ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་གྱི་བྱུང་ཚུལ་མདོ་ཙམ་བརྗོད་པ།
ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་གྱི་བྱུང་ཚུལ་མདོ་ཙམ་བརྗོད་པ་བཞུགས།
ཨོཾ་སྭཱ་སྟི། རྒྱལ་མཆོག་ཐུགས་རྗེའི་འོད་དཀར་ཕྲེང་བ་རྒྱས། །སྐལ་ལྡན་བློ་ཡི་ཀུ་མུད་ཁ་ཕྱེ་ལས། །ལེགས་བཤད་གེ་སར་རྒོད་པའི་རྡུལ་འཕྲེང་དག །བློ་ལྡན་གཙུག་གི་ནོར་བུས་ངལ་གསོ་བྱོས། །འདིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་བྱུང་ཚུལ་གྱི་དབང་དུ་བྱས་ན། ཡེ་ཤེས་ཀྱི་མགོན་པོ་ཉིད་ཀྱིས་ཁྱད་པར་གྱིས་ཐུགས་བསྐྱེད་ཚུལ། སྒྲུབ་ཐབས་ཀྱི་ཆོས་སྐོར་འཕགས་ཡུལ་དུ་བྱུང་ཚུལ། དེ་ལས་བརྒྱུད་དེ་ཁ་བ་ཅན་གྱི་ལྗོངས་སུ་དར་ཚུལ། ད་ལྟ་གྲགས་ཆེ་བའི་ཆོས་སྐོར་རྣམས་ཇི་ཙམ་ཡོད་པ་སྟེ་བཞི་ལས། དང་པོ་ནི། སྔོན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་དང་པོ་ཐུགས་བསྐྱེད་པ་ནས་བཟུང༌། བསྐལ་བ་གྲངས་མེད་མང་པོར་ཚོགས་བསགས། ས་བཅུ་པ་ཁྱད་པར་ཅན་བརྙེས། འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ། རྒྱལ་སྲས་ཐུ་བོ་རྣམས་ཀྱི་གྲལ་དུ་ཚུད་པའི་སྐབས་ཤིག་ཐུགས་བསྐྱེད་ཀྱི་དམ་བཅའ་འདི་ལྟ་བུ་མཛད་དེ། ཕྱོགས་བཅུར་རབ་འབྱམས་མུ་མེད་པའི་འཇིག་རྟེན་གྱི་ཁམས་འཁོར་བའི་གནས་འདི་དག་གི་སེམས་
ཅན་གྱི་དོན་བྱ་སྟེ། སེམས་ཅན་ཐམས་ཅད་འཁོར་བ་ལས་བདག་གིས་སྒྲོལ་བ་ལས། འཁོར་བའི་གནས་འདིར་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་འཁོད་ཀྱི་བར་དུ་བདག་སངས་རྒྱས་ཐོབ་པར་མི་བྱ། སེམས་ཅན་གཅིག་ཀྱང་མ་ལུས་པ་སངས་རྒྱས་ལ་བཀོད་ཟིན་པ་ན། དེའི་རྗེས་སུ་བདག་ཉིད་སངས་རྒྱས་ཐོབ་ལགས་ཀྱི། གཞན་དུ་ན་བདག་འཁོར་བ་ཉིད་དུ་གནས་ཏེ་སེམས་ཅན་གྱི་དོན་བྱའོ། །གལ་ཏེ་བདག་དམ་བཅའ་འདི་ལས་འདའ་བར་གྱུར་ན་ལུས་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག །ཅེས་དབུ་སྙུང་མཛད་དོ། །དེ་ནས་བརྩམས་ཏེ་རི་བོ་པོ་ཊ་ལར་བཞུགས་ནས་སྤྲུལ་པ་མཐའ་ཡས་པས་སྐད་ཅིག་རེ་རེ་ལ་ཡང་སེམས་ཅན་དཔག་ཏུ་མེད་པ་ཅིག་ཅར་སྨིན་གྲོལ་དུ་མཛད་ན་གཞན་ལྟ་ཅི་སྨོས། ཚུལ་དེ་ལྟ་བུའི་ལོ་གྲངས་ཀྱི་ཚད་བཟུང་བར་ག་ལ་ནུས། བསྐལ་བ་རང་ཡང་ཇི་སྙེད་ཅིག་སོང་བ་ན། དུས་ལན་གཅིག་ད་ནི་སེམས་ཅན་མང་པོ་གྲོལ་བྱུང་བས་འཁོར་བའི་གནས་སྟོངས་ལས་ཆེ་དགོངས་ཏེ་མངོན་ཤེས་ཀྱིས་གཟིགས་པས།
སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད་པས་ཉུང་བར་མ་ཟད། ཡུལ་ཉེ་བ་ན་གནས་པའི་སེམས་ཅན་རྣམས་སྙིགས་མ་ལྔ་བདོ་བས་འདུལ་དཀའ་བ་རྣམས་གཟིགས་ཏེ། ད་ནི་བདག་གིས་སེམས་ཅན་གཅིག་གི་དོན་ཡང་བྱར་མི་ནུས་ཞེས་སྔར་གྱི་ཐུགས་བསྐྱེད་དམ་བཅའ་དེ་བཏང་བའི་ཚུལ་མཛད་པས་སྐུ་ལུས་ཚལ་བ་སྟོང་དུ་གས་སྐད། འཕགས་པ་འཇིག་རྟེན་མགོན་པོ་དེ་ཉིད་དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ་རྟག་ཏུ་རྗེས་སུ་བཟུང་བའི་དགེ་བའི་བཤེས་གཉེན་ནི་བཅོམ་ལྡན་འདས་འོད་དཔག་མེད་ཡིན་པས། དེའི་ཚེ་སངས་རྒྱས་འོད་དཔག་མེད་མངོན་སུམ་དུ་བྱོན་ནས། རིགས་ཀྱི་བུ་ཁྱོད་ཀྱི་དེ་ལྟ་བུའི་སེམས་བསྐྱེད་བཏང་བ་དེ་མ་ལེགས། ད་ནི་དམ་བཅའ་བཏང་བ་དེ་སླར་གསོ་བ་སོགས་ཀྱི་དོན་དུ་སྔར་གྱི་སེམས་བསྐྱེད་པ་དེ་བས་རྒྱ་ཆེ་བའི་སེམས་བསྐྱེད་ཞིག་གྱིས་ཤིག་ཅེས་གསུངས་ཤིང་སྐུ་ལུས་ཚལ་པ་སྟོང་དུ་གས་པ་དེ་དབུ་བཅུ་གཅིག་དང་ཕྱག་སྟོང་ཕྲག་ཏུ་བྱིན་གྱིས་བརླབས་སོ། །དེར་དགོངས་པ་ལ་སྔར་གྱི་དེ་བས་རྒྱ་ཆེ་བའི་སེམས་བསྐྱེད་ནི་ནམ་ཡང་མེད། དེའི་ཆ་ཤས་ཀྱང་སྒྲུབ་པར་མི་ནུས་ཞེས་ཞག་བདུན་ཅི་བྱ་རྟོལ་མེད་པ་ལས། དེའི་ཚེ་ད་ནི་སྙིགས་མ་ལྔ་བོད་པའི་སེམས་ཅན་མ་རུངས་པ་རྣམས་དྲག་པོས་འདུལ་བ་དང༌། ཆོས་བྱེད་རྣམས་ཀྱང་བར་དོའི་འཇིགས་པ་ལས་མི་ཐར་པར་གཟིགས་ནས་བར་དོ་ལས་སྐྱོབ་པ་དང༌། སྙིགས་དུས་སྐྱེ་བོ་རྣམས་དབུལ་ཕོངས་ཁོ་ན་སྡུག་བསྔལ་ཆེ་བས། དེའི་གཉེན་པོར་བསམ་པ་ཙམ་གྱིས་དགོས་འདོད་
ཐམས་ཅད་འབྱུང་བ་སྟེ། འཕྲིན་ལས་རྣམ་པ་གསུམ་གྱི་སྒོ་ནས་ཐུགས་བསྐྱེད་སྔ་མ་ལས་ལྷག་པའི་ཚུལ་དུ་དགོངས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་ཧཱུཾ་མཐིང་ནག་གཅིག་བྱུང་སྟེ། དེ་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོར་གྱུར་པ་ན་ཞིང་ཁམས་ཐམས་ཅད་དུ་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་སོགས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་མགྲིན་གཅིག་ཏུ་རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟ་བུའི་སེམས་བསྐྱེད་པ་དེ་ལེགས་སོ། །མྱུར་མཛད་མགོན་པོ་འདི་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ཀྱིས་དབང་དང་ལྡན་པར་བྱའོ། ཁྲོ་བོ་གཤིན་རྗེ་གཤེད་པོ་འདི་ཉིད་ཀྱིས་མཐུ་དང་ལྡན་པར་བྱའོ། །གནོད་སྦྱིན་དང༌། སྲིན་པོ་དང། གཤིན་རྗེ་དང༌། བདུད་དང་མ་མོའི་ཚོགས་ཀྱིས་འདི་ཉིད་ཀྱི་འཕྲིན་ལས་བསྒྲུབ་པར་བྱའོ། །ཞེས་གསུངས་ཤིང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་སྤྲུལ་པའི་ཁྲོ་བོ་ཆེན་པོར་དབང་བསྐུར་ཞིང་མངའ་གསོལ་ལོ། །དེ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་བསྟན་པ་བསྲུང་ཞིང་བཞུགས་པ་ལགས། གཉིས་པ་ནི། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་གཤེགས་པ་ན། གར་མཁན་ཞིག་དད་པ་སྐྱེས་ཏེ་གླུ་དང་རོལ་མོའི་མཆོད་པ་རྒྱ་ཆེར་ཕུལ་ནས་སྨོན་ལམ་བཏབ། དེ་ནས་ཕྱིས་སངས་རྒྱས་སྐུ་མྱ་ངན་ལས་འདས་
ནས་ལོ་དྲུག་བརྒྱ་ཉེ་བར་ལོན་པ་ནི་མིའི་སྐྱེ་བ་བརྙེས་ཤིང་གྲུབ་པ་ཐོབ་པའི་རི་ཁྲོད་མགོན་པོ་ཤཱ་བ་རི་པ་ཞེས་བྱ་བར་གྱུར། དེ་ལན་གཅིག་དུར་ཁྲོད་བསིལ་བའི་ཚལ་ན་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་ནངས་ཞིག་ཐོ་རངས་ནམ་མཁར་ཌཱ་མ་རུའི་སྒྲ་ཁྲོལ་བྱུང་བ་ལ་གཤེགས་པས་ཡེ་ཤེས་ཀྱི་མགོན་པོ་འདི་མངོན་སུམ་དུ་བྱོན་འདུག་ཏེ། མགོན་པོས་ཉིད་ཀྱི་སྲོག་སྔགས་དང་སྒྲུབ་ཐབས་ཐམས་ཅད་གྲུབ་ཐོབ་ཤཱ་བ་རི་པ་ལ་གནང་ངོ༌། །དཔལ་ལྡན་ཤཱ་བ་རི་པ་དེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང་སྐུ་ཚེ་ཉི་ཟླ་དང་མཉམ་པར་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པ་ཡིན་ནོ། །གཞན་ཡང་འཕགས་པ་སྤྱན་རས་གཟིགས། རྡོ་རྗེ་རྣལ་འབྱོར་མ། འཕགས་མ་སྒྲོལ་མ། དཔལ་མགོན་པོ་ཉིད་དེ། བྱིན་གྱིས་བརླབས་པའི་ལྷ་བཞི་འབྲལ་མེད་བྱ་བ་ཡིན་ཏེ། ཤཱ་བ་རི་པ་ལ་ལྷ་གཞན་དེ་རྣམས་ཀྱིས་ཀྱང་རང་རང་སོ་སོའི་སྒྲུབ་ཐབས་གསུངས་སོ། །དུས་སྐབས་དེ་ནས་ལོ་སྟོང་ཕྲག་ཙམ་ལོན་པའི་དུས་ཕྱིས། མངའ་བདག་མཻ་ཏྲི་བ་ཞེས་བྱ་བ་མཚན་དངོས་མཻ་ཏྲི་གུ་བྷེ་བོད་སྐད་དུ་བྱམས་པ་སྦས་པ། གསང་མཚན་གཉིས་མེད་རྡོ་རྗེ་ཅེས་བྱ་བ་དེ་བི་ཀྲ་མ་ཤཱི་ལར་བཞུགས་དུས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། ནུས་མཐུ་ཁྱད་པར་ཅན་བརྙེས་ཀྱང་གནས་ལུགས་ཀྱི་དོན་མ་རྟོགས་ནས་ལྷག་པའི་ལྷ་ལ་གསོལ་བ་བཏབ་པས། ལྷོ་ཕྱོགས་དཔལ་གྱི་རིར་སོངས་ཤིག་རི་ཁྲོད་མགོན་པོས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན་ཐོབ། དེ་
ནས་དཔལ་རིར་བྱོན། གྲུབ་ཐོབ་ཤཱ་བ་རུ་པ་ལས་ཟབ་མོའི་དོན་གྱི་ཕྱག་རྒྱ་ཆེན་པོའི་གདམས་པ་མཐའ་དག་གསན། གནས་ལུགས་གཟིགས་པ་ནམ་མཁའ་དང་མཉམ་པར་འགྱུར། ཟབ་དོན་གྱི་གདམས་པ་སྤེལ་བའི་བཀའི་གནང་བ་ཐོབ། བྱིན་གྱིས་བརླབས་པའི་ལྷ་བཞིའི་སྒྲུབ་ཐབས་བརྩམས། ཞག་ཉེར་གཅིག་བསྒྲུབས་པས་ཆོས་སྐྱོང་བྲན་དུ་འཁོལ་བར་གྱུར་ཏེ། དཔག་ཚད་བརྒྱའི་ཕ་རོལ་ནས་བརྟན་གཡོའི་དངོས་པོ་ཆེན་པོ་བླང་ཏེ་འབུལ་བ་སོགས་བཞེད་དོན་མཐའ་དག་སྒྲུབ་པ་ཞིག་གོ །ཡང་གཏམ་རྒྱུད་ཀྱི་རྣམ་གྲངས་གཞན་ནི། སྔོན་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པ་དེ་རི་པོ་ཊ་ལར་ལན་གསུམ་བྱོན། འཕགས་པ་སྤྱན་རས་གཟིགས་དངོས་སུ་མཇལ། སྔ་ཕྱི་ཕོ་བྲང་གཞལ་མེད་ཁང་གཞན་ཐམས་ཅད་ལ་མཇལ་ཞིང་བསྐོར། རྟེན་ཀུན་ལ་ཡང་ཕྱག་མཆོད་བསྒྲུབས་པ་ལས། མཐའ་གཅིག་ན་ཁང་བཟང་ཤིན་ཏུ་ཆེ་བ་ནམ་ཡང་སྒོ་མི་འབྱེད་པ་ཞིག་འདུག་ཏེ། དཔའ་བོ་མཁའ་འགྲོ་རྣམས་ལ་འདིའི་སྒོ་འབྱེད་པར་ཞུ་ཞུས་པས། འདིའི་སྒོ་ཕྱེ་ན་འཇིག་རྟེན་གསུམ་པོ་ཐམས་ཅད་སྔངས་ཤིང་འཆི་པའམ་འཆི་ལ་ཐུག་པར་འགྱུར་གསུངས་པས། ཡང་འཕགས་པ་སྤྱན་རས་གཟིགས་ཉིད་ལ་ཞུས་ཤིང་གསོལ་བ་བཏབ་པས་སྤྲུལ་པའི་ཕོ་ཉ་ཞིག་མངགས་ཏེ། འཕགས་པའི་བཀས་གནང་བའི་སྟོབས་ཀྱིས་སེམས་ཅན་སུ་ལ་གནོད་པ་མེད་
