Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
དམ་ཅན་སྐྱེས་བུ་ཆེན་པོའི་ལོ་རྒྱུས་སྙན་གྲགས་བསྐལ་པའི་འབྲུག་སྒྲ་དྲག་པོ།
  
  
  
  
  
  


3 occurrences of འབེན་
[Clear Hits]

 
previousདམ་ཅན་སྐྱེས་བུ་ཆེན་པོའི་ལོ་རྒྱུས་སྙན་གྲགས་བསྐལ་པའི་འབྲུག་སྒྲ་དྲག་པོ།next

དམ་ཅན་སྐྱེས་བུ་ཆེན་པོའི་ལོ་རྒྱུས་སྙན་གྲགས་བསྐལ་པའི་འབྲུག་སྒྲ་དྲག་པོ།


CMR029_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་སྐྱེས་བུ་ཆེན་པོའི་ལོ་རྒྱུས་སྙན་གྲགས་བསྐལ་པའི་འབྲུག་སྒྲ་དྲག་པོ་ཞེས་བྱ་བ་བཞུགས་སོ། །


CMR029_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གྱ་གྱི་ཝ་ཡེ། བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །རྟ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ནས། །བསྟན་སྲུང་སྐྱེས་བུ་ཆེན་པོའི་ལོ་རྒྱུས་བྲི། །སྐྱེས་བུ་འཁོར་བཅས་བཀའ་ཡི་གནང་བ་སྩོལ། །དེ་ལ་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། །དམ་ཚིག་གི་རྡོ་རྗེ་ལེགས་པ་དང་། །འཇིག་རྟེན་གྱི་རྡོ་རྗེ་ལེགས་པ་དང་། །གསུམ་ཡོད་དེ། དེ་གསུམ་ཡང་སྐུ་ཡི་བཀོད་པ་ཐ་དད་ཅིང་མཛད་པ་ཕྲིན་ལས་སོ་སོར་ཡོད་ཀྱང་ཐུགས་རྒྱུད་ཀྱི་ངོ་བོ་ནི་གཅིག་ཡིན་ཏེ། དཔེར་ན་སངས་རྒྱས་ཐམས་ཅད་ལ་ཡང་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡོད་པ་དང་། །མགོན་པོ་ཐམས་ཅད་ལ་ཡང་ཡེ་


CMR029_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་ལས་དང་འཇིག་རྟེན་གྱི་མགོན་པོ་གསུམ་རེ་ཡོད་ཅིང་། དེ་དག་བཞུགས་གནས་དང་སྐུ་མདོག་ཆ་ལུགས་མི་འདྲ་ཡང་ངོ་བོ་གཅིག་ཡིན་པ་ལྟ་བུའོ། དེ་ལ་དང་པོ་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་ནི། འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ནས། བཅོམ་ལྡན་རྣམ་པར་སྣང་མཛད་ཆེན་པོའི་འཁོར་དུ་བཞུགས་པའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་དང་། རྡོ་རྗེ་རྩེ་མོ་དང་། ངན་སོང་སྦྱོང་རྒྱུད་དང་། པདྨ་དྲྭ་བ་དང་། གཙུག་དགུ་ལ་སོགས་པ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་སྡེ་ཆེན་པོ་དུ་མ་ནས། བྱང་ཆུབ་སེམས་དཔའ་


CMR029_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལེགས་པ་འདི་གསུངས་སོ། །དེ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གཉིས་ཀ་ནས། །རྩ་བའི་ལྷ་སུམ་ཅུ་སོ་བདུན་གྱི་ནང་ནས་སེམས་དཔའ་བཅུ་དྲུག་གི་ནང་ཚན་རྡོ་རྗེ་ལེགས་པ་ལྗང་གུ་ཐུགས་ཀར་སེ་གོལ་གཏོགས་པ། ཞེས་མངོན་རྟོགས་སྔགས་དང་བཅས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་དེ་ཉིད་ཀྱང་རྣམ་པར་སྣང་མཛད་ཉིད་ཀྱི་སྤྲུལ་པ་ཡིན་ཚུལ་རྣལ་འབྱོར་རྒྱུད་ཀྱི་བཤད་པ་རྣམས་ནས་རྒྱ་ཆེར་འབྱུང་ངོ། །ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དེའི་མཛད་པ་ཕྲིན་ལས་ཡང་ཅི་ལྟ་བུ་ཞེ་ན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཐུགས་རབ་ཏུ་མཉེས་པར་བྱེད་དོ། །སངས་རྒྱས་ཐམས་ཅད་མཉེས་པས་རྡོ་རྗེ་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཁྱེད་ནི་ལེགས་སོ་ལེགས་སོ། །ཞེས་བསྔགས་པ་དང་ལེགས་སོ་གནང་བ་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལེགས་པའི་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་མགུ་ནས་བསྟོད་ཅིང་ལེགས་སོ་བརྗོད། རྒྱུ་མཚན་དེའི་ཕྱིར་རྡོ་རྗེ་ལེགས་པ་ཞེས་བྱ་བ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་ལེགས་པ་ཅི་


