Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

9 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཟུར་ཆེན་ཟུར་ཆུང་རྣམ་ཐར།
  
  
  
  
  
 
  
  
  
  
 
 
  
  
  


9 occurrences of བརྒྱུད་གསུམ་
[Clear Hits]

 
previousཟུར་ཆེན་ཟུར་ཆུང་རྣམ་ཐར།next

ཟུར་ཆེན་ཟུར་ཆུང་རྣམ་ཐར།


CMR004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཆེན་ཟུར་ཆུང་རྣམ་ཐར་ལོ་རྒྱུས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཡེ། གསང་སྔགས་རྙིང་མ་བཀའ་མའི་བརྒྱུད་ཚུལ་ནི། །ཨོ་རྒྱན་དངོས་སློབ་སྐུ་ཡི་བཀའ་བབས་ནི། །བསྒྲགས་པ་སངས་རྒྱས་ཡེ་ཤེས་བྱ་བ་ནི། །གནུབས་སྟོན་སངས་རྒྱས་ཡེ་ཤེས་དེ་ལས་འཕྱི། །མངའ་བདག་ཁྲི་རལ་དུས་སུ་བཞུགས་པ་སྟེ། །རྒྱ་བལ་བྲུ་ཤའི་ཡུལ་བྱོན་མཁས་མང་བསྟེན། །ལྷ་སྲིན་བྲན་ཁོལ་བརྒྱ་དང་བཅུ་གསུམ་བཞུགས། །མདོ་སྒྱུ་སེམས་གསུམ་བཀའ་བབས་ཆེན་པོ་ཡིན། །སློབ་མ་བཞི་དང་སྐུ་ཡི་སྲས་པོ་ནི། །ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡིན་པ་སྟེ། །དེའི་སྲས་གཉིས་ཆེ་ཡོན་ཏན་རྒྱ་མཚོ་ནི། །སྲས་པོ་ལྷ་རྗེ་ཧཱུྃ་ཆུང་མི་ལ་རས་པས་བསྟེན། །དེ་སློབ་མྱང་རིག་ཡེ་ཤེས་འབྱུང་གནས་དེས། །སངས་རྒྱས་ཡེ་ཤེས་ཉིད་ཀྱི་སློབ་རྒྱུད་གཞན། །ཤེས་རབ་མཆོག་ཅེས་བྱ་བའི་བླ་མར་བསྟེན།། །ན་མོ་གུ་རུ། སྔ་འགྱུར་བསྟན་པའི་སྒྲོན་མེ་ཟུར་ཆེན་པ། །ཚངས་སྤྱོད་དགེ་བསྙེན་མཛད་ཅིང་འབྲོག་མི་དང་། །མྱང་ཡེ་ཤེས་འབྱུང་གནས་ལ་སོགས་བསྟེན། །མདོ་སྒྱུ་སེམས་གསུམ་མཁས་པའི་ཕུལ་དུ་ཕྱིན། །འུག་པ་ལུང་གི་གདན་ས་ལྷ་ཁང་དང་། །ཤང་མདའི་དཔལ་ཆེན་སྐུ་སོགས་


CMR004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པའི་ཚེ། །ཀླུ་བཀུག་ཆང་རྫ་ར་བཅུག་ནས་ཆུ་བརྒྱབས་པས། །ཚང་གཅིག་ཞག་པོ་མང་དུ་མི་ཟད་དང་། །རབ་གནས་སྟོན་མོར་དྲང་པའི་ཕྱུགས་ར་ནས། །བཤོས་ཏེ་ཤ་འགྱེད་དགོང་ཁ་གསོན་པོར་བཏང་། །ལྷ་འདྲེ་ལ་ནི་གསེར་ནི་སློང་མཛད་པས། །སྲོག་ཆགས་གཟུགས་བརྙན་མ་བྱུང་བར་ལོང་ཟེར། །གསེར་ཁུང་རྡོར་ནས་སྦལ་གཟུགས་འབྱུང་བར་བླངས། །འབྲོག་མིར་གསེར་སྲང་བརྒྱད་ཕུལ་གདམས་པ་ཞུས། །སློབ་མ་རྩེ་མོ་བཞི་དང་རྩེ་ལྐོག་བརྒྱད། །སྒོམ་ཆེན་བརྒྱ་དང་རྩ་བརྒྱད་ལ་སོགས་འབྱུང་། །སྒྲོ་ཕུག་ལྷ་ཁང་བཞེངས་ནས་ང་གཅིག་གཤེགས། །ཟུར་ཆེན་པ་ལ་གུས་པས་ཕྱག་འཚལ་ལོ། །།བཙུན་རྒན་བུ་ཞིག་ཟུར་ཆེན་པ་ཡིས་གསོས། །ཤེས་རབ་དྲག་བཏག་ལྟ་དགོང་རྩེ་མོ་བྱུང་། །རྒྱ་བོད་དགུ་འདུས་བྲག་ཏུ་བསྒྲུབས་མཛད་པས། །བདེ་གཤེགས་རྒྱལ་པོ་པ་ཞེས་ཡོངས་སུ་གྲགས། །ཆུང་ངུ་ཞབས་གཉིས་ས་ལ་མི་རེག་པར། །བསྐོར་བ་མཛད་པས་བླ་མས་གཟིགས་ནས་དགྱེས། །འཆད་རྟོགས་བཞི་དང་ལྟ་སྒོམ་འདྲེན་པའི་ཚེ། །ཏ་ལ་གང་ཙམ་ནམ་མཁར་འཕགས་ནས་བཞུགས། །རུ་ལུའི་འཛབ་དབྱངས་དྲུང་ནས་ཉན་པ་དང་། །རྒྱང་