པའི་ངང་ནས་སྒོ་ཕྱེས། དེར་ཡེ་ཤེས་ཀྱི་མགོན་པོ་འདི་དང་མཇལ། གསོལ་བ་བཏབ་པས་རྒྱུད་བྱིན་གྱིས་བརླབས། འཛམ་བུའི་གླིང་དུ་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་ལ་འབྱོར་བར་ཞུ་ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས། དེ་ནས་བཟུང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཤིང་ནྱ་གྲོ་དྷའི་ཕུག་ན་སྤྲུལ་པའི་སྐུ་ཞིག་རྟག་ཏུ་བཞུགས་པ་ཡིན། ས་ར་ཧ་དང་ཤཱ་བ་རི་བས་སྒྲུབ་ཐབས་ཀྱང་མཛད་ཅེས་གྲགས་ཏེ། འདི་ལོ་ཙྪ་བ་འགར་ཆོས་བཟང་གི་ལུགས་ཀྱི་གསུང་སྒྲོས་ལས་བྱུང༌། པོ་ཊ་ལའི་ལམ་ཡིག་ཏུ་གྲགས་པའི་རྒྱུད་ལས་ཀྱང་པོ་ཊ་ལར་མགོན་པོ་འདི་བཞུགས་པར་བཤད་པ་དང་མཐུན་ནོ། །ཡང་འགའ་ཞིག་འདི་ལྟ་སྟེ། མགོན་པོ་འདི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་བཞུགས་པ་སློབ་དཔོན་ཀླུ་སྒྲུབ་དང༌། བྲམ་ཟེ་མཆོག་སྲེད་ཀྱིས་སྤྱན་དྲངས་ཞེས་ཀྱང་བཞེད་དེ། དེ་ཐམས་ཅད་ཡུལ་དུས་གནས་སྐབས་སོ་སོ་ཡིན་པའི་ཕྱིར་ཐམས་ཅད་དོན་ལ་གནས་ཤིང་བདེན་པ་ཁོ་ནའོ། །གསུམ་པ་ནི། སྤྱིར་མགོན་པོ་འདིའི་ཆོས་སྐོར་བོད་དུ་བསྒྱུར་བའི་ལོཙྪ་བ་མང་དུ་བྱུང་སྟེ། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་པནྚི་ཏ་མི་མཉམ་རྡོ་རྗེའི་ཁོལ་པོ་ལ་གསན་ནས་ཤཱ་བ་རི་པའི་གཞུང་ཆུང་བསྒྱུར། ལུགས་འདི་མགོན་རྐྱང་ཁོ་ནས་བསྙེན་སྒྲུབ་ལས་གསུམ་གྱི་ཆོས་སྐོར་ཡིན་པར་གྲགས་སོ། །མཉམ་སྲིང་ལོ་ཙཱ་བ་གང་རུང་ཚུལ་ཁྲིམས་འབྱུང་གནས་ཞེས་བྱ་བས་པཎྜི་ཏ་ཤན་ཏ་ཨ་ཀ་ར་ལ་བརྟེན་ནས་བསྒྱུར་ཞེས་གྲགས་
ཤིང༌། འདིའི་སྒྲུབ་ཐབས་བོད་ཀྱི་ཡིག་རྙིང་ཅི་རིགས་པར་མཐོང་ཏེ། མཁའ་འགྲོ་དྲུག་སྐོར་དུ་གྲགས་པ་དེ་ཡིན་པར་འདུག །ཡང་ལོ་ཙྪ་བ་འགར་ཆོས་བཟང་གིས་པཎྜི་ཏ་ཨ་ཏ་ཡ་བཛྲ་ལ་གསན་ཏེ་ས་ར་ཧ་དང༌། ཤཱ་བ་རིའི་སྒྲུབ་ཐབས་བསྒྱུར། འགྱུར་འདི་ལ་འཁྱུད་ཡུམ་ཡོད་མེད་གཉིས་ཡོད་ནའང་འཁོར་མཁའ་འགྲོ་བཞི་སྐོར་ཁོ་ན་ཡིན། ཁྱུང་པོའི་གདམས་ངག་དང་མཐུན་ཤས་ཆེ་བ་ཞིག་ཡོད། ཁ་ཅིག་ཨ་ཏ་ཡ་ཞེས་པ་ཡི་གེ་ནོར་བ་ཡིན། ཨ་ཏ་ཡ་བཛྲ་ཞེས་པས་གཉིས་མེད་རྡོ་རྗེ་མེ་ཏྲི་བ་དང་གཅིག་ཟེར་བ་ནི་བློས་བཏགས་པ་ཙམ་སྟེ་ཨ་ཏ་ཡ་ཞེས་ཀུན་ཏུ་སྦྱིན་པའམ་མཆོག་ཏུ་བྱམས་པའི་དོན་ཡིན་ནོ། །ཡི་གེ་ཏ་དང་ད་ནོར་སོ་ཙམ་བྱུང་སྲིད་ཀྱང་ཡུལ་སྐད་གྱི་ཁྱད་པར་དག་ལས་འགལ་བ་ཡང་མེད་ཅིང༌། སྤྱིར་ཡང་ཡིག་ནོར་དང་བསྡུ་ཡིག་ལ་དགག་སྒྲུབ་དགོས་ན་ཧ་ཅང་ཐལ་བར་འགྱུར་རོ། །མི་མཉམ་རྡོ་རྗེ་དང་ཨ་ཏ་ཡ་བཛྲ་འདི་གཉིས་ཀར་མཁས་གྲུབ་ཁྱུང་པོའི་ཡང་བླ་མ་ཡིན་ནོ། །དེ་ལྟར་ཡང་ལུགས་དེ་དག་ལ་ནི་བསྙེན་བསྒྲུབ་ལས་གསུམ་ཆ་ཚང་ཙམ་མདོར་བསྡུས་ཏེ་མ་གཏོགས་ཆོས་སྐོར་རྒྱས་པ་མེད། དེང་སང་ཆོས་རྒྱུན་ཡང་མི་བཞུགས་སོ། །དེས་ན་མགོན་པོ་འདིའི་ཆོས་སྐོར་རྒྱས་ཤིང་ཟབ་པ་བཅོས་བསླད་དང་བྲལ་བ་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་ཅིང་ས་སྟེང་ཐམས་ཅད་ཁྱབ་པའི་འཕྲིན་ལས་ཀྱི་དཔལ་འབྱོར་རྒྱས་པ་ནི་མཁས་གྲུབ་བྱུང་པོའི་རྣལ་འབྱོར་བ་འདིའི་མན་ངག་ཁོ་ན་ཡིན་ནོ། །དེ་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེ་
གདུང་རུས་ཁྱུང་པོ་འཁྲུང་ཡུལ་སྙེ་མོ་ར་མང༌། དང་པོ་བོན་ལ་མཁས་པར་མཛད་དེ་ཚོགས་པ་བདུན་བརྒྱ་ཙམ་འདུས། དེ་ནས་རྫོགས་ཆེན་ལ་ཞུགས་ཏེ་སློབ་མ་སུམ་བརྒྱ་ཙམ་འདུས། དེ་ནས་སྐོར་དེ་མཚམས་ནས་བླ་མ་མང་དུ་བསྟེན་ཏེ། ཀྱེ་རྡོར་དང་གཤིན་རྗེ་གཤེད་དང་ཕྱག་ཆེན་གྱི་སྐོར་མཐའ་དག་གསན། དགུང་ལོ་ལྔ་བཅུ་ང་གཉིས་ཙམ་བཞེས་པ་ལ་བལ་ཡུལ་དུ་ཕེབས་ཏེ། དེ་ནས་ཀྱང་མི་ལོ་ལྔ་བཅུའི་སྐོར་རྒྱ་བལ་བོད་གསུམ་དུ་འབྱོན་བཞུད་མཛད། བླ་མ་རྒྱ་གར་བ་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། མདོ་སྔགས་སྒྲ་ཚད་གཞུང་མན་ངག་ཐམས་ཅད་ཐུགས་སུ་ཆུད་པར་མཛད། ཐུན་མོང་གི་བླ་མ་རྡོ་རྗེ་གདན་པ་ཆེན་པོ་བསོད་ནམས་འབྱུང་གནས། མཻ་ཏྲི་བ། སྦས་པའི་རྣལ་འབྱོར་པ། ར་ཧུ་ལ་པ་དེ་བཞི་དང༌། ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་དང༌། སུ་ཁ་སིདྡྷི་སྟེ་དྲུག་པོ་རྣམས་རྩ་བའི་བླ་མ་མཛད། དེ་ལ་རྒྱ་གར་དུ་ལན་བར་མ་ཕེབས་པའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་སོགས་མཁས་གྲུབ་དཔག་ཏུ་མེད་པའི་ཐུགས་བཅུད་ལོངས། སླར་བོད་དུ་ལྡོག་ཏུ་ཉེ་བའི་སྐབས་ཞིག་མངའ་བདག་མཻ་ཏྲི་བ་ལ་ཆོས་རྒྱག་གི་ལྷག་མ་གསེར་མང་དུ་ཡོད་པ་རྣམས་ཕུལ་ཏེ། བདག་ཅག་བོད་རྣམས་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་ལྟག་ཚན་ཆེ་བ་ཞིག་ཞུ་ཞུས་པས། མགོན་པོའི་འདིའི་སྔོན་གྱི་ལོ་རྒྱུས་རྣམས་གསུངས་ཏེ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། འདི་དང་པོ་རྟེན་པ་ཙམ་གྱིས་དགོས་འདོད་ཐམས་ཅད་
འབྱུང་བ། བསམ་པ་ཙམ་གྱི་བར་ཆད་ཐམས་ཅད་སེལ་བ། དགྲ་ཐམས་ཅད་རྡུལ་དུ་རློག་པར་བྱེད་པ། གསོལ་བ་བཏབ་ནས་མ་བསྒྲུབས་པར་ཡང་ཞལ་སྟོན་པ། བཟློག་པ་དང་ནང་རྨེས་མི་ཚུགས་པ། ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཆོས་སྐྱོང་འདི་སྦྱིན་པ་བྱ་ཞེས་གསུངས་ཏེ། ཏིང་ངེ་འཛིན་གྱི་དབང་ཟབ་མོའི་སྒོ་ཕྱེ་ནས་ཆོས་སྐྱོང་འདིའི་གདམས་ངག་རྫོགས་པར་གནང་ཞིང་མཐར་འདི་སྐད་ཅེས། སྤྱིར་དམ་ཚིག་མ་ཉམས་པ། དགོས་སུ་འབྲུ་ནག་རྗེན་བཏགས་ཀྱི་གཏོར་མ་དང་ཐུན་མོང་མ་ཡིན་པའི་སྤོས་སྦྱོར་སོགས་དམ་རྫས་རྣམས་ཚང་ཞིང་མ་འཆགས་པ། བྱ་ནག་དང་ཁྱི་ནག་ལ་རྡོས་མི་རྡེག་པ་དང༌། ཡིད་ཆེས་པར་བྱེད་པ་སོགས་མགོན་པོའི་དགོས་ཀྱི་དམ་ཚིག་རྣམས་ལའང་གནས་པར་གྱིས། དེ་ལྟར་བྱས་ན་རི་ལ་སྡོད་པ་སོགས་གནས་སྐབས་ཐམས་ཅད་དུ་འཚོ་བའི་རྩོལ་བ་མི་དགོས། རང་ལ་དགོས་ཚད་མགོན་པོ་རང་གི་སྐྱེལ། ཞག་བཅུ་གསུམ་བསྒྲུབས་ན་ཁྱོད་ཉིད་འཁོར་དང་བཅས་པ་ཐམས་ཅད་ལའང་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཞེས་ལུང་བསྟན་མཛད་དེ། དེ་ནས་བོད་དུ་བྱོན་ཡང་སླད་ཀྱི་རྒྱ་གར་དུ་ཕེབས་ཏེ་བླ་མ་རྣམས་ཀྱི་སྐུ་དྲིན་དྲན་པའི་ཚོགས་འཁོར་ཞུ་བ་དང་གསེར་གྱི་མཎྜལ་བཟང་པོས་མཉེས་པར་མཛད། དེ་སྐབས་མངའ་བདག་མཻ་ཏྲི་བ་ནི་མི་བཞུགས། ཇོ་མོ་རྣལ་འབྱོར་གྱི་དབང་ཕྱུག་མ་གང་ག་དྷ་རིའི་དྲུང་དུ་གསེར་གྱི་མཎྜལ་ཕུལ་བས་ཀྱང་ཕྱག་ཆེན་དང༌།
མགོན་པོ་ལས་དངོས་གྲུབ་འགྲུབ་པའི་ལྟས་ཁྱད་པར་ཅན་བརྙེས། དེ་རྗེས་སླར་བོད་དུ་ཕེབས་ཤིང་འགྲོ་དོན་ཀྱང་ཆེར་མཛད། བར་བར་དུ་སྒོམ་སྒྲུབ་ཚུལ་ཡང་མང་དུ་བསྟན། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་ངེས་པར་དགོངས་ནས་དགེ་བཤེས་པོ་ཏོ་བ་དང༌། གླང་རི་ཐང་པ་ལའང་ཆོས་གསན། འཕན་ཡུལ་ཇོག་པའི་རི་ལ་གཅིག་རིལ་མཛད། དང་པོ་བླ་མ་མཻ་ཏྲི་པས་གསུང་དུས་འཚོ་བའི་རྩོལ་བ་མི་དགོས་མགོན་པོས་སྐྱེས་གསུང་དགོངས་ཏེ། འཚོ་བའི་རྩོལ་བ་ཡེམ་མཛད་པས་འཚོ་བ་ཆད། ནུབ་གཅིག་མགོན་པོའི་རྒྱུན་གཏོར་ཡང་མ་བྱུང་བས་ཕུག་པའི་སྒོར་ཐོན་ཏེ། ཀྵེ་ཏྲ་པཱ་ལ་སོགས་མགོན་པོའི་ལས་མཁན་རྣམས་ཀྱི་མིང་ནས་བོས་ཏེ། དང་པོ་བླ་མ་མཻ་ཏྲི་བས་དེ་སྐད་གསུང་བ་ཡིན་ཏེ། ད་འདི་ན་ང་ལ་འཚོ་བ་ནམ་ཡང་མེད། མགོན་པོ་རང་གི་རྒྱུན་གཏོར་ཡང་ཆད་ནས་མེད་དོ། །ཞེས་གསུངས་སྐད་ཆེན་པོ་བཏང་བས་དེའི་ནང་བར་རང་འབྲས་ཁོངས་ཀྱི་ཚོང་འདུས་ནས་འབུལ་སྐྱེལ་བ་ཤིན་ཏུ་ཚབ་ཆེ་བ་བྱུང་སྟེ། མར། ནས་དང༌། ཇ་ཟས་གོས་སོགས་ཤིན་ཏུ་མང་པོ་བྱུང་སྟེ། དེ་ལ་བརྟེན་ནས་སློབ་མ་མང་དུ་བསྡུས་ནས་ཆོས་གསུང༌། ཟླ་གཅིག་ཙམ་སོང་ནས་ཚོགས་མང་ཆེས་ཏེ། ཇོག་པོར་མ་ཤོང་ནས་ལུང་པའི་མདའ་ཆད་ཀ་ཞེས་བྱ་བར་དགོན་པ་བཏབ། རིམ་གྱིས་ཚོགས་པ་སྟོང་ཙམ་འདུས། དེ་ནས་ལན་གཅིག་དགོན་པའི་ནང་གི་སྤྱིལ་བུ་ཞིག་ཏུ་བཞུགས། ཟླ་སྟོད་གྲོལ་མཚམས་བྱེད་ཀྱིན་ཆོས་བཤད། ཟླ་སྨད་ལ་མཚམས་མཛད་
ཅིང་ཡོད་པ་ལས་མཚམས་ཀྱི་དུས་ཞིག་ནམ་ལངས་མ་ཐག་གཟིམ་ཁང་གི་སྒོ་རྡུང་བ་ཞིག་བྱུང་བས། ཉེ་གནས་ཀྱིས་བལྟས་དུས་ཨ་ཙ་ར་ཞིག་བྱོན་འདུག་ནས་བླ་མ་དང་མཇལ་བར་ཞུ་གསུང་བ་ན། དེ་ནས་ཡར་ལོན་མར་ལོན་བྱས་ཏེ། མཚམས་ལ་ཡོད་པས་མི་མཇལ་ཞུས་པས་ང་ཐག་རིང་པོ་ནས་འོངས་པའི་ནད་པ་ཞིག་ཡིན་པས་ཅིས་ཀྱང་མཇལ་བ་ཞུ་གསུང༌། དེ་ནས་ནང་དུ་སྤྱན་དྲངས་སྨན་པ་བོས་ཏེ་བལྟ་རུ་བཅུག་པས། འདི་ཁྲག་ཏུ་འདུག་ཏེ་གཏར་ཁ་བྱ་དགོས་ཟེར་བ་ལ། རྣལ་འབྱོར་པས་གཏར་ཁ་དེས་མི་ཡོང་གསུང་ཏེ་རླུང་སྦྱོར་ཞིག་མཛད་པས། ཁྲུ་གང་ཙམ་གྱི་ནམ་མཁའ་ལ་འུ་རུ་འུ་རུ་བཞུགས་ཏེ་བ་སྤུའི་བུ་ག་ཐམས་ཅད་ནས་ནད་ཁྲག་རྣམས་ཕྱིར་བྱུང༌། དེར་བསེར་མ་ལངས་གསུང་གིན་འདུག་པས་འབྲུ་མར་གྱི་བྱུགས་པ་འབུལ་བར་བརྩམས་པ་ན། རྣལ་འབྱོར་པས་བསྐུ་མཉེ་དེས་མི་ཡོང་གསུང༌། ཡང་རླུང་སྦྱོར་གཞན་ཞིག་མཛད་པས། དེ་སྔར་བཞིན་ནམ་མཁའ་ལ་འུ་རུ་འུ་རུ་འདུག་པ་ལས་བ་སྤུའི་བུ་ག་ནས་ཀུན་ད་ཞག་དང་བཅས་པ་སྣུམ་ཚིལ་གྱིས་བྱུང༌། ཡང་རླུང་སྦྱོར་གཞན་ཞིག་མཛད་པས་བ་སྤུའི་བུ་གར་སིབ་སིབ་ཐིམ་པས་སྐུ་བཀྲག་མདངས་དང་ལྡན་པར་གྱུར་ཏེ། དེ་ངོ་མཚར་ཆེ་བར་མཁྱེན་ནས། ད་ནང་གང་ནས་ཕེབས་ཞུས་པས། ང་རྒྱ་གར་རྡོ་རྗེ་གདན་ནས་ད་ནང་ཉི་མ་ཤར་མ་ཐག་འོངས་པ་ཡིན་ཏེ། པོ་ཏ་རི་རོང་དོག་པས་འདིར་སླེབས་དུས་ཉི་མ་མ་ཤར་བར་འདུག་གསུང༌། མཚན་གང་ཡིན་དྲི་བས་ར་ཧུ་ལ་གུཔྟ་བཛྲ་ཡིན་གསུངས་ཏེ་