CMR029_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་བརྗོད། །སངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང་། །ལེགས་སོ་ཞེས་བྱ་རབ་སྟེར་བྱེད། །བྱང་ཆུབ་སེམས་དཔའ་ཀུན་མགུ་བྱེད། །དེ་ནི་རྡོ་རྗེ་ལེགས་པ་ཞེས་བརྗོད་།ཅེས་གསུངས་སོ། །དེ་ལྟར་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་ལེགས་པ་ལ་མཉེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་འདི་ཉིད་འོག་མིན་འཐུག་པོ་བཀོད་དུ་བཞུགས་བཞིན་དུ། སྤྲུལ་པ་ཡང་སྤྲུལ་དང་སུམ་སྤྲུལ་དཔག་ཏུ་མེད་པས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སྐྱེས་བུ་ཆེན་པོ་བྱེ་བ་ཕྲག་བརྒྱར་སྤྲུལ། །དེ་རེ་རེ་ལ་ཡང་འཁོར་དང་སྤྲུལ་པ་དཔག་ཏུ་མེད་པ་དང་བཅས་ཏེ། སེམས་ཅན་གང་དག་འདི་ཉིད་མཆོད་སྒྲུབ་བྱེད་པ་རྣམས་ལ། ཅི་བསམ་པ་ཐམས་ཅད་འགྲུབ་ཅིང་གང་འདོད་པའི་དངོས་གྲུབ་བྱིན་པས་སེམས་ཅན་དག་པ་སྟེ། དམ་ཚིག་དང་ལྡན་པ་ཐམས་ཅད་མགུ་བར་བྱེད་ཅིང་། །ས་དང་ལམ་གྱི་བར་ཆད་ཐམས་ཅད་བསལ་ནས་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པའི་སྡོང་གྲོགས་བྱེད། །དམ་ཚིག་ཅན་མ་ཡིན་པའི་སྐྱེ་བོ་ཕལ་པ་རྣམས་ལ་ཡང་། དགྲ་བླ་དང་དམག་དཔོན་དང་ཇག་དཔོན་དང་ཚོང་དཔོན་གྱི་ཚུལ་གྱིས། འདི་ཉིད་མཆོད་པ་རྣམས་ཅི་འདོད་པ་


CMR029_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པས་དགའ་བར་བྱེད། ཁྱད་པར་གསང་སྔགས་འཛིན་པ་རྣམས་ལ་ལུས་གྲིབ་མ་ལྟར་བསྲུང་ཞིང་ཕྲིན་ལས་བསྒྲུབས་པས། གསང་སྔགས་འཆང་བའི་རྣལ་འབྱོར་པ་རྣམས་ཡི་རང་བར་བྱེད། དོན་དམ་པའི་ཐུགས་རྒྱུད་ཆོས་སྐུ་ནི་སངས་རྒྱས་རྣམ་པར་སྣང་མཛད་དང་དབྱེར་མེད་ཅིང་། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལེགས་པ་སྐུ་མདོག་ལྗང་གུ། ཕྱག་གཉིས་ཐུགས་ཀར་སེ་གོལ་གཏོགས་པའི་སྐུར་བཞེངས་ནས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་སྒྲུབ་ཀྱང་། དོན་ལ་ནི་བཅོམ་ལྡན་རྣམ་སྣང་ཉིད་ཡིན་ཆོས་འདི་དྲུག་དང་ལྡན་པའི་ཕྱིར་དང་། མཛད་པ་དེ་རྣམས་སྒྲུབ་པའི་ཕྱིར། རྡོ་རྗེ་ལེགས་པ་ཞེས་བྱ་བ་ཡིན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། སེམས་ཅན་དག་པ་མགུ་བྱེད་ཅིང་། །རྡོ་རྗེ་འཆང་རྣམས་སྒྲུབ་པར་བྱེད། །སེམས་ཅན་ཁམས་རྣམས་དག་བྱེད་ཅིང་། །གསང་བ་འཛིན་པ་རང་བར་བྱེད། །ཆོས་དང་ལོངས་སྤྱོད་རྫོགས་སྐུའི་ཕྱིར། །བཅོམ་ལྡན་འདས་འདིས་ཆོས་རྣམས་དྲུག །གང་གི་ཚེ་ན་མངོན་བསྒྲུབ་པ། །རྡོ་རྗེ་ལེགས་པ་ཡང་དག་འབྱུང་། །ཞེས་དང་། ཡོ་གའི་རྒྱུད་རྣམས་ནས་གསུངས་པ་རྡོ་རྗེ་བསྟོད་རིང་ལས།


