Nitartha Digital Library
Tibetan
 
previousརྩ་རྒྱུད་སྙིང་པོའི་བཤད་པའི་འགོ་རྒྱན་གྱི་དཔེར་བརྗོད་ལས་དང་པོ་པ་ལ་ཕན་པ།next

རྩ་རྒྱུད་སྙིང་པོའི་བཤད་པའི་འགོ་རྒྱན་གྱི་དཔེར་བརྗོད་ལས་དང་པོ་པ་ལ་ཕན་པ།

༄༅། །རྩ་རྒྱུད་སྙིང་པོའི་བཤད་པའི་འགོ་རྒྱན་གྱི་དཔེར་བརྗོད་ལས་དང་པོ་པ་ལ་ཕན་པ་ཞེས་བྱ་བ་བཞུགས་སོ། །

བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་གཞུང་འདི་བཤད་གཞུང་དུ་གནང་བྱུང་བ་ཡིན་པས། གཞུང་འདི་ཉིད་བཤད་གཞུང་དུ་བགྱིས་ནས། སློབ་དཔོན་དཔའ་བོས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཞེས་གསུངས་པ་ལྟར། འདིར་སྟོན་པ་ཐུབ་པའི་དབང་པོའི་རྒྱལ་ཚབ། བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བདག་པོ། བསྟན་འཛིན་དགེ་འདུན་ཐམས་ཅད་ཀྱི་གཙུག་རྒྱན། རིག་པའི་གནས་ལྔ་སྨྲ་བ་ལ་གངས་རིའི་ཁྲོད་འདིར་འགྲན་ཟླ་ཐམས་ཅད་དང་བྲལ་བའི་རྗེ་བདག་ཉིད་ཆེན་པོའམ། མཁན་རིན་པོ་ཆེའི་ཞལ་སྔ་ནས་འདུས་པ་ཐམས་ཅད་ཀྱི་གདན་གྱི་གཙོ་བོར་བཞུགས་ཤིང་། གང་གི་སྙན་པའི་དྲི་བསུང་གྲགས་པའི་དྲི་བཞོན་གྱིས་བསྐུལ་བ་ལ་བརྟེན་ནས་ཆོས་ཀྱི་གྲྭ་ཡངས་པོ་འདིར་འདུས་པ། འཆད་པ་ལེགས་བཤད་ཉི་མའི་འོད་ཟེར་རྣམ་པར་འཕྲོ་བས་ཤེས་བྱའི་གནས་ཤིན་ཏུ་ཕྲ་མོ་རྣམས་ཀྱང་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་བར་སྟོན་ལ། རྩོད་པ་ལུང་རིགས་ཕ་ལམ་གྱི་རྡོ་རྗེ་རྩེ་བརྒྱ་པས་ལོག་རྟོག་ལྷ་མིན་གྱི་དཔུང་ཚོགས་ཕྱེ་མར་འཐག་ཅིང་། རྩོམ་པ་སྙན་ངག་ཨུཏྤ་ལའི་ཆུན་པོས་བློ་གྲོས་ཀྱི་མིག་ཅན་རྣམས་དགའ་བ་བསྐྱེད་པར་མཛད་པའི་སློབ་དཔོན་ནམ། ལས་ཆེན་པ་སོགས་ལུང་དང་རིགས་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་དབུ་མཛད། འཕགས་པའི་དགེ་འདུན་ཚུལ་ཁྲིམས་རྣམ་པར་དག་པའི་གེ་སར་ངུར་སྨྲིག་གི་འདབ་མས་མཛེས་ཤིང་། ཐེག་པ་ཆེན་པོའི་སྒོར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་བཤེས་གཉེན་དམ་པ་རྣམས་མདོའི་ཆ་འཛིན་དང་། དེ་རྣམས་ཀྱང་རྡོ་རྗེ་ཐེག་པའི་ཟབ་ལམ་ཉམས་སུ་བཞེས་པའི་ཆ་ནས་སྔགས་ཀྱི་ཆ་འཛིན་དུའང་བཞུགས་པའི་ཡུལ་དམ་པ་རྣམས་གདན་མངོན་པར་འཛོམ་པའི་མདུན་སར་རང་གི་བསོད་ནམས་སྤེལ་བའི་ཕྱིར་ལེགས་བཤད་ཀྱི་མཆོད་པ་ཅུང་ཟད་ཅིག་འབུལ་བར་བྱ་བ་སྐབས་སུ་བབས་ཤིང་། དེ་ལའང་སྤྱིར་རྙེད་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེའི་གྲུ་གཟིངས་རང་གིས་རྙེད་པའི་དུས་འདིར། དགེ་བའི་བཤེས་གཉེན་གྱི་དེད་དཔོན་ལ་བརྟེན་ནས། འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་རྣམ་གྲོལ་ཡིད་བཞིན་གྱི་ནོར་བུ་ལེན་པ་ལ་འབད་པར་རིགས་ཞེས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས་བྱུང་ཞིང་། དེ་ལྟ་བུའི་གསུང་དེ་ལ་བདག་ཅག་ཀྱང་ངེས་ཤེས་ཐོབ་སྟེ། ཐུབ་པའི་བསྟན་པ་ལ་རབ་དུ་བྱུང་ནས་ཐོས་བསམ་སྒོམ་གསུམ་ལ་བསླབ་འདོད་ཀྱི་འདུན་པའི་ཤུགས་ཅུང་ཟད་ཅིག་སྐྱེས་ཤིང་། དེ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ཀྱི་རྫིང་བུར་ཞུགས་ཀྱང་སྐུ་གསུམ་གྱི་ནོར་བུ་ཐོབ་དཀའ་བར་མཐོང་ནས། གང་རྟོགས་པར་བྱ་བ་གཞི་རྒྱུད་ཀྱི་ཆུ་གཏེར་ཆེན་པོར། གང་གིས་རྟོགས་བྱེད་ཐབས་མཁས་ལམ་གྱི་རྒྱུད་ཀྱི་གྲུ་གཟིངས་ལེགས་པར་བསྐྱོད་དེ། འབྲས་རྒྱུད་སྐུ་ལྔ་ཡིད་བཞིན་གྱི་ནོར་བུ་ལེན་པའི་ཐབས་མཆོག །དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་གསང་བའི་སྙིང་པོ་རྩ་འགྲེལ་ལ་ཐོས་པ་ཅུང་ཟད་བགྱིས་ཤིང་། དེ་ལ་ཡང་ཐོས་བྱུང་གི་ཤེས་རབ་རྣམ་པར་དག་པ་ཞིག་སྐྱེ་བ་ལ། བདག་རྐྱེན་སློབ་དཔོན་མཁས་པ། དམིགས་རྐྱེན་གཞུང་ལུགས་དག་པ། སྐྱེས་སྟོབས་ཤེས་རབ་ཆེ་བ། སྦྱོར་བྱུང་ནན་ཏན་ལ་བརྩོན་པ་ཞིག་དགོས་པར་གསུངས་ནའང་། བདག་དེ་ཀུན་གྱི་ནང་ནས། བཤེས་གཉེན་མཁས་པའི་ལམ་མཁན་གྱིས། གཞུང་ལུགས་བདེ་བའི་ལམ་ནས་ཁྲིད་པར་གྱུར་ཀྱང་། བདག་རང་སྐྱེས་སྟོབས་ཤེས་རབ་ཀྱི་མིག་གཏི་མུག་གི་ལིང་ཏོག་གིས་བསྒྲིབས་ཤིང་། སྦྱོར་བྱུང་ནན་ཏན་གྱི་ཡན་ལག་སྙོམས་ལས་དང་ལེ་ལོའི་ལྕགས་སྒྲོག་གིས་བཅིངས་པའི་སྟོབས་ཀྱིས། འཆད་བྱེད་ཚད་ལྡན་གྱི་སར་ཕྱིན་པར་མ་གྱུར་ནའང་། གསེར་གྱི་རི་ལ་གནས་པ་ཡི། །འདབ་ཆགས་རྣམས་ཀྱང་གསེར་དུ་སྣང་། །ཞེས་པ་ལྟར་དཔལ་གསང་བའི་བདག་པོ་དང་དབྱེར་མ་མཆིས་པའི་ཡོངས་འཛིན་དམ་པ་བཀའ་དྲིན་མཚུངས་པ་མེད་པ་གང་གི་ཞབས་བརྟེན་པདྨའི་ཕྲེང་བ་སྤྱི་བོའི་ལྡུམ་རར་རྟག་ཏུ་བཀོད་པའི་སྟོབས་ཀྱིས་གཞུང་ལུགས་ཀྱི་ཚིག་དོན་ཅི་རིགས་བློ་ཡུལ་དུ་ལོངས་པ་རྣམས་ལ་བརྟེན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཐུབ་པ་ཆེན་པོའི་བཀའ་ནི་སྙན་རྒུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ཀྱང་། །ཆེས་དཀར་ཉིད་དུ་ཅི་སྟེ་མི་འགྱུར་ལགས། །ཞེས་གསུངས་པ་ལྟར་འདིར་བཤད་པའི་རྣམ་གྲངས་ཅུང་ཟད་ཅིག་འབུལ་བར་བྱེད་པ་ཡིན་ལ། དེ་ཉིད་འབུལ་བར་བྱེད་པ་ལའང་། གཞུང་ལུགས་འཆད་པ་ལ་མཁས་པ་རྣམས་ཀྱི་བཀའ་སྲོལ་ལས་ཇི་ལྟར་འབྱུང་བ་ལྟར། ཐོག་མར་འཕྲོས་ཚུལ་གྱི་དབང་དུ་བྱས་པ་དང་། བཤད་ཚུལ་གྱི་དབང་དུ་བྱས་པ་ཞེས་ས་བཅད་རྣམ་པ་གཉིས་ཡོད་པ་ལས། དང་པོ་འཕྲོས་ཚུལ་གྱི་དབང་དུ་བྱས་པ་ཞེས་བྱ་བ་དེ་འཆད་པར་བྱེད་པ་ནི། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་གཞུང་འདི་ཉིད་གང་ལས་འཕྲོས་པ་ཡིན་ཞེ་ན། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བའང་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་པའི་གཞུང་འདི་ལས་འཕྲོས། འཕྲོས་པའི་རྒྱུ་མཚན། གཞུང་སྔ་མའི་སྐབས་སུ་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པ་ལས། དེ་ལྟར་མ་རྟོགས་པའི་དབང་གིས་བཅིངས་གྲོལ་ལྟར་སྣང་ཡང་། འཇམ་དཔལ་ཞལ་ལུང་ལས། འཁོར་བའི་ཆོས་རྣམས་ཐག་ཁྲ་ཡི། །སྦྲུལ་ལྟར་མེད་པ་ཉིད་དུ་འདོད། །ཅེས་པ་ལྟར་གཤིས་ལ་བཅིངས་གྲོལ་གཉིས་ཀ་མ་གྲུབ་པའི་ཚུལ་མཚོན་དཔེ་དང་བཅས་པའི་རྣམ་གཞག་དེ་ཉིད་བསྟན་ནས། གཤིས་ལ་བཅིངས་པ་མེད་ཕྱིར་རྣམ་པར་གྲོལ་བ་པོ་ཡང་མེད་པས་ན། རང་རིག་ཉིད་སྐུ་དང་ཡེ་ཤེས་སུ་ཡེ་ནས་ལྷུན་གྱིས་རྫོགས་པ་འཁོར་འདས་མཉམ་པ་ཉིད་དུ་གསལ་བའི་དོན་སངས་རྒྱས་ཀུན་གྱི་ཐུགས་སུ་ཆུད་པའི་ཆོས་དེ་ལྷན་ཅིག་པའི་འཁོར་ལ་དངོས་སུ་བསྟན་ནས། གོ་ཕྱེ་བའི་འཁོར་ལ་བརྒྱུད་ནས་སྟོན་པའི་ཕྱིར། སྤྲུལ་པ་སྤྲོ་བར་ཞལ་གྱིས་བཞེས་ཚུལ་གྱི་རྣམ་བཞག་དེ་སྟོན་པ་ལ། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་གཞུང་འདི་བྱུང་། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བའང་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་པའི་གཞུང་འདི་ཡང་གང་ལས་འཕྲོས་པ་ཡིན་ཞེ་ན། ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པའི་གཞུང་འདི་ལས་འཕྲོས། འཕྲོས་པའི་རྒྱུ་མཚན། གཞུང་སྔ་མའི་སྐབས་སུ་ལྷན་ཅིག་པའི་འཁོར་རྣམས་སྟོན་པའི་རྣམ་འགྱུར་ལས་གཞན་མ་ཡིན་པའི་ཕྱིར་རང་དོན་དུ་རྒྱུད་ཞུ་མི་དགོས་ཀྱང་། གཞན་དོན་དུ་གོ་ཕྱེ་བའི་འཁོར་རྣམས་ཀྱིས། ཆོས་ཐམས་ཅད་ཀྱི་རང་བཞིན་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་དེ་གསང་བ་བཞིས་ཆོད་ནས་མ་རྟོགས་པ་རྣམས་ཀྱི་ཆེད་དུ་རྒྱུད་གསུང་བར་རིགས་ཞེས་ཞུས་ཚུལ་གྱི་རྣམ་བཞག་དེ་ཉིད་བསྟན་ནས། དེ་ལྟར་ཞུས་པས་སྟོན་པའི་ཐུགས་རྗེ་སྐྱེས་ཏེ། བཅིངས་གྲོལ་མེད་པའི་གཤིས་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་པར་དགྱེས་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་སངས་རྒྱས་པའི་ཕྱིར། གཤིས་ཀྱི་གནས་ལུགས་ལ་དབྱེར་མེད་ནའང་། མ་རྟོགས་པའི་དབང་གིས་འཁོར་བའི་ཆོས་མེད་སྣང་གློ་བུར་བའི་རྣམ་པར་འཁྲུལ་ཚུལ་གྱི་རྣམ་བཞག་དེ་སྟོན་པ་ལ། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བའང་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་པའི་གཞུང་འདི་བྱུང་། ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པའི་གཞུང་འདི་ཡང་གང་ལས་འཕྲོས་པ་ཡིན་ཞེ་ན། ཨེ་མའོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་ཡབ་ཀྱིས་གླེང་བསླང་བ་དང་། ཀྱེ་མ་ཧོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བའི་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་ཡུམ་གྱིས་གླེང་བསླང་བ་དང་། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་སེམས་ལྔས་གླེང་བསླང་བ་སྟེ། ཐུན་མོང་མ་ཡིན་པའི་གླེང་བསླང་བ་སྟོན་པའི་གཞུང་ཆེན་གསུམ་པོ་དེ་ལས་འཕྲོས། འཕྲོས་པའི་རྒྱུ་མཚན། གཞུང་སྔ་མ་གསུམ་གྱི་སྐབས་སུ་རིམ་པ་ལྟར། ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་སངས་རྒྱས་པའི་དོན་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་རྟོགས་ཏེ་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་ཞིང་། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་དབྱིངས་ཀྱི་དོན་གླེང་བར་མཛད་པས་འཁོར་རྣམས་ཀྱིས་ཐ་སྙད་བཞིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་ཆོས་ཀྱི་སྐུར་མངོན་པར་སངས་རྒྱས་པས་འབྲས་བུ་གཞན་ནས་བཙལ་དུ་མེད་པར་རྟོགས་ཏེ། ལྷག་པ་དོན་དམ་པའི་བདེན་པ་མཐོང་ལ། ཐུན་མོང་དུ་སེམས་ལྔའི་ལས་ཀྱིས་གླེང་བསླང་བས། དོན་དམ་པར་ཆོས་ཐམས་ཅད་སྐྱེ་འགག་གནས་དམིགས་འགྲོ་འོང་སོགས་སྤྲོས་པ་ཐམས་ཅད་ཀྱིས་མ་གོས་པ་ལས། ཀུན་རྫོབ་ཏུ་སྐྱེ་བ་ལ་སོགས་པ་ལྔར་འགག་མེད་དུ་སྣང་ཞིང་། སྐྱེས་པར་སྣང་ཙམ་ཉིད་ནས་སྐྱེ་བ་མེད་པ་ལ་སོགས་པ་དབྱེར་མེད་ཀྱི་དོན་གླེང་བར་མཛད་པས་འཁོར་རྣམས་ཀྱིས། ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་རྟོགས་ཏེ། སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་ཚུལ་གྱི་རྣམ་གཞག་དེ་ཉིད་བསྟན་ནས། གཞན་དོན་དུ་གོ་ཕྱེ་བའི་འཁོར་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་མ་རིག་པས་ལྷག་པ་དོན་དམ་གྱི་བདེན་པ་ཡེ་ནས་གསང་བའི་ཚུལ་དུ་མ་རྟོགས། ཀུན་བཏགས་ཀྱི་མ་རིག་པས་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་རང་བཞིན་གསང་བའི་ཚུལ་དུ་མ་རྟོགས། སྣང་སྟོང་ཡ་བྲལ་དུ་བཟུང་བས་ལྷག་པ་བདེན་པ་དབྱེར་མེད་ངོ་བོ་ཉིད་ཀྱིས་གསང་བའི་ཚུལ་དུ་མ་རྟོགས། ཡུལ་དང་ཡུལ་ཅན་དུ་བཟུང་བས་སྤྱོད་ཡུལ་དང་བྲལ་བར་ཤིན་ཏུ་གསང་བའི་ཚུལ་དུ་མ་རྟོགས་པ་སྟེ། དེ་ལྟར་རང་གསང་ཐབས་ཀྱིས་ཆོད་པའི་གདུལ་བྱ་རྣམས་ལ་རྒྱུད་བསྟན་པའི་སྒོ་ནས་ཐུགས་རྗེས་བཟུང་བར་རིགས་སོ་ཞེས། ལྷན་ཅིག་པའི་འཁོར་རྣམས་ཀྱིས་སྟོན་པ་ལ་ཞུས་ཚུལ་གྱི་རྣམ་གཞག་དེ་སྟོན་པ་ལ། ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པའི་གཞུང་འདི་བྱུང་། གླེང་བསླང་བའི་གཞུང་ཚན་གསུམ་པོ་དེ་ཡང་གང་ལས་འཕྲོས་པ་ཡིན་ཞེ་ན། འདི་སྐད་བཤད་པའི་དུས་ན། ཞེས་པའི་གཞུང་འདི་ལས་འཕྲོས། འཕྲོས་པའི་རྒྱུ་མཚན་གཞུང་སྔ་མའི་སྐབས་སུ་སྡུད་པ་པོ་གསང་བདག་གིས་མ་འོངས་པའི་གདུལ་བྱ་རྣམས་ལ་ཡིད་ཆེས་ཀྱི་ངེས་པ་སྟེར་བའི་ཆེད་དུ། བསྟན་བཤད་བསྡུ་གསུམ་གྱི་སྒོ་ནས། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་ཇི་ལྟར་ཚོགས་ཚུལ་གྱི་རྣམ་གཞག་ཐོག་མར་བཀོད་པ་ལས། སྟོན་སྡུད་དགོངས་པ་ཐ་མི་དད་པ་དང་། དུས་རེས་འགའ་བ་མ་ཡིན་པ་སོགས་ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས། གླེང་གཞི་མདོར་བསྟན་གྱི་ཚུལ་དེ་ཉིད་བསྟན་ནས། རྒྱུད་འབྱུང་བའི་རྐྱེན་གླེང་བསླང་བ་ལ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་བ་གཉིས་ལས། ཐུན་མོང་མ་ཡིན་པ་ལྷན་ཅིག་པའི་འཁོར་གྱི་ཆེད་དུ་སྟོན་པ་མདུན་བསུས་ཏེ་གླེང་བསླང་ཚུལ་གྱི་རྣམ་གཞག་དེ་སྟོན་པ་ལ། ཡབ་ཀྱིས་གླེང་བསླང་བ། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། ཡུམ་གྱིས་གླེང་བསླང་བ། ཀྱེ་མ་ཧོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་དང་། ཐུན་མོང་དུ་གླེང་བསླང་བ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པའི་གཞུང་ཚན་གསུམ་པོ་འདི་བྱུང་། འདི་སྐད་བཤད་པའི་དུས་ན། ཞེས་པའི་གཞུང་འདི་ཡང་གང་ལས་འཕྲོས་པ་ཡིན་ཞེ་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་ལས་འཕྲོས། འཕྲོས་པའི་རྒྱུ་མཚན། གཞུང་སྔ་མའི་སྐབས་སུ། གསང་བདག་ལག་ན་རྡོ་རྗེས་བཀའ་བསྡུ་བྱེད་པའི་ཚེ་ན། སྟོན་པ་ལ་དབང་མི་ཟ་བའི་ཕྱིར་ཕྱག་མཛད་ཚུལ་གྱི་རྣམ་བཞག་དེ་ཉིད་བསྟན་ནས། རྒྱུད་ཀྱི་གླེང་གཞི་ཕུན་སུམ་ཚོགས་པ་དེ་ལ། ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་མདོར་བསྟན་པ། རྒྱུད་ཁྱད་པར་གྱི་གླེང་གཞི་ཚོགས་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ། སྡུད་པ་པོ་གསང་བདག་ཉིད་རིགས་ལྔ་དབྱེར་མི་ཕྱེད་པ་རྒྱལ་བ་དྲུག་པ་ཉིད་དུ་ཁས་བླངས་ནས་གླེང་གཞིའི་དོན་བསྡུས་ཏེ་བསྟན་པ་དང་གསུམ་ལས། ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་གླེང་གཞི་མདོར་བསྟན་གྱི་རྣམ་གཞག་དེ་སྟོན་པ་ལ། འདི་སྐད་བཤད་པའི་དུས་ན། ཞེས་པའི་གཞུང་འདི་བྱུང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་ཡང་གང་ལས་འཕྲོས་པ་ཡིན་ཞེ་ན། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་གཞུང་འདི་ལས་འཕྲོས། འཕྲོས་པའི་རྒྱུ་མཚན། གཞུང་སྔ་མའི་སྐབས་སུ་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དགྲོལ་བའོ། །ཞེས་པས། རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལ་དབང་པོ་རབ་འབྲིང་ཐ་གསུམ་ཡོད་པའི་ནང་ནས། མཚན་བསྟན་པ་ཙམ་གྱིས་རྒྱུད་དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་བའི་དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་རྣམས་ཀྱི་དོན་དུ་སྡུད་པ་པོ་གསང་བདག་གིས་བཀའ་བསྡུ་མཛད་པའི་ཐོག་མར་རྒྱུད་དོན་གྱི་ངོ་བོ་དང་མཐུན་པའི་མཚན་ཀླད་དུ་བཀོད་ཚུལ་གྱི་རྣམ་གཞག་དེ་ཉིད་བསྟན་ནས། རང་གི་སྟོན་པ་ལ་བསྟོད་ཕྱག་མཛད་ཚུལ་གྱི་རྣམ་གཞག་དེ་སྟོན་པ་ལ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། འོ་ན་འཕྲོས་ཚུལ་གྱི་དབང་དུ་བྱས་པ་དེ་ཙམ་ཞིག་ཞུས་ནས།

རྩ་བའི་ས་བཅད་གཉིས་པ་བཤད་ཚུལ་གྱི་དབང་དུ་བྱས་པ་ཞེས་བྱ་བ་དེ་ཉིད་འཆད་པར་བྱེད་པ་ལ། བཤད་པའི་སྔོན་དུ་འགྲོ་བ་མཆོད་པར་བརྗོད་པ། དངོས་གཞི་བཤད་པ་རང་གི་ངོ་བོ། མཇུག་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་མཐའ་བརྟེན་པ་དང་གསུམ་དུ་ཡོད་པ་ལས། དེའི་དང་པོ་བཤད་པའི་སྔོན་དུ་འགྲོ་བ་མཆོད་པར་བརྗོད་པ་ཞེས་བྱ་བ་དེ་ཉིད་འཆད་པར་བྱེད་པ་ནི། མདོ་ལས། རྣམ་དཀར་ལས་རྣམས་གང་བྱེད་པ། །དེ་ཡི་སྔོན་དུ་རྒྱལ་བ་མཆོད། །ཅེས་དང་། འཆད་པོས་ཐོག་མར་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་པ་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་ཡིན། །ཞེས་གསུངས་པ་ལྟར་གྱི་བཤད་པ་ལ་བར་ཆད་མི་འབྱུང་བ་དང་། བཤད་པ་མཐར་ཕྱིན་པར་བྱ་བའི་ཕྱིར་དུ། ཡུལ་ཁྱད་པར་ཅན་རྣམས་ལ་མཆོད་པར་བརྗོད་པས་ངག་གི་སྒོ་དབྱེ་བར་བྱ་དགོས་པ་ལས། དེའི་ཐོག་མ་ཁོ་ནར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བདག་ཅག་གི་རྩ་བའི་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་མཆོད་པར་བརྗོད་པ་ཅུང་ཟད་ཅིག་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ། རྨད་དུ་བྱུང་བ་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་ལ་འཇུག་དགོས། དེ་ལ་འཇུག་པར་བྱེད་པའི་བདག་རྐྱེན་གྱི་གཙོ་བོ་བླ་མ་དམ་པ་ཁོ་ནར་ངེས་པའི་ཕྱིར་ཏེ། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། རྫོགས་པ་ཆེན་པོའི་རྒྱུད་རྩལ་ཆེན་ལས། གསེར་ལ་ནག་མཚུར་གཏོང་འདྲའི་སློབ་དཔོན་རིན་ཆེན་དེ། །རིན་ཐང་དཔག་ཏུ་མེད་པའི་ཡོན་གྱིས་བསླུ་བར་བྱ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ལས་ཀྱང་། རྡོ་རྗེ་སློབ་དཔོན་བླ་མ་དེ། །ལམ་སྟོན་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མེ་རིན་པོ་ཆེ། །ཞེས་གསུངས་ཤིང་། གཞན་ཡང་ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །འདི་ལྟར་དགེ་བའི་བཤེས་གཉེན་ལས་བྱུང་བའི་ཡོན་ཏན་ནི་ཚད་མེད་དེ། ཐུགས་རྗེའི་གོ་སྐབས་ཡངས་པས་ནམ་མཁའ་ལྟ་བུའོ། །གཟུངས་དང་ཏིང་ངེ་འཛིན་གྱི་ཚོགས་མང་བས་གཟའ་སྐར་ལྟ་བུའོ། །སྙིང་རྗེ་དཔག་ཏུ་མེད་པས་གངས་ཆེན་མཚོ་ལྟ་བུའོ། །ཐུགས་རྗེ་ཚད་མེད་པས་ཆུ་ཀླུང་ལྟ་བུའོ། །རྣམ་པར་གཡེང་བས་མི་བསྒུལ་བས་གངས་ཀྱི་རི་བོ་ལྟ་བུའོ། །དེ་བཞིན་ཉིད་ལས་མི་གཡོ་བས་ལྷུན་པོ་ལྟ་བུའོ། །སྲིད་པ་ན་གནས་ཀྱང་ཉེས་པས་མི་གོས་པས་པདྨ་ཆེན་པོ་ལྟ་བུའོ། །བྱམས་པ་སྒྲིབ་པ་མེད་པར་སྙོམས་པས་ཕ་དང་མ་ལྟ་བུའོ། །ཡོན་ཏན་ཚད་མེད་པས་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའོ། །འཁོར་བ་ན་རྒྱུ་བ་ཐམས་ཅད་རྣམ་པར་སྒྲོལ་བས་དེ་བཞིན་གཤེགས་པ་ལྟ་བུ་སྟེ། དེ་ལྟར་ཡོན་ཏན་གྱི་ཚོགས་ཚད་མེད་དཔག་ཏུ་མེད་དོ། །ཞེས་དང་། འཕགས་པ་ལྗོན་ཤིང་ལས་ཀྱང་། ལེགས་པ་ཐམས་ཅད་སྟོན་པའི་ཕྱིར། །དགེ་བའི་བཤེས་གཉེན་ཕ་དང་འདྲ། །ཉེས་པ་ཐམས་ཅད་ལྡོག་པའི་ཕྱིར། །དགེ་བའི་བཤེས་གཉེན་མ་དང་འདྲ། །མ་རིག་མུན་པ་སེལ་བའི་ཕྱིར། །དགེ་བའི་བཤེས་གཉེན་སྒྲོན་མེ་འདྲ། །ཉོན་མོངས་འདམ་ནས་འདྲེན་པའི་ཕྱིར། །དགེ་བའི་བཤེས་གཉེན་གྱད་དང་འདྲ། །དེ་ཕྱིར་དགེ་བའི་བཤེས་གཉེན་བཙལ། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་པའི་ཕྱིར། གལ་ཏེ་ཁོ་ན་རེ། ཐོག་མར་རྩ་བའི་བླ་མ་ལ་མཆོད་པར་བརྗོད་པ་མི་འཐད་དེ། རྒྱུད་འབྱུང་བའི་རྒྱུའི་བདག་རྐྱེན་གྱི་གཙོ་བོ་ནི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ཡིན་པ་གང་ཞིག །དེ་ནི་འགྲོ་བ་ཐམས་ཅད་ཀྱི་སྐྱབས་དང་། དཔུང་གཉེན་གྱི་མཆོག་ཡིན་པའི་ཕྱིར། ཡུལ་དེ་ཉིད་ལ་ཐོག་མ་ཁོ་ནར་མཆོད་བརྗོད་བྱ་བར་རིགས་སོ་ཞེ་ན། འདི་ལ་སྐྱོན་ཡོད་པ་མ་ཡིན་ཏེ། རྩ་བའི་བླ་མ་ལ་མཆོད་པར་བརྗོད་པས་ནི་བརྒྱུད་པའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པར་བརྗོད་པར་འགྱུར་བའི་ཕྱིར་ཏེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། བདེ་བར་གཤེགས་པའི་བཀའ་ལུང་ཚད་མ་རྣམས་ལས། གང་ཟག་གི་བློའི་ཁྱད་ཀྱིས་བླ་མ་དམ་པ་ནི་དཀོན་མཆོག་བཞི་པར་བལྟ་བའམ། ཡང་ན་སངས་རྒྱས་ཐམས་ཅད་དང་མཉམ་པར་བཀུར་བར་བྱའོ། །ཞེས་ཀྱང་འབྱུང་ལ། བློ་ཤིན་ཏུ་ཆེ་བས་ནི་སངས་རྒྱས་ཐམས་ཅད་ལས་ལྷག་པར་ཡང་བལྟ་བར་གསུངས་པའི་ཕྱིར་ཏེ། དེ་ཡང་། དང་པོའི་དབང་དུ་བྱས་ཏེ། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་གསུངས། གཉིས་པའི་དབང་དུ་བྱས་ཏེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བལྟའོ། །ཞེས་གསུངས། གསུམ་པའི་དབང་དུ་བྱས་ཏེ། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་པ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བརྟེན་ནས་བྱུང་། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིག །ཅེས་གསུངས་པའི་ཕྱིར་དང་། དེར་མ་ཟད། རྩ་བའི་བླ་མའི་ཕུང་ཁམས་སྐྱེ་མཆེད་ནི་གདན་གསུམ་ཚང་བའི་ལྷའི་དཀྱིལ་འཁོར་ཚད་མེད་པའི་རང་བཞིན་དུའང་གནས་པར་གསུངས་ཏེ། འདུས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །ཞེས་གསུངས་པའི་ཕྱིར་དང་། ཡང་བླ་མ་ལ་མ་བརྟེན་པར་སངས་རྒྱས་ཀྱི་ཕྲིན་ལས་གདུལ་བྱའི་རྒྱུད་ལ་འཇུག་མི་སྲིད་པས་ཀྱང་བླ་མ་ནི་ཡུལ་ཁྱད་པར་ཅན་དུ་ངེས་ཏེ། ཇི་སྐད་དུ། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་གསུངས་ཤིང་། གཞན་ཡང་། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། རི་དབང་རྩེ་ནས་འགའ་ཞིག་ལྷུངས་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྩ་བའི་བླ་མ་མཉེས་པར་བྱ་བའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་སྟེ། ཡེ་ཤེས་དམ་པའི་རྒྱུད་ལས། བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །འབྲུ་མར་ཐིག་པ་གཅིག་བྱུགས་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཞེས་དང་། འཇམ་དཔལ་ཡེ་ཤེས་རྒྱན་གྱི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་མཆོག་དང་ལྡན་པ་གང་ལ་ལ་ཞིག་གིས། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་ན། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་བས་བསོད་ནམས་ཀྱི་ཕུང་པོ་ཚད་མེད། དཔག་ཏུ་མེད། ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་པའི་ཕྱིར། འོ་ན་རྩ་བའི་བླ་མ་ལ་ཐོག་མར་མཆོད་པར་བརྗོད་དགོས་ཚུལ་དེ་ལྟར་ཡིན་ན། ཚུལ་ཇི་ལྟ་བུའི་སྒོ་ནས་མཆོད་པར་བརྗོད་པར་བྱ་ཞེ་ན། དེ་ཡང་། ཚོགས་གཉིས་ཆུ་གཏེར་བསྲུབས་ལས་ལེགས་འཁྲུངས་པའི། །ཡེ་ཤེས་ཆེན་པོ་ཉི་མའི་ཟེར་ཕྲེང་གིས། །སྐྱེ་རྒུའི་ཕན་བདེའི་པདྨོ་རྒྱས་མཛད་པ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་། །ཞེས་སྨོས་པ་ལྟར། སྔོན་སྐུ་ཚེ་དཔག་ཏུ་མེད་པའི་གོང་རོལ་ནས་མ་ཞུམས་པའི་སྙིང་སྟོབས་མཆོག་གི་ཕ་རོལ་ཏུ་སོན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཆུ་གཏེར་ཟབ་མོ་མངོན་པར་བསྲུབས་པའི་མཛད་པ་ཕུལ་དུ་བྱུང་བ་ཞིག །སྤྲོ་ཞིང་བརྟུལ་ཕོད་པ་དང་བརྩོན་པ་ཆེན་པོ་ལྷུར་བཞེས་པ་ལ་བརྟེན་ནས། སྤྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཁའ་ལ་ཡེ་ཤེས་ཆེན་པོ་ཉིན་མོར་བྱེད་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཏེ། གཞན་ཕན་ཕྲིན་ལས་ཀྱི་ཟེར་ཕྲེང་ཕྱོགས་བཅུར་འཕྲོས་པས་སྐྱེ་རྒུ་མ་ལུས་པའི་ཕན་བདེའི་པད་ཚལ་རྒྱས་པར་མཛད་ཅིང་། ཁྱད་པར་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས། ཟབ་གཏེར་གསང་བའི་རྒྱས་གདབ་པ་དམན་པའི་སྤྱོད་ཡུལ་དུ་མ་གྱུར་པའི་དམ་པ་ཆོས་ཀྱི་མངའ་ཐང་ཆེན་པོ་ལ་མངོན་པར་དབང་བསྒྱུར་བའི་རྒྱལ་ཐབས་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་བདག་གིར་བཞེས་པས་ཆོས་ཀྱི་རྒྱལ་པོ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་མ་ལུས་པས་ཞབས་བརྟེན་གྱི་པདྨོ་ལ་ཕྱག་བྱས་པ་ཁམས་གསུམ་གྱི་བླ་མ། དུས་གསུམ་གྱི་སངས་རྒྱས། སྲིད་པ་གསུམ་གྱི་འདྲེན་མཆོག །འགྲོ་བ་ལྷ་དང་མི་ཐམས་ཅད་ཀྱི་མགོན་སྐྱབས་དང་གཙུག་རྒྱན་དམ་པར་གྱུར་པ། དཔལ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་རྗེ་བཙུན་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་ཡོངས་སུ་བསྒྲེང་བ་གང་གི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ། བླུན་པོ་བདག་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་འདུད་དོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་བཤད་འཆད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབས་པ་སྩལ་དུ་གསོལ། ཞེས་རང་གི་རྩ་བའི་བླ་མ་ལ་མཆོད་པར་བརྗོད་ཅིང་། འདོད་པའི་དོན་ལ་གསོལ་བ་གདབ་པའི་རིམ་པ་དེ་ཙམ་ཞིག་ཞུས་ནས། དེའི་འོག་ཏུ་གང་ལ་མཆོད་པར་བརྗོད་པར་བྱ་ཞེ་ན། བླ་མའི་རྗེས་སུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཆོག་རིགས་དྲུག་པ་ཀུན་ཏུ་བཟང་པོ་དང་། དཔལ་རྡོ་རྗེ་སེམས་དཔའ་ལ་མཆོད་བརྗོད་བྱ་བར་རིགས་ཏེ། དེ་དང་དེ་རྒྱུད་ཀྱི་སྟོན་པ་དང་འཆད་པའི་སྐྱེས་བུ་ཡིན་པའི་ཕྱིར་རོ། །དེ་ཡང་བཤད་རྒྱུད་ཐལ་བ་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་གསུངས་པ་ལྟར་གྱི། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། རང་བཞིན་གཉིས་སུ་མེད་པའི་འཁོར་རྒྱལ་བ་རིགས་ལྔ། རིག་པ་ཁྱད་པར་ཅན་གྱི་འཁོར་སེམས་དཔའ་དང་འཇོམས་བྱེད། དད་པས་ཆོས་ཀྱི་གཏམ་ཉན་པའི་འཁོར་ལྷ་ཆེན་པོ་ལ་སོགས་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུའི་འཁོར་གྱི་ཁྱམས་ཆེན་པོར་བརྗོད་མེད་རིག་པའི་གསུང་དབྱངས་ཀྱིས་བསྟན་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་གསང་བའི་ཏནྟྲ་སྟོན་པར་མཛད་པ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སྟོན་པ་རིག་དྲུག་པ་ཀུན་ཏུ་བཟང་པོ་དང་། འཆད་པའི་སྐྱེས་བུ་བདེ་བར་གཤེགས་པ་ལྔའི་གཙོ་བོ་ཐུགས་རྡོ་རྗེའི་རིགས་དཔལ་རྡོ་རྗེ་སེམས་དཔའ་སྟེ། སྟོན་པ་གཉིས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ་བླུན་པོ་བདག་སྒོ་གསུམ་གུས་པས་འདུད་དོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་བཤད་འཆད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབས་པ་བདག་ལ་སྩལ་དུ་གསོལ། དེ་ལྟར་སྟོན་པ་གཉིས་ལ་མཆོད་བརྗོད་བྱས་པའི་འོག་ཏུ། སྡུད་པ་པོ་དང་བརྒྱུད་པའི་བླ་མ་རྣམས་ལ་མཆོད་བརྗོད་བྱ་བར་རིགས་ཏེ། ཅིའི་ཕྱིར་ཞེ་ན། རྒྱལ་བའི་གསུང་རབ་ཐམས་ཅད་གསལ་བར་མཛད་ཅིང་ཁྱད་པར་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་སྐལ་ལྡན་གྱི་གདུལ་བྱ་ལ་རིམ་པར་མི་ནུབ་པར་སྟོན་པར་མཛད་པ་པོ་ཡིན་པ་གང་ཞིག །བདག་ཅག་རྣམས་ཀྱི་རྒྱུད་ལ་བྱིན་རླབས་ཀྱི་འཕོ་བ་རིམ་གྱིས་འབེབས་པར་མཛད་པ་པོ་ཡང་ཡིན་པའི་ཕྱིར་རོ། །དེ་ཡང་དང་པོ་སྡུད་པ་པོ་ལ་མཆོད་པར་བརྗོད་པའི་དབང་དུ་བྱས་ན། བཤད་རྒྱུད་རྒྱ་མཚོ་ལས། འཁོར་གྱི་ནང་ན་སྐལ་མཆོག་ལྡན། །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་གསུངས་པ་ལྟར་གྱི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་འཛིན་པའི་རྒྱལ་སྲས་སྟོན་པ་དང་དགོངས་པ་གཉིས་སུ་མེད་པའི་སྡུད་པ་པོ། མཐུ་སྟོབས་ཀྱི་དབང་ཕྱུག །གསང་བདག་ལག་ན་རྡོ་རྗེ་འཆང་ཆེན་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ་བླུན་པོ་བདག་སྒོ་གསུམ་གུས་པས་འདུད་དོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་བཤད་འཆད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབས་པ་བདག་ལ་སྩལ་དུ་གསོལ། དེའི་རྗེས་སུ་བརྒྱུད་པའི་བླ་མ་རྣམས་ལ་མཆོད་པར་བརྗོད་ན། རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་ལུང་བསྟན་པས་བསྔགས་པར་མཛད་པ་ལྟར་གྱི། གསང་བདག་རྡོ་རྗེ་འཆང་ཆེན་པོས་དངོས་སུ་རྗེས་སུ་བཟུང་བ་ལི་ཙ་བི་དྲི་མ་མེད་པར་གྲགས་པ་ལ་སོགས་ཏེ་རིག་འཛིན་དྲ་མ་ལྔ། སྐལ་ལྡན་རྒྱལ་པོ་ཛཿལ་སོགས་པའི་རང་རང་གི་ཚོམ་བུ་དང་བཅས་པ་དཔལ་རྡོ་རྗེ་འཆང་ཆེན་པོའི་ས་ལ་མངོན་སུམ་དུ་གཤེགས་པ་ཚོམ་བུའི་རིག་འཛིན་གྱི་ཚོགས། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བ་ལ་སོགས་ཏེ་འཕགས་ཡུལ་དུ་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་པཎ་གྲུབ་གསང་བའི་མཛོད་གསུམ་གྱི་བསྟན་པ་འཇིག་རྟེན་ན་གཅེས་པའི་བུ་གཅིག་པ་ལྟར་འཛིན་པར་མཛད་པ་པོ་རྣམས་དང་། བྱེ་བྲག་བོད་ཡུལ་མུན་པའི་གླིང་དུ་གསལ་བྱེད་བསྐྱེད་རྫོགས་རྣམ་པ་གསུམ་གྱི་བསྟན་པའི་སྒྲོན་མེ་སྦར་ཞིང་། དམ་ཆོས་ཤིང་རྟའི་ལམ་པོ་ཆེ་གཏོད་པར་མཛད་པ་པོ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་དང་། པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ། སྐད་གཉིས་བརྡ་སྤྲོད་ཀྱི་ཡི་གེར་སྒྱུར་མཛད་ལོ་ཙཱ་བ་ཆེན་པོ་རྨ་རིན་ཆེན་མཆོག་དང་གཉགས་ལོ་ཆེན་པོ་ཡེ་ཤེས་གཞོན་ནུ་ནས། མཁས་པ་གཙུག་གྱེར་ཞང་གསུམ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡབ་སྲས་རྣམས་དང་། ཁྱད་པར་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་བཀའ་སྡེ་ཟུར་ལ་བབས་ཏེ། བཤད་སྲོལ་གྱི་དབུ་བརྙེས་པར་མཛད་པ་པོ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། སྲོལ་གཏོད་པར་མཛད་པ་པོ་ཟུར་ཆུང་པ་ཤེས་རབ་གྲགས། བོད་དང་བོད་ཆེན་པོ་དང་། རྒྱ་ཡུལ་ལ་སོགས་པ་སྟེ་ཕྱིའི་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་དུ་དར་ཞིང་རྒྱས་པར་མཛད་པ་པོ་གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་ནས། བདག་ཅག་གི་ཡོངས་སུ་འཛིན་པའི་བཤེས་གཉེན་ཆོས་ཀྱི་སྤྱན་མངའ་བ་གང་གི་བར་དུ་བརྒྱུད་པའི་མཁས་གྲུབ་ཀྱི་བླ་མ་གདུལ་བྱ་ཐར་འདོད་རྣམས་ཀྱི་སྐྱབས་མགོན་དང་དཔུང་གཉེན་དམ་པར་གྱུར་པ་རྣམས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ་སྒོ་གསུམ་གུས་པས་འདུད་དོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་བཤད་འཆད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབས་པ་བདག་ལ་སྩལ་དུ་གསོལ། དེའི་འོག་ཏུ་གང་ལ་མཆོད་པར་བརྗོད་པ་ཡིན་ཞེ་ན། དེང་ཆོས་གྲྭ་ཆེན་པོ་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ། ལེགས་བཤད་ཀྱི་མཆོད་ཡུལ་དམ་པར་གསེར་རིའི་ཕྲེང་བ་ལྟར་བཞུགས་པའི་མཁན་སློབ་དགེ་འདུན་དང་བཅས་པ་རྣམས་ལའང་གུས་པས་འདུད་དོ། །སོ་སོ་ནས་ཐུགས་བརྩེ་བས་དགོངས་ཏེ། ལེགས་བཤད་འཆད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབས་པ་སྩོལ་བ་དང་། བདག་གིས་བཤད་ཅིང་འཆད་པར་འགྱུར་བའི་ཚིག་དོན་གྱི་ཆ་རྣམས་ལ་འགལ་བ་དང་། མ་འབྲེལ་བ་ལ་སོགས་ནོངས་པའི་ཆ་མཆིས་ནའང་བཟོད་བཞེས་བཀའ་དྲིན་སྐྱོང་བར་ཞུ་ཞེས། དེ་ལྟར་ཡུལ་ཁྱད་པར་ཅན་རྣམས་ལ་མཆོད་པར་བརྗོད་ཅིང་རང་གི་འདོད་པའི་དོན་ལ་གསོལ་བ་གདབ་པ་དེ་ཙམ་ཞིག་ཞུས་ནས། འདིར་ལས་སུ་བྱ་བ་ནི། རྩ་བའི་ས་བཅད་གཉིས་པ་དངོས་གཞི་བཤད་པར་རང་གི་ངོ་བོ་བཤད་པ་ཞེས་བྱ་བ་དེ་ཉིད་འཆད་པར་བྱེད་པ་ནི། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་རྣམ་བཤད་རིག་པར་གསུངས་པ་ལྟར་གྱི། སྤྱིར་དྷརྨ་ཞེས་བྱའི་སྒྲ་ལས་དྲངས་ན། ཆོས་ཀྱི་སྒྲ་དོན་བཅུ་ལ་འཇུག་པར་བཞེད་ཅིང་། དེའི་ནང་ནས་ཀྱང་ཤེས་བྱའི་ཆོས་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་དེ། དབྱེ་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཏན་ལ་དབབ་པའི་མདོ་ལས། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་གི་མཚན་ཉིད་འཛིན་མོད་ཀྱང་། །རྣམ་པར་དཀར་བ་མ་ཡིན་ཕྱིར། །ངས་ནི་རྣམ་པར་དཀར་བ་བསྟན། །ཞེས་པས་རང་གི་མཚན་ཉིད་འཛིན་པའི་ཆོས་དང་། རྣམ་པར་དཀར་བའི་ཆོས་གཉིས་སུ་ངེས་ལ། དེའི་དང་པོ་མཚན་ཉིད་འཛིན་པའི་ཆོས་ནི། མེའི་མཚན་ཉིད་ཚ་ཞིང་དུ་མ་ཚོགས་པས་བསྲེག་པ་ལྟ་བུ། ཆོས་ཐམས་ཅད་ལ་རང་རང་གི་མཚན་གཞི་མཚོན་ནུས་པའི་མཚན་ཉིད་མི་འདྲ་བ་རེ་རེ་ཡོད་པ་ཡིན་ལ། རྣམ་པར་དཀར་བའི་ཆོས་ནི། རྒྱལ་ཚབ་བྱམས་པ་མགོན་པོས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་རྒྱལ་སྲས་རྣམས་ཀྱིས་ཤེས་པར་བྱ་བའི་ཡུལ་རིག་པའི་གནས་རྣམ་པ་ལྔར་གསུངས་པའི་ནང་གི་རིག་གནས་ལྔ་པ་ནང་རིག་པ་སྟེ། དམ་པའི་ཆོས་དང་དོན་གཅིག་མིང་གི་རྣམ་གྲངས་སོ། །དེ་ལའང་དམ་པའི་ཆོས་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གང་གསུངས་པ་ལྟར་གྱི། ལུང་དང་རྟོགས་པའི་དམ་ཆོས་གཉིས་སུ་ངེས་པ་ལས། འདིར་བཤད་པར་བྱ་བའི་ཆོས་དེ་གང་ཞེ་ན། ལུང་གི་དམ་ཆོས་ཏེ། རྟོགས་པའི་ཆོས་དེ་ནི་རྣལ་འབྱོར་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཡིན་གྱི། ཐོས་བསམ་གྱིས་མངོན་དུ་བྱ་བའི་ཆོས་མ་ཡིན་པའི་ཕྱིར་དོན་འདི་ལ་དགོངས་ནས། རྒྱུད་འདིའི་ལེའུ་བཅུ་གསུམ་པར། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས་པ་ཡིན་པའི་ཕྱིར། ལུང་གི་དམ་ཆོས་ལའང་དབྱེ་ན། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་མཛད་པའི་བདེ་འདུས་ས་གཅོད་ཚོམས་ཀྱི་ཆིངས་ལས། ཐུབ་པ་ཆེན་པོའི་ཆོས་རྣམས་ཀུན། །བསྡུས་པས་བཀའ་དང་བསྟན་བཅོས་གཉིས། །ཞེས་པས་བཀའ་དང་བསྟན་བཅོས་གཉིས་སུ་གྲངས་ངེས་པ་ལས་འདིར་ལེགས་པར་གསུངས་པའི་བཀའ་ཉིད། དགོངས་འགྲེལ་མཁན་པོའི་བསྟན་བཅོས་ལ་བརྟེན་ནས་འཆད་པར་བྱེད་པ་སྐབས་སུ་བབ་པ་ཡིན་ཅིང་། ཇི་ལྟར་འཆད་པའི་ཚུལ་ལ་མི་མཐུན་པ་མང་དུ་སྣང་ཡང་། གསང་བདག་སྒྲོ་ཕུག་པ་ཆེན་པོའི་བཀའ་སྲོལ་ལ་ཚུལ་བཞི་དང་ལྡན་པའི་སྒོ་ནས་འཆད་དགོས་པར་བཞེད་དེ། དེ་ཡང་རྒྱུད་གཞུང་གཅིག་དབུ་ཞབས་སུ་དྲིལ་ནས་གང་ཟག་གཅིག་གིས་ཉམས་སུ་ལེན་པར་བྱེད་པ་ལ། གང་ལེན་ན་རྒྱུད་གཞུང་འདི་ཉིད། ཚུལ་ཇི་ལྟ་བུའི་སྒོ་ནས་ཉམས་སུ་ལེན་ཞེ་ན། བཞི་ལྡན་ཏེ། རྒྱུད་རྒྱུད་ཀྱིས། རྒྱུད་འགྲེལ་པས། རྒྱུད་སྒྲུབ་ཐབས་ཀྱིས། རྒྱུད་མན་ངག་གིས་བཤད་པའོ། །དེའི་དང་པོ་རྒྱུད་གང་རྒྱུད་གང་གིས་འཆད་པ་ཡིན་ཞེ་ན། གང་བཤད་བྱ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད། གང་གིས་འཆད་པ་རྡོ་རྗེ་མེ་ལོང་ལ་སོགས་པ་བཤད་རྒྱུད་སྡེ་བཞི། སྒྱུ་འཕྲུལ་བརྒྱད་ཅུ་པ་སོགས་མ་ཚང་ཁ་སྐོང་གི་རྒྱུད། ལེ་ལག་ལ་སོགས་པ་ཀལྤ་དུམ་བུའི་རྒྱུད། རྩ་རྒྱུད་ཀྱི་ཕྱི་མ་ལེའུ་ཉེར་གསུམ་པ་སོགས་ཕྱི་མའི་རྒྱུད། ཁྲོ་བོ་སྟོབས་པོ་ཆེའི་རྒྱུད་སོགས་དཀའ་བ་གཅོད་པའི་རྒྱུད་རྣམས་ཀྱིས་ཇི་ལྟར་རིགས་པར་འཆད། གཉིས་པ་འགྲེལ་པ་གང་གིས་འཆད་པ་ཡིན་ཞེ་ན། ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ཏེ་རྒྱུད་དྲང་ཐད་དུ་གཏན་ལ་འབེབས་པར་བྱེད་པའི་མན་ངག་ཐུགས་ཐིག །ཁོག་གཞུང་གསལ་སྒྲོན་སོགས་སྤྱི་དོན་དང་། སྒེག་པ་རྡོ་རྗེའི་རིན་པོ་ཆེའི་སྤར་ཁབ། ཉིན་བྱེད་སེང་གེའི་རྒྱ་ཆེར་འགྲེལ། སངས་རྒྱས་གསང་བའི་རྣམ་དབྱེ་འགྲེལ་སོགས་ལས། རང་རང་གི་འདོད་གཞུང་སོ་སོས་འགྲེལ་པ་རེ་རེའམ། འགའ་ཞིག་དབང་བཙན་བྱས་ཏེ་འཆད། གསུམ་པ་སྒྲུབ་ཐབས་གང་གིས་འཆད་པ་ཡིན་ཞེ་ན། སྒོམ་པའི་ཤེས་རབ་ལ་གཙོ་བོར་བརྟེན་ནས་རྒྱུད་མངོན་རྟོགས་སུ་བསླབ་ཅིང་ཉམས་སུ་ལེན་པར་བྱེད་པའི་མན་ངག་གི་གཞུང་ཕྲ་མོ་རྣམས་ཀྱིས་རྒྱུད་དོན་གྱི་དམིགས་ཕྱེ་སྟེ་སྐབས་དང་སྦྱར་ནས་འཆད། བཞི་པ་བརྒྱུད་པའི་མན་ངག་གང་གིས་འཆད་པ་ཡིན་ཞེ་ན། བཤད་རྒྱུད་རྣམས་ལ་གཙོ་བོར་བརྟེན་ཅིང་། དགོངས་འགྲེལ་མན་ངག་རྣམས་ཀྱི་ལེགས་ཆ་བླངས་པ་ལ། ཟབ་ལམ་སྦས་བཤད་རྣམས་སྙན་བརྒྱུད་དང་ལྡན་པའི་བླ་མ་དམ་པའི་གསུང་བགྲོས་ཀྱིས་བརྒྱན་ཏེ་འཆད་ལ། དེ་ཡང་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་སྲོལ་ཇི་ལྟ་བར་སྟོན་པའི་རྣམ་བཤད་གསང་བདག་ཞལ་ལུང་གི་དགོངས་པ་ལྟར་གཏན་ལ་འབེབས་པར་བྱེད་པ་ལ་གསུམ་སྟེ། ཁུངས་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་སྔོན་ཇི་ལྟར་བྱུང་བའི་ལོ་རྒྱུས་དང་། ཆོས་ལ་དོན་གཉེར་གྱི་གུས་པས་འཇུག་པའི་ཕྱིར་རྒྱུད་ཀྱི་ཆེ་བ་དང་། ཆེ་བ་དེ་ལྡན་གྱི་རྒྱུད་དོན་དངོས་བཤད་པའོ། །དང་པོ་ནི། ཁོ་ན་རེ། འོ་ན་རྒྱུད་ཟབ་མོ་འདི་ཇི་ལྟར་བྱུང་བ་ཡིན་ཞེ་ན། དེའི་ལན་འཆད་པར་བྱེད་པ་ལ་ས་བཅད་གཉིས་ཏེ། སྟོན་པས་ཇི་ལྟར་གསུང་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་ལོ། །དང་པོ་སྟོན་པས་ཇི་ལྟར་གསུང་ཚུལ་གྱི་རྣམ་གཞག་དེ་སྟོན་པར་བྱེད་པ་ལའང་ཉིན་བྱེད་སེང་གེའི་བཞེད་པ་དང་། སྒེག་རྡོར་གྱི་བཞེད་པ་གཉིས། དང་པོ་ནི། ཞེས་པ་ནས། གསང་སྔགས་ཀྱི་སྒྲ་ཡོངས་སུ་གྲགས་པར་འགྱུར་བ་ལ་དགོངས་པའི་ཕྱིར་སྐྱོན་མེད་དོ། །ཞེས་པའི་བར། གཉིས་པ་དེ་ལས་ཇི་ལྟར་བརྒྱུད་ཚུལ་གྱི་རྣམ་གཞག་དེ་སྟོན་པར་བྱེད་པ་ལ། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པའི་གཞུང་འདི་བྱུང་། དེའི་དོན་ལ་གསུམ་སྟེ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་རིག་པའམ་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དོ། །དང་པོ་རྒྱལ་བ་དགོངས་པས་བརྒྱུད་པའི་ཚུལ་བཤད་དུ་ཡོད་དེ། རྒྱལ་བ་ཀུན་ཏུ་བཟང་པོས་སོགས། གཉིས་པ་རིག་འཛིན་རིག་པས་བརྒྱུད་པ་ལ། མི་མ་ཡིན་ལ་བརྒྱུད་པ་དང་། མི་དང་དེ་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་གཉིས། དང་པོ་མི་མ་ཡིན་པ་ལས་བརྒྱུད་ཚུལ་བཤད་དུ་ཡོད་དེ། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་ཞེས་པ་ནས། གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་རིམ་པར་བརྒྱུད་ཅིང་དར་བ་ཡིན་པའི་ཕྱིར། གཉིས་པ་མི་དང་མི་མ་ཡིན་གཉིས་ཀ་ལ་བརྒྱུད་ཚུལ་ཡོད་དེ། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་སོགས་ནས། དེར་རིགས་ཅན་ལྔ་ལ་བཤད་ཅིང་བརྒྱུད་པ་ཡིན་པའི་ཕྱིར། ཞེས་བསྒྱུར། གསུམ་པ་གང་ཟག་སྙན་བརྒྱུད་ལ། མི་ཡུལ་དུ་རྒྱུད་འདི་ཐོག་མར་བབས་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་གཉིས། དང་པོ་ལ། དུས་གང་གི་ཚེ། གནས་གང་དུ། གང་ཟག་གང་ལ། ཚུལ་ཇི་ལྟར་བབས་པ། དེ་ལ་རྩོད་པ་སྤང་བ་དང་ལྔ། དང་པོ་དུས་གང་གི་ཚེ་བབས་པའི་ཚུལ་བཤད་དུ་ཡོད་ས་བཅད་འོག་མ་རྣམས་ལའང་འགྲེ། མཆན། དེ་སོགས་ནས། ཧ་ཅང་ཐལ་བའི་ཕྱིར་བག་ཡོད་པར་མཛོད་ཅིག་གི་བར་རོ། །གཉིས་པ་དེ་ལས་ཇི་ལྟར་བརྒྱུད་ཚུལ་བཤད་དུ་ཡོད་དེ། རྒྱལ་པོ་རང་རང་གི་ཚོམ་བུ་དང་བཅས་ཏེ་རིག་པ་འཛིན་པའི་སར་གཤེགས་པ་ཡིན་པའི་ཕྱིར་ཞེས་བསྒྱུར། ཛཿས་ཏནྟྲ་སྡེ་བཅོ་བརྒྱད་པོ་ནས། ཉེ་བརྒྱུད་རྨད་དུ་བྱུང་བ་ཡིན་ནོ། །ཞེས་པའི་བར།

གཉིས་པ་ཆོས་ལ་དོན་གཉེར་གྱི་གུས་པས་འཇུག་པའི་ཕྱིར་རྒྱུད་ཀྱི་ཆེ་བ་བཤད་པ་ནི། ཁོ་ན་རེ། འོ་ན་བརྒྱུད་པ་གསུམ་དང་ལྡན་པའི་ཆོས་འདི་ལ་ཆེ་བ་དུ་དང་ལྡན་པ་ཡིན་ཞེ་ན། དེའི་ལན་འཆད་པར་བྱེད་པ་ལ། ཁོག་གཞུང་གསལ་སྒྲོན་ལས། རང་བཞིན་གསང་བའི་སྙིང་པོ་འདི། །གཞན་ལས་འཕགས་པའི་ཆེ་བ་བརྒྱད། །ཅེས་པའི་གཞུང་འདི་བྱུང་། ཆེ་བ་བརྒྱད་པོ་དེ་གང་ཞེ་ན། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པས་ངེས་པར་ཆེ་བ་གཟི་ལྡན་གསལ་བའི་ཉི་མ་ལྟ་བུ་ཇི་ལྟར་ཉི་མའི་སྣང་བ་ནི་སྣང་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པ་བཞིན་དུ་རྒྱུད་འདི་ཉིད་ཀྱང་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །ཞེས་སྟོན་པར་བྱེད་པ་ལ། རྒྱས་པ་ལས། གསང་བའི་སྙིང་པོ་ངེས་པ་ནི། །གསང་སྔགས་ཀུན་གྱི་རྒྱལ་པོ་ཡིན། །ཞེས་གསུངས་པའི་ཕྱིར། ཞེས་ཚིག་ཟུར་བསྒྱུར་ཚུལ་འགྲེ་ཤེས་པར་བྱའོ། །ཞེས་པ་ནས། འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་པའི་བར་རོ། །

གསུམ་པ་ཆེ་བ་དེ་ལྡན་གྱི་རྒྱུད་དོན་དངོས་བཤད་པ་ལ། རྒྱུད་ཀྱི་མཚན་བསྟན་པ་དང་། མཚན་དེ་ལྡན་གྱི་རྒྱུད་དོན་བཤད་པ་གཉིས་ཡོད་པ་ལས། དེའི་དང་པོ་རྒྱུད་ཀྱི་མཚན་བསྟན་པ་ཞེས་བྱ་བ་དེ་འཆད་པར་བྱེད་པ་ལ། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་གཞུང་འདི་བྱུང་། དེའི་དོན་འཆད་པ་ལ་ས་བཅད་བཞི་སྟེ། མཚན་ཀླད་དུ་སྨོས་པའི་དགོས་པ་དང་། མཚན་གྱི་བསྡུས་དོན་དང་། ཚིག་གི་དོན་དང་། བརྒལ་ལན་གྱི་དོན་བཤད་པའོ། །དེ་ལྟར་ཡང་རྣམ་བཤད་རིག་པ་ལས། མདོ་རྣམས་འཆད་འདོད་དེ་དག་ལ། །ངས་ནི་མན་ངག་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱར་བསྙད་དེ་བཤད་པར་བྱ། །ཞེས་གསུངས་པ་ཡིན་པའི་ཕྱིར། དེའི་དང་པོ་མཚན་ཀླད་དུ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བུམ་པ་ཞེས་པའི་མིང་ལས་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་དངོས་པོ་གོ་བ་ལྟར། མཚན་མཐོང་བའམ་ཐོས་པ་ལ་བརྟེན་ནས། དབང་པོ་རབ་ཀྱིས་གཞུང་གི་དོན་གོ་བ་དང་། འབྲིང་གིས་དོན་གྱི་རྣམ་གྲངས་ཁོང་དུ་ཆུད་པ་དང་། ཐ་མས་ཀྱང་སྨན་གྱི་ཁ་བྱང་ལྟར་གླེགས་བམ་བཙལ་བདེ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་མཚན་གྱི་བསྡུས་དོན་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་མཚན་འདི་ཆོས་ཅན། ཁྱོད་ཀྱིས་སྟོན་ཚུལ་ཡོད་དེ། གསང་བ་དང་། སྙིང་པོ་དང་། དེ་ཁོ་ན་ཉིད་དང་། ངེས་པ་བཞིས་རིམ་པ་བཞིན། རྒྱུད་ཀྱི་རང་བཞིན་དང་། ཆེ་བ་དང་། མཚན་ཉིད་དང་། ངེས་པའི་དོན་རྣམས་སྟོན་པ་ཡིན་པའི་ཕྱིར། དེ་ལྟར་ཡང་འགྲེལ་ཆུང་ལས། འདིས་ནི་རང་བཞིན་ཆེ་བ་དང་། །མཚན་ཉིད་དང་ནི་དོན་བསྟན་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་ལས། །མདོར་བསྡུས་གཏན་ལ་ཕབ་པ་ཡིན། །རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་པ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དོ། །ངེས་པས་ངེས་དོན་མདོར་བསྟན་པ། །དེ་ལྟར་རྣམ་པ་བཞི་པོ་རུ། །མདོར་བསྡུས་སྤྱི་ཡི་དོན་དུ་བཤད། །ཅེས་གསུངས་པའི་ཕྱིར། ཡང་རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་དེ་ཆོས་ཅན། ཁྱོད་ཀྱིས་མཚན་འདི་ལ་བརྟེན་ནས་གོ་ཚུལ་དང་རྟོགས་ཚུལ་ཡོད་དེ། གསང་བ་སོགས་མཚན་བཞིས་རིམ་པ་བཞིན་རྟོགས་དཀའ་བ་དང་། བཅུད་འདུས་པ་དང་། མཚན་ཉིད་གཞན་རྣམ་པར་བཅད་པ་དང་། དྲང་དོན་མ་ཡིན་ངེས་དོན་ཐེ་ཚོམ་དང་བྲལ་བར་གོ་བ་གང་ཞིག །སྟོན་ཚུལ་དང་རྗེས་སུ་མཐུན་པར་རྒྱུད་ཀྱི་རང་བཞིན་དང་ཆེ་བ་སོགས་ཀྱང་རྟོགས་པ་ཡིན་པའི་ཕྱིར། གསུམ་པ་ཚིག་གི་དོན་བཤད་པ་ལ། བླ་མ་བརྒྱུད་པའི་མན་ངག་ལས། ཕྱི་ལྟར་གྲོལ་ལམ་དང་སྦྱར་ཏེ་བཤད་པ། ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ། གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་པ་དངགསུམ་ལས། དེའི་དང་པོ་ཕྱི་ལྟར་གྲོལ་ལམ་དང་སྦྱར་ཏེ་བཤད་པ་ཞེས་བྱ་བ་དེ་འཆད་པར་བྱེད་པ་ལ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་གཞུང་འདི་བྱུང་། དེའི་དང་པོ་གསང་བ་ཞེས་པའི་མཚན་འདི་ཆོས་ཅན། ཁྱོད་ལ་དབྱེ་ན་གསུམ་དུ་ཡོད་དེ། རང་བཞིན་དང་། གབ་པ་དང་། སྦས་པའི་གསང་བ་གསུམ་དུ་ཡོད་པའི་ཕྱིར། དང་པོ་རང་བཞིན་གྱི་གསང་བ་ཆོས་ཅན། བཤད་དུ་ཡོད་དེ། སེམས་ཉིད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུར་ཡེ་ནས་རང་ཆས་སུ་གནས་ཀྱང་བློའི་སྤྱོད་ཡུལ་དང་བྲལ་བས་མ་རྟོགས་པ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་ཉིད་མིག་གིས་མཐོང་བྱར་མ་གྱུར་པ་བཞིན་ནོ། །དེ་ཡང་འདི་ཉིད་ལས། ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པས་གསང་ཚུལ་བཞི་སྟེ། །ལྷན་སྐྱེས་ཀྱི་མ་རིག་པས་དོན་དམ་བདེན་པ་མ་རྟོགས་པ་ནི་ཡེ་ནས་གསང་བ། ཀུན་བཏགས་ཀྱི་མ་རིག་པས་ཀུན་རྫོབ་ཀྱི་བདེན་པ་མ་རྟོགས་པ་ནི་རང་བཞིན་གསང་བ། སྣང་སྟོང་སོ་སོར་བཟུང་བས་དབྱེར་མེད་མ་རྟོགས་པ་ནི་ངོ་བོ་ཉིད་ཀྱི་གསང་བ། ཡུལ་ཡུལ་ཅན་དུ་བཟུང་བས་སྤྱོད་ཡུལ་དང་བྲལ་བར་མ་རྟོགས་པ་ནི་ཤིན་ཏུ་གསང་བ་སྟེ། གསང་ཚུལ་བཞིས་ཆོད་པའི་ཚུལ་དུ་གསང་བ་ཡིན་པའི་ཕྱིར། གཉིས་པ་གབ་པའི་གསང་བ་ཆོས་ཅན། བཤད་དུ་ཡོད་དེ། གདུལ་བྱ་འཁྲུལ་བའི་བློ་ཅན་གྱིས་རྟོགས་དཀའ་བ་དང་། རས་ཆོད་ཅན་གྱིས་རྟོགས་སུ་མི་རུང་བས་གབ་པ་ཡིན་པའི་ཕྱིར། དཔེར་ན་མིག་སེར་ཅན་ལ་དུང་གི་ཁ་དོག་བཞིན་ནོ། །དེ་ཡང་རང་བཞིན་གྱི་རྒྱུད་དུ་གབ་པ་ནི། མཚོན་བྱའི་རྒྱུད་རང་ལ་རང་ཆས་སུ་གནས་ཀྱང་རྟོག་པས་བསྒྲིབས་པའི་ཕྱིར་གབ་སྟེ། དེ་གང་གིས་འབྱིན་ན། ལུང་ཚད་མའི་བདག་པོ་སངས་རྒྱས་ཀྱིས་སོ། །དཀྱུས་ཡི་གེ་ལ་གབ་པ་ནི། རས་ཆོད་ཅན་རྣམས་མགོ་རྨོངས་པར་བྱ་བའི་ཕྱིར། རྒྱུད་དཀྲུགས། ལུང་གཅུས། མན་ངག་གབ་པའི་ཚུལ་དུ་སྟེ། དེ་ནི་མན་ངག་ཚད་མའི་བདག་པོ་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པར་མཛད་དེ། འདི་ཉིད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་སྦས་པའི་གསང་བ་ཆོས་ཅན། བཤད་དུ་ཡོད་དེ། རྒྱུད་ཟབ་མོ་འདི་སྔགས་ཀྱི་མན་ངག་མེད་པ་དང་། སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ་སྦས་པ་ཡིན་པའི་ཕྱིར་ཏེ་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར། གཅན་གཟན་ཆེན་པོའི་སྒྱུ་རྩལ་སྤྲེའུས་མི་བཟོད་པའམ། སེང་ཞོ་སྣོད་ངན་དུ་བླུག་བྱ་མ་ཡིན་པ་བཞིན་ནོ། །གང་སྦ་ན། གསང་སྔགས་ཀྱི་མཛད་སྤྱོད་སྦྱོར་སྒྲོལ་ལ་སོགས་པ་ལྟ་སྤྱོད་འབྲེལ་བས་སྤྱད་པར་གསུངས་པ་དེ་དག་བརྡའི་ཚུལ་གྱིས་སྦས་ཏེ། གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་གསུངས་པ་ཡིན་པའི་ཕྱིར། གཉིས་པ་སྙིང་པོ་ཞེས་པའི་མཚན་འདི་ཆོས་ཅན། ཁྱོད་ལའང་དབྱེ་ན་གསུམ་དུ་ཡོད་དེ། རྒྱུ་དང་། འབྲས་བུ་དང་། བཅུད་འདུས་པ་དོན་གྱི་སྙིང་པོ་དང་གསུམ་དུ་ཡོད་པའི་ཕྱིར། དང་པོ་རྒྱུའི་སྙིང་པོ་ཆོས་ཅན། བཤད་དུ་ཡོད་དེ། རྒྱུད་འདི་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིའམ་འབྱུང་བའི་རྒྱུ་ལྟ་བུར་གྱུར་པས་ན་དེ་སྐད་དུ་བརྗོད་པ་ཡིན་པའི་ཕྱིར། དེ་ལྟར་ཡང་ལེའུ་གསུམ་པ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་གསུངས་པའི་ཕྱིར། གཉིས་པ་འབྲས་བུའི་སྙིང་པོ་ཆོས་ཅན། བཤད་དུ་ཡོད་དེ། ཐེག་པའི་སྒོ་གང་ནས་བསྒྲུབས་ཀྱང་མཐར་རང་བཞིན་གསང་བའི་སྙིང་པོ་འདིའི་དོན་མངོན་དུ་བྱེད་དགོས་པའི་ཕྱིར་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། གསུམ་པ་བཅུད་འདུས་པ་དོན་གྱི་སྙིང་པོ་ཆོས་ཅན། བཤད་དུ་ཡོད་དེ། གཏན་ཚིགས་ཀྱི་སྒོ་གང་ནས་གཏན་ལ་ཕབ་ཀྱང་མཐར་ཐུག་སངས་རྒྱས་ཀྱི་དགོངས་པའི་དོན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པས་འཁོར་བ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་ཏེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་བས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པའི་འཁྲུལ་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་དེ་ཁོ་ན་ཉིད་ཅེས་པའི་མཚན་འདི་ཆོས་ཅན། ཁྱོད་ལའང་དབྱེ་ན་གསུམ་དུ་ཡོད་དེ། མ་བཅོས་པའི་དེ་ཁོ་ན་ཉིད་དང་། མ་ནོར་བའི་དེ་ཁོ་ན་ཉིད་དང་། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དང་གསུམ་དུ་ཡོད་པའི་ཕྱིར། དེའི་དང་པོ་མ་བཅོས་པའི་དེ་ཁོ་ན་ཉིད་ཆོས་ཅན། བཤད་དུ་ཡོད་དེ། རྟོག་ཚོགས་ཐམས་ཅད་རང་རིག་ལས་མི་གཞན་པས་སྣང་སྟོང་གཉིས་མེད་རང་བྱུང་གི་ཡེ་ཤེས་ལ་སྒོམ་བྱེད་ཀྱི་བློས་མ་བཅོས་པར་བཞག་པས་ན་དེ་སྐད་དུ་བརྗོད་པའི་ཕྱིར་ཏེ། རྒྱས་པ་ལས། མ་བཅོས་ལྷུན་མཉམ་ཇི་བཞིན་ངང་བཞག་དང་། ཞེས་གསུངས་པ་ཡིན་པའི་ཕྱིར། གཉིས་པ་མ་ནོར་བའི་དེ་ཁོ་ན་ཉིད་དེ་ཆོས་ཅན། བཤད་དུ་ཡོད་དེ། མ་བཅོས་པའི་དེ་ཁོ་ན་ཉིད་དེ་གོམས་པ་ལས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་མང་པོར་སྣང་བ་ནི་མ་ནོར་བས་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། རྒྱས་པ་ལས། རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་གསུངས་པའི་ཕྱིར། གསུམ་པ་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དེ་ཆོས་ཅན། བཤད་དུ་ཡོད་དེ། འབྲས་བུ་དེའང་སྒྲིབ་བྱེད་ཀྱི་ཞེན་པ་དག་པའི་ཚེ་རང་ལ་ཡོད་པའི་དོན་སྣང་བ་ལས་གཞན་ནས་བྱུང་བ་མ་ཡིན་པའི་ཕྱིར་ཏེ། འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཞེས་དང་། རྒྱས་པ་ལས། ཇི་སྙེད་བརྒྱུད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གཞན་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་དག་པ་ཡིན། །ཞེས་གསུངས་པའི་ཕྱིར། བཞི་པ་ངེས་པའོ། །ཞེས་པའི་མཚན་འདི་ཆོས་ཅན། ཁྱོད་ལའང་དབྱེ་ན་གསུམ་དུ་ཡོད་དེ། གཞི་དང་ལམ་དང་འབྲས་བུར་ངེས་པ་ཡིན་པའི་ཕྱིར། དང་པོ་གཞིར་ངེས་པ་དེ་ཆོས་ཅན། བཤད་དུ་ཡོད་དེ། གཞིའི་རྒྱུད་རང་བཞིན་གསང་བའི་སྙིང་པོ་དེ་ཆོས་ཉིད་སྒྲོ་སྐུར་དང་བྲལ་བར་བདེན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། འདི་ཉིད་ལས། སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་གསུངས་པའི་ཕྱིར། གཉིས་པ་ལམ་དུ་ངེས་པ་དེ་ཆོས་ཅན། བཤད་དུ་ཡོད་དེ། ཐེག་པ་འདིའི་ལུགས་ཀྱིས་ཡེ་ནས་གནས་པའི་འབྲས་བུ་ཉིད་ཤེས་ཐོབ་ཀྱི་བྱེད་པས་ལམ་དུ་བྱེད་པར་ངེས་པའི་ཕྱིར་ཏེ། འདི་ནི་གསང་ཆེན་ངེས་པ་ཡིན། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་འབྲས་བུར་ངེས་པ་དེ་ཆོས་ཅན། བཤད་དུ་ཡོད་དེ། རྒྱུད་འདི་རང་གི་ངོ་བོས་བརྗོད་བྱ་རྒྱལ་བའི་དགོངས་པ་ངེས་དོན་མངོན་དུ་ཕྱུང་ནས་སྟོན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། འདི་ཉིད་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་པ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་གཞུང་འདི་བྱུང་། འོ་ན་བཤད་ཐབས་གཉིས་པ་ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ནས་བཤད་པ་དེ་ཇི་ལྟ་བུ་ཞེ་ན། དེ་ཉིད་འཆད་པར་བྱེད་པ་ལ་བཤད་མ་ཐག་པའི་གཞུང་འདི་བྱུང་། དེ་ལའང་སྙིང་གའི་འཁོར་ལོ་དང་སྦྱར་ཏེ་བཤད་པ། མཚན་བཞི་དང་འཁོར་ལོ་བཞི་སྦྱར་ཏེ་བཤད་པ་དང་ས་བཅད་གཉིས་ཡོད་པ་ལས། དེའི་དང་པོ་སྙིང་གའི་འཁོར་ལོ་དང་སྦྱར་ཏེ་བཤད་པ་ནི། མཚན་གྱི་དོན་བཞི་པོ་དེ་ཆོས་ཅན། སྙིང་གའི་འཁོར་ལོ་དང་སྦྱར་ནས་བཤད་དུ་ཡོད་དེ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན་དྭངས་མ་ཆེན་པོ་ལྔ་དང་། དེའི་དཀྱིལ་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་ཀྱང་རང་གསང་ཐབས་ཀྱིས་ཆོད་ནས་མ་མཐོང་བ་ནི་གསང་བ། ཐིག་ལེ་དེ་ཉིད་ལ་ཤེས་བྱ་དང་བསྒྲུབ་བྱའི་དོན་གྱི་བཅུད་འདུས་པས་ན་སྙིང་པོ་ཐབས་ཀྱི་མན་ངག་དང་ལྡན་པའི་སྒོ་ནས་ཉམས་སུ་བླངས་པས་རང་གི་སེམས་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་གསལ་བས་ན་དེ་ཁོ་ན་ཉིད། སྙིང་པོའི་ཐིག་ལེ་དེ་གཞི་ལམ་འབྲས་གསུམ་གྱི་དངོས་གཞི་ངེས་པས་ན་ངེས་པ་སྟེ་དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་མཚན་བཞི་དང་འཁོར་ལོ་བཞི་སྦྱར་ཏེ་བཤད་པ་ནི། གསང་བ་ཞེས་པའི་མཚན་འདི་ཆོས་ཅན། ཁྱོད་ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཡི་གེ་ཨའི་རྣམ་པར་གནས་པ་དང་སྦྱར་ནས་བཤད་དུ་ཡོད་དེ། དེ་ཉིད་ཡུམ་གྱི་མཁའ་གསང་གི་སྣ་རྩེའི་ཐིག་ལེ་དང་འབྲེལ་ཏེ་གནས་པའི་ཕྱིར། སྙིང་པོ་ཆོས་ཅན་ཁྱོད་སྙིང་གའི་འཁོར་ལོའི་དྭངས་མ་ལྔའི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་པ་དང་སྦྱར་ནས་བཤད་དུ་ཡོད་དེ། དེ་ཆོས་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཆོས་ཅན། ཁྱོད་མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན་མཁའ་འགྲོ་མ་རྔམས་མའི་ཐིག་ལེ་ཨཾ་གྱི་དབྱིབས་སུ་གནས་པ་ལ་བཤད་དུ་ཡོད་དེ། ཐིག་ལེ་དེ་འོད་དུ་འབར་ཙམ་ནས་བདེ་བ་སྐྱེ་བས་དེ་ཁོ་ན་ཉིད་ལས་མི་གཡོ་བའི་ཕྱིར། ངེས་པ་ཆོས་ཅན། ཁྱོད་སྤྱི་བོའི་འཁོར་ལོ་རྩ་འདབ་སོ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཧཾ་གྱི་རྣམ་པར་གནས་པ་ལ་བཤད་དུ་ཡོད་དེ། དེ་ལས་སྐྱེས་པའི་བདེ་ཆེན་མི་རྟོག་པའི་ཡེ་ཤེས་དེ་ནི་རྒྱལ་བ་ཀུན་གྱི་དགོངས་པའི་དངོས་གཞིར་ངེས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་གཞུང་འདི་བྱུང་། འོ་ན་བཤད་ཐབས་གསུམ་པ་གསང་བ་ལྟར་ཐབས་ལམ་འོག་སྒོ་དང་སྦྱར་ནས་བཤད་པ་དེ་ཇི་ལྟ་བུ་ཞེ་ན། དེ་ཉིད་འཆད་པར་བྱེད་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་མཚན་འདི་ཆོས་ཅན། ཁྱོད་ཐབས་ལམ་འོག་སྒོ་བདེ་བ་ཆེན་པོའི་ལམ་དང་སྦྱར་ནས་བཤད་དུ་ཡོད་དེ། ལུས་ཅན་རྣམས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་ནང་ན་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་པ་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པས་ན་གསང་བ། ཐིག་ལེ་དེ་ལ་རྒྱུ་འབྲས་ཐམས་ཅད་ཀྱི་བཅུད་འདུས་པས་ན་སྙིང་པོ། བྱེད་པ་སྡོམ་པ་རླུང་དང་བཅས་པའི་ཐབས་ཀྱིས་ཉམས་སུ་བླངས་པས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེས་པས་དེ་ཁོ་ན་ཉིད། ཐིག་ལེ་དེ་ཉིད་གཞི་ལམ་འབྲས་གསུམ་ཀའི་དངོས་གཞིར་ངེས་པས་ན་དེ་ལྟར་དུ་བརྗོད་པ་ཡིན་པའི་ཕྱིར་ཞེས་འཆད་པར་བྱེད་པ་ནི་བཤད་མ་ཐག་པའི་གཞུང་འདི་བྱུང་། བཞི་པ་བརྒལ་ལན་གྱི་དོན་བཤད་པ་ལ། མཚན་རྒྱུད་དོན་ཡིན་མིན་གྱི། མཚན་དུ་རྒྱུད་དོན་འདུས་མ་འདུས་ཀྱི། མན་ངག་ཁོ་ནའི་མཚན་ནས་སྨོས་པའི། རྒྱ་སྐད་མི་སྨོས་པར་བོད་སྐད་སྨོས་པའི་བརྒལ་ལན་ནོ། །དང་པོ་མཚན་རྒྱུད་དོན་ཡིན་མིན་གྱི་བརྒལ་ལན་བཤད་པ་ལའང་། བརྒལ་བ་དང་། ལན་གཉིས། དང་པོ་བརྒལ་བ་ནི། ཁོ་ན་རེ། མཚན་རྒྱུད་དོན་ཡིན་ནམ་མིན། ཡིན་ན་གླེང་གཞི་གླེང་བསླང་དགོས་མེད་དུ་ཐལ། དམ་བཅའ་དེ་འཐད་པ་གང་ཞིག །གླེང་གཞི་གླེང་བསླང་གི་གོང་དུ་རྒྱུད་དོན་བྱུང་བའི་ཕྱིར། མཚན་རྒྱུད་དོན་མིན་ན། རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་ཡང་རབ་དེས་མཚན་མཐོང་བའམ་ཐོས་པས་རྒྱུད་དོན་མི་རྟོགས་པ་ཐལ། མཚན་རྒྱུད་དོན་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད་མས་གྲུབ། འདོད་ན། ཁོག་གཞུང་གསལ་སྒྲོན་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་དང་། སྤར་ཁབ་ལས། རབ་ཀྱི་དོན་དུ་མཚན་བཤད་པ་ཡང་། ཞེས་གསུངས་པ་མི་འཐད་པར་འགྱུར་རོ། །ཟེར་ན། གཉིས་པ་དེའི་ལན་འཆད་པར་བྱེད་པ་ལ། ཉི་སྟོན་ཆོས་ཀྱི་སེང་གེའི་ཞལ་ནས། སྔོན་བྱུང་འོག་མིན་དུ་གླེང་གཞི་ཚོགས། གླེང་བསླངས་ནས་རྒྱུད་དོན་གསུངས་པས། གླེང་གཞི་གླེང་བསླང་མི་དགོས་པའི་སྐྱོན་མེད་ལ། མི་ཡུལ་དུ་གསང་བདག་གི་ཚིག་དང་ཡི་གེར་འགོད་པའི་ཚེ། བློ་རབ་འབྲིང་ཐ་གསུམ་ལ་དགོངས་ནས་མཚན་ཀླད་དུ་སྨོས་པས། མཚན་རྒྱུད་དོན་མིན་ཡང་། གླེང་གཞི་གླེང་བསླང་དགོས་མེད་དུ་མི་འགྱུར་གསུང་། དེ་ལ་རྗེ་འཁོན་སྟོན་ན་རེ། འོ་ན་སྟོན་པས་འོག་མིན་དུ་རྒྱུད་འདི་རྗོད་བྱེད་ཀྱི་ཚིག་ཏུ་མ་གསུངས་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་ན། འདི་སྐད་བཤད་པའི་དུས་ན། ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གསུངས་ནའང་། སྐྱོན་དེ་མི་འཇུག་སྟེ། དགོངས་པ་བརྡའི་བཤད་པ་ཉིད་གསང་བདག་གིས་ཚིག་ཏུ་སྡུད་པའི་ཚེ། རང་ཉིད་སྟོན་པ་དང་དགོངས་པ་མཉམ་པར་ཁས་བླངས་ནས། འདི་སྐད་བཤད་པའི་དུས་ན། ཞེས་བསྡུས་པར་བཞེད་པའི་ཕྱིར་ཏེ། འགྲེལ་པ་ཉི་སེང་མར། ད་ནི་སྡུད་པ་པོས་བཅོམ་ལྡན་འདས་ཀྱི་ལུང་དང་མཐུན་པ་ལྟར་ན་རྒྱུད་ཀྱི་གླེང་གཞི་མཛད་པ་བླ་མའི་མན་ངག་གིས་བཤད་པར་བྱ་སྟེ། འདི་སྐད་ཅེས་སོགས་གསུངས་པའི་ཕྱིར་རོ། །བརྒལ་ལན་གཉིས་པ་ལའང་། བརྒལ་བ་དང་ལན་གཉིས། དང་པོ་ནི། ཁོ་ན་རེ། མཚན་དུ་རྒྱུད་དོན་འདུས་སམ་མ་འདུས། འདུས་ན་མཚན་དང་རྒྱུད་དང་རྒྱུད་ཀྱི་དངོས་པོ་བཅུ་པོ་བྲང་སྤྲོད་ལ་སྦྱོར་རིགས་པར་ཐལ། མ་འདུས་ན། དབང་རབ་ཀྱིས་མཚན་ལ་བརྟེན་ནས་རྒྱུད་དོན་མི་རྟོགས་པར་ཐལ། ཟེར་ན། གཉིས་པ་དེའི་ལན་ནི། མཚན་དུ་རྒྱུད་དོན་མ་འདུས་པའི་སྐྱོན་མེད་དེ། རྒྱུད་ཀྱི་དངོས་པོ་བཅུ་དང་མཚན་དོན་སོ་སོར་སྦྱོར་དུ་མེད་ཀྱང་མཚན་དོན་གཞི་ལམ་འབྲས་གསུམ་དུ་གནས་པས། དེར་རྒྱུད་དོན་མཐའ་དག་འདུས་པའི་ཕྱིར། གཞན་ཡང་མཚན་མཐོང་བས་རྒྱུད་དབུ་ཞབས་ཀྱི་དོན་རྟོགས་པར་གསུངས་པ་དེ་སྔོན་བྱུང་འཁོར་གྱིས་རྟོགས་ཚུལ་ཡིན་ཏེ། དོན་མཐོང་བ་ལ་བརྟེན་ནས་མཚན་དུ་བཏགས་པའི་ཕྱིར་ཏེ། གསང་བདག་གིས་རང་གིས་རྒྱུད་དོན་ཐུགས་སུ་ཆུད་ནས་འཁོར་ལ་འཆད་པའི་ཚེ་གསང་བའི་སྙིང་པོ་ཞེས་དོན་མཐོང་བ་ལ་བརྟེན་ནས་མཚན་དུ་བཏགས་པའི་ཕྱིར། སྔོན་བྱུང་གི་ངོར་མཚན་ལ་ཚིག་དོན་མ་ལུས་པ་འདུས་པ་དང་། སྐད་ཅིག་ཙམ་ལ་རྟོགས་པའང་མི་འགལ་ཏེ། རྒྱ་མཚོ་ལས། སྒྲིབ་པ་མཐའ་སྤོང་གདུལ་བྱ་ལ། །སྐད་ཅིག་ཙམ་གྱིས་སྣང་བར་མཛད། །ཅེས་གསུངས་པ་ཡིན་པའི་ཕྱིར། རྗེས་འཇུག་ཏུ། མཚན་ལ་བརྟེན་ནས་དོན་གོ་བ་ནི། དེར་གཞི་ལམ་འབྲས་གསུམ་གྱི་བརྡ་ཕྲད་པ་ཙམ་དུ་གོ་བ་ཡིན་ཏེ། མིང་གིས་དོན་མཚོན་པར་ནུས་པ་ཙམ་གྱི་མིང་ཡིན་པའི་ཕྱིར། དཔེར་ན་བུམ་པ་ཞེས་བརྗོད་པས། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་དངོས་པོ་ཙམ་གོ་ཡང་། གསེར་བུམ་སོགས་ཁྱད་ཆོས་རྣམས་གོ་བས་མ་ཁྱབ་པ་བཞིན་ནོ། །བརྒལ་ལན་གསུམ་པ་ལའང་། བརྒལ་བ་དང་། ལན་གཉིས། དང་པོ་ནི། ཁོ་ན་རེ། ཐུགས་ཐིག་ལས། དང་པོར་མཚོན་པ་མཚན་གསུམ་ལྡན། ཞེས་དང་། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། ཞེས་པས་རྒྱུད་འདི་ལ་རྒྱུད་དང་འཆད་པའི་སྐྱེས་བུའི་མཚན་ཐུན་མོང་དུ་བསྟན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལུང་ངམ་ཆེ་བ་ལས་བཏགས་པ་ལུང་གི་སྤྱི། དོན་རང་གི་ངོ་བོ་ལས་བཏགས་པའམ་མན་ངག་གི་མཚན་གསང་བའི་སྙིང་པོ་ཞེས་གྲགས་པ་ལས། གླེགས་བམ་གྱི་ཀླད་དུ་རྒྱུད་དང་ལུང་གི་མཚན་ནས་མི་སྨོས་པར། མན་ངག་ཁོ་ནའི་མཚན་ནས་སྨོས་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། གཉིས་པ་དེའི་ལན་ནི། མ་ཧཱ་ཡོ་ག་ལའང་ནང་གསེས་ཀྱི་རྒྱུད་ལུང་མན་ངག་གསུམ་མམ་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཕྱེ་བ་ལས། རྒྱུད་འདི་ནི་མ་ཧཱའི་ཨ་ཏི་ཐབས་ཤེས་གཉིས་མེད་དུ་སྟོན་པའི་རྒྱུད་ཡིན་པའི་ཕྱིར། མན་ངག་གི་མཚན་ནས་སྨོས་པ་ཡིན་ནོ། །བརྒལ་ལན་བཞི་པ་ལའང་། བརྒལ་བ་དང་། ལན་གཉིས། དང་པོ་ནི། ཁོ་ན་རེ། རྒྱུད་འདི་རྒྱ་གར་ནས་བསྒྱུར་བ་མ་ཡིན་ཏེ། ཀླད་དུ་རྒྱ་སྐད་མ་སྨོས་པའི་ཕྱིར་ཟེར། གཉིས་པ་དེའི་ལན་ལ། གཞན་ལན་བཀག་པ་དང་། རང་ལན་གདབ་པའོ། །དང་པོ་ནི། ཁ་ཅིག་ན་རེ། རྒྱ་སྐད་གཏན་མེད་ན་བོད་སྐད་དུ་བསྒྱུར་བ་མི་རིགས་པས། བོད་སྐད་དུ་ཞེས་པས་རྒྱ་སྐད་ཡོད་པར་ཤུགས་ཀྱིས་བརྡའ་མཇལ་བར་བྱའོ། །ཞེས་གསུངས་པ་ནི། མ་ཡིན་ཏེ། བོད་ཀྱི་སྐད་ལ་རྒྱ་ནག་ལ་སོགས་པའི་སྐད་ཀྱང་སྦྱར་དུ་རུང་བའི་ཕྱིར། རྒྱ་གར་མར་མི་འགྲུབ་ཅིང་། གྲོང་དུ་བརྩམས་པའི་བསྟན་བཅོས་རྣམས་ལའང་རྒྱ་སྐད་ཤུགས་ལ་སྦྱར་དུ་རུང་བའི་ཕྱིར་རྒྱ་གར་མར་ཐལ་བར་འགྱུར་རོ། །གཉིས་པ་རང་ལན་གང་གདབ་པ་ནི། འདིར་རྒྱ་སྐད་མེད་པས་བོད་མར་འགྱུར་བའི་ཁྱབ་པ་མེད་དེ། བོད་དུ་བརྩམས་པའི་བསྟན་བཅོས་དུ་མར་ཡང་རྒྱ་སྐད་ཀླད་དུ་བཀོད་པ་ཡོད་མོད། དེས་རྒྱ་གར་མར་མི་འགྱུར་བ་བཞིན་ནོ། །གཞན་ཡང་། ཀླད་དུ་རྒྱ་གར་གྱི་སྐད་གཅིག་པོ་མ་སྨོས་པས་བོད་མར་འགྱུར་རམ། སྐད་གཉིས་ཀ་མ་སྨོས་པས་བོད་མར་འགྱུར། དང་པོ་ལྟར་ན། རྒྱ་ནག་ནས་བསྒྱུར་བའི་ཆོས་རྣམས་ཆོས་ཅན། བོད་མར་ཐལ་ཏེ། ཀླད་དུ་རྒྱ་གར་གྱི་སྐད་མ་སྨོས་པའི་ཕྱིར། གཉིས་པ་ལྟར་ན། རྒྱ་གར་གྱི་དཔེ་རྣམས་ཆོས་ཅན། བོད་མར་ཐལ་ཏེ། ཀླད་དུ་སྐད་གཉིས་མ་སྨོས་པའི་ཕྱིར་རོ། །མདོར་ན། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཆོས་ཅན། བོད་མར་འགྱུར་བའི་སྐྱོན་མེད་དེ། འདི་ཉིད་ཡོངས་སུ་གྲགས་པའི་རྒྱ་གར་གྱི་པཎ་ཆེན་རྣམས་ཀྱིས་མང་དུ་བཀྲལ་བ་གང་ཞིག །གསང་འདུས་ཀྱི་འགྲེལ་པ་བི་ཤྭ་མི་ཏྲས་མཛད་པར་ཡང་རྒྱུད་འདིའི་ལུང་མང་དུ་དྲངས་པའི་ཕྱིར་དང་། དུས་ཕྱིས་ཀྱང་རྒྱ་དཔེ་རྙེད་པ་ལས་ཐར་ལོ་ཉི་མ་རྒྱལ་མཚན་དང་། འགོས་ལོ་གཞོན་ནུ་དཔལ་བ་སོགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ལོ་ཙཱ་བ་ཆེན་པོ་དག་གིས་འགྱུར་མཛད་པའི་ཕྱིར་རོ། །དེས་མཚན་གྱི་དོན་བསྟན་པ་སོང་ནས། དེའི་རྗེས་སུ་གཉིས་པ་མཚན་དེ་ལྡན་གྱི་རྒྱུད་དོན་བཤད་པ་ལ། སྟོན་པ་ལ་དབང་མི་ཟ་བའི་ཕྱིར་ཀླད་དོན་ཕྱག་དང་། བཀའི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་གཞུང་དོན་གཏན་ལ་དབབ་པ་གཉིས་ཡོད་པ་ལས། དེའི་དང་པོ་ཀླད་ཀྱི་དོན་ཕྱག་འཚལ་བ་ཞེས་བྱ་བ་དེ་འཆད་པར་བྱེད་པ་ལ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། འདི་འཆད་པ་ལ་གསུམ་སྟེ། ངག་དོན། ཚིག་དོན། རྩོད་པ་སྤོང་བའོ། །དང་པོ་ངག་དོན་ནི། བྱེད་པའི་མུ་བཞི་དང་སྦྱར་ན། ཕྱག་གང་གིས་བཙལ་ན་སྡུད་པ་པོ་གསང་བདག་གིས། གང་ལ་ན་རྒྱུད་ཀྱི་སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལའོ། །དུས་གང་གི་ཚེ་ན། སྡུད་པ་པོས་འོག་མིན་དུ་དང་པོར་ཤེས་རྒྱུད་ལ་བཏུས་ཏེ། དེ་ནས་མི་ཡུལ་དུ་ཚིག་ཏུ་བསྡུ་བའི་ཚེ་ནའོ། །ཚུལ་ཇི་ལྟར་བཙལ་ན། རབ་ལྟ་བ་མཇལ་བ། འབྲིང་སྒོམ་པ་གོམས་པ། ཐ་མ་མོས་གུས་ཀྱི་ཕྱག་གསུམ་ལས། འདི་ནི་སྡུད་པ་པོའི་ཕྱག་ཡིན་པའི་ཕྱིར་དང་པོའོ། །འོ་ན་གཉིས་པ་ཚིག་གི་དོན་དེ་ཇི་ལྟ་བུ་ཞེ་ན། དེའི་དོན་རྒྱས་པར་འཆད་པ་ལ། བི་མ་ལས་འགྲེལ་ཆུང་དུ། མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོམ། །ཕྱག་རྒྱའི་རང་བཞིན་ཚོགས་གཉིས་རྫོགས་པར་ལྡན། །ཡོད་མེད་མཐའ་འདས་བདག་གཞན་ཡོངས་ཀྱི་དཔལ། །ཐམས་ཅད་རང་བཞིན་རྟོགས་དང་ཐུགས་རྗེ་བཟང་། །ཀུན་བཟང་ལྷ་ཡི་ལྷ་ཁྱོད་དབྱེར་མེད་ལ། །རྟོགས་དང་གུས་པས་རབ་ཏུ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དེའི་དོན་སྟོན་པ་ཀུན་ཏུ་བཟང་པོ་ཆོས་ཅན། ཁྱོད་ཀྱི་མཚན་གྱི་ཚིག་ཟུར་ལ་བཅོམ་ཞེས་པ་ནི། ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་བདུད་བཞི་ངང་གིས་དག་པས་ན་བདུད་བཞི་བཅོམ་པ་སྟེ། ཕྲིན་ལས་ཀྱི་མཚན་ཡིན་ཏེ། ཇི་ལྟར་ན་རྒྱུ་ཉོན་མོངས་པའི་མཚན་མ་རང་སར་གྲོལ་བས་འབྲས་བུ་ཉེར་ལེན་གྱི་ཕུང་པོ་མི་ལེན་ཞིང་། དེ་མ་བླངས་ན་སྐྱེ་ཤི་དང་ལྷའི་བུའི་བདུད་ཀྱི་བར་དུ་གཅོད་པས་མི་ཚུགས་པའི་ཕྱིར། དེ་ལྟར་ཡང་། རྒྱས་པ་ལས། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་ནས། །ཞེས་གསུངས་པ་ཡིན་ནོ། །སྟོན་པ་ཆོས་ཅན། ཁྱོད་ལ་ལྡན་ཞེས་པ་ཡོན་ཏན་གྱི་མཚན་ཡིན་ཏེ། སྤྱིར་བྷ་ག་ཝན་གྱི་སྒྲ་ལས་བྷ་ག་ནི་བཅོམ་པ་ལ་འཇུག་པར་མ་ཟད། རྣམ་པ་གཅིག་ཏུ་སྐལ་བའམ་ལེགས་པ་རྣམ་པ་དྲུག་ལ་འཇུག་པར་ཡང་བཤད་པའི་ཕྱིར་ཏེ། སམྦྷུ་ཊི་ལས། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དེ་ལ་སྐལ་ཞེས་བྱ། །ཞེས་གསུངས་པའི་ཕྱིར་དང་། ཁྱད་པར་འདི་ནི། ཆོས་སྐུའི་ཕྱག་རྒྱ་ཡེ་ཤེས་ཀྱི་ཚོགས་དང་། གཟུགས་སྐུའི་ཕྱག་རྒྱ་བསོད་ནམས་ཀྱི་ཚོགས་རྫོགས་པས་སྐུ་ལྔ་ལ་སོགས་པའི་ཡོན་ཏན་རང་རིག་པའི་ཡེ་ཤེས་ལ་རང་བཞིན་གྱིས་ལྡན་པའི་དོན་ཏེ། རྡོ་རྗེ་ལས་རིམ་ལས། སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་པའི་ཕྱིར། འོ་ན་འདས་ཞེས་པའི་དོན་དེ་གང་ཞེ་ན། དེ་ནི་བཀས་བཅད་ལས། འཇིག་རྟེན་པའི་བྷ་ག་བཱན་ལས་ཁྱད་པར་འདས་ཞེས་བླ་ཐབས་སུ་བསྣན་ཏེ། ཞེས་གསུངས་ཤིང་། བྷ་གའི་སྒྲ་སྲིད་པ་དང་འཇིགས་པར་འགྲོ་བ་ལ་འཇུག་སྟེ། དེ་ལས་འདས་པས་ན་བྷ་ག་བཱན་ནོ། །འདིར་ནི་འདས་ཞེས་པ་ཆོས་ཅན། མཚན་ཉིད་ཀྱི་མཚན་ཉིད་ཡིན་ཏེ། ཆོས་སྐུ་སྐྱེ་བ་མེད་པས་ཡོད་པའི་མཐའ་དང་། གཟུགས་སྐུ་འགག་པ་མེད་པས་མེད་པའི་མཐའ་སྟེ། སྤྲོས་པའི་མཚན་མ་ཀུན་ལས་འདས་པའི་ཕྱིར་ཏེ། དེ་ལྟར་ཡང་། ཕལ་པོ་ཆེ་ལས། སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་དང་། རྡོ་རྗེ་ལས་རིམ་ལས་ཀྱང་། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་གསུངས་པའི་ཕྱིར། ཡང་སྟོན་པ་ཆོས་ཅན། ཁྱོད་ལ་དཔལ་ཞེས་པ་ནི་ཆེ་བའི་མཚན་ཡིན་ཏེ། རང་བཞིན་ལྷུན་གྲུབ་ཀྱི་དཔལ་གཞི་ཆོས་དབྱིངས་ཤིན་ཏུ་དྲི་མེད་དེ་ཉིད་མངོན་དུ་གྱུར་པས་འབྲས་བུ་ཆོས་སྐུ་རྟོགས་པ་བདག་གི་དཔལ་དང་། གཟུགས་སྐུ་ཐུགས་རྗེ་གཞན་གྱི་དཔལ་མངའ་བ་ཡིན་པའི་ཕྱིར། དེ་ལྟར་ཡང་། རྡོ་རྗེ་ལས་རིམ་ལས། རང་བཞིན་མངོན་བྱས་མ་ལུས་རེ་བ་སྐོང་། ཞེས་གསུངས་པའི་ཕྱིར། འོ་ན་ཀུན་ཏུ་བཟང་པོ་ཞེས་པའི་དོན་དེ་ཇི་ལྟ་བུ་ཞེ་ན། སྟོན་པ་རིགས་དྲུག་པ་ཆོས་ཅན། ཁྱོད་ལ་ཀུན་ཏུ་བཟང་པོ་ཞེས་པ་ནི་རང་གི་ངོ་བོའི་མཚན་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་འཆིང་གྲོལ་མེད་པའི་རང་བཞིན་མངོན་དུ་རྟོགས་པས་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར་ཏེ། འདི་ཉིད་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། ཞེས་གསུངས་པའི་ཕྱིར། སྤྱིར་གནས་ལུགས་ཡེ་སངས་རྒྱས་པ་ནི་རང་བཞིན་ཀུན་ཏུ་བཟང་པོ། དེ་ཉིད་རྟོགས་པའི་ཡོན་ཏན་མངོན་དུ་གྱུར་པ་ནི་རྟོགས་པ་ཀུན་ཏུ་བཟང་པོ། དེ་ལས་གཟུགས་ཀྱི་སྐུ་མངོན་དུ་སྣང་བ་ནི་ཐུགས་རྗེ་ཀུན་ཏུ་བཟང་པོ་སྟེ། འགྲོ་བ་ལ་ཕྱོགས་དུས་ཀུན་ཏུ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྟེར་བར་མཛད་པ་པོ་ཡིན་པའི་ཕྱིར་ཏེ། རྒྱུད་ཕྱི་མ་ལས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ། །མངོན་མཐོ་ངེས་ལེགས་རབ་སྟེར་བ། །ཀུན་ཏུ་བཟང་པོར་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། ལ་ཞེས་པ་ནི། ཕྱག་བྱ་བའི་ཡུལ་མཚོན་པར་བྱེད་པའི་རྣམ་དབྱེ་སྟེ། དེ་ལ་སྡུད་པ་པོ་གསང་བདག་གིས་རང་དང་སྟོན་པའི་ཐུགས་གཉིས་སུ་མེད་པར་རྟོགས་པའི་སྒོ་ནས་ཕྱག་བཙལ་བ་ཡིན་ནོ། །དེ་ལྟར་ཡང་འགྲེལ་པ་མངོན་རྟོགས་ལས། དེ་ཡང་ཐུན་མོང་པ་དག་ལུས་ངག་ཡིད་གསུམ་གྱིས་སོ་སོར་བལྟས་ནས་ཕྱག་འཚལ་བ་ནི་ཤིན་ཏུ་འགལ་ཏེ། ཚི་ཆད་པར་འགྱུར་རོ། །རྨད་དུ་བྱུང་བའི་ཐེག་པ་འདིར་ཀུན་ཏུ་བཟང་པོ་དང་རིག་པ་གཉིས་མེད་དུ་མཇལ་བ་ཕྱག་ཏུ་གསུངས་ཏེ། དེས་མར་གྱི་ནང་དུ་མར་བླུག་པ་བཞིན་ནོ། །ཞེས་དང་། རིམ་ལྔ་ལས་ཀྱང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ལ། རྩོད་པ་འགོད་པ་དང་། དེ་སྤང་བའོ། །དང་པོ་ནི། ཁོ་ན་རེ། ཀླད་དུ་བཀོད་པའི་ཕྱག་འདི་ལོ་ཙཱ་བའི་འགྱུར་ཕྱག་ཡིན་གྱི། སྡུད་པ་པོའི་ཕྱག་མ་ཡིན་ཏེ། སྡུད་པ་པོའི་ཚིག་ནི། འདི་སྐད་བཤད་པའི་དུས་ན། ཞེས་པ་མན་ཆད་ཡིན་པའི་ཕྱིར་ཟེར་ན། གཉིས་པ་དེ་སྤང་བ་ནི། འོ་ན། སྡུད་པ་པོས་བཀའ་བསྡུ་བྱེད་པའི་ཐོག་མར་རང་གི་སྟོན་པ་ལ་བསྟོད་ཕྱག་བྱས་པ་དེ་མེད་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། སོ་ཐར་གྱི་མདོའི་དཀའ་བསྡུ་བའི་ཚེ་སྟོན་པ་ལ་བསྟོད་ཕྱག་བྱས་ནས་བཀའ་བསྡུས་པའི་ཕྱིར་ཏེ། དེ་ལས། འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་བཙལ་ནས། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་གསུངས་པའི་ཕྱིར་བྱས་པ་ལ། ཁོ་ན་རེ། འོ་ན་རྒྱུད་འདི་ལ་ལོ་ཙཱ་བའི་འགྱུར་ཕྱག་མེད་པར་ཐལ། ཀླད་དུ་བཀོད་པའི་ཕྱག་འདི་ནི་སྡུད་པ་པོའི་ཕྱག་ཡིན་ལ། དེ་ལས་གཞན་པའི་འགྱུར་ཕྱག་མེད་པའི་ཕྱིར་ཟེར་ན། དོགས་པ་དེའི་སྐྱོན་མེད་དེ། ལོ་ཙཱ་བས་རྒྱལ་པོའི་བཀས་བཅད་དང་བསྟུན་ནའང་སྟོན་པ་ཀུན་བཟང་ལ་ཕྱག་འཚལ་བར་རིགས། རང་གི་འདོད་པའི་ལྷ་ལ་འཚལ་ནའང་སྟོན་པ་ཀུན་བཟང་ལ་ཕྱག་འཚལ་བར་རིགས་པར་མཐོང་ནས་འགྱུར་ཕྱག་ཟུར་དུ་མ་བཀོད་པའི་ཕྱིར་ཏེ། དུས་འཁོར་གྱི་རྒྱུད་ཀྱི་ཀླད་དུའང་ཡི་གེ་པའི་ཕྱག་གིས་གོ་བཅད་དེ་འགྱུར་ཕྱག་མ་བཀོད་པ་བཞིན་ནོ། །འདིར་གཡུང་ཊིཀ་ཏུ། རྒྱུད་གཞུང་སྤྱིའི་ལུགས་ཀྱི་ཀླད་ཀྱི་བསྟོད་ཕྱག་ཡི་གེ་པའི་ཕྱག་ཏུ་བཞེད་པ་ནི་མ་ཡིན་ཏེ། ཕལ་ཆེ་བར་འགྱུར་ཕྱག་ཏུ་སྣང་བའི་ཕྱིར་དང་། འདིར་ནི་སྤར་ཁབ་ལས། སྡུད་པ་པོས་ཚིག་གཉེར་བ་དེའི་ཚེ་རང་གི་སྟོན་པ་ལ་མཆོད་པར་བརྗོད་པའོ། །ཞེས་སྡུད་པ་པོའི་ཕྱག་ཏུ་བཤད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། དེས་སྟོན་པ་ལ་དབང་མི་ཟ་བའི་ཕྱིར་ཀླད་ཀྱི་དོན་ཕྱག་འཚལ་བ་སོང་ནས།

གཉིས་པ་བཀའི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་གཞུང་དོན་གཏན་ལ་དབབ་པ་ལ། འདི་ཉིད་ལས། རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །ཞེས་གསུངས་པ་ལྟར་གྱི། རྒྱུད་འདི་ཉིད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་འཆད་ཚུལ་གསུམ་སྟེ། ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས་པའི་ཕྱིར། དེ་ལས་འདིར་བར་མའི་དབང་དུ་བྱས་ན། གཞུང་ཚོགས་ལེའུ་ཉེར་གཉིས་ཀྱང་ཆོས་ལྔར་འདུ་སྟེ། འགྲེལ་པ་སྤར་ཁབ་ལས། སྤྲོས་པ་ལ་དགའ་བ་དབང་པོ་འབྲིང་གི་དོན་དུ་རྒྱུད་ཀྱི་དོན་རྣམ་པར་ཕྱེ་བས་ལྔ་སྟེ། ཞེས་གསུངས། དེའང་ལྔ་པོ་དེ་གང་ཡིན་ཞེ་ན། འགྲེལ་པ་མངོན་རྟོགས་ལས། རྒྱུད་གཞུང་གཞི་བསླང་ཡོངས་སུ་ཤེས། །དགོས་འབྲེལ་གཏད་དང་རྫོགས་པའོ། །ཞེས་གསུངས་པས། ལེའུ་དང་པོ་དང་། གསུམ་པའི་སྟོད་དང་། བཅོ་ལྔ་པ་རྣམས་ཀྱིས་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་དང་། ལེའུ་གཉིས་པས་རྐྱེན་གླེང་བསླང་བ་དང་། ལེའུ་གསུམ་པའི་སྨད་ནས་ཉེར་གཅིག་པ་ཡན་ཆད་ཀྱིས་འབྲས་བུ་ཡོངས་ཤེས་རྒྱུད་དོན་དང་། དེ་དག་ལ་ཁྱབ་བྱེད་དུ་རྒྱུད་ཀྱི་དགོས་འབྲེལ་དང་། ལེའུ་ཐ་མས་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་ལྔ་ལས། དང་པོ། རྒྱུད་འབྱུང་བའི་གླེང་གཞི་ཕུན་སུམ་ཚོགས་པ་ཞེས་བྱ་བ་དེ་ཉིད་འཆད་པར་བྱེད་པ་ལའང་བཞི་སྟེ། གླེང་གཞི་བསྟན་པའི་དགོས་ཆེད། བསྟན་བྱ་གླེང་གཞིའི་ངོ་བོ། དེ་ལྟར་བསྟན་པའི་སྒྲ་དོན། ཇི་སྙེད་བསྟན་པའི་རྣམ་གྲངས་སོ། །དེའི་དང་པོ། གླེང་གཞི་བསྟན་པའི་དགོས་པ་ཆོས་ཅན། གཉིས་སུ་ངེས་ཏེ། གླེང་གཞི་ཚོགས་པས་རྒྱུད་དོན་འབྱུང་བའི་རྒྱུ་བྱེད་པའི་ཕྱིར་དང་། གླེང་གཞིའི་ལོ་རྒྱུས་ལ་བརྟེན་ནས་མ་འོངས་པའི་གདུལ་བྱ་རྣམས་ཡིད་ཆེས་ཤིང་རྒྱུད་ལ་འཇུག་པར་འགྱུར་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་བསྟན་བྱ་གླེང་གཞིའི་ངོ་བོ་ཆོས་ཅན། ཁྱོད་ལ་ཕུན་སུམ་ཚོགས་པ་ལྔའམ་དྲུག་ལྡན་ཏེ། ཁོག་གཞུང་ལས། སྟོན་པ་གནས་དང་སྡུད་པ་འཁོར། །ཞེས་སོགས་དང་། དོན་བསྡུས་ལས། ངོ་བོ་ཚོགས་པ་དྲུག་ཉིད་དེ། །ཞེས་གསུངས་པ་ཡིན་པའི་ཕྱིར། གསུམ་པ་དེ་ལྟར་བསྟན་པའི་སྒྲ་དོན་ཆོས་ཅན། བཤད་དུ་ཡོད་དེ། གང་གླེང་ན་བསྟན་པ་སྟེ། དེའི་རྒྱུའམ་གཞི་ནི་ཕུན་སུམ་ཚོགས་པ་ལྔ་ཡིན་པའི་ཕྱིར་དང་། ཡང་ན་དཱ་ན་ཞེས་པའི་སྒྲ་ལས་དྲངས་ན། ངེས་པ་སྦྱིན་པ་ཞེས་བྱ་བ་ཡིན་ཏེ། བཀའ་མ་ཡིན་པར་རྟོག་པའི་ཐེ་ཚོམ་ཅན་གྱི་བློ་ལ་ཡིད་ཆེས་ཀྱི་ངེས་པ་སྦྱིན་བྱེད་ཡིན་པའི་ཕྱིར། བཞི་པ་ཇི་སྙེད་བསྟན་པའི་རྣམ་གྲངས་དེ་ཆོས་ཅན། ཁྱོད་ལ་གཉིས་སུ་ངེས་ཏེ། ཐུན་མོང་མ་ཡིན་པའི་གླེང་གཞི་དང་། ཐུན་མོང་གི་གླེང་གཞི་གཉིས་ཡོད་པའི་ཕྱིར། དེའི་དང་པོ་ཐུན་མོང་མ་ཡིན་པའི་གླེང་གཞི་དེ་འཆད་པར་བྱེད་པ་ལ། འདི་སྐད་བཤད་པའི་དུས་ན་ཞེས་པའི་གཞུང་འདི་བྱུང་། དེ་ཡང་། འདི་ཞེས་པ་ནི་ཨེའི་སྒྲ་ལས་གནས་ཕུན་སུམ་ཚོགས་པ་སྟེ། ཨེ་དཾ་ལ་བདུན་པ་གནས་གཞི་དོན་དུ་ཏྲ་སྦྱར་བའི་རྣམ་འགྱུར་ཡིན་པ་གང་ཞིག །ཡུམ་ལྔའི་མཁའ་དབྱིངས་མཚོན་པའི་ཕྱིར། སྐད་ཅེས་པ་ནི་ཝཾ་གྱི་སྒྲ་ལས་སྟོན་པ་ཕུན་སུམ་ཚོགས་པ་སྟེ། ཝ་ཙའི་དབྱིངས་དོན་ལས་སྐད་དང་ཝཾ་བཛྲ་ལས་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པའི་ཕྱིར། བཤད་ཅེས་པ་ནི་མའི་སྒྲ་ལས་འཁོར་ཕུན་སུམ་ཚོགས་པ་སྟེ། མ་ད་ན་སྡོམ་པ་དང་མ་ནུའི་སྒྲས་ཡིད་སོགས་རྣམ་ཤེས་ཏེ་འཁོར་དང་སྡུད་པ་པོར་འབྲེལ་བའི་ཕྱིར། པའི་ཞེས་པ་ནི་ཡའི་སྒྲ་ལས་བསྟན་པ་ཕུན་སུམ་ཚོགས་པ་སྟེ། ཡཱ་ནའི་སྒྲ་ཐེག་པ་ལ་འཇུག་ལ། དེ་ཉམས་སུ་བླངས་པས་དོན་དམ་འོད་གསལ་ལྷན་སྐྱེས་ཀྱི་ཡེ་ཤེས་ཟབ་མོའི་དོན་སྐྱེས་པ་ནི་བསྟན་པ་ཡིན་པའི་ཕྱིར། དུས་ན་ཞེས་པ་ནི། སླར་ཡང་ཡའི་སྒྲ་ལས་དུས་ཕུན་སུམ་ཚོགས་པ་སྟེ། ས་མ་ཡའི་སྒྲ་དུས་ལ་འཇུག་པའི་མིང་མཐའ་བསྡུས་པ་ཡིན་པའི་ཕྱིར། འདི་འཆད་པ་ལ། ཐུན་མོང་མ་ཡིན་པའི་སྒོ་ནས་གླེང་གཞིའི་དོན་བསྟན་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལའང་། ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ་དང་། གསང་བ་ལྟར་ཐབས་ལམ་འོག་སྒོ་དང་སྦྱར་ཏེ་བཤད་པ་གཉིས་ལས། དང་པོ་ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ་ཞེས་བྱ། དེ་ཉིད་འཆད་པར་བྱེད་པ་ལ། འདི་སྐད་བཤད་པའི་དུས་ན། ཞེས་པའི་གཞུང་འདི་བྱུང་། དེའི་དོན་ནི། འདི་ཞེས་པ་ཆོས་ཅན། ཁྱོད་ཀྱིས་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ལས། རྩ་བའི་འདབ་མ་བཞི་ཨེ་གྲུ་གསུམ་སོགས། ལས་བཞིའི་དབྱིབས་དང་ཁ་དོག་འོད་བཞིའི་རྣམ་པར་གནས་པ་ནི་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་པའི་གནས་ཡིན་པའི་ཕྱིར་ཏེ། རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །ཞེས་གསུངས་པའི་ཕྱིར། སྐད་ཅེས་པ་ཆོས་ཅན། ཁྱོད་ཀྱིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཆོས་ཀྱི་འཁོར་ལོའི་དབུས་ན་སྲོག་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས་ཀྱི་ངོ་བོ་ཡི་གེ་ཝཾ་གྱི་དབྱིབས་ཅན་ནི། དཔེར་ན་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་ལྟར། དེ་ཉིད་རང་ལ་བདེ་བ་གསལ་བར་སྟོན་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། རྒྱ་མཚོ་ལས། མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་བདག །ཅེས་གསུངས་པའི་ཕྱིར། བཤད་ཅེས་པ་ཆོས་ཅན། ཁྱོད་ཀྱིས་འཁོར་ཕུན་སུམ་ཚོགས་པ་བསྟན་ཏེ། རྩ་བཞི་ལ་ཀུན་གཞི་དང་། ཡིད་དང་། ཉོན་ཡིད་དང་། སྒོ་ལྔའི་རྣམ་ཤེས་བཞི་གནས་ལ། དེ་དག་གིས་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་བར་ཉམས་སུ་མྱོང་བ་ནི་བཤད་པ་དང་འདྲ་བས་འཁོར་དང་། བྱེ་བྲག་ཚོགས་བདུན་ཀུན་གྱི་རྗེས་སུ་འཇུག་པའི་ཡིད་ཀྱི་རྣམ་ཤེས་ནི་སྡུད་པ་པོར་བཞེད་པའི་ཕྱིར་ཏེ། རྒྱ་མཚོ་ལས། མ་ནུ་རྣམ་ཤེས་ཡིད་སོགས་བཞི། །ཡེ་ཤེས་མྱོང་བས་སྡུད་པར་བཤད། །ཅེས་གསུངས་པའི་ཕྱིར། པའི་ཞེས་པ་ཆོས་ཅན། ཁྱོད་ཀྱིས་བསྟན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། སྟེང་སྒོ་འཁོར་ལོ་བཞིའི་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་བསྟན་པར་བཞེད་པའི་ཕྱིར་ཏེ། རྒྱ་མཚོ་ལས། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །ཞེས་གསུངས་པའི་ཕྱིར། དུས་ན་ཞེས་པ་ཆོས་ཅན། ཁྱོད་ཀྱིས་དུས་ཕུན་སུམ་ཚོགས་པ་བསྟན་ཏེ། སྟེང་སྒོའི་བདེ་བ་སྐྱེས་པ་དེའི་ཚེ་དུས་སྔ་ཕྱིར་འཛིན་པའི་རྟོག་པ་དང་བྲལ་བ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཡིན་པའི་ཕྱིར་ཏེ། རྒྱ་མཚོ་ལས། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་གསུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི་བཤད་མ་ཐག་པའི་གཞུང་འདི་བྱུང་། གཉིས་པ་གསང་བ་ལྟར་ཐབས་ལམ་འོག་སྒོ་དང་སྦྱར་ཏེ་བཤད་པ་ཞེས་བྱ་བ་དེ་ཉིད་འཆད་པར་བྱེད་པ་ལ། འདི་སྐད་བཤད་པའི་དུས་ན། ཞེས་པའི་གཞུང་འདི་བྱུང་། དེའི་དོན་ནི། འདི་ཞེས་པ་ཆོས་ཅན། ཁྱོད་ཀྱིས་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། ཡུམ་གྱི་བྷ་ག་ཕྱི་ཁྱམས་ཨེ་གྲུ་གསུམ་ལ་སོགས་ཏེ་ལས་བཞིའི་དབྱིབས་སུ་གནས་པ་ནི་གསང་བའི་སྐུའི་བཞུགས་གནས་ཡིན་པའི་ཕྱིར། དེ་ལྟར་ཡང་ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། ཨེ་སོགས་རྣམ་བཞིའི་དབྱིབས་སུ་གནས། །ཞེས་གསུངས་པའི་ཕྱིར་རོ། །སྐད་ཅེས་པ་ཆོས་ཅན། ཁྱོད་ཀྱིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཡབ་ཀྱི་རྡོ་རྗེའི་དབུར་ཐིག་ལེ་ཐབས་ཀྱིས་བཟུང་བའི་ཚེ་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཝཾ་གྱི་དབྱིབས་ཅན་ནི་ཡབ་ཡུམ་གཉིས་ཀའི་རྒྱུད་ལ་བདེ་བ་གསལ་བར་སྟོན་པའི་བདག་ཉིད་དུ་བཞུགས་པའི་ཕྱིར་ཏེ། ཐལ་རྒྱུད་ལས། སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་ཡིག་ཐིག་ལེར་བཅས་སྟོན་པའོ། །ཞེས་གསུངས་པའི་ཕྱིར། བཤད་ཅེས་པ་ཆོས་ཅན། ཁྱོད་ཀྱིས་འཁོར་ཕུན་སུམ་ཚོགས་པ་བསྟན་ཏེ། བདེ་བ་སྡོམ་པར་བྱེད་པའི་ལས་ཀྱིས་ཡིད་ལ་སོགས་པ་གསང་བའི་རྣམ་ཤེས་ནི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བས་འཁོར་དུ་བཤད་པའི་ཕྱིར་ཏེ། ཐལ་རྒྱུད་ལས། མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་གསུངས་པའི་ཕྱིར། དེའི་ཚེ་བདེ་བ་སྡོམ་པར་བྱེད་པའི་ཡིད་ནི་ཉམས་སུ་མྱོང་བའི་ཆོས་རྣམས་བདེ་བར་བསྡུས་ནས་སྟོན་པས་སྡུད་པ་པོ་ཡང་ཡིན་ནོ། །པའི་ཞེས་པ་ཆོས་ཅན། ཁྱོད་ཀྱིས་བསྟན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། མྱང་བྱ་སེམས་ལྔ་རྫོགས་པའི་དགའ་བ་བཅུ་དྲུག་གི་མཐའི་སྐད་ཅིག་མ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་རང་བཞིན་གསང་བའི་སྙིང་པོའི་དོན་ཡོད་པའི་ཕྱིར་ཏེ། ཐལ་རྒྱུད་ལས། པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དུས་ན་ཞེས་པ་ཆོས་ཅན། ཁྱོད་ཀྱིས་དུས་ཕུན་སུམ་ཚོགས་པ་བསྟན་ཏེ། ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་དེའི་ཚེ་སྔ་ཕྱིའི་འཛིན་རྟོག་དང་བྲལ་བ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཞེས་མིང་དུ་བརྗོད་པ་ཡིན་པའི་ཕྱིར་ཏེ། ཐལ་རྒྱུད་ལས། དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཞེས་འཆད་པར་བྱེད་པ་ནི་བཤད་མ་ཐག་པའི་གཞུང་དེ་བྱུང་། གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་རྩོད་པ་འགོད་པ་དང་། དེའི་ལན་ནོ། །དང་པོ་ནི། ཁོ་ན་རེ། མདོ་རྒྱུད་གཞན་ཐམས་ཅད་དུ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་འབྱུང་བ་ལས། འདིར་དེ་ལྟར་མ་སྨོས་པའི་ཕྱིར། གླེང་གཞི་ལོག་པས་བཀའ་ཡང་དག་པ་མ་ཡིན་ནོ་ཟེར། གཉིས་པ་དེའི་ལན་ལ། གཞན་ལན་ལ་དཔྱད་པ་དང་། རང་ལན་གདབ་པ་གཉིས། དང་པོ་ནི། ལྷ་རྗེ་གླན་ཤཱཀ་བཟང་ན་རེ། བཤད་ཐོས་གཉིས་ཚིག་མི་མཐུན་ཀྱང་སྟོན་པས་འཁོར་ལ་བཤད་པ་དང་། འཁོར་གྱིས་སྟོན་པ་ལས་ཐོས་པ་དོན་མཐུན་གསུངས་ནའང་། ཐོས་པ་ལ་བཤད་པས་མ་ཁྱབ་པའི་ཕྱིར། ལེགས་པར་མི་སེམས་སོ། །ཡང་ལྷ་རྗེ་མདའ་ཏིག་ན་རེ། ཐོས་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་སྐྱོན་གསུམ་སྲིད་པ་ལས། འདིར་བཤད་ཅེས་པ་སྟོན་འཁོར་དགོངས་པ་གཉིས་སུ་མེད་པས་ཉིད་ལ་ཉིད་བཤད་པའི་ཕྱིར། སྔར་གྱི་སྐྱོན་གསུམ་རྣམ་པར་བཅད་པའོ་གསུང་ཡང་མི་འཐད་དེ། བཤད་ཙམ་ལ་སྐྱོན་གསུམ་དང་བྲལ་བས་མ་ཁྱབ་ཅིང་། དགོངས་པ་གཉིས་སུ་མེད་པ་ཉིད་ལ་ཉིད་ཐོས་པས་ཉིད་ལ་ཉིད་བཤད་པའི་ཕྱིར། ཡང་ཁྱེད་བླ་མ་དང་རྗེ་སྒྲོ་ཕུག་གི་བཞེད་ཀྱི། སྐུ་གཉིས་ཀྱིས་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུ་ཚིག་ཏུ་མི་གསུང་བས་རྣ་བས་ཐོས་སུ་མེད་པའི་ཕྱིར་བཤད་ཅེས་དང་། སྤྲུལ་སྐུ་ཚིག་ཏུ་གསུང་བའི་ཕྱིར་ཐོས་བྱ་བར་འོང་བ་ཡིན་གསུངས་ནའང་། ལོངས་སྐུས་གསུངས་པའི་རྒྱུད་དུ་བཤད་ཅེས་འོང་བས་ཁྱབ་ན། ལོངས་སྐུས་གསུངས་པའི་རྒྱུད་ཀུན་དུ། དེ་ལྟར་འབྱུང་རིགས་པ་ལས་མ་བྱུང་བའི་ཕྱིར་སྙམ་དུ་དོགས་སོ། །ཡང་རྗེ་དྲི་ངས་པ་ན་རེ། སྟོན་པའི་དགོངས་པ་བརྡའི་བཤད་པ་སྡུད་པ་པོས་མ་འཕྲི་མ་བསྣན་པར་བཤད་པར་བཞེད་པའང་སྔར་དང་ཞེ་འདོད་གཅིག་མོད། འོན་ཀྱང་འདི་ལ་འགལ་བ་མ་མཐོང་ངོ་། །འོ་ན་ཇི་ལྟར་ཡིན་ཞེ་ན། གཉིས་པ་རང་ལན་གདབ་པ་ནི། གསང་བདག་གིས་བསྡུ་བ་བྱེད་པ་ན་རང་ཉིད་སྟོན་པ་ཉིད་དུ་ཁས་བླངས་ཏེ། སྔར་ངས་འོག་མིན་དུ་བཤད་པ་ཉིད་ཡང་འདིར་བཤད་པར་བྱ་ཞེས་དང་། དུས་ན་ཞེས་པའང་། དུས་རེས་འགའ་བ་མ་ཡིན་ཏེ། རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པའི་དོན་གྱིས། རྒྱུད་གཞན་དང་ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་བསྡུས་པར་མངོན་ཏེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། བཤད་ཅེས་པས་ནི་འཁོར་དང་སྟོན་པ་གཉིས་སུ་མེད་པར་བསྟན་པ་ཡིན་ལ། ཞེས་སོགས་དང་། སྤར་ཁབ་ལས་ཀྱང་། ཐུན་མོང་མ་ཡིན་པའི་གླེང་གཞི་སྟེ། རྒྱུད་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར། བྱས་པ་ལ། ཁོ་ན་རེ། འོ་ན་བདེ་འདུས་ཀྱི་ཞི་བ་འདུས་པ་རྩ་བའི་རྒྱུད་ཀྱི་ཀླད་དུའང་འདི་སྐད་བཤད་པའི་དུས་ན། ཞེས་འབྱུང་རིགས་པར་ཐལ། རྒྱུད་དེར་སྟོན་འཁོར་རྒྱུད་གཅིག་ཏུ་གསུངས་པའི་ཕྱིར་ཏེ། ང་ནི་ཆེ་བའི་རྒྱལ་པོ་སྟེ༔འཆད་དང་ཉན་པའང་ང་ཉིད་ཡིན༔ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། སྟོན་འཁོར་ཁྱད་མེད་པར་མཚུངས་པ་བདེན་ཡང་། རྒྱུད་འདིར་ནི་ཁྱད་པར་མེད་པར་མཚོན་པའི་ངོས་ནས་སྨོས་ལ། བདེ་འདུས་སོགས་ཐུན་མོང་མ་ཡིན་པའི་རྒྱུད་གཞན་དག་ཏུ་ཁྱད་པར་ཡོད་པར་མཚོན་པའི་ངོས་ནས་སྨོས་པ་ཙམ་དུ་ཟད་དེ། གདུལ་བྱ་མོས་པ་ཐ་དད་ལ་གྲགས་པའི་ཕྱིར། ཁྱབ་པ་མེད་ལན་ཐེབས་པ་ཡིན་ནོ། །གཞན་ཡང་། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་མ་སྨོས་པས་བཀའ་ཡང་དག་པ་མ་ཡིན་པར་འགྱུར་ན། བདེ་མཆོག་རྩ་རྒྱུད་དང་། འཇམ་དཔལ་མཚན་བརྗོད་སོགས་ཀྱང་། དེར་ཐལ་དེ་ལྟར་མ་སྨོས་པའི་ཕྱིར་ཏེ། དེ་ནས་གསང་བ་བཤད་པར་བྱ། ཞེས་དང་། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར། དེས་ན་མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས། འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་པས། ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུའང་སུན་འབྱིན་བརྗོད་པར་མི་བྱའོ། །ཞེས་གསུངས་པ་ལྟར་རོ། །ཞེས་འཆད་པར་བྱེད་པ་ནི། འདི་སྐད་བཤད་པའི་དུས་ན། ཞེས་པའི་གཞུང་འདི་བྱུང་། དེས་ཐུན་མོང་མ་ཡིན་པའི་གླེང་གཞིའི་དོན་བསྟན་པ་སོང་ནས། གཉིས་པ་ཐུན་མོང་གི་གླེང་གཞི་དེ་ཇི་ལྟ་བུ་ཞེ་ན། དེ་འཆད་པ་ལ་གཉིས་ཏེ། རྒྱུད་ཁྱད་པར་གྱི་གླེང་གཞི་དང་། བསྟན་པ་འབྱུང་བ་སྤྱིའི་གླེང་གཞིའོ། །དེའི་དང་པོ་རྒྱུད་ཁྱད་པར་གྱི་གླེང་གཞི་འཆད་པར་བྱེད་པ་ལ། རྒྱུད་ཕྱི་མ་ལས། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་གསུངས་པ་ལྟར་ཕུན་སུམ་ཚོགས་པ་ལྔའམ། ཡང་ན། ཁོག་གཞུང་ལས། སྟོན་གནས་འཁོར་དང་སྡུད་པ་དང་། །བསྟན་པ་དུས་ཀྱིས་ཤེས་པར་བྱ། །ཞེས་གསུངས་པས་ཕུན་སུམ་ཚོགས་པ་དྲུག་ལྡན་ཏེ། གང་ཞེ་ན། གང་གིས་གསུངས་པའི་སྟོན་པ་བཤད། གང་དུ་གསུངས་པའི་གནས་བཤད། གང་ལ་གསུངས་པའི་འཁོར་བཤད། གང་གསུངས་པའི་བསྟན་པ་བཤད། གང་གི་ཚེ་གསུངས་པའི་དུས་བཤད། གང་གིས་བསྡུས་པའི་སྡུད་པ་པོ་བཤད་པའོ། །དེའི་དང་པོ་གང་གིས་གསུངས་པའི་སྟོན་པ་བཤད་པ་ལའང་། སྟོན་པའི་བདག་ཉིད་དང་། འཆད་པའི་སྐྱེས་བུ་གཉིས་ལས། དང་པོ་སྟོན་པའི་བདག་ཉིད་ནི། བཅོམ་ལྡན་འདས་དྲུག་པ་སྤྱིའི་གཟུགས་ཅན་ཀུན་ཏུ་བཟང་པོ་སྟེ། ཁོག་གཞུང་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པ་ཀུན་ཏུ་བཟང་། །ཞེས་གསུངས་པའི་ཕྱིར། དེ་ལའང་དབྱེ་ན་གཉིས་ཏེ། སྟོན་པའི་རང་བཞིན་བཤད་པ་དང་། སྟོན་པའི་ངོ་བོ་བཤད་པའོ། །དང་པོ་སྟོན་པའི་རང་བཞིན་དེ་འཆད་པར་བྱེད་པ་ལ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ལོངས་སྤྱོད་ཆེན་པོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། ཞེས་པའི་གཞུང་འདི་བྱུང་། དེའི་དོན་དེ་ཇི་ལྟ་བུ་ཡིན་ཞེ་ན། སྟོན་པའི་རང་བཞིན་གྱི་གོ་དོན་དང་། དེ་གཏན་ལ་དབབ་པ་གཉིས་ལས། དང་པོ་གོ་དོན་ནི། སྟོན་པ་ཀུན་ཏུ་བཟང་པོ་ཆོས་ཅན། ཁྱོད་ཀྱི་རང་བཞིན་བཤད་དུ་ཡོད་དེ། ཉིད་ཀྱི་དགོངས་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཅན། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་ཆོས་ཉིད་ཐ་མི་དད་པར་གནས་པ་དེ་ཁྱོད་ཀྱི་རང་བཞིན་ཡིན་པའི་ཕྱིར། འོ་ན་སྟོན་པའི་རང་བཞིན་གཏན་ལ་དབབ་པ་དེ་ཇི་ལྟ་བུ་ཞེ་ན། སྤར་ཁབ་ལས། རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་པའང་མདོར་བདུན་དུ་འདུ་སྟེ། ཞེས་པས། སྟོན་པའི་རང་བཞིན་བདུན་དུ་བཤད་པ་དང་། ཁོག་གཞུང་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པ་ཀུན་ཏུ་བཟང་། །ཞེས་པས་ཡང་དག་པ་དང་། རྫོགས་པ་སོ་སོར་ཕྱེ་སྟེ་རང་བཞིན་བརྒྱད་དུ་བཤད་པ་དང་། བི་མ་ལས་འགྲེལ་ཆུང་དུ། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་སྟོན་པའི་རང་བཞིན་བཞིར་བཤད་ནའང་། འདིར་བླ་མ་བརྒྱུད་པའི་གདམས་ངག་ལྟར་མདོར་བསྡུ་ན་གཉིས་ཏེ། འདས་པའི་ཆོས་དང་དབྱེར་མི་ཕྱེད་པར་འཆད་པ་དང་། འཁོར་བའི་ཆོས་དང་དབྱེར་མི་ཕྱེད་པར་འཆད་པའོ། །དང་པོ་ལའང་། མཚན་གྱི་རྣམ་གྲངས་ལྔ་སོ་སོར་བསྟན་པ་དང་། སྤྱིར་བསྡུས་ཏེ་མི་ཕྱེད་པར་བསྟན་པའོ། །དང་པོ་མཚན་གྱི་རྣམ་གྲངས་ལྔར་སོ་སོར་བསྟན་པ་ཞེས་བྱ་བ་དེ་ཉིད་འཆད་པར་བྱེད་པ་ལ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཞེས་པའི་གཞུང་འདི་བྱུང་། དེ་ལ་སྟོན་པའི་ཆེ་བའི་ཡོན་ཏན་གྱི་ལྡོག་ཆ་ནས་སྨོས་ན་མཚན་ལྔ་ལས། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་ནི། དེ་བཞིན་གཤེགས་པ་ཞེས་པས་བསྟན་ཏེ། སྤྱིར་ཏ་ཐཱ་ག་ཏའི་སྒྲ་ལས། ཏ་ཐཱ་ནི་དེ་བཞིན། ག་ཏ་ནི་གཤེགས་པའམ། བྱོན་པའམ། མཁྱེན་པའམ། གསུང་བ་ལ་བྱ་སྟེ། སྔོན་གྱི་རྒྱལ་བ་རྣམས་ཇི་ལྟར་བྱང་ཆུབ་ཀྱི་སྤྱོད་པའི་སྒོ་ནས་གཤེགས་པ་དེ་ལྟར་ལམ་མཐུན་པས་གཤེགས་ཤིང་བྱོན་པ་དང་། དེ་བཞིན་ཉིད་ཇི་ལྟར་བར་མཁྱེན་ཅིང་གསུང་པ་དང་། འདོད་ཡོན་གྱི་སྣང་བ་ཇི་ལྟར་སྣང་བ་དེ་ཡི་ཐབས་ཀྱིས་སྤྱད་པས་གཤེགས་པ་དང་། སེམས་ཅན་རྣམས་སྐྱེ་བ་རྣམ་པ་བཞིའི་ཚུལ་གྱིས་སྐྱེ་བ་ལས་དེ་དག་གི་བསམ་པ་དང་མཐུན་པར་མངལ་ནས་སྐྱེ་བ་དེ་བཞིན་དུ་གཤེགས་པ་སོགས་བཤད་ཀྱང་། འདིར་ནི། སྟོན་པ་ཀུན་ཏུ་བཟང་པོ་ཆོས་ཅན། ཁྱོད་ལ་དེ་བཞིན་གཤེགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་སྒྲིབ་བྱེད་ཀྱི་ཞེན་པ་དང་བྲལ་བས་ནར་སོན་ཞིང་། དེའི་ངོ་བོ་མངོན་དུ་གྱུར་པས་ན་གཤེགས་པ་ཞེས་བརྗོད་པ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་ལས། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་བཤད། །ཅེས་དང་། རྒྱུད་ཕྱི་མ་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །ཅེས་གསུངས་པའི་ཕྱིར། སྟོན་པ་ཆོས་ཅན། ཁྱོད་ལ་ཡང་དག་པར་རྫོགས་པ་ཟེར་བ་ནི་ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན་ཡིན་ཏེ། ཁྱོད་རང་བྱུང་གི་ཡེ་ཤེས་ལ་སྤང་བྱ་མ་གྲུབ་པས་མ་ནོར། མི་འགྱུར་མི་བསླུ་བས་ཡང་དག་པ་དང་། དེས་ན་ཐམས་ཅད་འབྲས་བུ་སྐུ་དང་ཡེ་ཤེས་སུ་རང་སྣང་བས་སྤང་ཐོབ་ལྷག་མ་མ་ལུས་པས་ན་དེ་ལྟར་བརྗོད་པའི་ཕྱིར། འདིས་ལྷུན་གྲུབ་རིག་འཛིན་ལས་ཁྱད་པར་དུ་བྱས་པ་ཡིན་ནོ། །སྟོན་པ་ཆོས་ཅན། ཁྱོད་ལ་སངས་རྒྱས་ཞེས་པ་ནི་སྒྲིབ་བྲལ་གྱི་ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བའི་རང་བཞིན་ཡིན་ཏེ། སྤྱིར་བུདྡྷའི་སྒྲས། གཉིད་སད་པ་ལྟར་སངས་པ་དང་། པདྨ་ཁ་ཕྱེ་བ་ལྟར་རྒྱས་པའི་དོན་གཉིས་ཀ་ལ་འཇུག་པར། གཞུང་གཞན་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་གསུངས་པའི་ཕྱིར་དང་། འདིར་ནི་མི་མཐུན་པ་དང་གཉེན་པོ་དབྱེར་མེད་ཀྱང་། དོན་ཇི་བཞིན་པ་མངོན་དུ་བྱས་པའི་སྟོབས་ཀྱིས་སྤང་ཐོབ་མེད་པའི་ཡོན་ཏན་མཐར་ཐུག་པས་ན་དེ་ལྟར་བརྗོད་པའི་ཕྱིར་ཏེ། ལེ་ལག་ལས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་གསུངས་པའི་ཕྱིར་རོ། །སྟོན་པ་ཆོས་ཅན། ཁྱོད་ལ་བཅོམ་ལྡན་འདས་ཞེས་བརྗོད་དེ། སྒྲིབ་པའི་ཆ་ཤས་ཕྲ་མོ་ཙམ་ཡང་མི་གནས་པས་བདུད་བཞི་བཅོམ་ཞིང་ཆེ་བའི་ཡོན་ཏན་གྱི་འབྲས་བུ་ལ་མངའ་མཛད་ཀྱང་། རང་གི་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར་ཏེ། རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། །སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་གསུངས་པའི་ཕྱིར། སྟོན་པ་ཆོས་ཅན། ཁྱོད་ལ་ལོངས་སྤྱོད་ཆེན་པོ་ཞེས་བརྗོད་པ་ནི་མཉམ་པ་ཉིད་ཀྱི་དོན་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ཡིན་ཏེ། ཁྱོད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤྱད་བྱ་སྤྱོད་བྱེད་དུ་འཛིན་པའི་ཞེན་པ་དང་བྲལ་བའི་སྒོ་ནས་ལོངས་སྤྱོད་པས་གཞན་ལས་ཆེས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འཆི་མེད་མཛོད་ལས། ཆེན་པོ་མཆོག་དང་ཚད་མེད་དང་། །མཁས་མཚོན་སྤྲོ་བའི་ལས་འདི་ཉིད། །ཤིན་ཏུ་རྨད་བྱུང་བྱེད་པ་ནི། །ཆེན་པོ་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཞེས་འཆད་པར་བྱེད་པ་ནི། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཞེས་པའི་གཞུང་འདི་བྱུང་། ཁོ་ན་རེ། མཚན་གྱི་རྣམ་གྲངས་ལྔ་སོ་སོར་བསྟན་པ་དེ་ལྟར་ཡིན་ན་འོ་ན་གཉིས་པ་སྤྱིར་བསྡུས་ཏེ་མི་ཕྱེད་པར་བསྟན་པ་དེ་ཇི་ལྟ་བུ་ཞེ་ན། དེ་འཆད་པར་བྱེད་པ་ལ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད། ཅེས་པའི་གཞུང་འདི་བྱུང་། དེའི་དོན་ནི། སྟོན་པ་ཀུན་ཏུ་བཟང་པོ་ཆོས་ཅན། ཁྱོད་ལ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན་གྱི་མཚན་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱི་རྟེན་བྱེད་པའི་ངོས་ནས་སྐུ་ལྔ། བརྡ་སྤྲོད་པའི་ངོས་ནས་གསུང་ལྔ། མི་གཡོ་བའི་ཐུགས་ལྔ། དགོས་འདོད་འབྱུང་བའི་ཡོན་ཏན་ལྔ། གཞན་དོན་མཛད་པའི་ངོས་ནས་ཕྲིན་ལས་ལྔ་སྟེ། འབྲས་ཆོས་ཉེར་ལྔ་པོ་དེ་དག་གཅིག་དང་དུ་མ་དང་བྲལ་ཞིང་། རང་བཞིན་དབྱེར་མི་ཕྱེད་པ། མཚན་ཉིད་སྐྱེ་འཇིག་དང་བྲལ་བ། ངོ་བོ་འདུས་མ་བྱས་པ་རྡོ་རྗེའི་བདག་ཉིད་དུ་གཅིག་པས་ན་དེ་ལྟར་བརྗོད་པའི་ཕྱིར་དང་། དེས་ན་ཀུན་ཏུ་བཟང་པོ་ཆོས་ཅན། ཁྱོད་ལ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཅན་ཞེས་བརྗོད་དེ། འབྲས་ཆོས་ཉེར་ལྔ་པོ་ཁྱོད་ཀྱི་དགོངས་པར་རང་བྱུང་གི་ཡེ་ཤེས་སུ་འདུས་ཤིང་རིགས་ལྔ་ཡང་དྲུག་པར་འདུས་པས་ན་དུ་མ་དང་བྲལ་བའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་རིགས་ཐམས་ཅད་ཀྱི་བདག་པོ་ཞེས་ཀྱང་བརྗོད་དེ། ཁྱོད་ཀྱི་ཡོན་ཏན་གྱི་ཁྱད་པར་ལས་འབྲས་ཆོས་ཉེར་ལྔ་དང་རིགས་ལྔར་མ་འགགས་པར་སྣང་བས་གཅིག་དང་བྲལ་བའི་ཕྱིར་རོ། །ཞེས་འཆད་པར་བྱེད་པ་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད། ཅེས་པའི་གཞུང་འདི་བྱུང་། དེས་སྟོན་པ་འདས་ཆོས་དང་དབྱེར་མེད་པའི་རང་བཞིན་བསྟན་པ་དེ་སོང་ནས། གཉིས་པ་སྟོན་པ་འཁོར་བའི་ཆོས་དང་དབྱེར་མི་ཕྱེད་པའི་རང་བཞིན་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་འཆད་པར་བྱེད་པ་ལ། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། ཞེས་པའི་གཞུང་འདི་བྱུང་། དེའི་དོན་ནི། རྒྱལ་བ་དྲུག་པ་ཆོས་ཅན། ཁྱོད་ཁམས་གསུམ་དང་དུས་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཅན་ཡིན་ཏེ། ཁྱོད་དང་དེ་ལྟ་བུའི་འཁོར་བའི་ཆོས་གཉིས་ཀའང་། ཀུན་རྫོབ་ཏུ་རིག་པ་སྒྱུ་མ་ལྟ་བུ་ཡིན་པས་སོ་སོ་མ་ཡིན། དོན་དམ་པར་སེམས་ཉིད་དུ་མ་སྐྱེས་པ་ཐ་མི་དད། བདེན་པ་གཉིས་ཀྱི་ཐ་སྙད་ལས་འདས་པས་ན་དབྱེར་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། གལ་ཏེ་ཁོ་ན་རེ། ཀུན་རྫོབ་ཏུ་སོ་སོ་དང་། དོན་དམ་པ་ཐ་དད་དོ་ཞེ་ན། མི་རིགས་ཏེ། ཀུན་རྫོབ་ཏུ་སོ་སོ་ཡིན་ན། རྒྱས་པ་ལས། སོ་སོའི་རང་བཞིན་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་པས་གནོད་ཅིང་། དོན་དམ་པར་ཐ་དད་ནའང་། ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་སྤང་ཞིང་བྱང་སྒྲུབ་མེད། །ཅེས་པས་གནོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་གཞུང་འདི་བྱུང་། འཕྲོས་དོན། འཆད་པའི་སྐྱེས་བུ་རིགས་ལྔ་ཆོས་ཅན། ཁྱོད་ལ་འོག་ཏུ་རང་བཞིན་གཉིས་སུ་མེད་པའི་འཁོར་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། རང་བཞིན་བདུན་པོ་དེ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པ་ལྟར་རིགས་ལྔའི་རང་བཞིན་ཡང་དེ་བདུན་དང་ལྡན་པའི་ཕྱིར། དེས་སྟོན་པའི་རང་བཞིན་བཤད་པ་དེ་སོང་ནས། གཉིས་པ་སྟོན་པའི་ངོ་བོ་བཤད་པ་ཞེས་བྱ་བ་དེ་ཉིད་རྒྱུད་འཁྲུགས་སྡེབས་ཀྱི་མན་ངག་གིས་གཞུང་འོག་ནས་བླངས་ཏེ་འཆད་པར་བྱེད་པ་ལ། སྐུ་མདུན་དང་རྒྱབ་མེད་པ། ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་མཚན་དང་དཔེ་བྱད་དང་ལྡན་པ། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པ་ཀུན་ཏུ་སྣང་བ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག །ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ཞེས་པའི་གཞུང་འདི་བྱུང་། དེ་ཡང་ངོ་བོ་ལ་གོ་དོན་དང་། གཏན་ལ་དབབ་པ་གཉིས་ལས། དང་པོ་གོ་དོན་ནི། སྟོན་པ་ཆོས་ཅན། ཁྱོད་ཀྱི་ངོ་བོ་བཤད་དུ་ཡོད་དེ། སྔར་སྨོས་པའི་རང་བཞིན་དེ་ཉིད་གདུལ་བྱ་ལ་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་བའི་རྣམ་འགྱུར་གྱི་ཆ་ལ་དེ་སྐད་དུ་བརྗོད་པའི་ཕྱིར། གཉིས་པ་གཏན་ལ་དབབ་པ་ནི། འདི་དག་སྟོན་པའི་ངོ་བོ་ཡང་ཡིན་ལ། འཆད་པའི་སྐྱེས་བུའི་མཚན་ཉིད་ཀྱང་ཡིན་པས་ཐུན་མོང་དུ་སྟོན་ཞེས་སྤར་ཁབ་མཁན་པོ་གསུངས་པ་ལྟར། འདིར་སྟོན་པའི་ངོ་བོ་དང་རིགས་ལྔའི་མཚན་ཉིད་དེ་ཇི་ལྟ་བུ་ཞེ་ན། དེའི་དོན་ཚོམས་བསྡུས་ནས་བཤད་ན་བཞི་སྟེ། སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་རྟགས་དང་། ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་དང་། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་དང་། རྣམ་ཐར་གསུམ་ཆུབ་པའི་དོན་རྟགས་བཤད་པའོ། །དང་པོ་ལའང་། ཆོས་སྐུའི། ལོངས་སྐུའི། སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་གསུམ་ལས། དང་པོ་ཆོས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་འཆད་པར་བྱེད་པ་ལ། སྐུ་མདུན་དང་རྒྱབ་མེད་པ། ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་། ཞེས་པའི་གཞུང་འདི་བྱུང་། དེའི་དོན་ནི་སྟོན་པ་དང་འཆད་པའི་སྐྱེས་བུ་རིགས་ལྔ་ཆོས་ཅན། ཁྱོད་ལ་མདུན་རྒྱབ་མེད་པར་ཞལ་ཐལ་ལེ་བར་གསལ་ཚུལ་བཤད་དུ་ཡོད་དེ། བདེ་གཤེགས་རང་སྣང་ལ་སྐུ་མདུན་དང་རྒྱབ་མ་གྲུབ་ཅིང་གདུལ་བྱའི་སྣང་བ་ལ་རིས་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བས་གཟུགས་སྐུའི་ཡོན་ཏན་མི་འགག་པའི་ཕྱིར་ཏེ། དེ་དང་དེ་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར། དེ་ལྟར་ཡང་སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གསལ། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །ཞེས་གསུངས་པའི་ཕྱིར། གཉིས་པ་ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། མཚན་དང་དཔེ་བྱད་དང་ལྡན་པ། ཞེས་པས་བསྟན་ཏེ། དེའང་ཐུན་མོང་དང་། ཁྱད་པར་གྱི་མཚན་དཔེ་གཉིས་ལས། དང་པོ་ཐུན་མོང་གི་མཚན་དཔེ་ནི། སྟོན་པ་དང་རིགས་ལྔ་ཆོས་ཅན། ཁྱོད་ལ་ཐུན་མོང་གི་མཚན་དང་དཔེ་བྱད་མངའ་བ་ཡིན་ཏེ། ཕྱག་ཞབས་ཀྱི་འཁོར་ལོ་སོགས་མཚན་སོ་གཉིས་དང་། སེན་མོ་ཟངས་ཀྱི་མདོག་ཅན་སོགས་དཔེ་བྱད་བརྒྱད་ཅུ་མངའ་བ་གང་ཞིག །མཚན་དཔེ་དེ་རྣམས་སྤྲུལ་སྐུ་ལའང་ཡོད་ཅིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ལའང་ཕྱོགས་མཐུན་ཙམ་ཡོད་པར་བཤད་པས་ན་ཐུན་མོང་གི་མཚན་དཔེར་ངེས་པའི་ཕྱིར། འོ་ན་ཁྱད་པར་གྱི་མཚན་དཔེ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་འཆད་པ་ལ་གསུམ་སྟེ། ཕྱིའི་མཚན་དཔེ་བཤད་པ། ནང་གི་བཤད་པ། གསང་བའི་བཤད་པའོ། །དང་པོ་ཕྱིའི་མཚན་དཔེ་ཆོས་ཅན། དེའང་བཤད་དུ་ཡོད་དེ། སྟོན་པའི་ཐུགས་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞི་པོར་རེ་རེ་ལའང་བཞི་རེར་ཕྱེ་བའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག་དང་། དེའི་ཡུལ་ཆོས་ཀྱི་དབྱིངས་བཅུ་དྲུག་ལས་སེམས་མ་བཅུ་དྲུག་སྟེ་མཚན་སོ་གཉིས་དང་། སེམས་དཔའ་བཅུ་དྲུག་པོར་ཡེ་ཤེས་ལྔའི་རྟགས་རིགས་ལྔས་དབུ་བརྒྱན་པའི་ལྷ་བརྒྱད་ཅུ་ནི། དཔེ་བྱད་བརྒྱད་ཅུར་འཆད་པའི་ཕྱིར་ཏེ། སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར། སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་གསུངས་པའི་ཕྱིར་དང་། འདིར་ཡུམ་བཅུ་དྲུག་ལ་དབུ་རྒྱན་མ་བཤད་དེ། ཆོས་ཀྱི་དབྱིངས་མཚོན་པའི་ཕྱིར་རོ། །ཁོ་ན་རེ། དེ་དག་འཁོར་དུ་འདུག་པ་ལ་འདིར་རྒྱན་དུ་ཅིའི་ཕྱིར་འགྱུར་ཞེ་ན། དོགས་པ་དེའི་སྐྱོན་མེད་དེ། རྒྱན་གྱི་དོན་ནི་མཛེས་བྱེད་ཡིན་པ་གང་ཞིག །འཁོར་དང་འཁོར་གྱི་རྒྱན་ཕུན་སུམ་ཚོགས་པས་གཙོ་བོའི་རང་བཞིན་ཡང་བཀོད་པས་མཛེས་ཤིང་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར། གཉིས་པ་ནང་གི་མཚན་དཔེ་དེ་ཅི་ལྟ་བུ་ཞེ་ན། དེ་ཆོས་ཅན། བཤད་དུ་ཡོད་དེ། སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་སོ་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། ལྟེ་བའི་རྩ་འདབ་རེ་བཞི་ལས་སྟོང་པའི་རྩ་བཞི་ཕྲི་བའི་དྲུག་ཅུ། མགྲིན་པའི་བཅུ་དྲུག །སྙིང་གའི་རྩ་ཆེན་བཞི་སྟེ་བརྒྱད་ཅུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུར་གསུངས་པའི་ཕྱིར་ཏེ། ཐལ་རྒྱུད་ལས། སྒྲ་དབྱངས་གསུང་གི་གནས་བཞི་ཡི། །དབྱེ་བས་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་གྱུར་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་གསང་བའི་མཚན་དཔེ་བཤད་པ་ནི། དེ་ཆོས་ཅན། ཁྱོད་སྟོན་པ་ཡབ་ཡུམ་གཉིས་རོལ་པའི་དུས་ཀྱི་དགའ་བ་ལ་རྩི་བ་ཡིན་ཏེ། ཡབ་ཡུམ་གཉིས་ཀྱི་དགའ་བ་བཅུ་དྲུག་བཅུ་དྲུག་ནི་མཚན་སོ་གཉིས། ཡབ་ཀྱི་དགའ་བ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པ་ནི་དཔེ་བྱད་བརྒྱད་ཅུར་གསུངས་པའི་ཕྱིར་ཏེ། རྒྱ་མཚོ་ལས། ཨཱ་ལི་ཀཱ་ལི་བདེ་བ་ཉིད། །ཕན་ཚུན་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་ངོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། །ཞེས་གསུངས་པའི་ཕྱིར་བྱས་པ་ལ། ཁོ་ན་རེ། ནང་དང་གསང་བའི་མཚན་དཔེ་དེ་རྣམས་རྩ་ཁམས་ཀྱི་རང་བཞིན་དུ་འདུག་པ་ལ་རྒྱན་དུ་ཇི་ལྟར་འགྱུར་ཞེ་ན། དེ་རྣམས་རྒྱན་དུ་འགྱུར་ཚུལ་ཡོད་དེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་ནི་རྒྱན་གྱི་ནང་ནས་མཛེས་བྱེད་མཆོག་ཏུ་གྱུར་པ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། འོ་ན་ཕྱི་ནང་གསང་བའི་མཚན་དཔེ་དེ་རྣམས་ལ་ཁྱད་པར་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། དེའང་བཤད་དུ་ཡོད་དེ། མཚན་དཔེ་དེ་རྣམས་སྟོན་པ་དང་འཆད་པའི་སྐྱེས་བུ་ཁོ་ནའི་འཕགས་ཆོས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་པས་བསྟན་ཏེ། དེའི་དོན་ནི། སྟོན་པ་དང་འཆད་པའི་སྐྱེས་བུ་ཆོས་ཅན། ཁྱོད་སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། ཁྱོད་ཀྱི་མཛད་པའི་སྣང་ཚུལ་ནི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པར་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། ཞི་བའི་བློ་གྲོས། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་པའི་ཕྱིར། གཉིས་པ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་ནི། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞེས་པས་བསྟན་ཏེ། དོན་ནི་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་ཆོས་ཅན། དེ་བཤད་དུ་ཡོད་དེ། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བརྡར་ཞབས་གཉིས་ཡབ་ཡུམ་གཉིས་ཀ་བཞེངས་པ་ལྟ་བུ་མ་ཡིན་པར་སྐྱིལ་ཀྲུང་དུ་མཚུངས་པར་བཞུགས་ནས་འཁྲིལ་བ་ཡིན་པའི་ཕྱིར་ཏེ། ཐར་ལོའི་འགྱུར་ལས། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཚུངས་པར་སྐྱིལ་ཀྲུང་དུ་བཅིངས་ནས་སྙོམས་པར་འཇུག་ཅིང་བཞུགས་པ། ཞེས་གསུངས་པའི་ཕྱིར། འཕྲོས་དོན་གཙོ་འཁོར་རྣམས་ཀྱི་སྐྱིལ་ཀྲུང་བཅིང་ཚུལ་ཆོས་ཅན། བཤད་དུ་ཡོད་དེ། རིགས་དྲུག་པ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་པདྨའི་སྐྱིལ་ཀྲུང་། འཆད་པའི་སྐྱེས་བུ་རིགས་ལྔ་ཡབ་རྣམས་མཉམ་པའམ་རྫོགས་པའི་སྐྱིལ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་གིས་གཡོན་ཕྱོགས་ནས་འཁྱུད་པ་ཡིན་པའི་ཕྱིར། གསུམ་པ་ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་ནི། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། ཞེས་པས་བསྟན་ཏེ། དེའི་དོན། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་ཆོས་ཅན། དེ་བཤད་དུ་ཡོད་དེ། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་ལྡན་པའི་རྟགས་སུ་ཕྱག་དྲུག་དང་། དེས་འགྲོ་དོན་མཛད་པའི་རྟགས་སུ་ཕྱག་མཚན་དྲུག་འཛིན་པ་ཡིན་པའི་ཕྱིར། འོ་ན་ཕྱག་མཚན་དྲུག་པོ་གང་ཞེ་ན། དེ་ཆོས་ཅན། བཤད་དུ་ཡོད་དེ། རིགས་ལྔ་ཡེ་ཤེས་ལྔའི་མཚན་མར་གྱུར་པའི་རྡོ་རྗེ་སོགས་ལྔ་དང་། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དྲིལ་བུ་སྟེ་དྲུག་ལ་བཞག་པའི་ཕྱིར་ཏེ། སྒྱུ་འཕྲུལ་རོལ་པ་ཆེན་པོའི་རྒྱུད་ལས། ཡེ་ཤེས་དྲུག་གི་བདག་ཉིད་ཀྱི། །ཕྱག་རྒྱ་རིན་ཆེན་འབར་བའི་མཚན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །ཞེས་གསུངས་པ་ཡིན་པའི་ཕྱིར། བཞི་པ་རྣམ་ཐར་གསུམ་ཆུབ་པའི་དོན་རྟགས་ནི། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ཞེས་པས་བསྟན་ཏེ། དེའི་དོན། སྟོན་པ་དང་འཆད་པའི་སྐྱེས་བུ་ཆོས་ཅན། ཁྱོད་ལ་རྣམ་ཐར་གསུམ་ཆུབ་པའི་དོན་རྟགས་བཤད་དུ་ཡོད་དེ། སྐུ་སྟོང་པ་ཉིད་དང་། གསུང་མཚན་མ་མེད་པ་དང་། ཐུགས་སྨོན་པ་མེད་པ་གསུམ་ནི་བློའི་སྤྱོད་ཡུལ་ལས་འདས་པ་བསམ་གྱིས་མི་ཁྱབ་ལ། དེ་གསུམ་གྱི་མཚན་མར་དབུ་དཀར་དམར་མཐིང་གསུམ་གྱི་ཁ་དོག་ཏུ་བསྟན་པའི་ཕྱིར། ཞེས་ཚོམས་བཞིར་བསྡུས་ནས་སྟོན་པའི་ངོ་བོ་རྣམས་དེ་འཆད་པར་བྱེད་པ་ནི། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་མཚན་དང་དཔེ་བྱད་དང་ལྡན་པ། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ཞེས་པའི་གཞུང་འདི་བྱུང་། དེ་དག་གིས་ནི་སྟོན་པ་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ཡིན་ཏེ། ཐལ་རྒྱུད་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་པས་རྒྱུད་ཀྱི་སྟོན་པ་རིགས་དྲུག་པ་ཀུན་བཟང་དང་། འཆད་པའི་སྐྱེས་བུ་ནི། ཁོག་གཞུང་ལས། འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། ཞེས་པས་སྤྱིར་རིགས་ལྔ་ཆར་ཡིན་ཡང་། ཁྱད་པར་ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར་མི་བསྐྱོད་པ་མདུན་ན་བཞུགས་སོ། །ཁོ་ན་རེ། འོ་ན་གཉིས་པ་འཆད་པའི་སྐྱེས་བུ་དེ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ལྔ་ཡབ་ཡུམ་སྟེ། ཁོག་གཞུང་ལས། མཚུངས་པ་བཞི་དང་ལྡན་པའི་ཕྱིར། །ལྔས་ཀྱང་བསྟན་པ་གསུང་མི་འགལ། །ཞེས་གསུངས་པའི་ཕྱིར། དེ་ལ་གཉིས་ཏེ། རིགས་ཀྱི་ཡབ་ལྔ་བཤད་པ་དང་། ཡུམ་ལྔ་བཤད་པའོ། །དེའི་དང་པོ་རིགས་ཀྱི་ཡབ་ལྔ་འཆད་པར་བྱེད་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་། ཞེས་པའི་གཞུང་འདི་བྱུང་། དེའི་དོན་ལ་གསུམ་སྟེ། རྟོག་པ་བཤད་པ། དེ་ལྷར་དག་ཚུལ་བཤད་པ། དེའི་རིགས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ནི། རྒྱུད་ཕྱི་མ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། །ཅེས་པའི་དོན་བཤད་ན། རྣམ་ཤེས་ཆོས་ཅན། ཁྱོད་ལ་དབྱེ་ན་ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་ཡོད་དེ། ཀུན་གཞི། ཉོན་ཡིད། ཡིད། སྒོ་ལྔའི་རྣམ་ཤེས་རྣམས་སུ་ཡོད་པའི་ཕྱིར། གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་གཟུགས་ཆོས་ཅན། ཁྱོད་ལ་དབྱེ་ན་བཅོ་ལྔ་ཡོད་དེ། རྒྱུའི་གཟུགས་འབྱུང་བ་བཞི་དང་། འབྲས་གཟུགས་ནི་མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པ་ལྟར་བཅུ་གཅིག་རྣམས་སུ་ཡོད་པའི་ཕྱིར། ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་ཚོར་བ་ཆོས་ཅན། ཁྱོད་ལ་དབྱེ་ན་གསུམ་སྟེ། བདེ་སྡུག་བར་མ་གསུམ་དུ་ཡོད་པའི་ཕྱིར། ཡུལ་ལ་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི་འདུ་ཤེས་ཆོས་ཅན། ཁྱོད་ལ་དབྱེ་ན་གསུམ་སྟེ། རྒྱ་ཆེ་ཆུང་ཚད་མེད་གསུམ་དུ་ཡོད་པའི་ཕྱིར། མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་སེམས་པ་ཆོས་ཅན། ཁྱོད་ལ་དབྱེ་ན་ལྔ་བཅུ་རྩ་གཅིག་སྟེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་རྣམས་སུ་ཡོད་པའི་ཕྱིར། དེ་ལྟར་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས། ཚོར་བ་དང་འདུ་ཤེས་གཉིས་ཕྲི་བའི་ལྷག་མ་བཞི་བཅུ་རྩ་དགུ་ནི་འདུ་བྱེད་ཀྱི་ཕུང་པོའོ། །ཁོ་ན་རེ། ཀུན་འགྲོ་ལྔ་ལས་ཚོར་འདུ་གཉིས་ཕུང་པོར་ལོགས་སུ་འཇོག་པའི་རྒྱུ་མཚན་གང་ཞེ་ན། བཤད་དུ་ཡོད་དེ། མཛོད་ལས། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །ཅེས་གསུངས་པའི་ཕྱིར། དེ་ལྟར་བགྲངས་པས་ཕུང་པོ་ལྔ་ལ་ཡན་ལག་བརྒྱད་ཅུར་འགྱུར་ཏེ། སྤར་ཁབ་ལས། དེ་དག་རང་གི་ཡན་ལག་བརྒྱད་ཅུ་དང་བཅས་པ་ཉིད། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། གཞུང་གཞན་རྣམས་སུ་ཕུང་པོའི་གོ་རིམ་དང་པོར་གཟུགས་ཕུང་སྨོས་ན། འདིར་རྣམ་པར་ཤེས་པ་དང་པོར་སྨོས་པ་གང་ཞེ་ན། བཤད་དུ་ཡོད་དེ། འདི་ལས་ཕྱི་རོལ་དུ་གྱུར་པའི་ཐུན་མོང་གི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་སྟོན་པའི་ཕྱིར་ཏེ། ཉི་འོད་སེང་གེའི་འགྲེལ་པ་ལས། ཕྱི་རོལ་པ་དག་གཟུང་བའི་དོན་རགས་པ་དག་ལ་གཙོ་བོར་འདོད་པ་ཡིན་ལ། འདིར་ནི་འཛིན་པའི་གཞི་རྩ་བའི་རྣམ་པར་ཤེས་པ་གཙོ་བོར་འདོད་པ་ཡིན་པས། འགལ་བ་མ་ཡིན་པ་དང་། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བཞེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དེ་ལྷར་དག་ཚུལ་བཤད་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་འཆད་པ་ལ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་གཉིས། དང་པོ་ནི། རྗེ་འཁོན་སྟོན་ན་རེ། འདིའི་སྐབས་ཀྱི་རྣམ་ཤེས་ནི་ཚོགས་བརྒྱད་མ་ཡིན་ཏེ་སྒོ་ལྔའི་རྣམ་ཤེས་སོ། །གལ་ཏེ་ཚོགས་བརྒྱད་དུ་འདོད་ན། མི་བསྐྱོད་པའི་རྒྱུད་ལ་ཀུན་གཞི་ཡོད་པའི་ཕྱིར། དགྲ་བཅོམ་པ་མ་ཡིན་པར་ཐལ་བ་དང་། ཉོན་ཡིད་ཡོད་པའི་ཕྱིར། སྒྲིབ་གཉིས་སྤངས་པའི་གང་ཟག་མ་ཡིན་པར་ཐལ་བའི་སྐྱོན་ཡོད་དོ། །གསུངས་ནའང་ཐུན་མོང་གི་གཞུང་དང་བསྟུན་པར་ཟད་ཀྱི། འདིར་ནི་ཤིན་ཏུ་མི་རིགས་ཏེ། དམྱལ་བའི་ཐུབ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཞེ་སྡང་མེད་པར་ཐལ། ཁྱོད་ཞེ་སྡང་ཟད་པར་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་སངས་རྒྱས་འཕགས་པ་ཡིན་པའི་ཕྱིར། ཞེས་རྟོག་པ་ཐམས་ཅད་ལ་མགོ་མཚུངས་པའི་ཕྱིར་མི་འཐད་དོ། །ལུང་དང་ཡང་འགལ་ཏེ། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་དང་། རྒྱ་ཆེར་འགྲེལ་ལས། རྣམ་པར་ཤེས་པའི་རྒྱལ་པོ་ནི། དཔལ་རྡོ་རྗེ་སེམས་དཔའ་ཀུན་གཞི་རྣམ་པར་དག་པའོ། །དེ་ཡང་ཡོངས་སུ་མ་དག་པའི་དུས་ན་ནི། འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། ཡོངས་སུ་དག་པའི་དུས་ན་ནི། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཞེས་གསུངས་པའི་ཕྱིར། དེ་བས་ན། ཐེག་པ་འདིའི་ལུགས་ཀྱི་ཀུན་གཞི་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཡེ་ནས་དག་པས་སྤང་གཉེན་དུ་མི་འདོད་དེ། འཆིང་གྲོལ་ལས་འདས་པའི་ཕྱིར་དང་། རང་གི་ཊཱི་ཀར་ཡང་། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་པའི་ཡན་ལག་འདྲེན་པའི་ཚེ། བརྒྱད་ཅུར་བགྲངས་པ་དང་ནང་འགལ་ཏེ། ཀུན་གཞི་དང་ཉོན་ཡིད་འཕྲི་བས། རྟོག་པ་དོན་བརྒྱད་ལས་མ་བྱུང་བའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། རྟོག་ཚོགས་ཕུང་པོ་ལྔའི་རང་བཞིན་ཡེ་ཇི་བཞིན་པའི་རིགས་ལྔ་ཡིན་པ་ལས། ཁྱད་པར་དུ་རྒྱུད་དག་པའི་སངས་རྒྱས་ལྔའི་འབྲས་བུ་མངོན་དུ་བྱས་ཏེ་མཐར་ཕྱིན་པར་གྱུར་པའམ། དེ་ལྟ་བུའི་རྟོག་པ་ལ་ཐུགས་རང་རིག་པའི་ཡེ་ཤེས་ཀྱིས་རང་དབང་བསྒྱུར་ཞིང་། ཟག་མེད་ཀྱི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོར་ལོངས་སྤྱོད་པས་ན་རྒྱལ་པོ་ཞེས་བྱའོ། །གལ་ཏེ་ཁོ་ན་རེ། གཞུང་འདིར་ལྷའི་མཚན་ནས་མི་སྨོས་པར་རྟོག་པའི་མཚན་ནས་སྨོས་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། ལན་ལ། བླ་མ་འགའ་ཞིག་འདིར་རྒྱལ་པོ་དང་། འོག་ཏུ་ཆེན་པོ་ཞེས་སོགས་གསུངས་པས། རྟོག་པའི་མཚན་ནས་སྨོས་པ་མ་གྲུབ་སྟེ། དཔེར་ན་མྱ་ངན་ལས་འདས་པ་ཞེས་པས་སངས་རྒྱས་ལ་མྱ་ངན་གྱི་མིང་གིས་བརྗོད་པ་མ་ཡིན་པ་བཞིན་ནོ་གསུངས། དོན་དུ་འདི་ཡིན་ཏེ། མ་དག་པ་འཁོར་བའི་གནས་སྐབས་སུའང་རྟོག་ཚོགས་རྣམས་རང་བཞིན་གྱིས་རྣམ་པར་དག་པས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པར་གསང་སྔགས་ཀྱི་རྒྱུད་རྣམས་སུ་གསུངས་པར་མ་ཟད། ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང་འབྱུང་སྟེ། འདི་ལྟར་སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་དང་། བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་། གལ་ཏེ་དེ་བཞིན་གཤེགས་པ་མཆོད་པར་འདོད་པ་དེས་བདག་ཉིད་མཆོད་པར་བྱའོ། །ཞེས་དང་། དྲི་མ་མེད་པར་བསྟན་པའི་མདོ་ལས། འཇིགས་ཚོགས་ལ་ལྟ་བ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། དེས་ན་འདིར་རྟོག་པའི་མཚན་ནས་སྨོས་པའི་དགོས་པ་ནི། སྤར་ཁབ་ལས། ཀུན་གཞི་ལ་སོགས་པའི་རྟོག་པ་ལྔ་སྨོས་པ་ནི། རང་བཞིན་དང་ཐུན་མོང་མ་ཡིན་པའི་ཕྱིར་སྨོས་པ་སྟེ། དེ་དག་ཀར་དག་པ་ཐུགས་སུ་ཆུད་པ་ལ་རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར་རོ། །ཞེས་པས་རང་བཞིན་ཤེས་བྱའི་གཤིས་ལ། རྟོག་པ་དང་ལྷ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ། བཟང་ངན་མེད་པར་མཉམ་པའི་ཕྱིར་དང་། ཐུན་མིན་གྱི་ཐེག་པ་འདིར་ལམ་པས་ལྷ་རྟོག་དབྱེར་མེད་དུ་ངོས་ཟིན་པར་བྱ་བའི་ཕྱིར་དང་། འབྲས་བུ་མཐར་ཕྱིན་པའི་དུས་ན་རྟོག་པ་ཉིད་མ་སྤངས་མ་བསྒྱུར་བར་ལྷའི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་སྨོས་པའོ། །རྟོག་ཚོགས་ལྷར་སྣང་བའི་འཐད་པ་དེ་གང་ཡིན་ཞེ་ན། དེ་ལ་གཉིས་ཏེ། ཕྱི་རོལ་གྱི་དོན་ཡོད་པའི་དབང་དུ་བྱས་པ་དང་། ཤེས་བྱ་ནང་གི་དབང་དུ་བྱས་པའོ། །དང་པོ་ནི། རྟོག་པའི་རང་བཞིན་ཆོས་ཅན། ལྷར་སྣང་བ་ཡིན་ཏེ། ཡེ་ནས་ཡིན་པ་ཉིད་ལམ་རྐྱེན་དང་འཕྲད་ན་ལྷར་སྣང་རུང་མ་འགགས་པའི་ཕྱིར། དཔེར་ན་དངུལ་ཆུས་བསྡུས་པའི་གསེར་ཕྱེ་ཉིད་དངུལ་གྱི་གོང་བུ་ལྟ་བུར་སྣང་ཡང་མེའི་རྐྱེན་དང་འཕྲད་ན་གསེར་དུ་འགྱུར་ཞིང་། མ་འཕྲད་ན་མི་འགྱུར་བ་བཞིན་ནོ། །དེ་ལྟར་ཡང་། སྒྱུ་འཕྲུལ་རྟོག་པའི་དྲྭ་བ་རྣམ་པར་བསལ་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་པ་འདི་དག་རྒྱུ་ཅི་ལྟ་བུ་ཞིག་ལས་བསྒྲུབ་པར་བགྱི་བ་ལགས། བཀའ་སྩལ་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འབྱུང་བ་ལྔ་ལ་སོགས་པའོ། །གསོལ་པ། འོ་ན་རྒྱུ་ལས་ཀྱང་འབྲས་བུ་སྣང་བ་སྐྱེད་པར་འགྱུར་བ་ལགས། ཇི་སྐད་གསུང་། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་ཏེ། རྒྱུ་ལས་འབྲས་བུའི་ཤེས་རབ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་ལ་སོགས་པ་གང་དག་པ་སྒྱུ་མར་ཕྱག་རྒྱ་བཞི་བཅུར་སྣང་བ་དང་། དོན་དམ་པར་ན་དོན་དམ་རྩེ་གཅིག་པར་སྣང་བའི་ཕྱིར་ཏེ། ང་དེ་སྐད་ཅེས་སྨྲའོ། །གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། དེ་ཉིད་ནི་དེ་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་དང་ཡང་འགལ་བའི་ཕྱིར་རོ། །བཀའ་སྩལ་པ། ཇི་སྙམ་དུ་སེམས། དཔེར་ན། རྐྱེན་གྱི་འབྲེལ་བ་དང་མ་འཕྲད་པའི་འབྲས་བུ་སྐྱེ་བའི་རྒྱུ་ཡོད་ཀྱང་། མངོན་དུ་འབྱིན་པའི་ནུས་པ་མེད་པ་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་ཡོད་ཀྱང་། རྐྱེན་ཏིང་ངེ་འཛིན་དང་མ་འབྲེལ་བའི་ཕྱིར། འབྲས་བུ་འབྱིན་པའི་ནུས་པ་མེད་པས་ན། དེ་ལྟར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཤེས་བྱ་ནང་གི་དབང་དུ་བྱས་པ་དེ་ཇི་ལྟ་བུ་ཞེ་ན། རྟོག་པའི་རང་བཞིན་ཆོས་ཅན། ལྷར་སྣང་བ་ཡིན་ཏེ། སྣང་བ་རིས་མ་ངེས་པའི་ཕྱིར། དཔེར་ན། ཆུའི་དངོས་པོ་གཅིག་ལ། མ་དག་པ་དང་། དག་པའི་ཞིང་གི་འགྲོ་བ་དང་། གྲུབ་པའི་གང་ཟག་རྣམས་ཀྱིས་མཐོང་ཚུལ་ཐ་དད་པ་བཞིན་ནོ། །དེ་ལྟར་ཡང་། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དང་ནི་རི་མོའི་གཟུགས་ལྟར་སྣང་། །ཞེས་གསུངས་པའི་ཕྱིར། གཞན་ཡང་། རྟོག་ཚོགས་ཆོས་ཅན། ལྷར་སྣང་བ་ཡིན་ཏེ། དེ་དང་དེ་ཆོས་མཐུན་པ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། རྣམ་ཤེས་ཐུགས་ཀྱི་བདག་ཉིད་ཡིན་པ་དང་། གཟུགས་དང་སྐུ་མཐུན་པ་གཉིས་ནི། དངོས་སུ་མཐུན་པར་ཟད་ལ། ཚོར་བ་ནི་ཡུལ་ལ་ལོངས་སྤྱོད་དུ་ལྟ་བའི་གཞི་ཡིན་པའི་ཕྱིར་ཡོན་ཏན་དང་། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཕྱི་ནང་གི་ཆོས་རྣམས་ཐ་སྙད་དུ་འདོགས་པའི་ལས་ཀྱིས་བརྡ་སྤྲོད་པའི་ཕྱིར་གསུང་དང་། འདུ་བྱེད་ནི། བྱ་བ་བྱེད་པས་ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར། དེ་ལྟར་ཡང་རྒྱུད་གཞན་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་ལྡན་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཉིད། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་གསུངས་པའི་ཕྱིར། །ཡང་ཁོ་ན་རེ། རྒྱུད་ཕྱི་མ་ལས། ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔ། །ཟག་མེད་རྣམས་ནི་གཞན་ཡིན་ནོ། །ཞེས་ཉེར་ལེན་གྱི་ཕུང་པོ་ལྔ་གནས་གྱུར་པའི་ཟག་མེད་ཀྱི་ཕུང་པོ་ལྔ་གསུངས་པ་དང་ཡང་ཆོས་མཐུན་བརྩིར་ཡོད་དམ་ཞེ་ན། ཡོད་དེ་རྣམ་ཤེས་གནས་གྱུར་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ནི་ཐུགས་ཀྱི་བདག་ཉིད་ཡིན་པ་དང་། དེ་བཞིན་དུ་གཟུགས་གནས་གྱུར་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་དྲི་མ་མེད་པའི་སྐུ་དང་། ཚོར་བ་གནས་གྱུར་ཏིང་ངེ་འཛིན་ནི་ཡོན་ཏན་གྱི་གཞིར་གྱུར་པའི་ཕྱིར་ཡོན་ཏན་དང་། འདུ་ཤེས་གནས་གྱུར་ཤེས་རབ་ནི་ལུང་རྟོགས་ཀྱི་ཆོས་ཀྱི་གཞིར་གྱུར་པའི་ཕྱིར་གསུང་དང་། འདུ་བྱེད་གནས་གྱུར་རྣམ་པར་གྲོལ་བའི་ཕུང་པོ་ནི་མཛད་པ་ཡོངས་སུ་རྫོགས་པའི་བདག་ཉིད་དང་གཞིར་གྱུར་པའི་ཕྲིན་ལས་ཏེ། ལུང་ལས། གཟུགས་ཀྱི་ཕུང་པོ་གནས་གྱུར་ཚུལ་ཁྲིམས་སྐུ། །ཚོར་བ་གནས་གྱུར་ཏིང་འཛིན་འབུམ་ཕྲག་བརྙེས། །འདུ་ཤེས་གནས་གྱུར་ཤེས་རབ་ཕུང་པོ་སྟེ། །འདུ་བྱེད་གནས་གྱུར་རྣམ་པར་གྲོལ་བའོ། །སེམས་གྱུར་ཡེ་ཤེས་དེ་ནི་རྣམ་གྲོལ་མཐོང་། །ཞེས་གསུངས་པའི་ཕྱིར། ཡང་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔ་ཆོས་ཅན། ཁྱོད་གཉིས་ཆོས་མཐུན་བརྩིས་ནས་རིགས་ལྔ་དང་སྦྱར་དུའང་ཡོད་དེ། གསང་བ་འདུས་པ་ལས། གཟུགས་ནི་གཏི་མུག་རྒྱུ་བསྟན་པ། །བླུན་པས་བཅིངས་པས་ངོ་བོའོ། །ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོའོ། །འདུ་ཤེས་འདོད་ཆགས་བདག་ཉིད་ནི། །དངོས་པོ་ལ་ནི་ཆགས་པའི་མཚན། །འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་གཏོད་པའོ། །རྣམ་ཤེས་ཞེ་སྡང་ཞེས་བསྟན་ཏེ། །རྒྱུ་དང་འབྲས་བུར་རབ་ཏུ་གྲགས། །ཞེས་གསུངས་པའི་ཕྱིར། གལ་ཏེ་ཁོ་ན་རེ། རྣམ་ཤེས་ལྷར་དག་པའི་ཚེ་མིག་གི་རྣམ་ཤེས་ཀྱང་མི་བསྐྱོད་པར་དག་གམ་མ་དག །གཉིས་པ་ལྟར་ན། སྤྱི་བྱེ་བྲག་བདག་མི་གཅིག་པར་འགྱུར་ཏེ། དག་མ་དག་འགལ་བའི་ཆོས་ཅན་ཡིན་པའི་ཕྱིར། དང་པོ་ལྟར་ན། མིག་གི་རྣམ་ཤེས་ས་སྙིང་དུ་དག་པར་གསུངས་པ་མི་འཐད་པར་ཐལ། དག་པ་གཞན་དུ་བརྗོད་དུ་མེད་པའི་ཕྱིར། འདོད་མི་ནུས་ཏེ། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། ཞེས་སོགས་གསུངས་པས་གསལ་ལོ་ཞེ་ན། སྐྱོན་མེད་དེ། ལྟོས་ས་ཐ་དད་ལ་ལྟོས་ནས་རྣམ་ཤེས་ཀྱི་ཕུང་པོ་སྤྱི་བྱེ་བྲག་གཉིས་གཙོ་འཁོར་དུ་དག་པ་ཡིན་ཏེ། ཐ་མལ་གྱི་རྣམ་ཤེས་རིལ་པོ་གཅིག་ཏུ་ཞེན་པའི་གཉེན་པོར་བྱེ་བྲག་ས་སྙིང་སོགས་སུ་དག་ཚུལ་སྨོས་པ་གང་ཞིག །ལྷར་ཐ་དད་དུ་ཞེན་པའི་གཉེན་པོར་སྤྱིར་མི་བསྐྱོད་པར་དག་ཚུལ་སྨོས་པའི་ཕྱིར་ཏེ། འདི་ཉིད་ལས། ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་གསུངས་པའི་ཕྱིར། འོ་ན་རྟོག་པ་ལྷར་དག་ཚུལ་དེ་ལྟར་ཡིན་ན། གསུམ་པ་དེའི་རིགས་ཀྱི་དབྱེ་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་འཆད་པ་ལ། གཞན་ལུགས་དགག་པ། རང་ལུགས་བཞག་པ། ཞར་བྱུངརིགས་ཀྱི་མཚན་མའི་སྐུ་མདོག་བསྟན་པའོ། །དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁོ་ན་རེ། རྣམ་པར་ཤེས་པའི་རྒྱལ་པོ་ཆོས་ཅན། ཁྱོད་ལྷའི་དུས་ན་མི་བསྐྱོད་པ་མ་ཡིན་ཏེ། རྣམ་ཤེས་དག་པ་ཐུགས་ཀྱི་རྣམ་སྣང་ཡིན་པའི་ཕྱིར། དེ་ཡིན་ཏེ། དབུས་སུ་རིགས་བདག་མཚོན་བྱེད་ཀྱི་གདན་འཁོར་ལོ་དང་སེང་གེ ། ཡུམ་དབྱིངས་ཕྱུག་མ། ཆོས་དབྱིངས་ཡེ་ཤེས་རྣམས་བྱུང་བའི་ཕྱིར་དང་། ཁྲོ་བོའི་སྐབས་སུ་ཡང་བུདྡྷ་ཧེ་རུ་ཀའི་སྐུ་མདོག་དང་སྔགས་ཐོག་མར་སྨོས་པའི་ཕྱིར་ཟེར། གཉིས་པ་དེ་དགག་པ་ནི། དེ་ལྟར་རིགས་པ་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ལུང་རིགས་མན་ངག་གསུམ་དང་འགལ་བའི་ཕྱིར་ཏེ། དེ་ཡང་ལུང་དང་འགལ་ཏེ། སྒྱུ་འཕྲུལ་བླ་མ་ལས། གཟུགས་ལ་རྣམ་པར་སྣང་མཛད་དེ། ཞེས་དང་། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། ཞེས་གསུངས་པའི་ཕྱིར། མན་ངག་དང་ཡང་འགལ་ཏེ། རྡོ་རྗེ་ལས་རིམ་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཞེས་དང་། ཉིན་བྱེད་སེང་གེས། ཀུན་གཞི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མི་བསྐྱོད་པ་ལ་ནི་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་གནས་སྐབས་འདིར་བྱའོ། །ཞེས་གསུངས་པའི་ཕྱིར། རིགས་པ་ནི། རྣམ་པར་ཤེས་པའི་རྒྱལ་པོ་ཆོས་ཅན། རྣམ་སྣང་མ་ཡིན་ཏེ། ཁྱོད་མི་བསྐྱོད་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། རྣམ་ཤེས་དག་པ་ཐུགས་ཡིན་ལ། དེ་རྡོ་རྗེའི་རིགས་མི་བསྐྱོད་པར་ངེས་པའི་ཕྱིར་ཏེ། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པ་གནས་སུ་དག་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་བདག་ཉིད། ཅེས་པ་ནས། བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་ལྟར་རྣམ་ཤེས་དག་པ་མི་བསྐྱོད་པར་གྲུབ་མོད། འོན་ཀྱང་སྔར་གྱི་སྐྱོན་རྣམས་ཀྱིས་གནོད་པར་མི་འགྱུར་རམ་ཟེར་ན་མི་གནོད་དེ། ཅིའི་ཕྱིར་ཞེ་ན། གདན་གྱི་འཁོར་ལོ་ཆོས་ཅན། ཁྱོད་རིགས་བདག་མཚོན་བྱེད་ཀྱི་མཚན་མ་མ་ཡིན་ཏེ། རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱ་ཡིན་པའི་ཕྱིར། དེ་ལྟར་ཡང་འགྲེལ་ཆུང་ལས། གཞི་ཡང་ཚད་མེད་འཁོར་ལོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །ཞེས་སོ། །སེང་ཁྲི་ཆོས་ཅན། དེ་མ་ཡིན་ཏེ། ཐུགས་གཙོ་བོར་སྟོན་པ་རྡོ་རྗེའི་རིགས་དང་སྦྱར་བ་ཙམ་དུ་ཟད་པའི་ཕྱིར། དཔེར་ན་ཡང་དག་གི་གཙོ་བོ་རྡོ་རྗེའི་རིགས་མི་བསྐྱོད་པའི་གདན་དུ་སེང་ཁྲི་བྱུང་བ་བཞིན་ཏེ། སློབ་དཔོན་པདྨས་མཛད་པའི་ལས་རིམ་ཤེལ་ཕྲེང་ལས། སེང་གེ་གླང་རྟ་རྨ་བྱ་ཁྱུང་། །ཉི་ཟླ་པདྨ་རིན་པོ་ཆེ། །གཙོ་དང་འཁོར་དུ་རིམ་པར་བསམ། །ཞེས་དང་། ནམ་མཁའ་དབྱིངས་ཕྱུག་མ་ཆོས་ཅན། ཁྱོད་རྣམ་སྣང་གི་ཡུལ་མ་ཡིན་ཏེ། འདིར་རྣམ་ཤེས་ཀྱི་ཡུལ་ནམ་མཁའི་ཁམས་དང་སྦྱར་ན་མི་བསྐྱོད་པའི་ཡུལ་དུ་ངེས་པའི་ཕྱིར་ཏེ། རྡོ་རྗེ་ལས་རིམ་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །ཅེས་སོ། །ཆོས་དབྱིངས་ཡེ་ཤེས་ཆོས་ཅན། ཁྱོད་གཏི་མུག་དག་པ་སྐུའི་རིགས་དང་སྦྱོར་བ་མ་ཡིན་ཏེ། འདིར་ཞེ་སྡང་དག་པ་ཆོས་དབྱིངས་ཡེ་ཤེས་སུ་བཞེད་པའི་ལུགས་ཡིན་པའི་ཕྱིར་ཏེ། རྒྱ་ཆེན་འགྲེལ་ལས། ཞེ་སྡང་རྣམ་པར་དག་པའི་རང་བཞིན་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་དག་པ་ཐུགས་རྡོ་རྗེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའི་དཀྱིལ་འཁོར་ཞེས་དང་། ཡེ་ཤེས་ཀྱི་ཐིག་ལེའི་རྒྱུད་ལས་ཀྱང་། གཏི་མུག་མེ་ལོང་ཡེ་ཤེས་བལྟ། །ང་རྒྱལ་མཉམ་པ་ཉིད་དུ་དྲན། །སོ་སོར་རྟོག་པ་འདོད་ཆགས་ཡིན། །བྱ་བ་གྲུབ་པ་ཕྲག་དོག་ཆེ། །ཞེ་སྡང་ཆོས་དབྱིངས་རྣམ་པར་དག །ཅེས་གསུངས་པའི་ཕྱིར། ཁྲོ་བོའི་སྐབས་སུ་ཡང་བུདྡྷ་ཧེ་རུ་ཀ་ཆོས་ཅན། ཁྱོད་གཙོ་བོར་མ་གྲུབ་སྟེ། པཎ་གྲུབ་ཀྱི་མན་ངག་རྣམས་སུ་རྒྱུད་འཁྲུགས་པ་བསྡེབས་ནས་གཙོ་བོ་བཛྲ་ཧེ་རུ་ཀར་བཞེད་པའི་ཕྱིར། དེ་ལྟར་ཡང་རྒྱ་ཆེར་འགྲེལ་ལས། ཞི་བའི་དུས་སུ་མི་བསྐྱོད་པ་དང་པོར་སྨོས་ཤིང་གཙོ་བོར་བྱས་ལ། ཁྲོ་བོའི་དུས་སུ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་བུདྡྷ་ཧེ་རུ་ཀ་དང་པོར་ཕྱུང་ཞིང་གཙོ་བོར་སྨོས་པ་ཅི་ཡི་ཕྱིར་ཞེ་ན། དེ་རྒྱུད་དཀྲུགས་པ་ཡིན་ཏེ། དབང་ཕྱུག་མ་གཙོ་བོ་ལ་འཁྲིལ་བའི་གནས་སྐབས་ན་དེ་ཉིད་མངོན་པར་འགྱུར་ཏེ། འདི་ནི་རྡོ་རྗེ་ཁྲག་འཐུང་ཉིད་ལ་ཅི་ནས་ཀྱང་དོན་གྱིས་ཤེས་པར་བྱའོ། །ཞེས་དང་། འདིར་ཡང་རྣམ་པར་ཤེས་པའི་རང་བཞིན་ཞེ་སྡང་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་རྡོ་རྗེ་ཁྲག་འཐུང་དུ་མངོན་པར་འདུ་མཛད་པ་དེ་ལ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་བཞག་པ་ནི། རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཆོས་ཅན། དེ་རྣམས་ཀྱི་རིགས་དང་ཡེ་ཤེས་ཀྱི་དབྱེ་བ་བཤད་དུ་ཡོད་དེ། དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ནི་ཐུགས་རྡོ་རྗེའི་རིགས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རྣམ་སྣང་ནི་སྐུ་དེ་བཞིན་གཤེགས་པའི་རིགས་དང་མེ་ལོང་ལྟ་བུའི་ཡེ་ཤེས། རིན་འབྱུང་ནི་ཡོན་ཏན་རིན་པོ་ཆེའི་རིགས་དང་མཉམ་ཉིད་ཡེ་ཤེས། སྣང་མཐའ་ནི་གསུང་པདྨའི་རིགས་དང་སོར་རྟོག་ཡེ་ཤེས། དོན་གྲུབ་ནི་ཕྲིན་ལས་ཀྱི་རིགས་དང་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་སུ་ངེས་པའི་ཕྱིར། དེ་ལྟར་ཡང་རྡོ་རྗེ་བཀོད་པ་ལས། སྐུ་ནི་མ་བཅོས་དེ་བཞིན་ཉིད། །ཐུགས་ནི་མི་འགྱུར་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་རིགས། །གསུང་ནི་ཆགས་མེད་པདྨའི་རིགས། །དོན་གྲུབ་སྤྱོད་པ་ལས་ཀྱི་རིགས། །ཞེས་གསུངས་པའི་ཕྱིར་ཞེས་འཆད་པར་བྱེད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་། ཞེས་པའི་གཞུང་འདི་བྱུང་། གསུམ་པ་རིགས་ཀྱི་མཚན་མར་གྱུར་པའི་སྐུ་མདོག་བསྟན་པ་དེ་ཇི་ལྟ་བུ་ཞེ་ན། དེ་འཆད་པར་བྱེད་པ་ལ། དེ་དག་ཀུན་ཀྱང་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་གུའི་མདོག་ཏུ་འཚེར་བ་ཞེས་པའི་གཞུང་འདི་བྱུང་། རིགས་ལྔ་པོ་དེ་དག་ཀུན་གྱི་རིགས་ཀྱི་མཚན་མར་གྱུར་པའི་སྐུ་མདོག་ཆོས་ཅན། དེའང་བཤད་དུ་ཡོད་དེ། ཆོས་དབྱིངས་ཡེ་ཤེས་དང་རྡོ་རྗེའི་རིགས་མཐིང་ག །མེ་ལོང་ཡེ་ཤེས་དང་བདེ་གཤེགས་རིགས་དཀར་པོ། མཉམ་ཉིད་ཡེ་ཤེས་དང་རིན་ཆེན་རིགས་སེར་པོ། སོར་རྟོག་ཡེ་ཤེས་དང་པད་རིགས་དམར་པོ། བྱ་གྲུབ་ཡེ་ཤེས་དང་ལས་རིགས་ཀྱི་མཚན་མ་ལྗང་གུར་སྣང་བ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཆོས་ཉིད་འགྱུར་བ་མེད་པའི་རྟགས་མཐིང་ནག །ཉེས་སྐྱོན་གྱིས་མ་གོས་པའི་རྟགས་དཀར་པོ། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སེར་པོ། གདུལ་བྱ་ལ་ཆགས་པའི་རྟགས་དམར་པོ། ལས་སྣ་ཚོགས་ལྷུན་གྱིས་གྲུབ་པའི་རྟགས་སུ་ལྗང་གུ་སྣང་བའི་ཕྱིར་ཏེ། རྒྱས་པ་ལས། མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཅེས་གསུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། དེ་དག་ཀུན་ཀྱང་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་གུའི་མདོག་ཏུ་འཚེར་བ། ཞེས་པའི་གཞུང་འདི་བྱུང་། གཉིས་པ་རིགས་ཀྱི་ཡུམ་ལྔ་པོ་དེ་འཆད་པར་བྱེད་པ་ལ། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པ། ཞེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་པ་ལ། ཡུམ་ལྔའི་སྤྱིའི་མཚན་བཤད་པ་དང་། བྱེ་བྲག་གི་མཚན་བཤད་པ་གཉིས་ལས། དེའི་དང་པོ་སྤྱིའི་མཚན་ནི། བཙུན་མོ་དམ་པ། ཞེས་པ་དང་། དབྱིངས་ཞེས་པས་བསྟན་ཏེ། རིགས་ཀྱི་ཡུམ་ལྔ་པོ་ཆོས་ཅན། ཁྱོད་ལ་བཙུན་མོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐྱེད་པར་བྱེད་པའི་རྒྱུ་དང་། སྤྱད་པར་བྱ་བའི་ཡུལ་དུ་གྱུར་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། རྟོག་པའི་དུས་སུ་འབྱུང་ལྔས་ཕུང་པོ་ལྔ་བསྐྱེད་པ་གང་ཞིག །ལྷའི་སྐབས་སུ་རིགས་ཀྱི་ཡབ་ལྔས་སྤྱད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་དང་། ཡང་ན། ཡུམ་གྱི་ངོ་བོ་དབྱིངས་དང་། ཡབ་ཀྱི་ངོ་བོ་ཡེ་ཤེས་ཡིན་པས། དབྱིངས་ཀྱིས་ཡེ་ཤེས་བསྐྱེད་པ་དང་། དབྱིངས་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཕྱིར། ལྔ་པོ་དེ་ཆོས་ཅན། ཁྱོད་ལ་དམ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་བཞིན་རྟོགས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར། དབྱིངས་ཞེས་བརྗོད་པའི་རྒྱུ་མཚན་ཡང་ཡོད་དེ། ཉི་འོད་སེང་གེས། དབྱིངས་ཀྱི་སྒྲ་ནི་མི་ཟད་པ་ལ་བྱའོ། །ཞེས་པས་སྲས་ཀྱི་འབྱུང་ཁུངས་དང་བདེ་བའི་ཡེ་ཤེས་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་དང་། ཡུམ་རྣམས་དབྱིངས་ཀྱི་ཕྱག་རྒྱར་གྱུར་པས་ཀྱང་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་བྱེ་བྲག་གི་མཚན་ནི། ཡུམ་ནམ་མཁའ་དབྱིངས་ཕྱུག་མ་ཆོས་ཅན། ཁྱོད་ལ་སྣང་བ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། རྟོག་པའི་དུས་ན་ནམ་མཁས་གོ་མ་ཕྱེ་ན་དངོས་པོ་ཐམས་ཅད་སྣང་མི་ནུས་པས་ནམ་མཁའ་དང་། ལྷའི་དུས་ན་ཆོས་ཁམས་ནམ་མཁའ་རྣམ་ཤེས་ཀྱི་ཡུལ་ཡིན་པ་ལྟར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ཡུམ་དུ་ངེས་པའི་ཕྱིར། སངས་རྒྱས་སྤྱན་མ་ཆོས་ཅན། ཁྱོད་ལ་སྲ་བ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། རྟོག་པའི་དུས་ན་སྲ་བརྟན་མཁྲང་བའི་མཚན་ཉིད་ཅན་གྱི་སའི་ཁམས་དང་། དེ་ལྷའི་དུས་ན་བརྟན་ཞིང་རྟེན་དུ་གྱུར་པས་སྐུའི་རིགས་ཀྱི་ཡུམ་དུ་ངེས་པའི་ཕྱིར། མཱ་མ་ཀཱི་ཆོས་ཅན། ཁྱོད་ལ་མཉེན་པ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། རྟོག་པའི་དུས་ན་གཤེར་སྡུད་བརླན་པའི་མཚན་ཉིད་ཅན་གྱི་ཆུའི་ཁམས་དང་། དེ་ལྷའི་དུས་ན་རྒྱུད་བརླན་ཅིང་ཡོན་ཏན་སྡུད་པ་རིན་ཆེན་རིགས་ཀྱི་ཡུམ་དུ་ངེས་པའི་ཕྱིར། གོས་དཀར་མོ་ཆོས་ཅན། ཁྱོད་ལ་དྲོ་བ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། རྟོག་པའི་དུས་ན་ཚ་ཞིང་སྲེག་པའི་མཚན་ཉིད་ཅན་གྱི་མེའི་ཁམས་དང་། དེ་ལྷའི་དུས་ན་མཚན་འཛིན་གྱི་སྤུ་རིས་གསལ་བ་དང་ཤེས་རབ་ཀྱི་མེས་དག་པར་བྱེད་པའི་བདག་ཉིད་པདྨའི་རིགས་ཀྱི་ཡུམ་དུ་ངེས་པའི་ཕྱིར། དམ་ཚིག་སྒྲོལ་མ་ཆོས་ཅན། ཁྱོད་ལ་བསྐྱོད་པ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། རྟོག་པའི་དུས་ན་ཡང་ཞིང་གཡོ་བའི་མཚན་ཉིད་ཅན་གྱི་རླུང་གི་ཁམས་དང་། དེ་ལྷའི་དུས་ན་རླུང་གིས་བསྐྱོད་འདེགས་ཀྱི་བྱ་བ་བྱེད་པ་ལྟར་ཐོགས་པ་མེད་པའི་ལས་ཅན་ལས་རིགས་ཀྱི་ཡུལ་དུ་ངེས་པའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་དེ་ལྟ་བུའི་བཙུན་མོའི་ཚོགས་དང་ཐབས་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་བདེ་བ་ཆེན་པོའི་རང་བཞིན་དུ་བཞུགས་སོ་ཞེས་འཆད་པར་བྱེད་པ་ནི། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པ། ཞེས་པའི་གཞུང་འདི་བྱུང་། གཉིས་པ་གང་དུ་གསུངས་པའི་གནས་ཕུན་སུམ་ཚོགས་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་ལ་གཉིས་ཏེ། གནས་ཀྱི་ངོ་བོ་རྣམ་འགྱུར་དང་བཅས་པའི་དོན་བསྟན་པ་དང་། གདན་ཁྲིའི་དོན་བསྟན་པའོ། །དང་པོ་དེ་འཆད་པར་བྱེད་པ་ལ་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ་དཔགས་པ། ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ། མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་བཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་པའི་གཞུང་འདི་བྱུང་། དེ་ལ་སྤྱིར་འོག་མིན་ལ་ཆོས་ཅན། དབྱེ་ན་ལྔར་ཡོད་དེ། དོན་གྱི་འོག་མིན། རིག་པའི་འོག་མིན། གསང་བའི་འོག་མིན། འཇིག་རྟེན་གནས་ཀྱི་འོག་མིན། དབང་ཕྱུག་ཆེན་པོའི་འོག་མིན་རྣམས་སུ་ཡོད་པའི་ཕྱིར། དང་པོ་དོན་གྱི་འོག་མིན་ཆོས་ཅན། དེ་ནི་ཆོས་ཀྱི་དབྱིངས་ལ་གྲགས་ཏེ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རྟེན་ཡིན་པ་གང་ཞིག །རྣམ་རྟོག་དང་མཚན་མ་གང་གི་ཡང་འོག་ཏུ་མ་གྱུར་པའི་ཕྱིར། དེ་ལྟར་ཡང་རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །གཉིས་པ་རིག་པའི་འོག་མིན་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཆོས་དབྱིངས་དེ་རྟོགས་པ་རང་རིག་པའི་ཡེ་ཤེས་ནི་གཉིས་འཛིན་གྱི་འོག་ཏུ་མ་གྱུར་པས་འོག་མིན་ཡིན་པ་གང་ཞིག །གཞན་དུ་ན་ལོངས་སྐུའི་ཞིང་དང་ཆ་མཐུན་པར་ལྷག་པ་ཏིང་ངེ་འཛིན་གྱི་བསྒོམ་པ་ལའང་དེ་ལྟར་དུ་གྲགས་པའི་ཕྱིར་ཏེ། རྒྱས་པ་ལས། རང་བཞིན་དཀྱིལ་འཁོར་ཇི་ལྟ་བར། །ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་སོ། །གསུམ་པ་གསང་བའི་འོག་མིན་ཆོས་ཅན། ཁྱོད་ཡུམ་གྱི་མཁའ་ལ་གྲགས་ཏེ། སྟོན་པ་གསང་བའི་སྐུའི་བཞུགས་གནས་ཡིན་པ་གང་ཞིག །མཚན་མའི་རྟོག་པ་རང་རྒྱུད་པའི་འོག་ཏུ་མ་གྱུར་པའི་ཕྱིར། དེ་ལྟར་ཡང་རྒྱས་པ་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་གཏིང་ནས། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །ཞེས་དང་། རྒྱུད་གཞན་ལས་ཀྱང་། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་གསུངས་སོ། །བཞི་པ་འཇིག་རྟེན་གནས་ཀྱི་འོག་མིན་ཆོས་ཅན། ཁྱོད་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ཡ་ཐ་གཙང་མ་རིས་ཀྱི་ལྷའི་གནས་དང་པོ་དེ་ཡིན་ཏེ། ཁྱོད་གཟུགས་ཅན་གྱི་གནས་གཞན་གྱི་འོག་ཏུ་མ་གྱུར་པའི་ཕྱིར། ལྔ་པ་དབང་ཕྱུག་ཆེན་པོའི་འོག་མིན་ཆོས་ཅན། དེ་བཤད་དུ་ཡོད་དེ། ཁྱོད་སྐབས་འདིར་བསྟན་གྱི་ལོངས་སྐུའི་བཞུགས་གནས་སུ་གྱུར་པའི་འོག་མིན་ཆེན་པོ་དེ་ལ་དེ་ལྟར་དུ་གྲགས་པའི་ཕྱིར་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིས་དག་རབ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་ཆེན་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་གསུངས་པའི་ཕྱིར། དེའི་དོན་འཆད་པ་ལ། གནས་ཀྱི་ངོ་བོ། སྒྲ་དོན། གཏན་ལ་དབབ་པ་དང་གསུམ་ལས། དང་པོ་ངོ་བོ་ནི། དོན་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་རྟགས་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་རང་སྣང་བ་སྟེ། ཁོག་གཞུང་ལས། གནས་ཀྱི་རང་བཞིན་དེ་བཞིན་ཉིད། །ངོ་བོ་འོག་མིན་གཞལ་ཡས་ཁང་། །ཞེས་གསུངས་པའི་ཕྱིར། གཉིས་པ་སྒྲ་དོན། ཨ་ཀ་ནིཥྛ་ཞེས་པའི་སྒྲ་ལས་དྲངས་ན། འོག་མ་ཡིན་པ་སྟེ། དོན་གདུལ་བྱའི་བློ་ལས་འདས་ཤིང་། རྟགས་དེ་འཇིག་རྟེན་གནས་ཀྱི་འོག་མིན་ལས་ཉིས་འགྱུར་གྱི་སྤགས་པ་ཡིན་པའི་ཕྱིར། དེ་ལྟར་ཡང་རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །གཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ཞེས་སོ། །གསུམ་པ་གཏན་ལ་དབབ་པ་ནི། ཁོ་ན་རེ། འོ་ན་གནས་དེའི་རང་བཞིན་ཇི་ལྟ་བུ་ཡིན་ཞེ་ན། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་པས་བསྟན་ཏེ། ངག་དོན་དུ་བསྒྲིལ་ན། གནས་དེའི་རང་བཞིན་དེ་ཆོས་ཅན། མཐའ་དབུས་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་ཡིན་ཏེ། དེ་ནི་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་ཏེ། འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་གསུངས་པའི་ཕྱིར། དེ་ཉིད་ཀྱི་ངང་ལས་ཡོན་ཏན་གྱི་ཁྱད་པར་རང་སྣང་བས་ན། གནས་ཀྱི་ངོ་བོའི་ཆོས་རྣམས་དབྱེ་བར་བྱ་སྟེ། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད། ཅེས་གསུངས་པའི་ཕྱིར། དེ་ལས་དང་པོ་གཞལ་ཡས་ཁང་གི་གཞི་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཞེས་པས་བསྟན། དེའི་དོན་ནི། སྤྱིའི་འོག་གཞི་དེ་ཆོས་ཅན། ཡེ་ཤེས་ལྔ་མཚོན་པའི་རྟགས་རྒྱ་ཁྱོན་ཚད་མེད་པའི་འཁོར་ལོའི་རྣམ་པ་སྟེ། བཤད་རྒྱུད་རོལ་པ་ཆེན་པོ་ལས། འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞི་རྣམ་པར་བརྗིད། །ཅེས་གསུངས་པའི་ཕྱིར། ནང་གི་འོག་གཞི་ནི། སྤགས་པ། ཞེས་པས་བསྟན་ཏེ། གཞལ་ཡས་ཁང་གི་སྒོ་དང་ཁྱམས་སོགས་ནས་ལྟེ་བའི་བར་གྱི་ནང་གི་འོག་གཞི་ཆོས་ཅན། དེ་རིམ་པ་ལྟར་རྡོ་རྗེ་འགྲེང་བུ་རེས་སྤགས་པ་ཡིན་ཏེ། ཐེག་པ་འོག་མ་ནས་འདིར་འཕར་བའི་དོན་ཡིན་པའི་ཕྱིར། གཉིས་པ་རྒྱུ་ནི། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཞེས་གསུངས། དེའི་དོན་ནི། གཞལ་ཡས་ཁང་དེའི་རྒྱུ་ཆོས་ཅན། ཁྱོད་རིན་པོ་ཆེ་ལས་གྲུབ་པ་ཡིན་ཏེ། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་རེ་བ་སྐོང་བའི་ཕྱིར། གསུམ་པ་རྒྱ་ནི། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཞེས་གསུངས། དོན་ནི། དེའི་རྒྱ་ཆོས་ཅན། ཁྱོད་ནི་ཕྱོགས་ཀུན་ཏུ་ཡོངས་སུ་མ་ཆད་པ་སྟེ། ཆོས་དབྱིངས་མཐའ་ཀླས་པར་ཁྱབ་པ་རང་སྣང་བའི་ཕྱིར། བཞི་པ་དབྱིབས་ནི། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ཞེས་གསུངས། དོན་ནི། དེའི་དབྱིབས་ཆོས་ཅན། གྲུ་བཞི་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཆེ་བ་ཡོན་ཏན་གྱིས་འདིར་ཁྱབ་པ་དང་། མཉམ་པ་དང་། རྒྱས་པ་ཡིན་པའི་ཕྱིར། དེ་ལྟར་ཡང་རྒྱ་ཆེར་འགྲེལ་ལས། མཉམ་པའི་ཕྱིར་དང་ཁྱབ་པའི་ཕྱིར། །རྒྱས་པའི་ཕྱིར་ནི་གྲུ་བཞིར་གྱུར། །ཅེས་སོ། །ལྔ་པ་གློ་འབུར་ནི། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། ཞེས་གསུངས། དོན་ནི། གློ་འབུར་ཆོས་ཅན། ཁྱོད་གྲུ་ཆད་ལས་ཕྱིར་འཕྱང་བའི་དབྱིབས་མཁར་གྱི་འབུར་ཐབས་ལྟ་བུ་དང་། ཁ་དོག་རིགས་བཞིའི་མདོག་ཅན་གྱི་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ་ཡིན་ཏེ། ཡེ་ཤེས་རེ་རེའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་ཕྱིར། དྲུག་པ་རྩེ་མོ་ནི། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་པ་ཞེས་དང་། ཚད་དཔག་ཏུ་མེད་པ་ཞེས་གསུངས། དོན་ནི། དེའི་རྩེ་མོའི་ཚད་དབྱིབས་ཆོས་ཅན། ཚད་དཔག་ཏུ་མེད་པ་དང་། དབྱིབས་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བ་ཡིན་ཏེ། རིམ་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མཐར་ཐུག་པ་མེད་ཅིང་སྤྲོས་པ་དང་བྲལ་བ་ཡིན་པའི་ཕྱིར། བདུན་པ་རྒྱན་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། ཞེས་དང་། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ་མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་བཀླུབས་པ། ཞེས་གསུངས། དེའི་དོན་ནི། སྤྱིར་རྒྱན་གྱི་རྣམ་གྲངས་ལ་བདུན་དུ་ངེས་པ་ལས། དེའི་དང་པོ་འོག་གཞིའི་རྒྱན་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། གཞལ་ཡས་ཁང་གི་ལྟེ་བར་ཡེ་ཤེས་ལྔ་མཚོན་པའི་འཁོར་ལོ་རྩིབས་བཞི་པའི་མཐའ་ཆོས་ཉིད་མཚོན་པའི་རྡོ་རྗེ་རྭ་བ་ཟླུམ་པོས་བསྐོར་བ་ལ་དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་ལོགས་རྒྱན་ལ་གཉིས་ལས། རིན་པོ་ཆེའི་རྒྱན་ཆོས་ཅན། ཁྱོད་ཀྱི་ཁྱད་ཆོས་བཤད་དུ་ཡོད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩལ་མ་འགགས་པར་རང་སྣང་བའི་རྟགས་སུ་པཉྩ་རེ་ཁཱའི་རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དང་། ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུ་དང་། མདའ་ཡབ་ལ་སོགས་པའི་རྒྱན་ཁྱད་པར་དུ་འཕགས་པ་དུ་མས་སྤྲས་པ་ཡིན་པའི་ཕྱིར། དེ་ལྟར་ཡང་འོད་རིམ་ལས། ཡེ་ཤེས་རྩིག་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧཱར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲྭ་བ་དྲྭ་ཕྱེད་མགུལ་འཁོར་ལྡན། །ཞེས་སོ། །འདོད་ཡོན་གྱི་རྒྱན་ཆོས་ཅན། དེའང་བཤད་དུ་ཡོད་དེ། གཟུགས་རྡོ་རྗེ་མ་སོགས་འདོད་ཡོན་ལྔའི་ལྷ་མོས་ཕྱོགས་ཀུན་དུ་འཁྲིགས་པ་ཡིན་པའི་ཕྱིར་ཏེ། དོན་འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པའི་རྟགས་སུ་དེ་ལྟར་སྣང་བའི་ཕྱིར། དེའང་འོད་རིམ་ལས། གཟུགས་སོགས་ལྷ་མོས་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་ཀུན་སྤྲིན་ཕུང་བཞིན། །ཞེས་སོ། །གསུམ་པ། སྟེང་རྒྱན་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། དབུས་བུམ་པ་ཟླུམ་པོའི་སྟེང་དུ་བྲེ་མཚོན་པའི་འཕྱུར་བུའི་རྩེར། པདྨ་ལ་གནས་པའི་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་ན་རཏྣའི་གདུགས་ཀྱིས་མཛེས་ཤིང་། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པར་སྤྲས་པའི་ཕྱིར་ཏེ། རྡོ་རྗེ་མེ་ལོང་ལས། ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཤིང་། །ཉོན་མོངས་ཚད་པའི་གདུང་བ་སེལ། །ཐུགས་རྗེ་གདུགས་ཀྱི་འཁོར་ལོར་བརྟན། །མ་ལུས་གཅིག་ཏུ་འདུས་པ་ནི། །ཏོག་སྟོང་འོད་ཟེར་ལྡན་པ་སྟེ། །ཞེས་གསུངས་པའི་ཕྱིར་དང་། རྟ་བབས་ཀྱི་རྩེར་ཡང་གདུགས་ཀྱི་རྩ་བར་འཁོར་ལོ་རི་དྭགས་ཀྱིས་བསྐྱོད་པ་དང་། གཞན་ཡང་ཕྱོགས་ཀུན་ཏུ་རྔ་ཡབ་དང་བ་དན་ལ་སོགས་པས་མཛེས་པར་སྤྲས་པའི་ཕྱིར། བཞི་པ། སྒོ་དང་རྟ་བབས་ཀྱི་རྒྱན་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། སྒོ་བ་གླང་སེང་ལ་སོགས་པའི་རྒྱན་གྱི་བྱེ་བྲག་སྣ་ཚོགས་ཀྱིས་བརྒྱན་པ་ཡིན་པའི་ཕྱིར་ཏེ། རྔམ་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་སེང་གཉིས་ཀྱིས་མཛེས་པར་བརྒྱན། །རྟ་བབས་རྣམས་ཀྱི་འཁོར་ལོ་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་ཡང་སྒྲོག །ཅེས་གསུངས་པའི་ཕྱིར། ལྔ་པ། ཕྱི་རོལ་གྱི་རྒྱན་ཆོས་ཅན། བཤད་དུ་ཡོད་དེ། སྒོའི་གཡས་གཡོན་གཉིས་ན་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་དག་གསེར་གྱི་ཐིག་གུས་སྦྲེལ་བ་ལས་དྲིལ་བུའི་སྒྲ་སྒྲོག་པ་ལ་སོགས་པས་བརྒྱན་པ་ཡིན་པའི་ཕྱིར་ཏེ། འོད་རིམ་ལས། སྒོ་བཞི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཙོང་ཙོང་སྦྲེལ། །དྲིལ་བུ་གཡེར་ཁ་ཐེག་ཆེན་སྒྲོག །བཀྲ་ཤིས་བྱ་སྙན་སྒྲ་སྒྲོག་ལྡན། །ཡིད་བཞིན་རིན་ཆེན་བརྒྱད་བསྐོར་བ། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། །ཞེས་གསུངས་པའི་ཕྱིར། དྲུག་པ། ངོ་བོ་ཉིད་ཀྱི་རྒྱན་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། བདེན་བཞི་མཚོན་པའི་གྲུ་ཆད་དང་། བདེན་པ་དབྱེར་མེད་མཚོན་པའི་བར་ཁྱམས་ལ་སོགས་པས་མཛེས་པར་བརྒྱན་པའི་ཕྱིར། བདུན་པ། བདག་པོའི་རྒྱན་ཆོས་ཅན། དེ་ཡང་བཤད་དུ་ཡོད་དེ། སྤྲུལ་པའི་འཕྲོ་འདུ་བཞི་བཅུ་རྩ་གཉིས་ཀྱིས་གཞལ་ཡས་ཁང་མཛེས་པར་བརྒྱན་པའི་ཕྱིར་ཏེ། འདི་ཉིད་ལས། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་གསུངས་པའི་ཕྱིར། བརྒྱད་པ་གཞལ་ཡས་ཁང་གི་སྒོའི་དོན་དེ་ཇི་ལྟ་བུ་ཞེ་ན། དེ་འཆད་པ་ལ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། ཞེས་གསུངས། དེའི་དོན་ནི། གཞལ་ཡས་ཁང་དེར་འཇུག་པའི་སྒོ་ཆོས་ཅན། ཁྱོད་ཀྱི་དོན་བཤད་དུ་ཡོད་དེ། རྣམ་ཐར་བཞིའི་ཏིང་ངེ་འཛིན་གྱི་སྒོ་ནས་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་རྟགས་སུ་ཕྱོགས་ཀྱི་དབྱེ་བས་སྒོ་བཞི་དང་ལྡན་པ་ཡིན་པའི་ཕྱིར་ཏེ། ལེ་ལག་ལས། སྟོང་སྨོན་མཚོན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ཞེས་གསུངས་པའི་ཕྱིར། དེའང་ཐང་སྒོ་ལྟ་བུ་མ་ཡིན་ཏེ། སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལོགས་དང་། ཡ་ཕུབས་རྡོ་རྗེའི་དྲ་མིག་ཅན་ལ་སོགས་པས་བརྒྱན་པའི་ཕྱིར། དགུ་པ་རྟ་བབས་ནི། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཞེས་གསུངས་པའི་དོན་ནི། རྟ་བབས་ཆོས་ཅན། ཁྱོད་ལ་དབྱེ་ན་རྒྱུའི་རྟ་བབས་བརྒྱད་དང་འབྲས་བུའི་རྟ་བབས་བརྒྱད་དེ་བཅུ་དྲུག་ཏུ་གྲངས་ངེས་པ་ཡིན་ཏེ། རྡོ་རྗེ་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུའི་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེས་གསུངས་པའི་ཕྱིར། དེ་ལས་རྒྱུའི་རྟ་བབས་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། མཚོན་སྒོ་རྣམ་ཐར་བཞིའི་སྒོ་ནས་མཚོན་བྱ་མི་གནས་པའི་ཡེ་ཤེས་ལ་འཇུག་པ་དེ་ཡང་ཐུན་མོང་རྣམ་ཐར་གྱི་ཐེག་པ་བརྒྱད་ལ་སྦྱང་པས་རྟོགས་པའི་རྟགས་སུ་སྒོ་ཕུབས་ཀྱི་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་སྟེ་བབས་ཞོན་གྱི་རྟ་བབས་བརྒྱད་དང་ལྡན་པ་ཡིན་པའི་ཕྱིར། དེ་ལྟར་ཡང་ལེ་ལག་ལས། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། །ཞེས་དང་། འགྲེལ་ཆུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བ་རྒྱུད་དང་གཉིས་ཀ་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་བརྒྱད། །ཅེས་སོ། །འབྲས་བུའི་རྟ་བབས་ཆོས་ཅན། དེའང་བཤད་དུ་ཡོད་དེ། ཐེག་པ་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོགས་པའི་རྟགས་སུ་སྒོ་ལོགས་ཀྱི་ཕྱི་ཟུར་བཞི་ནས་ཀ་བས་བཏེག་པའི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པ་ཡིན་པའི་ཕྱིར། དེ་ལྟར་ཡང་སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། དེ་ཡི་གྲུབ་པའི་མཐའ་རྫོགས་པའི། །ཡོན་ཏན་བརྒྱད་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྒྲོམ་དང་ཟ་ར་ཚགས། །སྣ་འཕྱང་ཆུན་འཕྱང་ཤར་བུ་དང་། །ཁྱུང་མགོ་མཛེས་པས་རིམ་པར་འཁྲིགས། །ཞེས་སོ། །དེའང་རྒྱན་དང་ལྡན་པ་ཡིན་ཏེ། སྒོ་ཁང་དང་སྒོའི་བསིལ་ཁང་གི་མུན་པ་སེལ་བྱེད་གླང་རྒྱབ་ལ་སོགས་པའི་རྒྱན་དུ་མས་སྤྲས་པའི་ཕྱིར། བཅུ་པ་མཚན་ཉིད་ནི། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་གསུངས། དོན་ནི་གཞལ་ཡས་ཁང་དེའི་མཚན་ཉིད་ཆོས་ཅན། ཁྱོད་ཆོས་ཀྱི་དབྱིངས་རྡོ་རྗེ་ཀུན་ཏུ་བཟང་མོའི་བྷ་ག་ཉིད་དུ་འདུས་པས་ན་ཐ་སྙད་དུ་ནང་ཞེས་བརྗོད་པ་ཡིན་ཏེ། རང་བྱུང་ཡེ་ཤེས་ལ་ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་སུ་མེད་པས་ཤེས་བྱའི་དཀྱིལ་འཁོར་ཀུན་ཀྱང་རང་བྱུང་ཡེ་ཤེས་སུ་གསལ་བ་ལས་གཞན་མ་དམིགས་པའི་ཕྱིར་ཏེ། འགྲེལ་ཆུང་ལས། གནས་མཆོག་མཚན་ཉིད་བརྗོད་པ་ནི། །གཞལ་ཡས་ཕྱི་ནང་ཆོས་དབྱིངས་ནང་། །བྷ་ག་ཉིད་དུ་བསྡུས་པས་ན། །ཀུན་ཏུ་ནང་ཞེས་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་ཆོས་ཀྱི་དབྱིངས་དེའི་ངང་ལས། ཡེ་ཤེས་ཀྱི་འཕྲུལ་པར་སྣང་བའི་གཞལ་ཡས་ཁང་རྒྱན་དང་བཅས་པ་ཐམས་ཅད་ཀྱང་། ཤེལ་གྱི་སྦུ་གུར་རིན་པོ་ཆེ་སྣ་ཚོགས་བཅུག་པ་ལྟར་མི་སྒྲིབ་པར་གསལ་བའི་རང་བཞིན་ཅན་ཡིན་ནོ། །ཞེས་འཆད་པར་བྱེད་པ་ནི། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། སོགས་ནས། ཕྱི་དང་ནང་མེད་པ་ཀུན་ཏུའང་ནང་དུ་གྱུར་པ་ན། ཞེས་པའི་གཞུང་འདི་བྱུང་། འོ་ན་གཉིས་པ་གདན་ཁྲིའི་དོན་བསྟན་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་འཆད་པར་བྱེད་པ་ལ། མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། ཞེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་ན་གསུམ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན། སའི་ཁྱད་པར་བགྲོད་པའི་གདན། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་རྣམས་སུ་ངེས་པའི་ཕྱིར། དེའི་དང་པོ་འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་དེ་ཆོས་ཅན། སྔར་བསྟན་པའི་འོག་གཞིའི་རྒྱན་དེ་ཉིད་ཡིན་ཏེ། རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱས་རྟོག་ཚོགས་གཅོད་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་རྟགས་སུ་རང་ཤར་བ་ཡིན་པའི་ཕྱིར། གཉིས་པ་སའི་ཁྱད་པར་བགྲོད་པའི་གདན་དེ་ཆོས་ཅན། བཤད་དུ་ཡོད་དེ། ཡོན་ཏན་གྱི་རྟགས་སུ་སེང་གེ་ལ་སོགས་པ་སེམས་ཅན་ལྔ་པོ་རེ་རེའང་བརྒྱད་བརྒྱད་ཀྱི་གདན་ཁྲི་དང་ལྡན་པའི་ཕྱིར་ཏེ། རང་བྱུང་གི་ཡེ་ཤེས་རྟོགས་པའི་རིག་པ་ལ་འབྲས་བུའི་ཆོས་མི་འཇིགས་པ་བཞི་སོགས་ལྷུན་གྱིས་གྲུབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བསྟན་ཅིང་ངེས་པར་བྱས་པའི་རྟགས་སུ་དེ་ལྟར་སྣང་བ་ཡིན་པའི་ཕྱིར། དེ་ལྟར་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་སོ། །གདན་དེ་རྣམས་ཆོས་ཅན། ཁྱོད་ལ་སའི་ཁྱད་པར་བགྲོད་པའི་གདན་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། ཐེག་པ་བརྒྱད་ལ་བགྲོད་ནས་འབྲས་བུའི་ཡོན་ཏན་ཐུགས་སུ་ཆུད་པའི་རྟགས་སུ་སེང་གེ་ལ་སོགས་པ་རེ་རེ་ལའང་བརྒྱད་བརྒྱད་དུ་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པ་ཡིན་པའི་ཕྱིར། གསུམ་པ་ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་དེ་ཆོས་ཅན། བཤད་དུ་ཡོད་དེ། རྒྱལ་བའི་ཐུགས་རང་བཞིན་གྱིས་འོད་གསལ་ཞིང་ཐབས་ཤེས་དབྱེར་མེད་པའི་རྟགས་སུ་ཉི་ཟླའི་གདན་དང་། པདྨ་ནི་འདམ་ལས་སྐྱེས་ཀྱང་ཉེས་སྐྱོན་གྱིས་མ་གོས་པ་ལྟར་མཐའི་སྐྱོན་གྱིས་གོས་པ་མེད་པའི་རྟགས་སུ་པདྨའི་གདན་དང་། རེ་བ་ཡིད་བཞིན་དུ་སྐོང་ཞིང་དཀོར་བདུན་ལྷུན་གྱིས་གྲུབ་པའི་རྟགས་སུ་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་ལྡན་རྣམས་སུ་ཤར་བ་ཡིན་པའི་ཕྱིར། ཁོ་ན་རེ། འོ་ན་གདན་དེ་རྣམས་ཀྱི་བརྩེགས་ལུགས་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའང་བཤད་དུ་ཡོད་དེ། སྐྱེས་བུ་ལྔ་ལ་ལྔ་བརྩེགས་ཏེ། །སེམས་དཔའ་སེམས་མ་སུམ་བརྩེགས་དང་། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་བརྩེགས་སོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་དཀྱིལ་འཁོར་ལ་འགོད་པའི་ཚེ་དེ་ལྟར་ཡིན་གྱི། འདིར་ཆོས་འཆད་པའི་ཚེ་ན་ཀུན་བཟང་ལ་གདན་ལྔ་བརྩེགས་སུ་སྤྱན་འགྲེལ་ལས་གསུངས་སོ། །འོ་ན་གདན་བརྩེགས་ཀྱི་ཟླ་བ་སྟེང་དུ་འོང་བའི་རྒྱུ་མཚན་གང་ཞེ་ན། དེའང་བཤད་དུ་ཡོད་དེ། སྤྱན་འགྲེལ་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར་དང་། ནང་གི་ཆུ་སྐྱེས་ཀྱི་ལྟེ་བའི་ཉི་མ་ལ་ཟླ་བ་བརྟེན་པའི་ཕྱིར་རི་བོང་ཅན་སྟེང་ན་གནས་སོ། །ཞེས་གསུངས་པའི་ཕྱིར། དེ་ནི་གསང་བ་ལྟར་ཐབས་ལམ་འོག་སྒོ་དང་སྦྱར་ནས་བཤད་པའོ། །གཞན་དུ་ཕྱི་གྲོལ་ལམ་ལྟར་བཤད་ནའང་ཟླ་བ་སྟེང་དུ་འོང་སྟེ། གཙོ་བོར་ཐབས་སྣང་བ་འགག་པ་མེད་པ་མཚོན་པའི་ཕྱིར་དང་། ནང་ཐབས་ལམ་སྟེང་སྒོ་ལྟར་བཤད་ན་ཟླ་བ་སྟེང་དུ་འོང་བ་ཡིན་ཏེ། ལྟེ་བའི་ཨ་ཐུང་གི་སྟེང་དུ་སྤྱི་བོའི་ཧཾ་ཡིག་གམ་སྙིང་གའི་སྲོག་མི་ཤིགས་པའི་ཐིག་ལེ་གནས་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། མི་འཇིགས་པ་སེང་གེའི་ཁྲི་དང་། སོགས་ནས། པདྨ་རིན་པོ་ཆེའི་གདན་ལ། ཞེས་པའི་གཞུང་འདི་བྱུང་། གསུམ་པ་གང་ལ་གསུངས་པའི་འཁོར་ཕུན་སུམ་ཚོགས་པ་དེ་འཆད་པ་ལ། འཁོར་གྱི་རྣམ་གྲངས་དངོས་བཤད་པ་དང་། ཞར་ལ་དེ་དག་གི་ཚད་བཤད་པའོ། །དང་པོ་ལ། ལྷན་ཅིག་པའི་འཁོར་བཤད་པ་དང་། གོ་ཕྱེ་བའི་འཁོར་བཤད་པ་གཉིས་ཏེ། ཁོག་གཞུང་ལས། ལྷན་ཅིག་འཁོར་དང་གོ་ཕྱེ་ལ། ཞེས་གསུངས་པའི་ཕྱིར། དེའི་དང་པོ་ལྷན་ཅིག་པའི་འཁོར་བཤད་པ་ལ། རང་བཞིན་གཉིས་སུ་མེད་པའི་འཁོར་བཤད་པ། རིག་པ་ཁྱད་པར་ཅན་གྱི་འཁོར་བཤད་པ། དད་པས་གཏམ་ཉན་པའི་འཁོར་བཤད་པའོ། །དང་པོ་རང་བཞིན་གཉིས་སུ་མེད་པའི་འཁོར་དེ་ཆོས་ཅན་བཤད་དུ་ཡོད་དེ། སྔར་སྨོས་པའི་འཆད་པའི་སྐྱེས་བུ་རིགས་ལྔ་ཡབ་ཡུམ་བཅུ་པོ་དེ་ཡིན་པའི་ཕྱིར་ཏེ། ཁོག་གཞུང་ལས། ཉིད་ལས་མི་གཞན་རིགས་ལྔ་དང་། ཞེས་གསུངས་པའི་ཕྱིར། གཉིས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་བཤད་པ་ལ། གོ་དོན་དང་། དེ་གཏན་ལ་དབབ་པའོ། །དང་པོ་གོ་དོན་ནི། རྒྱལ་སྲས་སེམས་དཔའ་དང་འཇོམས་བྱེད་ཁྲོ་བོའི་འཁོར་རྣམས་ཆོས་ཅན། ཁྱོད་ལ་རིག་པ་ཁྱད་པར་ཅན་གྱི་འཁོར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྟོན་པའི་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་ཁྱད་པར་ལས་རང་སྣང་བ་ཡིན་པའི་ཕྱིར། དེ་ལྟར་ཡང་རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། རང་སྣང་རྒྱལ་བ་སེམས་སོགས་དང་། ཞེས་སོ། །གཉིས་པ་གཏན་ལ་དབབ་པ་ལ། རྒྱལ་སྲས་སེམས་དཔའི་འཁོར་བཤད་པ་དང་། འཇོམས་བྱེད་ཁྲོ་བོའི་འཁོར་བཤད་པའོ། །དང་པོ་རྒྱལ་སྲས་སེམས་དཔའི་འཁོར་འཆད་པར་བྱེད་པ་ལ། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་། བཙུན་མོ་མཐོང་བར་བྱ་བ་དང་། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མྱོང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་། བཙུན་མོ་འདས་པ་དང་། ད་ལྟར་དང་། འབྱུང་བ་དང་། མ་བྱོན་པའི་ཚོགས་དང་། ཞེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་ན། སྤྱིའི་མཚན་དང་། བྱེ་བྲག་གི་མཚན་གཉིས་ལས། དང་པོ་སྤྱིའི་མཚན་ནི། སེམས་དཔའ་ཡབ་རྣམས་ཀྱི་མཚན་ཆོས་ཅན། བྱང་ཆུབ་ཆེན་པོ་རྡོ་རྗེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མིག་ཤེས་ལ་སོགས་པའི་རྟོག་ཚོགས་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པ་ལས། ཡིན་པ་ལྟར་མངོན་དུ་གྱུར་པའི་འབྲས་བུ་ནི་བྱང་ཆུབ་ཆེན་པོ། དེ་ལྟར་རྒྱུ་འབྲས་ལྟར་སྣང་ཡང་དོན་དམ་པར་ལྷ་རྟོག་དབྱེར་མི་ཕྱེད་པས་ན་རྡོ་རྗེ་ཞེས་བརྗོད་པའི་ཕྱིར་ཏེ། འགྲེལ་ཆུང་ལས། འཁོར་གྱི་བཀོད་པ་ཇི་སྙེད་པ། །ཁམས་དང་སྐྱེ་མཆེད་ཡིན་པར་གྲགས། །རྣམ་ཤེས་ཡུལ་དང་དབང་པོ་དང་། །དུས་དང་ཕྱིན་ཅི་མ་ལོག་རྣམས། །བྱང་ཆུབ་ཆེན་པོའི་རང་བཞིན་དུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། །ཞེས་གསུངས་པའི་ཕྱིར། དེ་དག་གི་ཡུམ་སེམས་མ་རྣམས་ཀྱི་མཚན་ཆོས་ཅན། བཙུན་མོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐབས་འདིར་ཡུལ་བཞིས་རྣམ་ཤེས་བཞི་དང་། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་པའི་ཆ་ནས་དེ་ལྟར་བརྗོད་པ་ཡིན་པའི་ཕྱིར། གཉིས་པ་བྱེ་བྲག་གི་མཚན་ནི། ནང་སེམས་བཞི་པོ་ཆོས་ཅན། དེ་རྣམས་ལ་མཐོང་བ་ལ་སོགས་པར་སྨོས་པ་ནི་རིམ་པ་ལྟར་མིག་རྣ་བ་སྣ་ལྕེའི་རྣམ་ཤེས་བཞི་ཡིན་པས་རྟོག་པའི་མཚན་ཡིན་ཏེ། མིག་དབང་ལ་བརྟེན་ནས་མིག་ཤེས་ཀྱིས་ཡུལ་གཟུགས་མཐོང་བ་ལ་སོགས་པ་ཡིན་པའི་ཕྱིར། མཐོང་བ་ལ་སོགས་པ་བཞི་པོ་ཆོས་ཅན། ཁྱོད་ལྷའི་དུས་ན་ཐུགས་ཀྱི་སེམས་དཔའ་བཞི་ཡིན་ཏེ། མཐོང་བ་ས་སྙིང་། ཐོས་པ་ཕྱག་རྡོར། སྣོམ་པ་ནམ་སྙིང་། མྱོང་བ་སྤྱན་རས་གཟིགས་དབང་ཕྱུག་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་ཐུགས་ཀྱི་སེམས་དཔའ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། འདིའི་ལེའུ་བཞི་པར། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག །ཅེས་དང་། སྤར་ཁབ་ལས། རྣམ་ཤེས་བཞི་པོ་ནི་རིག་པ་ཁོ་ནའི་ཕྱིར་ཐུགས་ཏེ། ཞེས་གསུངས་པའི་ཕྱིར། ནང་སེམས་བཞི་པོའི་ཡུམ་ཆོས་ཅན། ཁྱོད་རྣམས་ལ་མཐོང་བར་བྱ་བ་ལ་སོགས་པར་སྨོས་པ་ནི་རིམ་པ་ལྟར་ཡུལ་གཟུགས་སྒྲ་དྲི་རོ་བཞི་ཡིན་པས་རྟོག་པའི་མཚན་ཏེ། མིག་ཤེས་ལ་སོགས་ཀྱི་མཐོང་བྱ་གཟུགས་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར། དེ་དག་ཆོས་ཅན། ལྷའི་དུས་ན་སྐུའི་སེམས་མ་བཞིར་གྲགས་ཏེ། མཐོང་བར་བྱ་བ་ལཱ་སྱེ་མ། །མཉན་པར་བྱ་བ་གིརྟི་མ། །བསྣོམ་པར་བྱ་བ་མཱ་ལེ་མ། །མྱོང་བར་བྱ་བ་ནཱིརྟི་མ་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་སྐུའི་སེམས་མ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། ཡུལ་བཞིས་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཚ་ནི་སྙན་གྱི་སྐུ་ཡི་མཆོག །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག །ཅེས་དང་། རྡོ་རྗེ་ལས། རྣམ་ཤེས་བཞི་ཡིས་དམིགས་པའི་ཡུལ། །མཐོང་བར་བྱ་བ་ལ་སོགས་པ། །དམིགས་པར་བྱ་ཕྱིར་སྐུ་ཡི་མཆོག །ཅེས་སོ། །གལ་ཏེ་ཁོ་ན་རེ། འདིར་རྟོག་པའི་གོ་རིམ་ལྟར་སྦྱར་ན་ཡུལ་ཡུལ་ཅན་མ་འཁྲུལ་ནའང་ལྷ་ཡབ་ཡུམ་སྦྱོར་བའི་ཚེ་རྣ་བའི་ཡུལ་རོ་དང་། ལྕེའི་ཡུལ་སྒྲར་བྱུང་བས་སྦྱོར་ཚུལ་ནོར་ཏེ། སྤྱན་རས་གཟིགས་ཀྱི་ཡུམ་གཱིརྟི་མ་དང་། ཕྱག་རྡོར་གྱི་ཡུམ་ནཱིརྟི་མར་བྱུང་བའི་ཕྱིར་ཟེར་ན། ཡུལ་ཡུལ་ཅན་གྱི་དབང་དུ་བྱས་ན་དེ་ལྟར་བདེན་མོད་ཀྱང་། འདིར་རིགས་ཀྱི་དབང་དུ་བྱས་པས་འགལ་བ་མེད་དེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། རྒྱུད་འདིར་ནི་རིགས་ཁོ་ན་གཙོ་བོར་བྱས་ཏེ། མཉན་པར་བྱ་བ་སྒྲའི་ལྷ་མོ་རྣ་བའི་ཡུལ་ཡིན་ཡང་། རིགས་ཀྱི་དུས་སུ་གསུང་གི་རིགས་ཡིན་པས། འཇིག་རྟེན་དབང་ཕྱུག་གི་ཡུམ་དུ་ཤེས་པར་བྱའོ། །ཞེས་སོགས་གསུངས་པའི་ཕྱིར། ཕྱི་སེམས་བཞི་པོ་ཆོས་ཅན། དེ་དག་ལ་མཐོང་བྱེད་ལ་སོགས་པར་སྨོས་པ་ནི་རིམ་པ་ལྟར། མིག་རྣ་བ་སྣ་ལྕེའི་དབང་པོ་བཞི་ཡིན་པས་རྟོག་པའི་མཚན་ཏེ། རྣམ་ཤེས་བཞིས་ཡུལ་བཞི་མཐོང་བའི་བདག་རྐྱེན་དབང་པོ་བཞིས་བྱེད་པའི་ཕྱིར། དེ་དག་ཆོས་ཅན། ལྷའི་དུས་ན་གསུང་གི་སེམས་དཔའ་བཞིར་གྲགས་ཏེ། མཐོང་བྱེད་བྱམས་པ། ཐོས་བྱེད་སྒྲིབ་པ་རྣམ་སེལ། སྣོམ་བྱེད་ཀུན་ཏུ་བཟང་པོ། མྱོང་བྱེད་འཇམ་དཔལ་དབྱངས་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་གསུང་གི་སེམས་དཔའ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། དབང་པོས་ཡུལ་དང་ཤེས་པ་གཉིས་ཕྱི་ནང་གི་བརྡ་སྦྱོར་བྱེད་པའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས། པ་ནི་སྤྱན་གྱི་གསུང་གི་མཆོག །ཕ་ནི་སྙན་གྱི་གསུང་གི་མཆོག །བ་ནི་ཤངས་ཀྱི་གསུང་གི་མཆོག །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །ཅེས་སོ། །ཕྱི་སེམས་བཞིའི་ཡུལ་ཆོས་ཅན། དེ་དག་ལ་འདས་པ་ལ་སོགས་པར་སྨོས་པ་ནི་རྟོག་པའི་མཚན་ཏེ། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་སྐྱེད་པར་བྱེད་པའི་ཕྱིར། དེ་དག་ཆོས་ཅན། ལྷའི་དུས་ན་དུས་བཞིའི་ལྷ་མོ་སྟེ། འདས་པའི་དུས་བདུག་པ་མ་དང་། ད་ལྟར་བ་མེ་ཏོག །འབྱུང་བ་སྟེ་མ་འོངས་པ་མར་མེ། མ་བྱོན་པ་སྟེ་འབྱུང་བར་མ་ངེས་པའི་དུས་དྲི་ཆབ་མ་རྣམས་སུ་ངེས་པའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས། ཡ་ནི་སྐྱེ་བ་རྣམ་པར་དག །ཝ་ནི་གནས་པ་དག་པ་ཡིན། །ར་ནི་འཇིག་པ་དག་པ་སྟེ། །ལ་ནི་སྟོང་པ་དག་པའོ། །ཞེས་སོ། །ཁོ་ན་རེ། འདིར་དུས་བཞིར་སྨོས་པས་དུས་ལོག་སྟེ། སྡེ་སྣོད་གཞན་དུ་དུས་གསུམ་ལས་མ་བཤད་པའི་ཕྱིར་ཟེར། དེ་ལྟར་ན། ཆོས་མངོན་པ་མཛོད་ལས། ཆགས་གནས་འཇིག་སྟོང་བཞི་དང་། རྫོགས་ལྡན་ལ་སོགས་པའི་དུས་བཞི་བཤད་པ་དང་། དཀོན་མཆོག་བརྩེགས་པར། དུས་གསུམ་དང་བསམ་གྱིས་མི་ཁྱབ་པའི་དུས་ཏེ་བཞིར་གསུངས་པ་སོགས་ཀྱང་དུས་ལོག་པར་ཐལ་ལོ། །འོ་ན་འདིར་དུས་བཞི་པོ་དེ་གང་ཞེ་ན། བཤད་དུ་ཡོད་དེ། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པའི་དུས་ནི་འདས་པ། རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པ་ནི་ད་ལྟར་བ། རྒྱུ་འབྲས་ཚོགས་ལ་མ་སྤྱད་པ་ནི་མ་འོངས་པ། རྒྱུ་འབྲས་ཡོད་ལ་མ་ཚོགས་པ་ནི་འདས་མ་འོངས་གང་དུ་ཡང་མ་ངེས་པའི་དུས་ཡིན་པའི་ཕྱིར་ཏེ། དཔེར་ན་དབྱར་གྱི་དུས་ལྟ་བུ་ཞིག་གཞིར་བཞག་ནས་བརྩི་ན། དཔྱིད་ནི་འདས་པ། དབྱར་ནི་ད་ལྟར་བ། སྟོན་ནི་མ་འོངས་པ། དགུན་ནི་མ་ངེས་པ་སྟེ། དབྱར་གྱི་དུས་འདི་ལས་སྔར་འདས་ཕྱིས་འབྱུང་གཉིས་ནི་འདས་མ་འོངས་པར་ངེས་ལ། དགུན་ནི་འདས་མ་འོངས་གང་རུང་གཅིག་ཏུ་ཁ་ཚོན་མ་ཆོད་པའི་ཕྱིར་ཏེ། དཔྱིད་ཀྱི་སྔ་ལོགས་ཀྱི་དགུན་ནི་འདས་པ་དང་། སྟོན་གྱི་ཕྱི་ལོགས་ཀྱི་དགུན་ནི་མ་འོངས་པ་ལྟར་སྣང་བའི་ཕྱིར། དེ་ལྟར་ཡང་རྔམ་གློག་ལས། རྒྱུ་འབྲས་ངེས་པ་མ་ཚོགས་པ། །འབྱུང་བར་མ་ངེས་དུས་ཞེས་གྲགས། །ཞེས་སོ། །དེའི་ཕྱིར་དུས་བཞིར་གྲངས་དང་གོ་རིམ་ངེས་པ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ནི། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། སོགས་ནས། མ་བྱོན་པའི་ཚོགས་དང་། ཞེས་པའི་གཞུང་འདི་བྱུང་། འོ་ན་གཉིས་པ་འཇོམས་བྱེད་ཁྲོ་བོའི་འཁོར་བཤད་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་འཆད་པར་བྱེད་པ་ལ། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱེད་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་ཤེས་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ། ཞེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་ན། སྤྱིའི་མཚན་དང་། བྱེ་བྲག་གི་མཚན་གཉིས་ལས། དང་པོ་སྤྱིའི་མཚན་ནི། འཇིགས་བྱེད་ཡབ་བཞི་པོ་ཆོས་ཅན། ཁྱོད་རྣམས་ལ་འཇོམས་པ་ཆེན་པོ་རྡོ་རྗེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཕྱི་ལུས་ཀྱི་ཆོས་བཞི་དང་སྦྱར་ན་རྟོག་པའི་རང་བཞིན་མངོན་དུ་གྱུར་པའི་ཁྲོ་བོ་བཞིའི་སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་དང་ལོག་འདྲེན་རྣམས་འཇོམས་པ་དང་། ནང་གསང་བའི་ཁམས་བཞི་དང་སྦྱར་ན། འོག་སྒོ་གསང་བའི་ཁམས་སུ་འདུས་པའི་བདེ་བས་རྟོག་པ་དང་ལྷའམ་བདེ་བར་འཛིན་པའི་ཞེན་པ་གཉིས་ཀ་འཇོམས་པ་ལ་ཐོགས་པ་མེད་པས་ན་རྡོ་རྗེར་བརྗོད་པ་གང་ཞིག །དེས་འཇོམས་པའི་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་ཞེས་བརྗོད་པའི་ཕྱིར། དེ་དག་གི་ཡུམ་བཞི་ཆོས་ཅན། དེ་རྣམས་ལ་བཙུན་མོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ལྟ་བུའི་འཇོམས་བྱེད་ཀྱི་གཉེན་པོ་དེ་ཡང་རྟག་ཆད་བདག་མཚན་བཞི་མ་ཡིན་པའི་ཆོས་ཉིད་ཡུལ་གྱི་ངོ་བོ་དེས་བསྐྱེད་པ་ཡིན་པའི་ཕྱིར། དཔེར་ན་དཀར་པོ་འཇོམས་པ་དེ་དཀར་པོ་མ་ཡིན་པ་ཞིག་གིས་བསྐྱེད་པ་བཞིན་ནོ། །ཡང་ཕྱིན་ཅི་ལོག་གི་རྟོག་པ་བཞི་ལྟར་ན། དེས་ལུས་ཀྱི་རྟོག་པ་བཞི་དངོས་སུ་མི་བསྐྱེད་ཀྱང་བརྒྱུད་ནས་བསྐྱེད་པར་བཞེད་པའི་ཕྱིར། གཉིས་པ་བྱེ་བྲག་གི་མཚན་ནི། སྒོ་བ་ཡབ་བཞི་ཆོས་ཅན། དེ་དག་ལ་རེག་པ་ལ་སོགས་པར་སྨོས་པ་ནི་རྟོག་པའི་མཚན་ཏེ། ཕྱི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་ཚོར་བ་བསྐྱེད་པ་ལ། རེག་བྱེད་ལུས་དབང་། རེག་བྱ་ཡུལ། དེ་གཉིས་ཕྲད་པའི་རེག་ཤེས་སམ། ནང་ལྟར་ན། གསང་བའི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཀྱི་རེག་པ་བསྐྱེད་པ་ལ། རེག་བྱེད་གསང་དབང་ཐབས་ཀྱི་རྡོ་རྗེ། རེག་བྱ་གསང་ཡུམ་ཤེས་རབ་ཀྱི་པདྨ། གསང་བའི་རེག་ཤེས་དགའ་བ་ཉམས་སུ་མྱོང་བ་རྣམས་སུ་ཡོད་པའི་ཕྱིར། དེ་དག་ཆོས་ཅན། ལྷའི་དུས་ན་མཐར་བྱེད་སྒོ་བ་བཞི་སྟེ། ཕྱི་ནང་གི་རྟོག་པ་གཉིས་ཀ་གོ་རིམ་བཞིན་དུ། ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། རྟ་མགྲིན་དང་། སྟོབས་པོ་ཆེ་དང་། གཤིན་རྗེ་གཤེད་རྣམས་སུ་དག་པ་ཡིན་པའི་ཕྱིར། དེ་དག་གི་ཡུམ་བཞི་པོ་ཆོས་ཅན། དེ་རྣམས་ལ་རྟག་པར་མ་ཡིན་པ་ཞེས་སོགས་སྨོས་པ་ནི་རྟོག་པའི་མཚན་ཏེ། རྟག་པར་མ་ཡིན་པ་སྟེ་ཕུང་པོ་མི་རྟག་པར་འཛིན་པ་དང་། ཆད་པར་མ་ཡིན་པ་སྟེ་སྡུག་བསྔལ་གྱི་རང་བཞིན་དུ་འཛིན་པ་དང་། བདག་ཏུ་མ་ཡིན་པ་སྟེ་བདག་མེད་དུ་འཛིན་པ་དང་། མཚན་མར་མ་ཡིན་པ་སྟེ་སྟོང་པར་འཛིན་པ་རྣམས་སུ་ཡོད་པ་གང་ཞིག །དེ་དག་ལྷ་ཡི་དུས་ན། གོ་རིམ་ཇི་ལྟ་བ་བཞིན་དུ་ཁྲོ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་དང་བཞིར་ངེས་པའི་ཕྱིར། ཡང་རྟག་ཆད་བདག་མཚན་དུ་འཛིན་པའི་ཕྱིན་ཅི་ལོག་གི་རྟོག་པ་བཞི་ལྟར་ན། རྟག་པར་འཛིན་པ་ལ་སོགས་པའི་རྟོག་པ་བཞི་པོ་ཆོས་ཅན། ཁྱོད་རང་ག་མར་སྣང་བ་ལྟར་མ་ཡིན་ཏེ། དེ་དག་མ་སྤངས་པར་སྒོ་མ་བཞིའི་རང་བཞིན་དུ་དག་པའི་ཕྱིར། དེ་ལྟར་ཡང་ཐལ་རྒྱུད་ལས། རྟག་སོགས་མཚན་མ་ལས་བསྐྱེད་ཕྱིར། །བཙུན་མོ་ཞེས་སུ་བསྟན་པ་སྟེ། །ཞེས་དང་། གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད་ལས་ཀྱང་། དོན་དམ་པར་སེམས་ཅན་གྱི་རྟག་པར་ལྟ་བ་གནས་སུ་དག་པ་བཛྲ་ཨངྐུ་ཤ་སྟེ། ཞེས་སོགས་གསུངས་པ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ནི། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང་། སོགས་ནས། མཚན་མར་མ་ཡིན་པ། ཞེས་པའི་གཞུང་འདི་བྱུང་། གསུམ་པ་དད་པས་གཏམ་ཉན་པའི་འཁོར་དེ་ཇི་ལྟ་བུ་ཞེ་ན། དེ་ཆོས་ཅན། བཤད་དུ་ཡོད་དེ། ཕྱིའི་ཁོར་ཡུག་ལ་བཞུགས་པའི་འཇིག་རྟེན་གྱི་ཆ་འཛིན་པའི་ལྷ་ཆེན་པོ་ལ་སོགས་པ་རྣམས་དེ་ཡིན་པའི་ཕྱིར་ཏེ། ཁོག་གཞུང་ལས། དད་པས་ཉན་པའི་ལྷ་ཆེན་རྣམས། ཞེས་དང་། ལེ་ལག་ལས། ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཞེས་པའི་སྤྱན་འགྲེལ་ལས། འཁོར་བའི་ཆོས་རྣམས་ཀྱང་བདག་ཉིད་དུ་རང་སྣང་བའི་ཕྱིར། ཕྱི་རོལ་དུ་མ་ཧཱ་དེ་ཝ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བསྐོར་བ་སྟེ། རང་རང་གི་མཆོད་ཡོན་དང་། རྒྱན་དང་ལྡན་པར་འཁོད་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གོ་ཕྱེ་བའི་འཁོར་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཐུན་མོང་འགྲོ་བ་འདུལ་བའི་འཁོར་སྤྲུལ་སྐུ་ཐུབ་པ་དྲུག་དང་། རྗེས་འཇུག་ཆོས་ཀྱི་མིག་དང་ལྡན་པའི་གང་ཟག་སྐལ་བ་དང་ལྡན་པ་རྣམས་ལ་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། ཁོག་གཞུང་ལས། འགྲོ་བ་འདུལ་བར་སྤྲུལ་སོགས་པའོ། །ཞེས་དང་། འདི་ཉིད་ལས། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས་པའི་ཕྱིར། གཉིས་པ་འཁོར་གྱི་ཚད་བསྟན་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་འཆད་པར་བྱེད་པ་ལ། ཆོས་ཀྱི་དབྱིངས་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །ཞེས་དང་། ལ་སོགས་པ། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པའི་གཞུང་འདི་བྱུང་། དེ་བཤད་ན་གཉིས་ཏེ། ཁྱབ་པའི་ཚད་དང་། མང་བའི་ཚད་གཉིས་ལས། དང་པོ། ཁྱབ་པའི་ཚད་དེ་ཆོས་ཅན། བཤད་དུ་ཡོད་དེ། ཀུན་ཏུ་ཁྱབ་ཅིང་མཐའ་ཀླས་པར་ཁྱབ་པའི་ཕྱིར་ཏེ། ཏིལ་གོང་དེ་ཏིལ་འབྲས་ཀྱིས་གང་ཞིང་ཁྱབ་པ་བཞིན་ནོ། །གཉིས་པ། མང་བའི་ཚད་དེ་ཆོས་ཅན། བཤད་དུ་ཡོད་དེ། སྔར་སྨོས་པ་དེ་ལྟ་བུའི་འཁོར་ཚོགས་ཀྱི་གྲངས་ཚད་འདི་ཙམ་ཞེས་བརྗོད་ཀྱིས་མི་ལང་བའི་ཕྱིར། འོ་ན་ཁྱབ་པ་དང་མང་བའི་བདག་ཉིད་ཅན་གྱི་འཁོར་དེ་དག་དང་གཉིས་སུ་མེད་པར་བཞུགས་ཚུལ་དེ་ཇི་ལྟ་བུ་ཞེ་ན། དེ་ཆོས་ཅན། རང་བཞིན་གཉིས་སུ་མེད་པར་བཞུགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་འདུས་པ་གང་ཞིག །འགྲོ་བའི་ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པ་ཐམས་ཅད་ཀྱང་ལྷའི་རང་བཞིན་དུ་གནས་པ་ཡིན་པའི་ཕྱིར་ཏེ། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་གསུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། ཆོས་ཀྱི་དབྱིངས་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །ཞེས་དང་། ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པའི་གཞུང་ཚན་གཉིས་པོ་འདི་བྱུང་། བཞི་པ་གང་གསུངས་པའི་བསྟན་པ་ཕུན་སུམ་ཚོགས་པ་དེ་ཇི་ལྟ་བུ་ཞེ་ན། དེ་འཆད་པར་བྱེད་པ་ལ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨེ་ཨེ་མ་ཨེ་མའོ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སེལ་མེད་པ་ཡི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་པའི་གཞུང་འདི་བྱུང་། ཚིག་དོན་དུ་བསྒྲིལ་ན། དེ་ནས་དེ་བཞིན་གཤེགས་པ་ཞེས་སོགས་གསུངས་པ་ལོ་རྒྱུས་སུ་བརྗོད་པའི་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་སྤྱི་གཟུགས་རིགས་ལྔ་དབྱེར་མི་ཕྱེད་པའི་སྟོན་པ་ཉིད་ཀྱི་ཐུགས་ལ་རྒྱུད་དོན་ཇི་ལྟར་ཤར་བའི་དོན་མངོན་དུ་སྣང་བས་ན་ཕྱུང་ངོ་ཞེས་ཐ་སྙད་དུ་བཏགས་པའི་ཕྱིར། ཨེ་ཨེ་མ་ཨེ་མའོ་ཞེས་སོགས་ཀྱི་དོན་དེ་ཆོས་ཅན། ཁྱོད་ཀྱིས་གང་གསུངས་པའི་བསྟན་པ་དངོས་དེ་ཉིད་བསྟན་པ་ཡིན་ཏེ། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་གཞི་ལམ་འབྲས་གསུམ་དུ་འདུ་བ་གང་ཞིག །གཞུང་འདིས་རྒྱུད་གསུམ་མདོར་བསྟན་པ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཞེས་པ་ཆོས་ཅན། ཁྱོད་ཀྱིས་གཞིའི་རྒྱུད་མདོར་བསྟན་པ་ཡིན་ཏེ། གནས་ལུགས་དེ་བཞིན་ཉིད་ཀྱི་དབྱིངས་དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་པའི་ཕྱིར། དབང་སྒྱུར་ཞེས་དང་། རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། ཞེས་པ་ཆོས་ཅན། ཁྱོད་ཀྱིས་ལམ་གྱི་རྒྱུད་མདོར་བསྟན་པ་ཡིན་ཏེ། ལམ་ནི་ཤེས་འཇུག་གི་བྱེད་རྩོལ་དང་བཅས་པའི་གདུལ་བྱའི་སྣང་བ་གང་ཞིག །གཞི་འཆིང་གྲོལ་མེད་པའི་གནས་ལུགས་དེ་ཉིད་རྟོགས་པ་ལ་དབང་སྒྱུར་བའི་ལྟ་བ་དང་། སེམས་ཉིད་ལྷའི་དཀྱིལ་འཁོར་དུ་རང་གསལ་བར་སྒོམ་པའི་ཏིང་ངེ་འཛིན་གྱི་ཐབས་ཡན་ལག་དང་བཅས་པའི་དོན་འཕྲོ་གཞིའི་རྩ་བ་ཡིན་པའི་ཕྱིར། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། ཞེས་དང་། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཞེས་པ་མན་ཆད་ཆོས་ཅན། ཁྱོད་ཀྱིས་འབྲས་བུའི་རྒྱུད་མདོར་བསྟན་པ་ཡིན་ཏེ། ཆོས་ཉིད་མངོན་གྱུར་བསྐྱེད་དུ་བྱར་མེད་པ་ནི་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་གང་ཞིག །དེ་ཤེས་འཇུག་གི་རྐྱེན་དེས་རྟོགས་བྱའི་ཡུལ་གྱི་གྲུབ་འབྲས་སུ་ངེས་པའི་ཕྱིར། དེས་ན་གཞུང་འདི་རྒྱུད་གསུམ་གྱི་མདོར་བསྟན་ནམ་རྩ་བ་ཡིན་པའི་ཕྱིར། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་དེ་དང་དེ་སྟོན་པ་ཐམས་ཅད་འདི་ལས་འཕྲོས་པར་ཤེས་པར་བྱའོ། །དེ་ལ་ཁོ་ན་རེ། བསྡུ་བའི་ཚིགས་སུ་བཅད་པ་འདི་ཆོས་ཅན། ཁྱོད་ཀྱིས་བསྟན་པ་རྒྱུད་དོན་མདོར་བསྟན་དུ་བཤད་པ་མི་རིགས་ཏེ། གལ་ཏེ་རིགས་ན་འོག་ཏུ་གླེང་བསླང་བ་ལ་དགོས་པ་མེད་པར་འགྱུར་བའི་ཕྱིར་ཟེར་ན་དོགས་པ་དེའི་སྐྱོན་མེད་དེ། སྟོན་པའི་ཐུགས་ལ་རྒྱུད་དོན་ཇི་ལྟར་ཤར་བའི་དོན་གསང་བདག་གིས་བསྡུ་བ་བྱེད་པའི་ཚེ། གདུལ་བྱ་དབང་རབ་ཀྱི་དོན་དུ་བསྟན་པ་རྒྱུད་དོན་མདོར་བསྟན་གྱི་ཚུལ་དུ་བསྡུས་པ་ཡིན་པའི་ཕྱིར་ཏེ། རྒྱ་མདུད་འགྲེལ་ལས། ད་ནི་ཆོས་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ་ཞེས་དང་། འགྲེལ་ཆུང་ལས། རྒྱུད་འདི་ཉིད་ཀྱི་མདོ་དོན་དུ། །དཀྱིལ་འཁོར་ཀུན་གྱི་གསང་བ་འདི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐུགས། །རྡོ་རྗེ་ལས་ནི་ངེས་པར་ཕྱུང་། །ཞེས་གསུངས་པའི་ཕྱིར་དང་། འོག་ཏུ་གླེང་བསླང་བ་ལ་དགོས་པ་མེད་པར་ཡང་མི་འགྱུར་ཏེ། གདུལ་བྱ་དབང་འབྲིང་མན་ཆད་ལ་རྒྱུད་དོན་འོག་ཏུ་སྟོན་པས་ན་འདི་ཉིད་གླེང་གཞིའི་དོན་བསྡུས་སུ་བཞེད་པའི་ཕྱིར་ཏེ། སྤར་ཁབ་ལས། འདི་ནས་མར་ལ་གླེང་གཞི་བསྡུས་པ་སྟོན་ཏེ། ཞེས་གསུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། སོགས་ནས། རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་པའི་གཞུང་འདི་བྱུང་། ལྔ་པ་གང་གི་ཚེ་གསུངས་པའི་དུས་ཕུན་སུམ་ཚོགས་པ་དེ་ཉིད་འཆད་པར་བྱེད་པ་ལ། སྔར་མདོར་བསྟན་དུ་བཤད་པའི་དུས་ན་ཞེས་པའི་གཞུང་འདི་བྱུང་། ཚིག་དོན་དུ་བསྒྲིལ་ན། དུས་ཕུན་སུམ་ཚོགས་པ་དེ་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་སུ་ངེས་ཏེ། ངོ་བོའི་དུས་དང་། གདུལ་བྱ་ལ་སྣང་བའི་དུས་གཉིས་སུ་ཡོད་པའི་ཕྱིར་ཏེ། ཁོག་གཞུང་ལས། དུས་ཀྱི་ངོ་བོ་མཉམ་གནས་ཀྱང་། །སྐལ་པ་ཅན་ལ་དཀོན་པའི་དུས། །ཞེས་གསུངས་པའི་ཕྱིར། དང་པོ་ངོ་བོའི་དུས་དེ་ཆོས་ཅན། ཁྱོད་དུས་བཞི་མཉམ་པ་ཉིད་དུས་ཡིན་ཏེ། ཀུན་རྫོབ་བདེན་ངོར་དུས་སྔ་ཕྱི་ཐ་དད་པ་ལྟར་སྣང་ཡང་། དོན་དམ་བདེན་པའི་ཆ་ནས་དེར་མ་དམིགས་ལ། དབྱེར་མེད་ཀྱི་ངོས་ནས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་ན་དེ་ལྟར་བརྗོད་པའི་ཕྱིར་ཏེ། རྒྱས་པ་ལས། འདས་དང་མ་འོངས་ཐམས་ཅད་ཀུན། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །དུས་བཞི་སྔ་ཕྱི་མེད་པ་ཡི། །མཉམ་པ་ཉིད་དུ་ལྷན་ནེར་སྦྱོར། །ཞེས་དང་། འགྲེལ་ཆུང་ལས། དུས་བཞི་མཉམ་པ་ཆོས་ཀྱི་དབྱིངས་ཉིད་དུ། །སྟུག་པོ་བཀོད་པའི་རྒྱན་ལ་ཐིམ་པར་བཞུགས། །ཞེས་གསུངས་པའི་ཕྱིར། གཉིས་པ་གདུལ་བྱ་ལ་སྣང་བའི་དུས་དེ་ཆོས་ཅན། བཤད་དུ་ཡོད་དེ། རྒྱུད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ལྔ་ཚང་བས་གདུལ་བྱའི་ངོ་ལ་རྒྱུད་དོན་བྱུང་བའི་དུས་དེ་ཉིད་ལ་བརྗོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། བཤད་པའི་དུས་ན། ཞེས་པའི་གཞུང་འདི་བྱུང་། དྲུག་པ་གང་གིས་བསྡུས་པའི་སྡུད་པ་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པའི་གཞུང་འདི་བྱུང་། དེ་ཡང་སློབ་དཔོན་ཉིན་བྱེད་སེང་གེས། རྡོ་རྗེ་གསང་བ་ཞེས་པ་ནི། དབང་བསྐུར་བའི་མཚན་ཡིན་ཏེ། གསང་བའི་བདག་པོ་ཕྱག་ན་རྡོོ་རྗེ་ལ་གྲགས་པའོ། །ཞེས་གསུངས་པས་ཕྱོགས་བཅུ་དུས་བཞི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་མཛོད་འཛིན་པ་པོ་རྒྱལ་སྲས་ལག་ན་རྡོ་རྗེ་ཆོས་ཅན། ཁྱོད་རྒྱུད་འདི་ཉིད་ཀྱི་སྡུད་པ་པོ་ཡིན་ཏེ། སྟོན་པས་དེ་ལྟར་ལུང་བསྟན་པའི་ཕྱིར་ཏེ། རྒྱ་མཚོ་ལས། འཁོར་གྱི་ནང་ནས་སྐལ་མཆོག་ལྡན། །འདུལ་བའི་དུས་བབས་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བར་མཛད། །ཅེས་སོ། །དེ་ལྟར་རྒྱུད་འདིར་སྡུད་པ་པོ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྡུད་པ་པོ་མེད་ན་སྟོན་པས་བསྟན་ཀྱང་གཏམ་ལྐུགས་པ་ལྟར་ཕྱིས་མི་འབྱུང་བའི་སྐྱོན་དང་། རྒྱུད་འདི་གནས་གང་དུ། སྟོན་པ་གང་གིས། འཁོར་གང་ལ་བསྟན་ཅིང་གཏད། དེ་ནས་སུ་ཞིག་གིས་སྤེལ་ཞེས་པའི་སྒྲོ་སྐུར་སྤང་བའི་ཆེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པའི་གཞུང་འདི་བྱུང་། དེས་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་བསྟན་པ་སོང་ནས། གཉིས་པ་རྐྱེན་གླེང་བསླང་བ་ལ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་དང་བཞི་ལས། དང་པོ་གླེང་བསླང་བའི་དགོས་པ་ཆོས་ཅན། བཤད་དུ་ཡོད་དེ། རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་མྱུར་དུ་འབྱུང་བ་དེ་ཁྱོད་ཀྱི་དགོས་པ་ཡིན་པའི་ཕྱིར། དེ་ལྟར་ཡང་ཐུགས་ཐིག་ལས། བརྗོད་བྱ་རང་བཞིན་གསང་བའི་རྒྱུད། །དེ་ཇི་བཞིན་དུ་རྗོད་བྱེད་དག །སྟོན་པས་རྒྱུད་དོན་ལམ་དང་ཚིག །འབྲེལ་པ་རིམ་པ་འཆོལ་འཁྱུགས་པ། །གླེང་གཞི་རྗེས་སུ་ངེས་པར་འགྲོ། །ཞེས་སོ། །

གཉིས་པ་གླེང་བསླང་བའི་ངོ་བོ་ཆོས་ཅན། བཤད་དུ་ཡོད་དེ། སྟོན་འཁོར་གྱི་དྲི་ལན་གཅིག་གི་རྐྱེན་དུ་གཅིག་གྱུར་པས་བསྟན་པ་འབྱུང་མ་རག་པ་དེ་ཡིན་པའི་ཕྱིར། དེ་ལྟར་ཡང་ཐུགས་ཐིག་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལ་གླེང་བསླང་སྟོན་དང་འཁོར། །གནང་འདྲིའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་རེག་པ། །ཞེས་སོ། །གསུམ་པ་གླེང་བསླང་བའི་སྒྲ་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། གླེང་བར་བྱ་བ་བསྟན་པ་ཡིན་ལ། དེ་གླེང་བར་བསྐུལ་བ་ནི། བསྟན་པ་འབྱུང་བའི་རྐྱེན་དུ་གྱུར་པས་ན་བསླང་ཞེས་བརྗོད་པའི་ཕྱིར། བཞི་པ་གླེང་བསླང་གི་རྣམ་གྲངས་དེ་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་སུ་ཡོད་དེ། ཐུན་མིན་ལྷན་ཅིག་པའི་འཁོར་གྱི་ཆེད་དུ་སྟོན་པས་མདུན་བསུས་ཏེ་གླེང་བསླང་བ་དང་། ཐུན་མོང་པ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་འཁོར་གྱིས་གུས་པས་དྲིས་ཏེ་གླེང་བསླང་བ་གཉིས་སུ་ཡོད་པའི་ཕྱིར། དེ་ལྟར་ཡང་ཐུགས་ཐིག་ལས། འཁོར་དང་གཞན་གྱི་དོན་ཕྱིར་དུ། །རྒྱུ་ཚོགས་ཐུགས་རྗེས་སྣང་བར་འགྱུར། །ཞེས་སོ། །དེ་དང་པོ་ཐུན་མིན་ལྷན་ཅིག་པའི་འཁོར་གྱི་ཆེད་དུ་སྟོན་པས་མདུན་བསུས་ཏེ་གླེང་བསླང་བའི་གོ་དོན་ནི། སྟོན་པ་ཡབ་ཡུམ་གྱིས་ལྷན་ཅིག་པའི་འཁོར་ལ་ཟབ་དབང་གསུམ་བསྐུར་བས་ཞེན་པ་དག་ནས་རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་པ་དེ་ཆོས་ཅན། ཁྱོད་ཐུན་མོང་མ་ཡིན་པའི་གླེང་བསླང་བ་ཡིན་ཏེ། དོན་དམ་ངེས་པའི་ཚིག་གིས་རང་བཞིན་གསང་བའི་སྙིང་པོའི་དོན་དངོས་སུ་སྟོན་པ་ཡིན་པའི་ཕྱིར། དེ་ལྟར་ཡང་ཁོག་གཞུང་ལས། ཐུན་མོང་མ་ཡིན་སྟོན་པ་ཉིད། །ཡབ་ཡུམ་ཆགས་བསྐུལ་རོལ་པ་དང་། །དགྱེས་བསྟར་འཁོར་ལ་དབང་བསྐུར་བས། །རྒྱུད་དོན་འབྱུང་ཕྱིར་བསླང་ཞེས་བྱ། །ཞེས་སོ། །དེ་གཏན་ལ་དབབ་པ་ལ་གཉིས་ཏེ། གསང་དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་གསང་དབང་བསྐུར་བ་ལའང་ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་སྐུ་དང་ཡེ་ཤེས་ཀྱི་དོན་གླེང་བ་དང་། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་དབྱིངས་ཀྱི་དོན་གླེང་བ་གཉིས། དེའི་དང་པོ་ཡབ་ཀྱི་གླེང་བསླང་བ་དེ་ཉིད་འཆད་པར་བྱེད་པ་ལ། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ། ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞིན་གཤེགས་པ་ཉིད། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །ཞེས་པའི་གཞུང་འདི་བྱུང་། དེའི་དོན་ནི། རྒྱུད་ཀྱི་སྟོན་པ་རིགས་དྲུག་པ་ཡབ་ཡུམ་གཉིས་ཆོས་ཅན། ཁྱོད་ལ་བྱེད་པ་པོ་རྡོ་རྗེ་ཡིད་དང་། བྱ་བ་མོ་ཆོས་ཞེས་སྨོས་པ་ལ་རྒྱུ་མཚན་ཡོད་དེ། མ་རྟོགས་པའི་དུས་ན་ཡིད་ཀྱི་རྟོག་པ་ནི་འཁོར་བའི་བྱེད་པ་པོ་དང་། རྟོགས་པའི་དུས་ན་འདས་པའི་བྱེད་པ་པོ་རང་རིག་པའི་ཡེ་ཤེས་གཉིས་རང་བཞིན་དབྱེར་མི་ཕྱེད་པས་ན་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཞེས་བརྗོད་པ་གང་ཞིག །བྱ་བ་མོ་ནི་དབང་པོ་ལྔའི་ཡུལ་དུ་མ་གྱུར་པའི་ཡུལ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཀྱི་ཁམས་ཡིན་ལ། དེས་ཡིད་བསྐྱེད་པར་བྱེད་ཅིང་ཡིད་ཀྱི་ཡུལ་དུ་གྱུར་པས་ན་བཙུན་མོ་བྱ་བ་མོ་ཞེས་ཆོས་ཀུན་ཏུ་བཟང་མོ་ཞེས་བརྗོད་པའི་ཕྱིར། དེ་ལྟ་བུའི་སྟོན་པ་ཡབ་ཡུམ་གཉིས་སྙོམས་པར་ཞུགས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེ་ལྟར་ཞུགས་པ་ལས་བྱུང་བའི་ཉི་ཟླ་བྱང་ཆུབ་སེམས་ཀྱིས་རྒྱུ་བྱས་ཤིང་། ཡབ་ཡུམ་གྱིས་ཉམས་སུ་བསྟར་བའི་དོན་ཆེད་དུ་བརྗོད་པས་རྐྱེན་བྱས་ཏེ། དེའི་འབྲས་བུ་རྟོགས་པ་བརྗོད་པས་ལྷན་ཅིག་པའི་འཁོར་རྣམས་ཀྱིས་བདེན་པ་མཐོང་བའི་ཕྱིར། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། ཞེས་སོགས་ཀྱི་དོན་ཆོས་ཅན། བཤད་དུ་ཡོད་དེ། ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་སངས་རྒྱས་པ་ལ་ངོ་མཚར་བའི་ཚུལ་གྱིས་དེ་ལྟར་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་ནས་ཕུང་ཁམས་སྐྱེ་མཆེད་ཞིང་ལ་སོགས་པའི་ཆོས་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་རྟོགས་པས་སངས་རྒྱས་ཉིད་ལས་གཞན་པའི་ཆོས་རྡུལ་ཙམ་ཡང་མ་གྲུབ་པར་རྟོགས་པ་ཡིན་པའི་ཕྱིར། དེ་ལྟར་བརྗོད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ནི། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་སོགས་ནས། མཉེས་པར་གྱུར་ཏོ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་ཡུམ་གྱིས་གླེང་བསླང་བ་དེ་ཉིད་འཆད་པར་བྱེད་པ་ལ། དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཀྱེ་མའོ། །ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ནི་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བའི་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་པའི་གཞུང་འདི་བྱུང་། དེའི་དོན་ནི། རྒྱུ་སྔར་བཞིན་ལས། རྐྱེན་ཀྱེ་མའོ་ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་སོགས་ཀྱི་དོན་ཆོས་ཅན། བཤད་དུ་ཡོད་དེ། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་རང་གི་ཉམས་སུ་བསྟར་བས་དབྱིངས་ཀྱི་དོན་ལ་ངོ་མཚར་བའི་ཚུལ་གྱིས་དེ་ལྟར་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ལྷག་པ་དོན་དམ་པའི་བདེན་པ་མཐོང་ནས་ཕྱོགས་བཅུ་སྟོང་ཁམས་དང་། སྲིད་པ་གསུམ་དང་། སྙིགས་མ་ལྔ་དང་། ཕུང་པོ་ལྔ་སྟེ་ཐ་སྙད་བཞིས་བསྡུས་ཀྱི་ཆོས་ཐམས་ཅད་ཡེ་ནས་ཆོས་ཀྱི་སྐུར་མངོན་པར་སངས་རྒྱས་པས་འབྲས་བུ་གཞན་ནས་བཙལ་དུ་མེད་པར་རྟོགས་པ་ཡིན་པའི་ཕྱིར། དེ་ལྟར་བརྗོད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རྟོག་ཚོགས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་སྟོན་པ་ཉིད་ཀྱིས་མཁྱེན་པ་ཡིན་པའི་ཕྱིར་ཏེ། འཁོར་རྣམས་ཀྱིས་དབང་ཐོབ་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་རྟོག་མེད་ཀྱི་ཡེ་ཤེས་སྐྱེས་ཀྱང་སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་ཉམས་སུ་མ་མྱོངས་པའི་ཕྱིར་ཞེས་འཆད་པར་བྱེད་པ་ནི། དེ་ནས་བཙུན་མོ་བྱ་བ་མོ་སོགས་ནས། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་པའི་གཞུང་འདི་བྱུང་། དེ་ལྟར་བཤད་པའི་རྣམ་གྲངས་དེ་ཙམ་ཞིག་ཞུས་ནས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཞེས་སོགས་ཀྱི་བཤད་གཞུང་འདི་ཉིད་སྦྱོར་བ་ངག་དོན་དུ་དྲིལ་ན་བཅིངས་གྲོལ་མེད་པའི་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། སེམས་ཅན་ཐམས་ཅད་མ་རྟོགས་པའི་དབང་གི་བཅིངས་གྲོལ་ལྟར་སྣང་ཡང་། སྣང་ཙམ་ཉིད་ནས་གཤིས་ལ་དེ་ལྟར་མ་གྲུབ་པས་འཁོར་འདས་མཉམ་པ་ཉིད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་ལྷུན་རྫོགས་སུ་བཞུགས་པ་ཡིན་པའི་ཕྱིར་ཏེ། རྒྱུད་ཕྱི་མ་ལས། སྤྲོས་པ་ཐམས་ཅད་ཉེར་ཞི་བ། །རང་བཞིན་གྱིས་ནི་གྲོལ་བར་བརྗོད། །འཆིང་བ་མེད་ཕྱིར་དེ་གྲོལ་ལོ། །ཞེས་དང་། ཀུན་བྱེད་ལས། བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་སངས་རྒྱས་ཀྱིས་ཐུགས་སུ་ཆུད་པ་ལྷུན་གྱིས་གྲུབ་པའི་ཆོས་དེ་ཆོས་ཅན། ཁྱོད་མཚོན་པར་བྱེད་པའི་རྒྱུད་འདི་དངོས་བརྒྱུད་ཀྱི་གདུལ་བྱ་ལ་ཇི་ལྟར་བསྟན་པའི་ཚུལ་ཡོད་དེ། དགྱེས་པའི་ཚུལ་དྲུག་གི་སྒོ་ནས་ལྷན་ཅིག་པའི་འཁོར་ལ་དངོས་སུ་བསྟན་པ་གང་ཞིག །གོ་ཕྱེ་བའི་འཁོར་གདུལ་བྱ་ཐུན་མོང་བ་རྣམས་ལམ་སྟེགས་ཀྱི་ཐེག་པ་ལ་བརྟེན་ནས་རིམ་གྱིས་ལམ་འདིར་དཀྲི་བའི་ཆེད་དུ་སྤྲུལ་པ་ཐུབ་པ་དྲུག་སྤྲོ་བ་སོགས་སྣ་ཚོགས་སུ་སྣང་ནས་བསམ་གྱིས་མི་ཁྱབ་པའི་མཛད་པ་འཁོར་བ་ཇི་སྲིད་ཀྱི་བར་དེ་སྲིད་དུ་རྒྱུན་མི་ཆད་པར་སྟོན་པ་ཡིན་པའི་ཕྱིར་ཞེས་འཆད་པར་བྱེད་པ་ནི། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་གཞུང་འདི་བྱུང་བ་ཡིན་ནོ། །དེས་དངོས་གཞི་བཤད་པ་རང་གི་ངོ་བོ་བཤད་པ་ཞེས་བྱ་བ་དེ་སོང་ནས།

རྩ་བའི་ས་བཅད་གསུམ་པ་མཇུག་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྟེན་པ་ཞེས་བྱ་བ་དེ་ཉིད་འཆད་པར་བྱེད་པ་ནི། སློབ་དཔོན་ཆེན་པོ་པདྨས་ངང་ཆུང་དཔལ་གྱི་རྒྱལ་མོ་ལ་གདམས་པ་ལས། གཞན་དོན་བསྔོ་བ་སྨོན་ལམ་རྒྱས་གདབ་བྱ། །རྗེས་ཀྱི་བྱ་བ་ཡིན་པས་མེད་ཐབས་མེད། །ཅེས་གསུངས་པས། རྗེས་ཀྱི་བྱ་བ་རྣམ་པར་དག་པ་ཡོངས་སུ་བསྔོ་བ་ཁྱད་པར་ཅན་གཟིངས་ཀྱི་ཁོང་གཟེར་བསྡམས་པ་ལྟ་བུས་ལམ་གྱི་དགེ་བ་རྣམས་ཆུད་མི་ཟ་བར་བྱེད་པ་སྟེ། མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། དེ་ལའང་། གང་བསྔོ་བར་བྱ་བའི་རྒྱུ། གང་དུ་བསྔོ་བའི་ཡུལ། ཇི་ལྟར་བསྔོ་བའི་ཆོ་ག་དང་གསུམ་དུ་ཡོད་པ་ལས། དེའི་དང་པོ་བསྔོ་རྒྱུ་ནི། དགེ་བའི་རྩ་བ་སྟེ། རྣམ་སྨིན་བདེ་བ་བསྐྱེད་པས་དགེ་བ། དེའི་རྒྱུ་བྱེད་པས་རྩ་བ་ཞེས་བརྗོད་པ་ཡིན་པའི་ཕྱིར་ཏེ། ལོ་ཐོག་གི་རྒྱུ་ས་བོན་འདེབས་པ་བཞིན་ནོ། །དེའང་རྒྱུད་འདི་ཉིད་ལས། གང་གིས་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱི། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་དང་། བཤད་རྒྱུད་རྒྱ་མཚོ་ལས། མོས་དང་མཐོང་དང་བྲི་བ་དང་། །བཀླགས་པ་ཙམ་གྱིས་འགྲུབ་འགྱུར་ན། །རྟོགས་དང་གོམས་པའི་སྦྱོར་བ་ཡིས། །འབྲས་བུ་ཐོབ་པ་སྨོས་ཅི་དགོས། །ཞེས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པ་ལ་ངེས་ཤེས་སྐྱེས་ཏེ། རྒྱུད་ཀྱི་རྒྱལ་པོ་འདི་ལ་དད་པས་ཐོས་བསམ་ཅུང་ཟད་ཙམ་ཞིག་བགྱིས་པ་དང་། དེ་ལྟར་འབད་པ་ལས་གཞུང་དོན་བློ་ཡུལ་དུ་ཅུང་ཟད་ལོངས་པ་རྣམས་མཆོད་རྫས་སུ་སྦྱར་ཏེ། ཡུལ་དམ་པ་རྣམས་ལ་ལེགས་བཤད་ཀྱི་མཆོད་པ་ཅུང་ཟད་ཙམ་ཕུལ་བའི་དགེ་བའི་རྩ་བ་འདིས་མཚོན་རྟེན་དུ་བྱས་ཏེ། དགེ་བ་དུས་ནམ་བྱས་ཀྱང་རུང་། གང་ཟག་སུས་བྱས་ཀྱང་རུང་། དངོས་པོ་ཇི་ལྟ་བུ་བྱས་ཀྱང་རུང་སྟེ། ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམ་ནས་བདག་གིར་བསྔོར་རུང་བ་ཡིན་ཏེ། ཤིན་ཏུ་རྒྱས་པའི་སྡེ་སྣོད་ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །ཅེས་དང་། སྡུད་པ་ལས། གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང་། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས། ཞེས་གསུངས་པའི་ཕྱིར། གཉིས་པ་གང་དུ་བསྔོ་བའི་ཡུལ་ནི། འཇིག་རྟེན་པའི་བདེ་འབྲས་སམ། ཕྱོགས་གཅིག་པའི་མྱང་འདས་མ་ཡིན་པར། མི་གནས་པའི་མྱང་འདས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་སྟེ། རྒྱལ་བའི་ཡུམ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་གཞུག་གོ །ཞེས་དང་། ཡོངས་སུ་བསྔོ་བའི་མདོ་ལས། དགེ་བའི་རྩ་བ་འདི་དག་ཀྱང་། །སངས་རྒྱས་ཉིད་ཀྱིས་སར་བསྔོའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཇི་ལྟར་བསྔོ་བའི་ཆོ་ག་ལ། ལྟ་བ་ཆོས་ཐམས་ཅད་བདག་མེད་པས་ཟིན་པ་དང་། ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པ་གཉིས་ལས། དེའི་དང་པོ་ལྟ་བ་བདག་མེད་པས་ཟིན་པ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་པས་བསོད་ནམས་ཀྱང་མཚན་མར་དམིགས་སུ་མེད་ལ། ཐ་སྙད་ཀུན་རྫོབ་ཏུ། གང་གིས་བྱེད་པ་པོ་དང་། གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱས་པའི་དགེ་རྩ་རྣམས་ཐམས་ཅད་མདང་གི་རྨི་ལམ་ལྟར་སྣང་ལ་རང་བཞིན་མ་གྲུབ་པར་ཤེས་པའི་སྒོ་ནས་བསྔོ་སྟེ། མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །བཞིན་གྱི་དཀྱིལ་འཁོར་སྣང་བ་ལྟར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་དང་། ཡུམ་ལས། གལ་ཏེ་མཚན་མར་བྱེད་ན་བྱང་ཆུབ་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པ་ནི། དགེ་བའི་རྩ་བ་ཐམས་ཅད་མཁའ་ཁྱབ་ཀྱི་སེམས་ཅན་དང་ཐུན་མོང་དུ་བྱས་ནས་བསྔོ་བ་སྟེ། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་བྱ། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས། དེའི་རྒྱུ་མཚན་ཡང་། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་བ་རྣམས་འབྲས་བུ་ལན་རེ་སྨིན་ནས་འཛད་ལ། གང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་ནི་འབྲས་བུ་བྱུང་ནས་ཀྱང་མི་འཛད་པར་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་ནས་མི་ཟད་འཕེལ་བར་བྱེད། །ཅེས་གསུངས་པའི་ཕྱིར། དེ་ལྟར་ཐབས་ཤེས་ཀྱིས་ཟིན་པའི་སྒོ་ནས་བསྔོ་བ་རང་གི་ངོ་བོ་ནི། དགེ་རྩ་བྱང་ཆུབ་ཏུ་འདུན་པས་བསྒྱུར་བའི་བློ་དང་། ཚིག་ཁྱད་པར་ཅན་གྱི་མཐུ་བསྡོམ་པ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་སོ། །བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི། རྒྱུ་དགེ་རྩ་སྔོན་དུ་སོང་ནས་ཚིག་དང་སྨོན་པ་བསྡོམས་པ་ནི་བསྔོ་བ། རྒྱུ་དགེ་རྩ་སྔོན་དུ་མ་སོང་བར་སྨོན་པ་ཙམ་ནི་སྨོན་ལམ་སྟེ། དེའང་འདིར་རྫོགས་པའི་བྱང་ཆུབ་ཏུ་འདུན་ཞིང་བསྒྱུར་བའི་བསྔོ་སྨོན་མཚོན་བྱེད་ཙམ་ཞིག་བགྱིད་ན། འོ་སྐོལ་གྱི་སྟོན་པ་སྔོན་རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པའི་ཚེ་གནོད་སྦྱིན་རྣམས་ལ་རང་གི་ཤ་ཁྲག་བྱིན་ནས་གསུངས་པ་ལྟར་བརྗོད་པར་བྱ་སྟེ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་དང་། གཞན་ཡང་། དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཅིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་སེལ་ཞིང་། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །བདག་ཀྱང་རང་བཞིན་རྒྱུད་ཀྱི་ཕྱག་རྒྱ་ཡིས། །བཏབ་ལས་རྟོག་གེའི་གཡང་སར་མི་འཕྱན་པར། །ཐེག་མཆོག་མྱུར་བདེའི་ལམ་ལས་འབྲས་བུའི་རྒྱུད། །སྤང་ཐོབ་མེད་པར་མྱུར་དུ་རྟོགས་པར་ཤོག །ཅེས་བསྔོ་སྨོན་མདོར་བསྡུས་ཙམ་ཞིག་སོང་ནས་དེའི་འོག་ཏུ་བཀྲ་ཤིས་ནི། གང་ཕུན་སུམ་ཚོགས་པའི་དགེ་ཤིས་དང་ལྡན་པའི་འདོད་བྱ་ལ་སྨོན་པ་ཆེད་དུ་བརྗོད་པ་སྟེ། དེ་ཡང་། འདི་ལྟར་བདག་གིས་འབད་པ་ལས་བྱུང་བའི་དགེ་བ་མཆོག་ཏུ་གྱུར་པ་དེས། འགྲོ་བ་ཐམས་ཅད་ཀྱི་མགོན་སྐྱབས་ཐུབ་བསྟན་རིན་པོ་ཆེའི་དཔལ་དམ་པར་གྱུར་པ། གངས་ཅན་གྱི་ལྷ་གཅིག་ཕྱག་ན་པདྨོ་ངུར་སྨྲིག་གི་གར་གྱིས་རྣམ་པར་རོལ་པ་ཁམས་གསུམ་གྱི་བླ་མ་ཀུན་མཁྱེན་རྒྱལ་བའི་དབང་པོ་དང་། རྡོ་རྗེ་འཆང་ཆེན་པོ་དང་ཞལ་མི་གཉིས་པ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་སོགས་ཏེ་བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་ཞབས་པད་མི་ཤིགས་པ་རྡོ་རྗེའི་ངོ་བོར་བརྟན་ཅིང་། བསྟན་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱི་སྒོ་ནས་འཛིན་པར་མཛད་པའི་བསྟན་འཛིན་དགེ་འདུན་གྱི་ཚོགས་ཀྱིས་ནོར་འཛིན་གྱི་གཞི་ཐམས་ཅད་ཡོངས་སུ་ཁྱབ་ཅིང་། ཁྱད་པར་འདུས་པའི་སྡེ་འདིར་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བའི་བསྟན་འཛིན་དབྱར་མཚོ་ལྟར་འཕེལ་ཞིང་རྒྱས་པ་དང་། ཀུན་བཟོད་མའི་གཞི་ལ་བསྟན་པ་སྟོབས་ཀྱིས་འཛིན་པའི་མི་རྗེ་ཆོས་ཀྱི་རྒྱལ་པོ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་སངས་རྒྱས་རྒྱ་མཚོས་དབུ་མཛད་བསྟན་པ་བླ་ནས་བླར་མཆོད་ཅིང་བཀུར་བའི་སྦྱིན་པའི་བདག་པོ་རྣམས་ཀྱང་སྐུ་ཚེ་རིང་ཞིང་ཆབ་སྲིད་དཔལ་འབྱོར་མངའ་ཐང་ལ་སོགས་པ་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པ་ལ་སོགས་པའི་མཐུ་ལ་བརྟེན་ཏེ། ཕན་བདེ་རབ་འབྱམས་མུ་མཐའ་མེད་པའི་འབྱུང་གནས་ཀུན་མཁྱེན་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པས། མཐའ་ཡས་པའི་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་འོད་ཟེར་ཀུན་ནས་འཕྲོ་བས་བདེ་ལེགས་སུ་གྱུར་ཅིག །ཅེས་ཤིས་པར་བརྗོད་པ་མཚོན་བྱེད་ཙམ་ཞིག་བརྗོད་ན། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཀུན་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །མཁས་པའི་འདུན་སར་ལེགས་བཤད་སྐྱེས། །སྟེར་འདོད་དང་པོའི་ལས་ཅན་ཕྱིར། །སྙིང་པོའི་བཤད་པའི་མགོ་རྒྱན་གྱི། །དཔེར་བརྗོད་ཙམ་དུ་ཚུལ་འདི་ཡང་། །ཆོས་དཔལ་གྱིས་བྲིས་འདིས་མཚོན་ཏེ། །ཤེས་ལྡན་རྣམས་ཀྱིས་རྒྱས་པར་སྤེལ། །འདིར་འབད་དགེ་དེས་མྱུར་དུ་བདག །རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །ཅེས་ས་ག་ཉ་བའི་དུས་དགེ་བ་ལ་ཟིན་ཐུན་དུ་ཉིས་བྲིས་སོགས་སྤངས་ཏེ་ཤར་མར་སྤེལ་བ་ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ། དགེའོ། །མངྒ་ལཾ།། །།


previousརྩ་རྒྱུད་སྙིང་པོའི་བཤད་པའི་འགོ་རྒྱན་གྱི་དཔེར་བརྗོད་ལས་དང་པོ་པ་ལ་ཕན་པ།next