གུ་ན་པཱ་ཀ་ར་དང༌། རཏྣ་ཨ་ཀཱ་ར་དང༌། ཡང་ཨ་བྷི་ཛུ་ཏ་ཀ་ན་རེ། བོད་དུ་སོང་དང་རྣལ་འབྱཽར་པ་ཞིག་ལ་ཕན་ཐོགས་པར་འགྱུར་ཞེས་གསུང་ཏེ་འོང་བས་ཁྱཽད་དང་འཕྲད་པ་ཡིན། ཅེས་སོགས་བླ་མ་ཉིད་ཀྱི་རྣམ་ཐར་རྒྱས་པར་གསུང༌། དེ་ནས་མཁས་གྲུབ་ཁྱུང་པོ་ཉིད་ཀྱིས་བླ་མ་ར་ཧུ་ལ་པ་དེ་ལ་རྒྱུད་མན་ངག་སྤྱི་ལ་གྲགས་པ་མཐའ་ཡས་པ་གསན། ཁྱད་པར་ན་མགོན་པོ་འདིའི་ཆོས་སྐོར་ཤིན་ཏུ་རྒྱས་པ། གསན་ཏེ། སྔར་མངའ་བདག་མཻ་ཏྲི་བ་ལ་མི་བཞུགས་པའི་ཁྱད་པར་གྱི་གདམས་པ་ཡང་མང་དུ་བྱུང༌། གནས་དེར་ཟླ་བ་བདུན་བཞུགས། དེ་ནས་ཀླུ་ཤོད་དང༌། རོང་དང༌། འདམ་ལ་སོགས་པར་ཡང་ཕེབས། དེ་རྗེས་བྱང་རྒྱབ་བརྒྱུད་དེ་གུང་ཐང་དང༌། མང་ཡུལ་སྐྱིད་གྲོང་གི་བར་དུ་ཕེབས་པ་ལ། དེའི་བར་དུ་མཁས་གྲུབ་ཆེན་པོ་སྐྱེལ་མར་ཕེབས། གསུང་ལས། རླུང་ཤིང་རྟ་ཅན་དང༌། རྡོ་རྗེ་རྣལ་འབྱོར་མ་རྨྀ་ལམ་དུ་ཞལ་ལྟ་བ་འདི་དང༌། མགོན་པོ་ཤིང་ཕུང་ཅན་གྱི་གདམས་པ་སྟེ། གདམས་པ་གསུམ་པོ་འདི་སྟེར་བའི་ཡུལ་ཆོས་ཀྱི་སྣོད་དུ་གྱུར་པ་གཞན་ཡེ་མ་རྙེད་ནས་ཁྱེད་ལ་གཏད་པ་ཡིན་གསུང་ནས། ནམ་མཁའ་ལ་འཕུར་ཏེ་བཞུད་ཀྱང་ཟེར་གར་གཤེགས་ཆ་མེད་དོ། །དེ་ལྟར་མཁས་གྲུབ་ཁྱུང་པོ་དེ་རུ་མཚམས་དང༌། འཕན་ཡུལ་དང༌། དབུ་རུ་སྟོད་སོགས་ཡོངས་སྡོམ་ལ་ལོ་ཉི་ཤུ་ལྷག་ཅིག་བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་གྱིས་ཡང་ཡང་བསྐུལ་ཏེ་གཡས་རུ་ཤངས་ཀྱི་ཕྱོགས་སུ་ཕེབ་ནས་ལོ་སུམ་
ཅུའི་བར་འགྲོ་དོན་རྒྱ་ཆེར་མཛད། སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་ཅིག་ཅར་སྟོན་པ་དང༌། བྲག་རི་ལ་ཐོགས་པ་མེད་པར་བཞུད་པ་དང་སྤྲུལ་པའི་དམག་ཚོགས་བཀྱེ་ནས་གནོད་པ་མེད་པར་ཕ་རོལ་གྱི་གཡུལ་ངོ་བཟློག་པ་དང༌། བུམ་པའི་ནང་དུ་ཞག་བདུན་བཞུགས་པ་དང༌། ནམ་མཁའ་ལ་བཞུགས་ནས་ཚོགས་པ་ཁྲི་ཚོར་བརྒྱ་ལ་བྱམས་ཆོས་སྡེ་ལྔ་གསུངས་པ་སོགས་རྣམ་པར་ཐར་པ་བློས་དཔོག་པར་མི་ནུས་སོ། །ལན་གཅིག་ཁམས་པའི་གྲྭ་བ་འཁྲུག་པས་དམ་སེལ་གྱིས་སྐུ་གྲིབ་ཕོག་སྟེ་བག་ཙམ་སྙུང་བ་ལ། མགོན་པོའི་གཏོར་ཆེན་གྱིས་ཞེས་ལུང་བསྟན་བྱུང་ནས་དཔོན་སློབ་བཞི་བཅུ་ཐམ་པས་གཏོར་ཆེན་བསྒྲུབས་ཏེ་ཞག་བཅུ་གསུམ་ནས་ནང་རྟགས་བྱུང་སྟེ། གཏོར་མ་གཏོང་བར་ཕེབས་པས་གཏོར་སྟེགས་ཀྱི་སྟེང་ན་མགོན་པོ་བར་ཆད་ཀུན་སེལ་ཉིད་སྐུ་མདོག་དཀར་པོ་ཞིག་བཞུགས་པ་དཔོན་སློབ་ཐམས་ཅད་ཀྱིས་གཟིགས། དེ་མ་ཐག་སྙུང་བ་ཡང་དྭངས། སྔོན་མཻ་ཏྲི་བས་འཁོར་དང་བཅས་པ་ལ་མགོན་པོའི་ཞལ་སྟོན་པར་ལུང་བསྟན་པ་དེ་འདི་ཡིན་པར་གྲགས་སོ། །མཁས་གྲུབ་ཁྱུང་པོའི་རྣལ་འབྱོར་པ་དེས་མགོན་པོ་འདིའི་གདམས་ངག་གནང་བའི་སློབ་མ་ནི་སྤྱིར་ནི་ཤིན་ཏུ་མང་བར་ཡོད་སྣང་ཏེ། སློབ་དཔོན་ཆོས་ཀྱི་ཤེས་རབ་ལ་གནད་བྱ་བ་གཅིག་ནས་ཕྱིས་ཞུ་སྟོན་ཧྲུལ་པོ་བར་དུ་བརྒྱུད་པའི་ཡིག་ཆ་ཡང་འདུག་པས་མཚོན། འོན་ཀྱང་ད་ལྟའི་བར་དུ་ཆོས་རྒྱུན་མ་ཆད་ཅིང་གྲགས་ཆེ་བ་ནི་གསུམ་ཡིན་ཏེ་
མཁན་ཆེན་ལ་སྟོད་པ་དཀོན་མཆོག་མཁར་དང༌། མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཞང་སྒོམ་ཆོས་སེང་དང༌། སྒྱུ་ལུས་རྨི་ལམ་གྱི་མངའ་བདག་རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་སོ། །དེ་ལས་མཁན་ཆེན་ལ་སྟོད་པ་ནི། མཚན་ཉིད་སློབ་དུས་འབྲེ་ཆེན་པོ་ཤེས་རབ་འབར་གྱི་སློབ་མ་ཡིན་པས་ཉང་སྟོད་གནས་རྙིང་གི་གདན་སར་སྤྱན་འདྲེན་ནན་ཅན་མང་པོ་བྱུང་བ་ན། ང་མི་ཆོས་ཐག་རིང་བས་མཚན་ཉིད་པའི་སྡེ་ཆེན་པོ་འདི་འཛིན་སྐྱོང་དཀའ། འོན་ཀྱང་བླ་མ་ལ་ཞུ་དགོངས་ཏེ། ཁྱུང་པོའི་རྣལ་འབྱོར་པ་ལ་ཞུས་པས། ཁྱེད་རང་ཉམ་ང་མི་དགོས་པ་ཅིག་ངས་བྱིན་གྱིས་བརླབས་པས་དགོས་དོན་ཐམས་ཅད་མགོན་པོ་འདིས་སྒྲུབ་པར་འདུག །བླ་མའི་གདན་ས་ཟུངས་ཤིག་གསུང༌། དེར་ཁོང་གི་ཞོང་ནས་ཉུང་ལ་ཕེབས་པའི་ལམ་ཤང་མདར་སླེབས་པ་ན་བླ་མའི་ཐུགས་དམ་མགོན་པོའི་བྲིས་སྐུ་ཞིག་ཀྱང་ཕྱི་བཞིན་འབྲང་ཀྱིན་བྱོན། དེ་ལ་འཕུར་ཐང་དུ་གྲགས། བླ་མས་བཀས་མ་གནང་བར་འཁུར་དུ་མི་རུང་སྙམ་ནས་སླར་ཡང་ཞོར་དུ་ལོག་ཏེ་བླ་མ་ལ་ཞུས་པས་དེ་སྤྱན་དྲོངས་ལ་སོང༌། ཁྱོད་སློབ་དཔོན་ཤེས་རབ་འབར་བས་ཀྱང་བསོད་ནམས་ཆེ་བར་འོངས་གསུངས་ཏེ་ཕྱིས་དེ་ཁ་བཞིན་དུ་བྱུང༌། མཐུ་སྟོབས་ཀྱང་བསམ་གྱིས་མི་ཁྱབ་པར་མངའ། འདིས་ལ་སྟོད་ཅོང་ཆོས་ལྡིང་སོགས་དང༌། ཉེར་གཉིས་སུ་དགོན་གནས་མང་དུ་བཏབ། འདི་ནས་བརྒྱུད་པ་མགོན་པོ་རྙིང་པའི་ལུགས་ལ་མགོན་པོ་སྟོད་ལུགས་པར་གྲགས་སོ། །རྟོགས་ལྡན་ཞིང་སྒོམ་ཆོས་སེང་ནི།