CMR029_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེས་དགྱེས་ཁྱོད་ལ། །ཞེས་དང་། སྦྱོང་རྒྱུད་ལས། རྡོ་རྗེ་ལེགས་པ་དགྱེས་མཛད་པ། །ཞེས་གསུངས་སོ། །འོ་ན་རྡོ་རྗེ་ལེགས་པ་དེའི་ཆོས་སྐུའི་ངོ་བོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་གཅིག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྣལ་འབྱོར་རྒྱུད་ཀྱི་འགྲེལ་ཆེན་དེ་ཉིད་སྣང་བ་ལས། རྣམ་པར་སྣང་མཛད་རྩ་བའི་ལྷ་སོ་བདུན་ཐམས་ཅད་རྣམ་སྣང་ཉིད་ཀྱི་སྤྲུལ་པར་གསུངས་ཤིང་། ལྷའི་དེ་ཁོ་ན་ཉིད་ཀྱི་སྐབས་སུ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་ནི་རྣམ་སྣང་ངོ། །ཞེས་སོགས་ནས། དེའི་ཕར་ཕྱིན་དྲུག་གི་སྤྱོད་པ་དང་། འབྲས་བུ་ཐུགས་ནི་རྡོ་རྗེ་ལེགས་པའོ། །ཞེས་གསུངས་སོ། །གཞན་ཡང་པདྨ་དྲྭ་བའི་རྒྱུད་ལས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དཀྱིལ་འཁོར་རྒྱས་པའི་ལྷ་གྲངས་སུ་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་འདི་ཉིད་པ་བཞུགས་སོ། །སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ནས། རྡོ་རྗེ་ལེགས་པ་ལ་སོགས་པ་ཤར་ཕྱོགས་ཀྱི་སེམས་དཔའི་བཞིས་ཀྱང་ཚེ་ལས་འདས་པའི་ངན་སོང་ཐམས་ཅད་སྦྱོང་བའི་


CMR029_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མཛད་དུ་གསོ་ལ། །ཞེས་འབྱུང་བས། སེམས་དཔའ་ཆེན་པོ་རྡོ་རྗེ་ལེགས་པ་འདི་མཆོད་ཅིང་བསྟེན་ན། འཁོར་བ་ངན་སོང་གི་སྡུག་བསྔལ་ཐམས་ཅད་སྐྱོབས་ནུས་པ་ཡིན་ནོ། །འདི་ནི་ས་བཅུའི་སེམས་དཔའ་ཡིན་པས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད་ནུས་པའི་ཕྱིར། འཛམ་གླིང་བྱེ་བ་ཕྲག་བརྒྱར་ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱའི་བསྟན་པ་བསྲུང་བ་དང་། ཕ་ཝཾ་ལོང་བུའི་སྐུ་མཁར་བྱེ་བ་ཕྲག་བརྒྱར་གནས་བཅས་ཏེ། པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱའི་གཏེར་སྲུང་མཛད་པ་ཡིན་ནོ། །དེ་ལྟར་སྐྱེས་བུ་ཆེན་པོ་བྱེ་བ་ཕྲག་བརྒྱ་ཡོད་པའི་རྒྱུ་མཚན་ཅི་ཞེ་ན། སངས་རྒྱས་ཀྱི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་པོ་དེ་དག་ཐམས་ཅད་འཁོར་དང་མཛད་པ་ཕྲིན་ལས་ཐམས་ཅད་གཅིག་དང་འདྲ་བར་ཁྱད་ཅུང་ཟད་མེད་པར་མདོ་སྡེའི་བཤད་པ་རྣམས་ནས་འབྱུང་བའི་ཕྱིར། །གསང་བདག་བྱེ་བ་ཕྲག་བརྒྱ་དང་ཨོ་རྒྱན་བྱེ་བ་ཕྲག་བརྒྱའི་བཀའ་སྡོད་སྐྱེས་བུ་ཆེན་པོ་བྱེ་བ་ཕྲག་བརྒྱ་ཡང་ངེས་པར་ཡོད་ཅིང་། དེ་ཐམས་ཅད་ཀྱང་འོག་མིན་དུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པའི་སྤྲུལ་པར་ངེས་སོ། །འོ་ན་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པའམ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་ནི་ཡེ་ཤེས་པ་ཡིན་ཀྱང་། འཇིག་