CMR004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་རྒྱབ་ནས་ཉན་ལ་ཁྱད་པར་མེད། །སྒྲུབ་ཚེ་ཆོ་འཕྲུལ་དཔག་མེད་བྱུང་ན་ཡང་། །ཉམ་ང་མེད་ཅིང་སྣང་སྲིད་རྡོར་སེམས་ཤར། །སྙིང་པོ་མེད་དགོངས་རྩོལ་བྲལ་ངང་བཞག་པས། །རྫོགས་པ་ཆེན་པོའི་རྟོགས་པ་མཐར་ཐུག་འཁྲུངས། །སྣོད་བཅུད་ཀུན་ལ་ཐོགས་མེད་ཟངས་ཐལ་བྱོན། །མཚན་ཉིད་པ་གཅིག་རྩོད་པ་བྱས་ནས་ཀྱང་། །ཀ་བ་ཆོས་ཅན་ལ་སོགས་ཟེར་བའི་དུས། །རྫོགས་ཆེན་རང་སྣང་རིས་མེད་པ་ཡི་མདུན། །ཀ་བ་མི་གདའ་གསུངས་ནས་ཕྱག་གཡུག་པས། །ཉི་ཞུར་ལ་ནི་བརྒྱབ་པ་ལྟར་སོང་བས། །དད་དེ་དེ་ཉིད་སློབ་མ་བཟང་པོར་གྱུར། །དེ་ནས་ལྷ་རྗེ་འུག་པ་ལུང་པ་དེ། །མ་གཤེགས་ཙམ་ནས་གདན་ས་འཚོགས་པ་བསྐྱངས། །དེ་ཚེ་ཁྱུང་པོ་དྲག་པོ་ཞེས་བྱ་བས། །མཚན་ཉིད་མཁས་པ་ཞིག་གི་སློབ་མ་བཞི། །སུན་འབྱིན་ཕྱིར་དུ་རྩོད་པ་བྱ་ཕྱིར་བཏང་། །རྫོགས་ཆེན་པ་བསྒོམ་གཙོ་བོ་བྱེད་དམ་ཟེར། །ང་ཡི་དམིགས་པ་གང་ལ་གཏད་འདུག་གསུངས། །འོ་ན་མི་བསྒོམ་པ་ཅིག་ཡིན་ནམ་ཟེར། །ང་སེམས་གང་ལ་ཡེངས་ནི་འདུག་པ་གསུངས། །ཁྱེད་ཀྱི་སྣང་སྲིད་ལྷ་རུ་འདོད་དམ་ཟེར། །ཡུལ་རང་རྒྱུད་མངོན་སུམ་སྣང་བ་སུས་ཁོག་