མཁས་གྲུབ་ཆེན་པོ་ཁྱུང་པོའི་རྣལ་འབྱོར་པ་ཡུན་རིང་དུ་བསྟེན། གསང་སྔགས་ཀྱི་གདམས་ངག་ཆེས་ཟབ་པ་མང་པོ་ཐོས། བླ་མའི་གསུང་གིས་བསྐུལ་བས་གནམ་མཚོའི་ངོ་ལ་ལོ་བདུན། བྱང་ངུར་དང་ཐང་ལྷའི་མགུལ་སྦྲགས་པ་ལ་ལོ་ལྔ་བཞུགས། དེ་དུས་གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས། རླུང་སེམས་དབུ་མར་ཆུད། ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། རྡོ་རྗེ་རྣལ་འབྱོར་མ་དང་མི་ལབ་པ་བཞིན་དུ་གྱུར། མགོན་པོའི་ཆེད་དུ་མ་བསྒྲུབས་པར་ཡང་འགྲུབ། གསང་སྤྱོད་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་སྐབས་སུ་མཐུན་རྐྱེན་ཐམས་ཅད་མགོན་པོས་བསྒྲུབས། ཕྱིས་གནམ་རྩེ་ལྡིང་དུ་ལོ་མང་དུ་བཞུགས་ཏེ། གནས་དེ་ནས་མཁའ་སྤྱོད་དུ་གཤེགས་སོ། །རྨོག་ཅོག་པ་ཆེན་པོ་ནི། ཁོང་གི་རྣམ་ཐར་ཉིད་ན་གསལ་བ་ལྟར་མཐའ་ཡས་པའི་མཛད་པ་ཅན་ཡིན་ལ། དམ་པ་འདིས་རྨོག་ཅོག་གི་བྲག་ལ་ལོ་བཅུ་གཉིས་སུ་མི་ཟས་སྤྱན་གྱིས་མ་གཟིགས་པར་དཀའ་སྤྱད་ཀྱི་སྒོ་ནས་སྒྲུབ་པ་མཛད་དེ། གྲུབ་པའི་གོ་འཕང་མཐོན་པོ་གཤེགས་པ་ཡིན་པ་ལས། སྒྲུབ་པ་ལོ་བདུན་བརྒྱད་སོང་བའི་སྐབས་ལྷ་བཞི་དྲིལ་བསྒྲུབ་ལ་ཐུགས་སྣང་འགྲོ་བ་ཞིག་བྱུང་ནས་ཐུན་གྱི་ཉིན་མཚན་མ་ཆགས་པར་མཛད་པས་ནུབ་གཅིག་བྲག་ལོགས་ལ་མགོན་པོ་འཁོར་བཅས་མངོན་སུམ་དུ་བྱོན། མེ་དཔུང་དྲག་ཏུ་འབར་ཞིང་ཌཱ་མ་རུ་ཁྲོལ་ཁྲོལ་འདུག །དེ་གཟིགས་པས་ཐུགས་ཉམས་འུར་ཏེ་ཏྲག་བསྟོད་དབྱངས་སུ་གྱེར་གྱིན་བསྐོར་བ་
མཛད་པས་མགོན་པོ་ཡང་ཤིན་ཏུ་དགྱེས་སོ། །དེ་ཕྱིན་ཆད་ཆོས་སྐྱོང་བྲན་དུ་འཁོལ་ཞིང༌། མི་དང་མི་ལབ་པ་བཞིན་དུ་བཞུགས། འོན་ཀྱང་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་ཤིང་འགྲོ་དྲུག་སེམས་ཅན་ལ་བྱམས་སྙིང་རྗེ་ཕྱོགས་མེད་དུ་ཤར་བས་དྲག་པོ་མངོན་སྤྱོད་ཀྱི་ལས་ནམ་ཡང་མ་དགོངས་ཏེ། དམ་པ་འདིའི་འཕྲིན་ལས་རྒྱས་པའི་སྐབས་ཤིག་འབུལ་རྐྱེན་ཚན་ཆེ་བ་ཞིག་ཉེ་འཁོར་ལྷ་ཕུ་ཡུལ་བ་འགས་བཅོམ། དེར་གྲྭ་བ་འགས་སེར་དམག་བཤོམ། མགོན་གཡག་གཅིག་ཡོད་པ་མི་ངན་དེ་རྣམས་ཀྱི་གྲོང་ལྟག་དུ་སོང་ནས་རྭ་བདར་རྨིག་པ་རྡེབ་ངར་སྐད་འབྱིན་པ་ན་མེ་བཀྲ་ལྷབ་ལྷབ་བྱུང༌། དེར་དམ་པ་འདིའི་ཞལ་ནས། ལམ་སྣ་བླ་མ་རྗེ་ལ་ཞུས་པས་ལམ་རྒྱུས་མཁས་པའི་ཚད་ཅིག་བྱུང༌། ཞེས་སོགས་མགུར་པ་ཞེས་ཏེ། ང་ལས་སུ་ཆོས་བྱེད་པ་ལ་སྡིག་གཡོས་ཀྱི་དམག་མི་བྱེད། བསམ་ངན་གྱི་མཐུ་ཡང་མི་གཏོང་གསུང་ནས། བེམ་བུམ་ཞིག་དང༌། གསོལ་ཆས་བགས་ཁུག་སྐུ་རྒྱབ་ཏུ་བསྣམས་ཏེ་དགོན་གནས་བསྐྱུར། རི་ལ་བྲོས་ནས་བྱོན་པས། གྲྭ་བ་རྣམས་ཀྱི་སེར་དམག་ཀྱང་བཤོལ། དགོན་གཡག་དེ་ཡང་ལྡོག་བྱུང་སྐད། འཕགས་མ་སྒྲོལ་མའི་ཞལ་བསྟན་ནས། ཞེ་སྡང་མེ་དཔུང་ཆེན་པོ་དེ། །བྱམས་པའི་ཆབ་ཀྱི་ལེགས་པར་ཞི། །ཤིན་ཏུ་ལེགས་སོ་རྣལ་འབྱོར་པ། །ཞེས་ཆེད་དུ་བརྗོད་པ་གསུང་ཏེ། དཔེ་འདིས་མཚོན་ནོ། །དམ་པ་འདིའི་དྲུང་དུ་སྐྱེར་སྒང་པ་ཆེན་པོས་སྤྱིར་གདམས་ངག་མཐའ་དག་དང༌། ཁྱད་པར་མགོན་པོའི་ཆོས་སྐོར་གསན་
ཅིང༌། བླ་མས་ཀྱང་མགོན་པོ་བྲན་དུ་འཁོལ་བར་ལུང་བསྟན། སྐྱེར་སྒང་གི་གདན་ས་མཛད་ནས་འགྲོ་དོན་ཡང་འཕེལ་བར་མཛད་པའི་སྐབས་ཤིག་རྟོགས་ལྡན་ཞིང་སྒོམ་ཆོས་སེང་མཇལ་བར་ཕེབས། མཁའ་འགྲོ་རྣམ་གསུམ་དང༌། ཨ་ཏ་ཡ་བཛྲ། མཻ་ཏྲི་བ་སོགས་ནས་བརྒྱུད་པའི་རྫོགས་རིམ་གྱི་གདམས་པ་ཟབ་མོ་མང་པོ་དང༌། མགོན་པོའི་སྐོར་སྔར་རྗེ་རྨོག་ཅོག་པ་ལ་མ་གསན་པ་རྣམས་གསན། དེས་ན་སྐྱེས་སྒང་པ་ལ་ཁྱུང་པོའི་ཐུགས་སྲས་ཕྱི་མ་གཉིས་ཅར་གྱི་གདམས་ངག་རྣམས་གཅིག་ཏུ་འདུས་པ་ཡིན། དམ་པ་འདི་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ཡིན་པས་རྦད་བསྐུལ་མཛད་པ་སོགས་ཡེ་མེད་ཀྱང་དགོན་པ་ལ་ལྕགས་རི་བརྩེགས་པ་ཡུལ་བས་བཀག །དེ་ནུབ་རང་དུ་ཡུལ་བ་རྣམས་ནང་འཁྲུགས་ཤོར། མགོ་བསྡུ་བྱེད་མཁན་དེ་གཉིས་འཐབ་གྲལ་དུ་ཤི་བ་སོགས་ཕྱི་རྟགས་མང་པོ་བྱུང་བ་ཞིག་ཡིན་པར་སྣང༌། དེའི་ཐུགས་སྲས་གཉན་སྟོན་ཆེན་པོ་རི་གོང་བ་ཡིན་ཏེ། སྐྱེ་སྒར་དུ་བཞུགས་པའི་སྐབས་ཐོ་རེངས་ཁ་ཞིག་བླ་མའི་དྲུང་དུ་ཤོག་གསུངས་པ་ལ་བྱོན་པས། སྐྱེར་སྒང་པ་གཟིམ་ཁང་བསྐོར་བ་མཛད་ཀྱིན་འདུག །ཡ་གའི་རི་ངོགས་དེ་ལ་ལྟོས་དང་གསུང༌། གཟིགས་པས་དགོན་པའི་ལྟག་གི་རི་ལོགས་ལ་མགོན་པོ་འདི་རྔམ་ཞིང་གཟི་བརྗིད་ཆེ་བར་བཞུགས་པ་ལ། གནོད་སྦྱིན་ཀྵེ་ཏྲ་པཱ་ལས་མི་སྙིང་དམར་ཙ་རེ་བ་གཉིས་འབུལ་གྱིན་འདུག་ནས། འདི་ལྟར་གདའ་ཞུས་པས་དེ་ཙུག་ཡིན། མདང་ཆུ་སྐོར་ལ་ངན་བྱེད་མཁན་