CMR029_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་མགར་བ་དམར་ནག་ཏུ་གྲགས་པའི་རྡོ་རྗེ་ལེགས་པ་འདི་ནི། དེའི་སྤྲུལ་པའི་ཆ་ཤས་ཙམ་ཡིན་སྲིད་ཀྱང་། འཇིག་རྟེན་གྱི་ལྷ་འདྲེ་དྲེག་པ་ཅན་ཡིན་གྱིས། ཡེ་ཤེས་ཀྱི་ཆོས་སྐྱོང་མིན་ནམ་སྙམ་ན། འཇིག་རྟེན་པའི་དྲེགས་པ་ཅན་རྣམས་ཀྱི་སྡེ་དཔོན་མཛད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་གདུག་པ་ཅན་ཐམས་ཅད་མྱུར་དུ་ཚར་གཅོད་པའི་ཕྱིར། །འཇིག་རྟེན་གྱི་བཙན་རྒོད་དྲག་པོ། ཐེའུ་རང་རྫུ་འཕྲུལ་ཅན་གྱི་ཚུལ་བཟུང་ནས་ཆ་ལུགས་འཛིན་ན་ཡང་། ངོ་བོ་ཡེ་ཤེས་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་གསུང་ལས། ཧཱུྃ། བཅོམ་ལྡན་རྡོ་རྗེའི་བཀའ་ཉན་ཐ་ཚིག་ཅན། །དབྱིངས་ཉིད་དོན་དམ་ངང་ལས་མ་གཡོས་ཀྱང་། །སྨོན་ལམ་ཐ་ཚིག་ཡལ་བར་མི་འདོར་ཕྱིར། །འཇིག་རྟེན་པ་ལ་བཞུགས་ནས་ཕྲིན་ལས་མཛད། །ཅེས་དམ་ཅན་མདོས་གཞུང་ལས་གསུངས་སོ། །ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆོས་ཚན་མགར་དམར་གྱི་རྗེས་གནང་དབང་གི་རིམ་པ་ཨོ་རྒྱན་རིན་པོ་ཆེའི་གསུང་སླད་མེད་པ་ལས། ཧཱུྃ། པདྨ་ཧེ་རུ་ཀ་ཡི་སྤྲུལ་པ་སྟེ། །བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན། །ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག །རྡོ་རྗེའི་ཕོ་རྒྱུད་ཕོ་ཉར་འགྱེད། །


CMR029_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟའི་མོ་རྒྱུད་ལས་ལ་འཛུད། །རྡོ་རྗེ་ལེགས་པའི་དབང་ཐོབ་ཤོག །ཅེས་གསུངས་སོ། །ལ་ལ་དག་ན་རེ། མགར་ནག་ནི་ཡེ་ཤེས་པ་རྟ་མགྲིན་གྱི་སྤྲུལ་པ་ཡིན། མགར་དམར་ནི། གཙང་བཙན་རྡོ་རྗེ་ལེགས་པ་ཞེས་འཇིག་རྟེན་པ་ཡིན་ཟེར་བ་ཡང་མི་བདེན་པ་དེས་གསལ་ལོ། །མགར་ནག་གི་གཞུང་ཉིད་ལས། དཔལ་ལྡན་དྲེགས་པ་རྟ་མགྲིན་ཐུགས་ལས་སྤྲུལ། །ཞེས་གསུངས་པ་དང་། མངའ་བདག་ཉང་གི་གཏེར་ཁ་སྡེ་དཔོན་སུམ་ཅུའི་གསོལ་ཁ་ཆེན་པོ་ཨོ་རྒྱན་ཉིད་ཀྱིས་མཛད་པ་ལས། །དུག་ལྔ་མ་སྤངས་སྐུ་ལྔ་ལྷུན་གྲུབ་པ། །འགྲོ་དྲུག་བསྒྲལ་ཕྱིར་ཡེ་ཤེས་ཁྲོ་བོའི་ཚུལ། །གདུག་པ་འདུལ་ཕྱིར་རྡོ་རྗེ་རྩེ་དགུ་བསྣམས། །དགྲ་བླ་རྡོ་རྗེ་ལེགས་པའི་སྐུ་ལ་བསྟོད། །ཅེས་གསུངས་སོ། །དེ་དག་གིས་ནི་འཇིག་རྟེན་པའི་རྡོ་རྗེ་ལེགས་པ་འདི་ཉིད་ཡེ་ཤེས་ཀྱི་ཆོས་སྐྱོང་ཡིན་པ་གསལ་ལོ། །འོ་ན་དམ་ཚིག་གི་རྡོ་རྗེ་ལེགས་པ་དེ་ཅི་ལྟར་ཞེ་ན། རྒྱ་གར་ཡུལ་གྱི་ཕ་མཐའ། ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཚུར་ཐ་དེའི་མཚམས་ན། རི་བོ་མ་ལ་ཡ་གནམ་ལྕགས་འབར་བ་ཞེས་བྱ་བ། ལྷོ་ནུབ་རྔ་ཡབ་གླིང་གི་སྔོན་རུ་ཏྲ་བཏུལ་བའི་རི་མ་ལ་ཡ་གནམ་ལྕགས་འབར་བ་ཞེས་བྱ་བ། དབྱིབས་ཟུར་གསུམ་ལ་


CMR029_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་དང་བྲག་ཕལ་ཆེར་གནམ་ལྕགས་ལས་གྲུབ་པ། རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པ་ཞེས་ཀྱང་བྱ་སྟེ། དེ་ན་ཤིང་ཙནྡན་དམར་པོའི་ནགས་ཚལ་ཆེན་པོ་མེ་ཏོག་གི་ཚལ་རྒྱས་པ། སྟག་དང་དུག་སྦྲུལ་དང་ཕག་རྒོད་དང་གླང་རྒོད་སྨྱོན་པ་མང་པོ་རྒྱུ་བས། དེ་རུ་མི་བསྐྱོད་པར་མི་ནུས་པ། དུས་བཟང་རྣམས་སུ་འཇའ་གུར་དང་མེ་ཏོག་གི་ཆར་འབེབས་པ། རྒྱུན་དུ་ན་བུན་གཏིབས་པས་མཐོང་དཀའ་བ་ཡོད་དེ། དེའི་རྩེ་ན་མིས་ནི་དངོས་སུ་མི་མཐོང་བར། མི་མགོ་སྐམ་རློན་བརྩེགས་པའི་ཐོད་མཁར་མེ་རླུང་འཚུབ་པས། ཞིང་ལྤགས་དང་མི་མགོ་སྐམ་རློན་གྱི་རྒྱན་ནི་མང་པོ་སྦྱར་བ། མི་རོ་དང་རྟ་རོ་བཅལ་དུ་བཀྲམ་ཞིང་མི་ཁྲག་དང་རྟ་ཁྲག་གི་ཆུ་བོ་འབབ་པ། ཕྱི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནང་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་ཡོད་དེ། དེ་ན་དཔལ་ཡེ་ཤེས་ཀྱི་མགོན་པོའི་ཚོགས་ཐམས་ཅད་དུས་རྟག་ཏུ་བཞུགས་ཤིང་། དུས་བཟང་པོ་རྣམས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེར་བྱོན་ནས། མཁའ་འགྲོ་མ་རྣམས་དང་ལྷ་སྲིན་སྡེ་བརྒྱད་རྣམས་ལ་ཆོས་སྟོན་ཅིང་ཚོགས་ཀྱི་འཁོར་ལོ་བསྐོར་བར་མཛད་དེ། རི་དེའི་ལྷོ་ནུབ་ངོས་ན་ཤེལ་གྱི་བྲག་ཕུག་དབྱིབས་སྲིན་པོའི་ཁ་


