Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྔགས་བསྲུང་ཨེ་ཀ་ཛ་ཏིའི་བསྟོད་བསྐུལ་རྡོ་རྗེའི་ཐོག་མདའ།
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྔགས་བསྲུང་ཨེ་ཀ་ཛ་ཏིའི་བསྟོད་བསྐུལ་རྡོ་རྗེའི་ཐོག་མདའ།next

སྔགས་བསྲུང་ཨེ་ཀ་ཛ་ཏིའི་བསྟོད་བསྐུལ་རྡོ་རྗེའི་ཐོག་མདའ།

སྔགས་བསྲུང་ཨེ་ཀ་ཛ་ཏིའི་བསྟོད་བསྐུལ་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་བཞུགས་སོཿ

ཆོས་དབྱིངས་ཌཱཀྐིའི་བརྡ་མཛོད་ལསཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོཿ འཇིགས་རུང་དུར་ཁྲོད་ཧེ་རུའི་ཞིངཿ སྤྲོས་བཅས་རྫས་ཀྱི་དཀྱིལ་འཁོར་དབུསཿ སྡེར་ནང་དམར་གཏོར་གྲུ་གསུམ་ལྔཿ མེ་རི་བྷ་ལིང་རིལ་བུས་བརྒྱནཿ ཇ་ཆང་སྐྱེམས་ཕུད་ཡོས་ཁྲ་བཤམསཿ མི་གཙང་དྲི་མ་སྟོང་པར་སྦྱངསཿ ཟག་མེད་ཆུ་གཙང་ཆབ་ཀྱིས་བྲནཿ རང་བྱུང་རང་ཤར་དཀྱིལ་འཁོར་ལསཿ སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་གྱིཿ ཇ་ཆང་སྐྱེམས་གཏོར་མེད་ཀྱང་ཆོགཿ སྐད་ཅིག་དྲན་རྫོགས་ང་རྒྱལ་ངངཿ ནམ་མཁའ་མཛོད་ཀྱིས་བྱིན་གྱིས་བརླབསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འདིསཿ རབ་འབྱམས་ནམ་མཁའི་ཁམས་གང་གྱུརཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ ལན་གསུམཿ ཧཱུྃ་བྷྱོཿ སྤྲོས་བྲལ་བདེ་སྟོང་གནས་མཆོག་ཧེ་རུའི་ཞིངཿ ཀུན་བཟང་ཐུགས་སྤྲུལ་རྒྱལ་ཀུན་བསྟན་སྲུང་མཿ རྣམ་ཀུན་མཆོག་ལྡན་ཡེ་ཤེས་གཞལ་ཡས་དབུསཿ ཐོད་མཁར་གྲུ་གསུམ་བམ་རོའི་གདན་སྟེང་ཁརཿ རྒྱལ་ཡུམ་ཁྲོས་མ་སྨུག་ནག་འབར་བའི་གདོངཿ སྐུ་མདོག་མཐིང་ནག་རལ་གཅིག་ཨེ་ཀ་ཛཿ སྤྱན་གཅིག་ནུ་གཅིག་དུག་ལྔའི་དགྲ་སྲོག་རྔམཿ ཕྱག་ན་དགྲ་སྙིང་གཡུ་སྤྱང་ཁྲ་ཐབས་འགྱེདཿ སྐུ་ཡི་སྤྲུལ་པ་ཟ་བྱེད་མ་མོ་འབུམཿ གསུང་གི་སྤྲུལ་པ་མ་སྲིང་མཁའ་འགྲོ་འགྱེདཿ ཐུགས་ཀྱི་སྤྲུལ་པ་མོན་མོ་ནག་མོ་དངཿ ཡོན་ཏན་ཕྲིན་ལས་གྲངས་མེད་བསམ་མི་ཁྱབཿ མཁའ་ཁྱབ་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་མདངསཿ བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོ་འབུམཿ ཆོས་སྐྱོང་སྲུང་མ་འཁོར་བཅས་ཚོགས་རྣམས་ཀུནཿ བཞེངས་ཤིག་ཆོས་དབྱིངས་གནས་འདིར་ད་གཤེགས་ཤིགཿ བཛྲ་ས་མ་ཡཱ་ཛ་ཛཿ དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདིསཿ ཡེ་གྲོལ་རང་གཤིས་སྐྱེམས་གཏོར་འདི་འབུལ་བཞེསཿ ཀུན་གཞིའི་ཀློང་ནས་གྲོལ་བའི་ཕྲིན་ལས་མཛོདཿ ཀུན་ཁྱབ་ཆོས་དབྱིངས་གདོད་མའི་རང་མདངས་ལསཿ ཞི་རྒྱས་དབང་དང་མངོན་སྤྱོད་ལས་རྣམས་ཀུནཿ སྐད་ཅིག་ཉིད་དུ་འགྲུབ་པའི་ཕྲིན་ལས་མཛོདཿ ཐ་མལ་མ་དག་སྣང་ཞེན་ལས་བྱུང་བའིཿ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་བགེགས་འདིསཿ མི་དགེ་དང་བླངས་དགེ་བ་རྒྱབ་ཏུ་བོརཿ རྒྱལ་བསྟན་སྤྱི་དང་རྣལ་འབྱོར་བདག་ཅག་ལཿ ཉེས་མེད་གནོད་འཚེ་སེམས་ཅན་སྲོག་འཕྲོག་རྒོལཿ བཀའ་སྲུང་ཁྱོད་ལ་ལྷ་མེད་བརྙས་མི་སོགསཿ ཡན་པར་ཤོར་ན་རྒྱལ་བསྟན་འཇིག་ཉེན་གདའཿ བཅུ་བདུན་རྒྱུད་ཀྱི་བདག་མོ་འཁོར་བཅས་ཀྱིསཿ ཤ་ཁྲག་དམར་གྱི་གཏོར་མ་ད་བཞེས་ཤིགཿ སྔོན་ཚེ་ཡེ་ཐོག་བསྐལ་པའི་དང་པོ་ནསཿ ཀུན་བཟང་ཐུགས་འོད་རྒྱལ་ཡུམ་ཁྲོས་སྐུར་བཞེངསཿ བར་ཆད་དམ་སྲི་དམ་ཉམས་དགྲ་བགེགས་ཚོགསཿ སྙིང་ཁྲག་དྲོད་མོ་དུམ་བུར་ད་རོལ་ཅིགཿ རྣམ་ཤེས་ཆོས་དབྱིངས་ཀློང་དུ་བསྒྲལ་བར་མཛོདཿ ཚེ་འདིར་རང་གཞན་དམ་ཚིག་སུས་བསྲུང་ནཿ ལྷན་སྐྱེས་ཡེ་ཤེས་ཀ་དག་རྡོ་རྗེའི་དབྱིངསཿ མངོན་སུམ་དབང་བསྐུར་ངོ་སྤྲོད་སྨིན་ཅིང་གྲོལཿ གཉིས་མེད་ཟུང་འཇུག་སྐུ་ཐོབ་ཕྲིན་ལས་མཛོདཿ ཁྱད་པར་རྒྱལ་ཡུམ་ཨེ་ཀ་ཛ་ཏི་ཁྱོདཿ མ་ཡིས་བུ་བཞིན་སྐྱོང་བའི་དམ་བཅའ་བཞིནཿ ཚེ་འདིར་ཚེ་རིང་ནད་མེད་བར་ཆད་སྒྲོལཿ ཆོས་སྲིད་ཚོགས་གཉིས་རྒྱ་མཚོ་རབ་རྒྱས་ནསཿ ཚེ་དང་བསོད་ནམས་དཔལ་ཡོན་རྒྱས་གྱུར་ཅིགཿ མོས་པ་རྣམ་བཞི་དབང་དུ་བསྡུས་ནས་ཀྱངཿ དགྲ་བགེགས་མིང་ཙམ་མེད་པར་རྡུལ་དུ་རློགསཿ ཅི་བསམ་འདོད་དོན་འགྲུབ་པའི་ཕྲིན་ལས་མཛོདཿ ནམ་ཞིག་ཚེ་ཟད་འཆི་ཁ་བར་དོ་རུཿ སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའིཿ ཟ་འདྲེ་ཤི་གཤེད་སྲོག་དབུགས་ལན་ཆགས་བགེགསཿ ལོག་པའི་ལམ་འདྲེན་མ་རུང་གདུག་པའི་ཚོགསཿ ཐར་བའི་གེགས་ལས་གྲོལ་བའི་ཕྲིན་ལས་མཛོདཿ མདོར་ན་རྒྱལ་བའི་བསྟན་པ་རིན་པོ་ཆེཿ མདོ་སྔགས་གསལ་བྱེད་བསྟན་འཛིན་སྐྱེས་བུ་ཡིཿ སྐུ་ཚེ་ཞབས་བརྟན་ཡུན་དུ་གནས་པ་དངཿ གངས་ཅན་ལྗོངས་འདིར་ཕུན་ཚོགས་བདེ་སྐྱིད་གླིངཿ བསྟན་པ་ཕྱོགས་མཐར་རྒྱས་པའི་ཕྲིན་ལས་མཛོདཿ ཁྱད་པར་དེང་འདིར་སྙིགས་མ་ལྔ་བདོའི་དུསཿ འགྲོ་བའི་བདེ་སྐྱིད་སྲོག་འཕྲོག་བཅོམ་མཁན་སུཿ སྨོན་ལོག་དམ་སྲི་མ་རུང་དུ་རུ་ཥཿ མཐའ་བཞིའི་དམག་སྡུད་དཔུང་འཕྲོག་སྲོག་ལ་རྒོལཿ བསླུ་མེད་སངས་རྒྱས་བསྟན་སྤྱི་དཀོན་མཆོག་དགྲཿ རྣལ་འབྱོར་བདག་གི་དགྲ་བོ་སུ་ཡིན་རུངཿ གང་ན་འདིར་གནས་མིང་ལྷག་མེད་པར་མཛོདཿ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་བཞེས་ཤིགཿ སྔོན་ཚེ་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་ཡིསཿ བཀའ་བསྒོས་དམ་བཞག་བསྲུང་མ་མཐུ་བོ་ཆེཿ ཚུལ་བཞིན་བསྒྲུབ་པར་བྱེད་པའི་རྣལ་འབྱོར་པསཿ གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྱིས་གྲུབཿ མ་འདའ་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ས་མ་ཡཱཿ མཐའ་ཡས་འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིརཿ བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པའི་སྟོབསཿ མཐར་ཐུག་ཡེ་ཤེས་རྡོ་རྗེའི་དགོངས་པའི་དབྱིངསཿ རྣལ་འབྱོར་བདག་གི་ཆོས་སྐྱོང་བསྲུང་མའི་མཐུསཿ རྔ་ཡབ་ཟངས་མདོག་ལྷོ་ནུབ་དཔལ་གྱི་རིཿ དག་པའི་ཞིང་དེར་འཁྲིད་པའི་ཕྲིན་ལས་མཛོདཿ ས་མ་ཡཱཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ པདྨ་འབྱུང་གནས་བཀའ་རྩལ་པཿ འཇིགས་རུང་དགྲ་བགེགས་རུ་མཚོན་གཟེངསཿ སྐྱོབས་ཕྱིར་གནམ་ལྕགས་ཐོག་མདའ་འདིཿ གཏད་རྒྱ་གྲོལ་དེ་དུས་ལ་བབསཿ འདི་ཕྱིའི་དོན་ཀུན་འགྲུབ་པར་ངེསཿ མཐར་ཐུག་ལྷོ་ནུབ་རྔ་ཡབ་གླིངཿ དག་པའི་ཞིང་ཁམས་གང་རུང་སོགསཿ འདི་དང་ཕྱི་མ་བར་དོ་རུཿ གྲོལ་བར་འགྱུར་རོ་གདོན་མི་ཟཿ སྔགས་བསྲུང་དབྱིངས་ཀྱི་མཁའ་འགྲོ་འདིཿ བསྒྲུབ་པ་པོ་ཡི་གང་ཟག་ཁྱོདཿ དམ་ཚིག་བསྲུང་ན་དངོས་གྲུབ་འཐོབཿ དམ་ཉམས་ལོག་ལྟ་ཅན་གྱི་རིགསཿ སྙིང་ཁྲག་དམར་པོ་ཨ་མུ་ཀཿ དེ་བས་དམ་ལ་མ་འདའ་ཞིགཿ བསྲུང་བར་འགྱུར་རོ་ཐ་ཚིག་ཅནཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ གཏེར་རྒྱཿ སྦས་རྒྱཿ གསང་རྒྱཿ ཟབ་རྒྱཿ གཏད་རྒྱཿ གུ་ཧྱཿ བརྡ་ཐིམཿ གུ་རུ་ཐོད་ཕྲེང་རྡོ་རྗེ་རྩལཿ དཔལ་ཆེན་གཟའ་མཆོག་རཱ་ཧུ་ལཿ བཀའ་འདི་ཁྱོད་ལ་གཏད་པར་བྱཿ དམ་པོར་སྲུངས་ཤིག་ས་མ་ཡཱཿ ཅེས་བསྐལ་པ་མེ་ཕོ་འབྲུག་གི་ལོའི་ཧོར་ཟླ་དང་པོའི་ཚེས་ཉེར་ལྔའི་ཉིན་ལ་སློབ་དཔོན་བཻ་རོ་ཙ་ནའི་བཞུགས་གནས་ཀྱི་ཉེ་འདབས་རྒྱལ་མོ་ཚ་རོང་དངུལ་ཆུའི་རྫོང་འདིརཿ རྒྱ་ཁྲིམས་ལ་བདག་ལྷུང་སྐབསཿ འདུག་གནས་སུན་ཀྱ་ཕེན་ཟེར་བའི་སཿ དུས་ཀྱི་ནང་ནས་ཕག་གསོ་བྱེད་པའི་དུས་སྐབས་ལཿ བསྟན་པ་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་སྤེལ་ཕྱིརཿ སྔགས་སྲུང་དབྱིངས་ཀྱི་རྒྱལ་མོ་ལ་གསོལ་མཆོད་དང་བསྟོད་བསྐུལ་བསྒྲུབ་པ་ཟབ་མོ་ཡང་ཡང་བྱེད་པའི་དུས་སྐབས་ལ་རྟེན་འབྲེལ་ཤིན་ཏུ་འགྲིགས་སྐབས་ལགསཿ འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་འབྲལ་མེད་དམ་པ་ཟངས་དཀར་ཐུབ་བསྟན་རྡོ་རྗེས་ཡང་ཡང་བསྐུལ་ངོརཿ སྔགས་བསྲུང་ཨེ་ཀ་ཛ་ཏིའི་བསྟོད་བསྐུལ་རྡོ་རྗེའི་ཐོག་མདའ་ཀུན་ཐུབ་ཡིད་བཞིན་ནོར་བུའི་མན་ངག་གཅིག་བརྒྱུད་མ་དང་མཁའ་འགྲོའི་ཡང་སྙིང་འདིཿ ཀུན་བཟང་དགོངས་པའི་བརྡ་སྒྲོམ་ལས་གར་དབང་རྒྱལ་མཆོག་གླིང་པས་དག་པར་ཞལ་ཕྱེས་ཏེ་ཕབ་པས་བསྟན་དགྲ་དམ་ཉམས་ལོག་ལྟ་ཅན་གྱི་རིགས་ཚར་བཅདཿ རྒྱལ་འགོང་དམ་སྲིའི་རིགས་དང་དུས་མཐའི་གཤེད་མ་སོགསཿ མདོར་ན་མི་འདོད་པའི་རྐྱེན་དང་བར་ཆད་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཞི་ནས་ཁྱད་པར་དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱའི་བར་དུ་ཞབས་པད་རྡོ་རྗེའི་ཁྲི་ལ་བརྟན་ཅིངཿ བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིགཿ དགེའོཿ


previousསྔགས་བསྲུང་ཨེ་ཀ་ཛ་ཏིའི་བསྟོད་བསྐུལ་རྡོ་རྗེའི་ཐོག་མདའ།next