ཞིག་བྱུང་ཡོད་པར་འདུག་ཏེ་སྙིང་ནི་དེའི་ཡིན་པར་འདུག་གསུངས། ནམ་ལངས་འཕྲལ་ལྟར་ཕྱིན་པས་ཅུ་སྐོར་སྒྱེལ་འདུག །མི་དེ་གཉིས་ཀྱང་འཕྲལ་དུ་ཤི། དེ་ལྟར་མ་སྒྲུབ་པར་ཞལ་གཟིགས་པ་ཡིན། ཕྱིས་ཡོལ་དུ་བཞུགས་པའི་དུས་སུ་ནམ་མཁའ་ནས་འབྱུང་བ་འཁྲུགས་པས། ཐོག་མདའ་བཅུ་ཙམ་སྐུ་བངས་སུ་རྒྱབ་པ་སྒྱུ་མ་ལྟ་བུར་རྟོགས་པའི་ངང་ནས་སྐུ་ལུས་མེ་དཔུང་ཆེན་པོའི་དབུས་སུ་བཞུགས། ཐོག་ཁོ་རང་ཡང་མ་ཉམས། སྤུ་ཉག་གཅིག་ཀྱང་མ་ཚིག་པ་ལ་ཐོག་སྡེ་རྣམས་ཐུ་བར་བསྣམས་ཏེ་བྲག་ཡང་ལ་བྱོན། དུས་དེར་མགོན་པོ་འདི་ཡང་རོགས་ལ་སླེབས་འདུག་སྟེ། སྣང་བ་སྒྱུ་མ་ལྟ་བུར་ཤར་བའི་སྟོབས་ཀྱིས་བྱ་བ་གང་ཡང་འཆོལ་མི་དགོས། ང་ལ་ནི་དགྲ་དང་གཉེན་ལ་ཁྱད་པར་མེད། ཆོས་སྐྱོང་ཁྱེད་རྣམས་ཀྱིས་གཞན་ལ་གནོད་པ་མ་བྱེད་ཅིག །དགོས་སུ་མི་མ་བསད་ཅིག །ཅེས་གཏན་དུ་ངར་ཆགས་པ་ཡིན། དེ་ཡང་ཇི་སྙེད་ཅིག་འོང་བར་འདུག་གསུང༌། འོན་ཀྱང་བཟའ་མང་ཚན་ཉུང་ཚན་གྱིས་ཆུ་སྐོར་གྱི་ཙམ་པ་སྐྱེལ་བ་དང༌། འཚེ་བར་ཤོམ་པའི་གྲྭ་བ་རྣམས་ལ་མི་འཚམས་པ་ཆེན་པོ་བྱུང་བ་དང༌། ཆུ་ཐགས་ཀྱྀ་སྟེ་ས་རྐུ་མཁན་དེ་མ་ཐག་ཏུ་ལྟག་པ་ཆག་སྟེ་ཤི་བ་དང༌། ལུག་རྫས་སྐུར་བ་བཏབ་པས་ཁྲག་བསྐྱུགས་ཏེ་ཤི་བ་སོགས་བཀའ་ཤིན་ཏུ་གཉན་པའི་རྣམ་གྲངས་ལ་ཟད་པ་མེད། སྐབས་ཤིག་དཔལ་ལྷ་མོ་རེ་མ་ཏིའི་ཞལ་ན་ཏེ། མགོན་པོའི་སྐུ་ཞིག་བཞེངས་ཤིག་དང་སེམས་ཅན་གྱི་དོན་ཆེན་པོ་འོང་གསུང་ལ། ང་བྱ་བཏང་ཞིག་གིས་དེ་འདྲ་བ་བཞེངས་མི་ཐུབ་ལས་ཆེ་གསུངས་པས།
ལྷ་མོའི་ཞལ་ནས། ཁྱེད་ཀྱིས་འཇིམ་པ་དམ་སྤོ་ཙམ་ཞིག་མི་འབྱོར་པར་འདུག་གམ་གསུང༌། འོ་ན་ངས་སྐུ་བཞེངས་ཀྱི། ཁྱེད་རྣམས་ཀྱིས་མི་མ་བསད་ཅིག་གསུངས། དེ་ནས་ཞག་ཤས་སོང་བས་ལན་གཅིག་ཉེ་སྐོར་གྱི་གྲོགས་པོ་ཞིག་ནས་འཇིམ་པའི་ས་བླང་ཏེ་ཕེབས་ཙ་ན། སྒོ་དྲུང་ན་ཨ་ཙ་ར་བཟོ་ཆས་ཁྱེར་བ་ཞིག་འདུག །དེ་ལ་གཏམ་བྱས་པས་འཇིམ་བཟོ་ལེགས་པོ་ཤེས་ཟེར་བས་རྟེན་འབྲེལ་འགྲིགས་ཡ་མཚན་ཆེ་དགོངས་ཏེ། ནང་དུ་སྤྱན་དྲངས། ཞག་གཉིས་གསུམ་རྒྱུ་ཚོགས་རྣམས་བསགས། ཚོན་རྩི་ཚུན་ཆད་འཛོམ་པ་བྱུང་ནས་བཞེངས་པར་བརྩམ་པ་ལས་ནུབ་མོ་གྲ་བཤོམ་བྱས་ནས་བཞག་པས་ནམ་ལངས་མ་ཐག་སྐུ་ཡོངས་རྫོགས་ཚོན་རྩི་དང་བཅས་པར་གྲུབ་འདུག །དེ་ན་རེ་ད་རབ་གནས་ཀྱི་གྲབ་རན་གསུང་བ་ལ་མགོན་པོའི་སྤྲུལ་པ་ཡིན་པར་མཁྱེན་ནས། རབ་གནས་ཁྱེད་རང་གིས་མཛོད་གསུང་བས་ཨ་ཙར་ཡང་སྐུ་འདྲ་ལ་ཐིམ། དེ་ལྟར་ན་རང་བྱུང་མགོན་པོར་གྲགས་ཤིང་ཤིན་ཏུ་བྱིན་རླབས་ཆེ་བ་ད་ལྟའི་བར་དུ་ཡང་བཀའ་གཉན་ཅིང་རྟགས་མངོན་གྱུར་དུ་བཞུགས། མགོན་པོ་བྱིན་རླབས་ཆེ་བ་གཞན་ཀུན་ལྐོག་ཏུ་ཡིན་པའི་ཚུལ་དུ་བཞུགས་ཀྱང༌། འདི་ནི་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་འཁོར་བ་མཐའ་ཅན་དུ་བྱེད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་མཛད་པ་ཡིན་གསུངས་ནས་ད་ལྟའི་བར་དུ་སྐྱེ་བོ་ཐམས་ཅད་ཀྱིས་ཕྱག་མཆོད་ཀྱི་ཡུལ་དུ་བཞུགས་སོ། །དེ་ལྟ་བུའི་སངས་རྒྱས་གཉན་སྟོན་གྱི་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པ་ནི་འགྲོ་
མགོན་སངས་རྒྱས་སྟོན་པ་ཡིན། དེ་ཡང་བླ་མ་གོང་མ་རྣམས་དང་མཚུངས་པར་ཤེས་བྱ་ཐམས་ཅད་ལ་ནི་མཁྱེན་པ་རྒྱས། མཁས་བཙུན་བཟང་པོའི་ཕུལ་དུ་གྱུར། འཇིག་རྟེན་ཆོས་བརྒྱད་ལས་ནི་ཐུགས་ལོག་འཁོར་འདས་ཐམས་ཅད་ནི་སྒྱུ་མ་ལྟ་བུར་གཟིགས། གནས་ལུགས་ཀྱི་དོན་རྟོགས་པ་ནི་འགྱུར་བ་མེད། བྱམས་སྙིང་རྗེ་ནི་མཁའ་ལྟར་ཁྱབ། ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ནི་ཞལ་གཟིགས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནི་བྲན་བཞིན་འཁོལ། གཞན་ཕན་འགྲོ་དོན་རང་ཤར་ལྷུན་གྱིས་གྲུབ་པ་ཉིད་དོ། །དེ་ལྟ་བུའི་བླ་མ་དམ་པ་དེ་ལ་ནི་ཚོགས་པ་ཁྲི་ཚོ་མང་པོ་འདུས་པས། ནུབ་ཕྱོགས་ཛ་ལནྡྷ་ར་དང༌། ཨུ་རྒྱན་ཚུན་ཆད་ནས་ཤར་ཕྱོགས་རྒྱ་ནག་གི་བར་དུ་བུ་སློབ་ཀྱིས་ཁྱབ་པར་མཛད་ཀྱང༌། ཐུགས་སྲས་ཀྱིས་གཙོ་བོ་གདན་ས་སློབ་དཔོན་ཨའི་སེངྒེ་དང༌། ཕྱོགས་མཐར་འཕྲིན་ལས་སྐྱོང་བ་འཇག་བསམ་གྱིས་རྐང་བཟུང་བའི་སྒྲུབ་བརྒྱུད་དཔལ་ལྡན་ཤངས་པའི་སྲོལ་ཀ་འཛིན་པ་རྣམས་ཀྱིས་མགོན་པོ་འདིའི་ཆོས་སྐོར་རྣམས་མ་ནོར་བར་ཐུགས་ཉམས་སུ་བཞེས་པས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུའི་གདམས་པ་འཆད་པ་དང་ཉན་པ་དང་ཉམས་སུ་ལེན་མཁན་རྣམས་ལ་མ་སྒྲུབ་ཀྱང་མགོན་པོ་འདི་རང་ཤུགས་ཀྱིས་འགོ་བ་ཡིན། དེ་ལྟར་གཉན་སྟོན་ནས་བརྒྱུད་པ་ལ་མགོན་པོ་རེ་གོང་བའི་ལུགས་སམ། སྨད་ལུགས་པ་ཟེར་ཏེ། རི་གོང་གདན་ས་ལས་བརྒྱུད་པ་འདི་ཕག་མོ་གྲུབ་པ་སོགས་དབུས་སུ་དར་རྒྱས་ཆེན་པོ་བྱུང་འདུག །འཇག་པ་ལ་སྟོད་རྒྱུད་སྨད་རྒྱུད་བར་རྒྱུད་གསུམ། བསམ་ལྡེང་བའི་ལུགས་ལ་ལྷོ་གཙང་