CMR029_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་བ་འདྲ་བ་ཡོད་དེ། དེ་ཉིད་མིས་ནི་མི་མཐོང་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་ལོངས་སྤྱོད་བཀོད་པ་ཕུན་སུམ་ཚོགས་པ་ཡོད་དེ། དེ་ན་དམ་ཚིག་རྡོ་རྗེ་ལེགས་པ་བཞུགས་ནས། རི་མ་ལ་ཡ་དེའི་གནས་བདག་ཞིང་སྐྱོང་གི་ཚུལ་ཡིན་པས། རིའི་རྩེ་དེར་དུས་བཟང་ལ་ཕྱག་རྡོར་ཕེབས་པ་ན། རྡོ་རྗེ་ལེགས་པ་ཡང་ཕྱག་ན་རྡོ་རྗེའི་འཁོར་དུ་འདུས་ནས་དབང་ཆོས་ཉན་པར་བྱེད་པ་སྟེ། གཞུང་ལས། རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོ་ཐོད་པའི་གཞལ་ཡས་ཁང་ན་དཔལ་ཕྱག་ན་རྡོ་རྗེའི་འཁོར་དུ་གནས་པའི་དམ་ཚིག་རྡོ་རྗེ་ལེགས་པ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་དམ་ཅན་གྱི་བསྐུལ་པ་ཆེན་པོ་རཏྣ་གླིང་པའི་གཏེར་མ་ལས། ཀྱི། ལྷོ་ནུབ་མཚམས་ཀྱི་འཇིག་རྟེན་ན། །རི་བོ་མ་ལ་ཡའི་ཤར་ཕྱོགས་ནས། །གསང་བའི་རྫོང་ཆེན་ཤེལ་གྱི་བྲག་ཕུག་ནས། །སྲིན་མོ་མ་གྷའི་བྲག་ཕུག་ནས། །རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས། །རྗེ་གཅིག་ཉག་གཅིག་སྐུར་བཞེངས་ཤིག །ཅེས་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པ་རྡོ་རྗེ་གླིང་པའི་གཏེར་མ་དང་། ཉང་ཏིང་འཛིན་བཟང་པོས་མཛད་པའི་བསྐུལ་པ། མཁས་པ་ཀློང་ཆེན་རབ་འབྱམས་པའི་ལུགས་


CMR029_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ནས། ལྷོ་ནུབ་སྲིན་པོའི་འཇིག་རྟེན་གྱི། །མ་ལ་ཡ་ཡི་ཤར་ཕྱོགས་ན། །སྲིན་པོ་ཁ་ཡི་བྲག་ཁུང་ན། །རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས། །དགྲ་ལྷ་ཉག་གཅིག་སྐུར་བཞེངས་པ། །ལྕགས་སྤྱང་ནག་པོའི་མགོ་དགུའི་སྟེང་། །སྐུ་སྟོད་དར་དཀར་རས་དཀར་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཕྱག་གཡས་ཞགས་པ་ནག་པོ་ཐོགས། །གཡོན་པས་དབྱུག་ཏོ་འབར་བ་བསྣམས། །ཞལ་ནས་གདུག་པའི་ངན་སྔགས་སྒྲོག །སྐུ་ལ་མེ་ཡི་ཚྭ་ཚྭ་འཕྲོ། །སྐྱེས་བུ་དེ་ཡི་བཀའ་ཉན་ནི། །སྡེ་བརྒྱད་བཙན་འཁོར་གོ་ཞུབས་ཅན། །སུམ་བརྒྱ་དྲུག་ཅུ་སི་ལི་ལི། །ཐོག་སེར་བུ་ཡུག་ཐུ་ལུ་ལུ། །མེ་འོད་མཚོན་ཆ་ཡ་ལ་ལ། །ཞེས་དང་། གཞན་ཡང་གཏེར་ཁ་མང་པོ་ནས་དེ་དང་མཚུངས་པར་གསུངས་སོ། །དམ་ཚིག་གི་རྡོ་རྗེ་ལེགས་པ་འདི་ནི། མགོན་པོ་ཕྱག་བཞི་པའི་ལས་མགོན་བྱ་རོག་གདོང་མཆེད་གསུམ་གྱི་ནང་ནས་གཅིག་ཡིན་ཏེ། ཐོད་ནག་སྲོག་གི་སྤུ་གྲིའི་རྒྱུད་ཀྱི་འགྲེལ་པ་བླ་མ་རྡོ་རྗེ་གདན་པའི་གསུངས་བཞིན་དཔལ་རྒ་ལོའི་ཡི་གེར་བཀོད་པ་ལས། དེ་ལ་ལས་ཀྱི་མགོན་པོ་གསུམ་བརྟེན་པ་ནི། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྲིན་པོ་དང་། །


CMR029_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཀླུ་བདུད་གསུམ་ཡིན་ཏེ། དེ་ལ་གནོད་སྦྱིན་ནི་གནོད་སྦྱིན་རྣམ་ཐོས་ཀྱི་སྤྲུལ་པའོ། །རྡོ་རྗེ་སྲིན་པོ་ནི་ལྷོ་ཕྱོགས་རི་མ་ལ་ཡའི་བྲག་སྲིན་པོ་ཡིན་ནོ། །རྡོ་རྗེ་ཀླུ་བདུད་ནི་ཤི་ལེ་རུ་རྩེ་ཚེའི་སྤྲུལ་པ་ཡིན་ནོ། །ཞེས་དང་། དེའི་ཡིག་ཆུང་ལས། རྡོ་རྗེ་སྲིན་པོ་རི་མ་ལ་ཡའི་བྲག་སྲིན་གཙང་བཙན་ནོ། །ཞེས་དང་། དེ་ཡང་བཞི་པའི་ལས་སྦྱོར་གྱི་སྔགས་ཐམས་ཅད་ཀྱི་རྩ་བ་ནི། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ར༔ ཞེས་པོ་འདི་ཡིན་ལ། སྔགས་འདི་ནི་དམ་ཚིག་གི་རྡོ་རྗེ་ལེགས་པ་དེའི་སྙིང་པོ་ཡིན་ཏེ། །ཐོད་ནག་སྲོག་གི་སྤུ་གྲིའི་རྒྱུད་ཀྱི་འགྲེལ་པ་དེ་ལ།་སི་ཏི་ཡ་མ་ནི་རྡོ་རྗེ་སྲིན་པོའི་སྙིང་པོའོ། །ཞེས་གསུངས་སོ། །དེ་བཞིན་དུ་བྱ་རོག་གདོང་ཅན་མཆེད་དགུའི་སྐབས་སུ་དགེ་བསྙེན་བྱ་རོག་གདོང་ཅན་ཞེས་བྱ་བ་དམ་ཚིག་གི་རྡོ་རྗེ་ལེགས་པ་འདི་ཉིད་ཡིན་པ་དང་། མདོས་ཉི་ཤུ་སོགས་དང་བརྒྱ་བཅུ་སོགས་མདོས་ཀྱི་སྐབས་སུ། ཤར་དུ་གཙང་བཙན་སེང་གེ་ལ་ཞོན་པ་རྡོ་རྗེ་ཐེག་པ་ཞེས་པ་ནི། འཇིག་རྟེན་གྱི་སྐྱེས་བུ་ཆེན་པོ་དངོས་ཡིན་པའི་ཕྱིར། མགོན་པོ་ལས་གསང་བའི་རྒྱུད་ལས། ཨོཾ་མ་ཧཱ་ཀཱ་ལ་རྒྱུག་རྒྱུག་བྲིང་བྲིང་། མ་ཧཱ་ཀཱ་ལ་ས་དུ་ས་མ་ཡ། འུར་བ་འུར་བ་རྒྱུག་ཏྲི་རྒྱུག་ཏྲེ། མ་ཧཱ་ཀཱ་


CMR029_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གིང་ཀ་ར་ཏེ་ཤང་ཀུ་རུ་རྒྱུག་རྒྱུག་བྲིང་བྲིང་། མ་ཧཱ་ཀཱ་ལ་ཡ་བྷྱོ་བྷྱོ། ཞེས་སོགས་སྔགས་དང་བཅས་པ་གསུངས་པ་དང་། མགོན་པོ་ར་ཐོད་མ་རྒྱས་འབྲིང་བསྡུས་གསུམ་ཐམས་ཅད་ཀྱང་གཙོ་བོ་མགོན་པོའི་རྣོ་མདེལ་ལ་སྐྱེས་བུ་ཆེན་པོ་འདི་བཏགས་པའི་གདམས་པ་ཡིན་པར་གསལ་ལོ། །དེ་བཞིན་དུ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ཉང་གི་གཏེར་མ་ལས་ཀྱང་། བྷྱོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ནུབ་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །ཞེས་སོགས་དམ་ཅན་སེང་ཞོན་གྱི་བསྐུལ་བ་དང་། བཛྲ་སཱ་དྷུ་དགྲ་བོའི་བླ་ལ་རྒྱུག་རྦད་སོད། ཅེས་སོགས་གསུངས་པའི་ཕྱིར། མགོ་ན་པོ་ཕྱག་བཞི་པའི་ལས་མཁན་གྱི་གཙོ་བོ་ནི། དམ་ཚིག་གི་རྡོ་རྗེ་ལེགས་པ་དང་འཇིག་རྟེན་གྱི་སྐྱེས་བུ་ཆེན་པོ་ཡིན་པས། ལ་ལ་དག་ཕྱག་བཞི་པ་དང་ལྷ་རུ་ཡོད་ཟེར་བ་སོགས་སྙིང་པོ་མེད་པར་ཤེས་པར་བྱའོ། །དེ་བཞིན་དུ་མགོན་པོ་སྤྱི་ཡི་རྒྱུད་ཁྲག་མཚོ་ཁོལ་ཆེན་ལས། གྲི་གུག་དང་ཁྲོས་པའི་དཀྱིལ་འཁོར་གསུངས་པའི་སྐབས་སུ། ནུབ་བྱང་གི་གྲྭར་སྲོག་བདུད་ནག་པོ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཅན། ར་སྐྱེས་ཁམས་པའི་སྟེང་དུ་མེའི་སྤུ་གྲི་ལ་དབང་བྱེད་པའོ། །ཞེས་དང་།