CMR004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་། །འོ་ན་སྣང་སྲིད་ལྷ་རུ་ཡིན་སྣང་ཟེར། །འཁྲུལ་སྣང་སྦྱོང་ཕྱིར་གསུངས་པ་ཅི་འགལ་གསུངས། །བཞི་ཀ་སྤོབས་པ་ཟད་ནས་སློབ་མར་གྱུར། །འགོས་ལྷ་བཙས་དད་ཏེ་ཕྱག་འཚལ་ཞིང་། །དཔལ་ཆེན་དངོས་ཀྱི་འདུ་ཤེས་སྐྱེས་པར་གྱུར། །ཁོང་སླར་རྟེན་འབྲེལ་མཛད་པས་སྐུ་བསོད་རྒྱས། །ཁྱུང་པོ་དྲག་པོ་ཞེས་བྱས་ཟུར་ཆུང་འདི། །ཆོས་ལོག་མཁན་ཡིན་བསད་ན་སངས་རྒྱུ་ཟེར། །སྒྲོལ་ལམ་ང་ཡི་སྔགས་ལས་མེད་སྙམ་ཙ། །ཁོང་ཡང་ང་ཡི་ཆོས་ལ་བློ་གཏད་འདུག །གསུངས་ཤིང་བཞེད་དེ་ཕྲག་དོག་རྩད་ནས་ཞི། །སློབ་མ་བཀའ་བཞི་གདུང་བརྒྱད་སྒོམ་ཆེན་གཉིས། །ཡུས་ཆེན་མི་གཅིག་རྟ་གྱུར་མི་གཉིས་སོགས། །སློབ་མ་དཔག་མེད་བྱུང་ཞིང་རེ་གཅིག་གཤེགས། །།དེ་ཡི་སྲས་པོ་སྒྲོ་ཕུག་པ་ཆེན་པོ། །གཏམ་ཚེ་སྐྱོ་སྟོན་ཤག་ཡེའི་རྨི་ལམ་ན། །ཡུམ་གྱི་སྲིན་ལག་སྟོན་པའི་སྐུ་རྨིང་པས། །ཤཱཀྱ་སེང་གེ་མདའ་ཚད་རྡོར་སོར་དྲག །ཀ་བ་བཞི་སོགས་བླ་མ་མང་དུ་བསྟེན། །ཕྱག་རྡོར་སྤྲུལ་པར་གྲགས་ཅིང་ཕྲིན་ལས་རྒྱས། །ལྷོ་བྲག་བྱ་ཟོད་ཤེས་རབ་འོད། །སློབ་མའི་གཙོ་བོ་བཅུ་གཉིས་ལ་སོགས་པའི། །སློབ་མ་གདུགས་ཐོགས་སྟོང་ཕྲག་གཅིག་བྱུང་ངོ་། །རི་


CMR004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་ཚོགས་འཁོར་མགུར་གསུངས་ནམ་མཁའ་ལ། །ཇེ་མཐོར་བྱོན་ཚེ་སློབ་མ་དུ་མ་ཡིས། །མར་བྱོན་ང་ལུས་མ་བཞག་བཀྲ་ཤིས་ཏེ། །ད་ནི་ཅུང་ཟད་མ་ལེགས་གསུང་མཛད་ཅིང་། །རེ་གཅིག་ལ་འདས་སྤུ་རེ་བཞུགས་པའི་ཚེ། །ལྷ་འདྲེས་ཕུལ་བའི་ངོ་མཚར་ནོར་བཞི་བྱུང་། །འཛམ་སྟོན་འགྲོ་མགོན་འདི་པའི་སློབ་མ་སྟེ། །དེ་སློབ་རྒྱལ་བ་ཀཿཐོག་ལ་བྱོན་ནོ། །ཕྱག་རྡོར་སྤྲུལ་པ་ཤཱཀྱ་སེང་གེ་དེའི། །སློབ་མའི་གཙོ་བོ་ལྕེ་སྟོན་རྒྱ་ནག་ནི། །དབུ་ཚད་སྡེ་སྣོད་ཀུན་ལ་མཁས་མཐར་ཕྱིན། །རྒྱ་བརྩོན་སེང་དཔོན་གཡོག་བླ་མ་སྒྲོ་ཕུག་པར། །རྩོད་དུས་ཁོང་གི་ཤིན་ཏུ་ཕྱམ་བྱས་པས། །བླ་མ་མཉེས་ནས་གདམས་ངག་གཞན་ལས་ཟབ། །དེ་ཡི་སློབ་མ་དབུས་སྟོན་ཤཱཀྱ་ཡི། །སེ་བྲག་བཏབ་པས་དམ་པ་བྲག་པར་གྲགས། །དབུས་པ་ཞིག་པོ་ཞེས་བྱ་འཁྲུལ་ཞིག་དང་། །རྒྱ་ནག་ནོན་པོ་ལྕེ་སྟོང་ཡོན་ཏན་བཟུང་། །སེ་བྲག་པ་བསྟེན་ལྷ་ཁང་པ་ཞེས་གྲགས། །དེ་ཡི་སློབ་མ་ཞིག་པོ་བདུད་རྩི་ནི། །རྣལ་འབྱོར་འགའ་ཡིས་གཞན་དོན་འབྱུང་ལུངབསྟན། །སྙེ་ཕུད་ཕུལ་བས་ལོ་ལེགས་སྤྲུལ་སྐུར་ཤེས། །རྟོགས་པ་མཐར་ཕྱིན་སྣང་བ་ཐོག་སྡུག་མེད། །བོད་ཡུལ་ཀུན་བྱོན་རི་


CMR004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རླུང་རྒྱ་དང་། །གཞན་ཕན་མཐའ་ཡས་བྱུང་ཞིང་བླ་མ་ཞང་། །གཞན་ཡང་ལོ་པཎ་རྒྱ་ཆེར་མཛད། །ང་གཅིག་པར་གཤེགས་གདུང་བཞུས་ས་གཡོས་ཤིང་། །ཡོན་ཆབ་ནང་དུ་འཇའ་ཚོན་མེ་ཏོག་ནི། །སྐྱེས་པ་ཞག་གསུམ་བར་དུ་མ་ཡལ་བརྗོད། །སློབ་མ་མང་ཡང་རྟ་སྔོན་ཇོ་ཡེས་ཏེ། །བླ་མའི་ཐུགས་ཟིན་ལྷ་པའི་ཞབས་ཏོག་མཛད། །གཞན་ཡང་སྒྲོ་ཕུག་སློབ་རྒྱུད་མཐའ་ཡས་ཀྱང་། །ཁྱད་པར་ཡར་ལུང་སངས་རྒྱས་གྲག་པ་ཡིས། །ཛམ་ལྷ་བསྒྲུབས་ནས་འཆབ་པས་མཛེ་རོའི་འོག །གསེར་ནི་དཔག་མེད་རྙེད་ནས་ཕུག་པར་གྱུར། །སྒོ་ཕུག་སློབ་མ་བྱ་ཆེན་དབོན་པོ་དང་། །གྱོགས་ནག་མང་པོ་སོགས་ལས་ཆོས་གསན་ནས། །ཡང་དག་ཞལ་གཟིགས་ཕ་ཡུལ་དགོན་པ་བཏབ། །དེ་ཡི་སློབ་མ་ཆོས་ཀྱི་སེང་གེ་སྟེ། །ཧོར་ཡུལ་བྱོན་པས་སེ་ཆེན་རྒྱལ་པོ་ཡིས། །མཆོད་རྟེན་ནང་དུ་བཙུད་ནས་སྒོ་རྩིག་བཞག །ལོ་འཁོར་བལྟས་པས་རྡོ་རྗེ་གཞོན་ནུ་ཡི། །སྐུར་སྣང་མ་འདས་འདུག་པས་ལས་ཀ་གནང་། །དེ་ཡི་སློབ་མ་སྨན་ལུང་པ་ཡིན་ཏེ། །རུས་ཉུང་ཡར་ལུང་དུ་འཁྲུངས་མཆེད་ལྔ་བྱོན། །ཆོས་དབང་ཡབ་ཀྱིས་སྐྱེ་བ་བཀའ་བརྒྱད་ཀྱི། །བཀའ་བབས་ཆོས་དབང་སྐྱེས་རབས་


CMR004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་པོ། །ཡར་ལུང་སྤྲུལ་སྐུ་ཤཱཀྱ་འོད་ཅེས་ཏེ། །གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་སུ་བཏག །གསང་སྙིང་ཁོག་དབུབ་ཊི་ཀ་ལ་སོགས་མཛད། །དེ་ཡི་སྲས་རྒྱུད་།སློབ་རྒྱུད་མང་དུ་འཕེལ། །དེ་ལྟར་གསང་སྔགས་སྔ་འགྱུར་བཀའ་མ་ཡི། །གྲུབ་ཐོབ་ཆེ་ལོང་རྣམ་ཐར་མདོར་བསྡུས་ཏེ། །ཞིབ་པར་སོ་སོར་བརྒྱུད་ཚུལ་མཐའ་ཡས་སོམས། །འདི་དག་རྣམས་ཀྱི་རིགས་རྒྱུད་ཆོས་རྒྱུད་ནི། །གཙང་དུ་འུག་པ་གླིང་དང་གསང་སྔགས་གླིང་། །གཙང་རོང་གནུབས་དང་ཡོ་ཆེན་གདུང་རྒྱུད་གཉིས། །དབུས་སུ་རྡོ་རྗེ་བྲག་དང་ཁམས་ཕྱོགས་སུ། །ཀཿཐོག་རྣམས་སུ་ཅི་རིག་གནས་པ་སྟེ། །ཚེ་ལོ་བཅུ་པའི་བར་དུ་རྫོགས་ཆེན་གྱི། །བསྟན་པ་དག་ཀྱང་མི་ནུབ་རྒྱས་པར་བཤད། །རཱ་གའི་མིང་གིས་དད་པའི་རྟེན་དུ་བྲིས་། །ཉེས་བཤགས་དགེ་བས་འགྲོ་ཀུན་བྱང་ཆུབ་ཤོག །མངྒ་ལཾ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྒྲུན་ཞུས། །


previousཟུར་ཆེན་ཟུར་ཆུང་རྣམ་ཐར།next