང་གྲོལ་ནོར་བུ་རིན་པོ་ཆེ། །རང་ངོ་ཤེས་པས་འཁྲུལ་པའི་དྲི་མ་དག །དེ་ཉིད་ཤེས་པས་ཡོན་ཏན་རིན་ཆེན་གཏེར། །རང་གཞན་དོན་གཉིས་འབྱོར་པའི་སྙིང་པོ་ཡིན། །སེམས་ཉིད་དོན་གྱི་རྟོགས་པ་ཤར་བ་ན། །ཆུ་དང་རླབས་བཞིན་འཕྲོ་གནས་ཆོས་སྐུའི་ངང་། །གང་ལྟར་བྱུང་ཡང་དགག་སྒྲུབ་མི་དགོས་པས། །དུས་རྣམས་ཀུན་ཏུ་དགག་སྒྲུབ་བྱ་མི་དགོས། །དུས་རྣམས་ཀུན་ཏུ་བློ་བདེའི་རྣལ་འབྱོར་ལ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ཡིན། །ཐམས་ཅད་མཉམ་རྫོགས་རང་བཞིན་ཆེན་པོའི་ངང་། །རིག་ཙམ་ཤར་བས་ངང་དྭངས་འོད་གསལ་ཞིང་། །ཡང་གཅིག་འཕྲོས་ཀྱང་དེ་བཞིན་ཆོས་ཉིད་ངང་། །འོད་གསལ་རིག་པ་མཐའ་དབུས་མེད་པའི་ཚེ། །ཉོན་མོངས་གཉེན་པོ་གཉིས་སུ་མེད་པས་ན། །སྤང་གཉེན་བྲལ་ཐོབ་རེ་དོགས་རང་སར་གྲོལ། །ནོར་བུ་སྒྲོན་མེའི་བརྟགས་པ་མ་ཤེས་པས། །སྒྲོན་མེའི་འོད་ལ་ནོར་བུར་ཞེན་པ་ཡིན། །རང་གྲོལ་ཉམས་དང་བསམ་གཏན་མ་ཕྱེད་ན། །ཤར་གྲོལ་རང་ལ་ཞེན་པས་འཆིང་བར་བྱེད། །ཉམས་དང་རྟོགས་པའི་དབྱེ་བ་མ་ཤེས་ན། །གོམས་པའི་ཉམས་ལ་རྟོགས་པར་འཛིན་པས་འཁྲུལ། །རྟོགས་ནས་དུས་ཀུན་བཟང་ངན་འཕོ་འགྱུར་མེད། །དེ་ཉིད་གོམས་པས་ཡོན་ཏན་ཉམས་རྣམས་འབྱུང་། །ཇི་ལྟར་མཁའ་ལ་འབྱུང་བཞིའི་འཕོ་འགྱུར་གྱིས། །ནམ་ཡང་མི་གཡོ་ནམ་མཁའ་སྔོན་བཞིན་གནས། །དེ་བཞིན་སེམས་ཉིད་རྟོགས་པའི་རྣལ་འབྱོར་ལ། །འཕེལ་འགྲིབ་ཉམས་ཀྱི་རྟོགས་པ་བཟང་ངན་མེད། །བཟང་ངན་བྱུང་ན་ཉམས་ཡིན་རྟོགས་པ་མིན། །ཐག་ཆོད་རྟོགས་པ་དམ་པའི་དྲུང་དུ་བཙལ། །ཕྱི་ནས་མི་གཡོ་དེ་བཞིན་མཉམ་པར་གནས། །འདི་བསྒོམ་ངེས་པ་དོན་གྱི་ལྟ་བ་སྟེ། །ཡང་རབ་དབང་པོ་དེ་ཉིད་མཐོང་བས་གྲོལ། །གོམས་ལ་མི་ལྟོས་ཐམས་ཅད་རྟོགས་པ་འཆར། །སྤང་བྱ་མེད་པས་གོམས་བྱེད་གཉེན་པོ་མེད། །ནད་མེད་པ་ལ་སྨན་དག་མི་དགོས་བཞིན། །ཕྱོགས་བྲལ་ལྟ་བ་འཛིན་མེད་ཤེས་པར་གྱིས། །རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ལས། གཞི་རྟོགས་པས་གྲོལ་བའི་ལེའུ་སྟེ་དང་པོའོ།། །།


previousདང་པོ། གཞི་རྟོགས་པས་གྲོལ་བའི་ལེའུ།next