རྒྱུད་པ་གཉིས་སོགས་བྱུང༌། མགོན་པོ་སྟོད་ལུགས་པའི་སྲོལ་འཛིན་རྣམས་ལ་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཁོ་ན་གཙོ་བྱེད་ཅིང་མཐུ་བོ་ཆེ་མང་དུ་བྱུང་ཡང་བྱུང་ལ་མཐུ་ཆེན་དུ་རློམ་པའི་རྔམས་འཇིགས་བྱེད་པ་མང་དུ་བྱུང་ཞིང༌། སྔོན་དུས་ལུགས་འདི་དར་རྒྱས་ཆེ། དེང་སང་ཆོས་རྒྱུན་མ་ཆད་ཙམ་ལས་མེད་དོ། །སྨད་ལུགས་པ་ཤངས་པ་བཀའ་རྒྱུད་པའི་སྐྱེས་ཆེན་རྣམས་ནི་ཆོས་སྐྱོང་ཚུལ་བཞིན་དུ་བསྟེན་པར་མཛད། ངེས་དོན་ཟབ་མོའི་རྒྱུད་གྲོལ་བས་སྣང་བ་སྒྱུ་མ་ལྟ་བུ་དང༌། རང་ཤར་ཕྱག་རྒྱ་ཆེན་པོའི་ཡོ་ལང་ཙམ་ཉིད་བརྗོད་ངོ་ཙམ་མ་ཡིན་པར་ཐུགས་ལ་རིག་པའི་ཕྱིར། ཁུག་ཤོག་རྒྱོབ་ཤོགསོད་ཤོག་ཀྱི་བཟླས་བརྗོད་དང༌། གཞན་ལ་གནོད་སེམས་ཀྱིས་དུས་འདའ་བར་བྱེད་པའི་ཕྱག་སྲོལ་ནི་མེད། སེམས་ཀྱི་མདུད་པ་རང་གྲོལ་དུ་ཤིག་གེ་བའི་ངང་ནས་འཕྲིན་ལས་རྣམ་པ་བཞི་འབད་མེད་དུ་འགྲུབ་པ་ཞིག་ཡིན་པར་སྣང་ངོ༌། །མགོན་པོ་རི་གོང་བའི་ལུགས་འདི་ཕྱིས་སུ་ཤིན་ཏུ་དར་རྒྱས་ཆེ། ཆོས་བརྒྱུད་ཀྱི་སྡེ་གཞན་དུ་དར་བ་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་འདིས་ཀྱང༌། འཇག་ཆེན་བྱམས་པ་དཔལ་ལ་གསན། རིགས་པའི་དབང་ཕྱུག་དགེ་ལེགས་དཔལ་བར་འཇག་པའི་སློབ་བརྒྱུད་མོས་ནམ་མཁའི་རྣལ་འབྱོར་པ་ལ་ཞུས་པ་ཡིན། དེ་དག་ལ་བརྟེན་ནས་ཀྱང་མགོན་པོ་འདི་ལ་མཆོད་མཁན་ཕྱོགས་ཐམས་ཅད་དུ་ཁྱབ་བོ། །རི་གོང་གདན་ནས་བརྒྱུད་པའི་བཀའ་སྲོལ་ལས་མཁས་གྲུབ་ཆོས་བཟང་ཉི་མ་བྱོན་པ་ལས་འཕགས་ཆེན་བསོད་
ནམས་དར་དང༌། འཕགས་པ་རིམ་པ་སོགས་ཀྱིས་ཞུས་ཏེ། འཕགས་སྡེ་བཞི་དར་བ་སོགས་ཐོར་བུ་ཐོར་བུར་དར་བ་ནི་ཤིན་ཏུ་མང་སྟེ་སྨོས་ཀྱི་མི་ལང་ངོ༌། །བཞི་པ་ནི། མགོན་པོའི་འདིའི་ཆོས་སྐོར་ལ་རྣམ་གྲངས་མང་ཡང༌། རྟོག་མཐུ་རུ་སྒྲུབ་པ་དང༌། ཞི་བ་ནོར་སྒྲུབ་པ་གཉིས་སུ་འདུས། དང་པོ་ལ་སྒྲུབ་ཐབས་མི་འདྲ་བའི་ཁྱད་པར་ནི། མགོན་པོའི་སྐུ་མདོག་ནག་པོ་གཙོ་རྐྱང༌། ལྕམ་དྲལ་དང༌། ལྷ་གསུམ་དང༌། དྲེགས་པ་སྡེ་ལྔས་བསྐོར་བ་དང༌། རྒྱན་ཅན་ལྷ་ལྔ་དང༌། ལྷ་བཅུ་གསུམ་པ་དང༌། ས་ར་ཧའི་ལུགས་དང༌། སྟོད་ལུགས་པའི་མགོན་པོ་ལྷ་དགུ་ལ་སོགས་པ་ཡོད། གཞན་ཡང་ལྗང་གུ་དྲག་སྒྲུབ། སེར་པོ་དྲག་སྒྲུབ་དང༌། ལྷ་མོ་སྒོས་སྒྲུབ་དང༌། འཁོར་གྱི་སྒོས་སྒྲུབ་དང༌། རྟེན་བཞི་གནད་གསུམ་ལ་སོགས་པ་མཆོག་སྒྲུབ་པ་དང༌། ལས་ཚོགས་ཤིན་ཏུ་མང་བར་སྣང་ངོ༌། ཁུར་དང་ལྡན་པའི་རྩོད་མེད་ཤ་སྟག་ཡོད། སྟོད་ལུགས་ཀྱི་མགོན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐོར་མང་པོ་དང༌། དབུ་ཞལ་ཉེར་གཅིག་པ་དང༌། རྒྱུད་ལེའུ་བརྒྱ་མ་དང༌། ལེའུ་བཅུ་གཉིས་མ་དང༌། མདོ་ཆོག་ལ་སོགས་རྣམས་རྒྱ་གར་ནས་བསྒྱུར་ངེས་པ་དཀའ་ཡང་བྱིན་རླབས་ཀྱི་སྒོ་ནས་ཆེན་པོ་ཡོད་པར་སྣང་ངོ༌། །གཉིས་པ་ནི། མགོན་དཀར་ཡིད་བཞིན་ནོར་བུ་དང༌། མགོན་པོ་གཟིགས་ལྡན་དང༌། མགོན་པོ་མཐིང་ག་དང༌། མགོན་པོ་སེར་པོ་ཞལ་བརྒྱད་པ་དང༌། མགོན་སེར་ནོར་སྒྲུབ་དང་
མགོན་དམར་དབང་གི་རྒྱལ་པོ་དང༌། མགོན་དམར་ཚེ་སྒྲུབ་དང༌། མགོན་ལྗང་ཚེ་བདག་སོགས་མང་པོ་ཡོད་པ་ཡིན་ནོ། །གཉིས་ཀ་ལ་དགོས་པའི་མན་ངག་ནི། གནད་ལ་དབབ་པ་ཕྱི་ནང་དང༌། གྲིབ་སེལ་ཕྱི་ནང༌། བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་སོགས་ཡིན་ནོ། །གཞན་ཡང་ལྷ་བཞི་དྲིལ་སྒྲུབ་དང༌། མཁའ་སྤྱོད་གསུམ་སྒྲུབ་སོགས་ཀྱང་ཡེ་ཤེས་མགོན་པོ་འདི་དང་བྲེལ་བའི་ཟབ་ཆོས་ཁྱད་པར་ཅན་ཡིན་ཏེ། དེ་ལྟར་ན་འདིར་ཟུར་ཙམ་སྨོས་ཀྱི་རྒྱས་པར་བླ་མ་དམ་པས་སྟོན་པར་འགྱུར་རོ། །འདིར་སྨྲས་པ། བརྗོད་བྲལ་ཡེ་ཤེས་མཆོག་ཏེ་སྙིང་རྗེ་ཆེ། །རྟག་ཏུ་ཤར་བས་རང་རྩལ་འགག་མེད་ལས། །དུས་གསུམ་ཆད་པ་མེད་པའི་འཕྲིན་ལས་ཅན། །མྱུར་མཛད་སྤྱན་རས་གཟིགས་ཀྱི་དགེ་ལེགས་སྩོལ། །ཅེས་པ་ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོའི་ཆོས་སྐོར་བྱུང་ཚུལ་མདོ་ཙམ་འདི་ཡང༌། ས་སྐྱོང་མིའི་དབང་པོ་ཀུན་དགའ་རབ་བསྟན་དབང་གི་རྒྱལ་པོས་བཀའ་བསྐུལ་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའི་མིང་གཞན་ཀུན་དགའ་སྙིང་པོས་བྲིས་པའོ། །དགེ་ལེགས་འཕེལ། བཀྲ་ཤིས། ལེགས་བཞེངས་དེ་ཡི་མཐུ་ལས། །བསྟན་འགྲོར་དགེ་མཚན་ཤར་ཏེ། །སྐལ་ངན་རྒུད་ཚོགས་ཞི་ནས། །རྫོགས་ལྡན་ཆོས་སྤྱོད་གྱུར་ཅིག།