CMR029_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ སྲོག་བདུད་ནག་པོ་མ་རུངས་པ། །སྐུ་མདོག་དུད་ཁོའབར་བ་སྟེ། །ཞལ་གཅིག་སྤྱན་གསུམ་ཞལ་བསྒྲད་ནས། །མཆེ་གཙིགས་མི་བསྲུན་ང་རོ་ཅན། །ར་སྐྱེས་ཁམ་པའི་སྟེང་ན་བཞེངས། །ཕག་རྒོད་ལྤགས་པས་ཤམ་ཐབས་ཅན། །དྲེད་མོའི་གཡང་གཞི་སླག་པ་གྱོན། །རླུང་ལྷའི་ཕྱོགས་ཀྱི་ཕོ་ཉ་ཁྱོད། །གྲི་གུག་ཐོད་པ་དགྲ་སྙིང་ཕྱུངས། །ཐོད་པས་སྙིང་ཁྲག་ཆོས་ལ་འཐུང་། །མི་ཡི་ཁམས་ལ་དབང་བྱེད་པས། །དགྲ་བོའི་ལུས་ཀྱིས་དྲོད་སྡུས་ཤིག །འཁོར་དུ་སྲུལ་པོ་ལུས་སྲུལ་པོ། །ལྷ་མ་ཡིན་དང་མིའམ་ཅི། །ནག་པོ་ཀླུ་ཡི་འཁོར་གྱིས་བསྐོར། །ལས་ངན་སྡིག་ཅན་དགྲ་བོ་འདིའི། །སྙིང་རྩ་ཆོད་ལ་རེངས་པར་ཟོ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཅེས་གསུངས་སོ། །གྲི་གུག་ཁྲོས་པའི་དཀྱིལ་འཁོར་གཙོ་བོ་མ་མགོན་གཉིས་ཀ་ཡིན་པ་དང་། །ལྷ་མོའི་རྒྱུད་གཞུང་མང་པོ་ནས། །སྲིན་མོ་ར་སྐྱེས་ལ་ཞོན་པ་སྐྱ་རེངས་ཀྱི་རྟ་ལ་ཞོན་ནས་དཔལ་ལྡན་ལྷ་མོའི་ཕྱི་བཞིན་དུ་འབྲང་བ། ཞེས་གསུངས་ཤིང་། གྲུབ་ཆེན་ཀརྨ་པའི་ལུགས་མ་མགོན་མགར་གསུམ་ཆོ་ག་གཅིག་ཏུ་བྱེད་པས། ལྷ་མོ་དང་ལྷ་རུ་ཡོད་ཟེར་བ་ཡང་བརྟག་པར་བྱའོ། །ལྷ་མོའི་བཤད་པ་ལས། མགར་


CMR029_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་ནི་ཁྱོད་ཀྱི་དགྲ་ཡིན་ཀྱང་། །མ་བསྐྱོད་བརྟེན་པར་གྱུར་པ་མཐོལ་ལོ་བཤགས། །ཞེས་འདི་ཡང་རྒྱུད་གཞུང་ཚད་ལྡན་ཡིན་ནམ། མེ་ལྕེ་འབར་བའི་རྒྱུད་ལ་ནི་མི་སྣང་ངོ། །དེ་ལྟར་ཁྲག་མཚོ་ཁོལ་ཆེན་དང་གཞན་ཡང་གསར་རྙིང་གི་རྒྱུད་སྡེ་དུ་མ་ནས་སྐྱེས་བུ་ཆེན་པོའི་སྒྲུབ་ཐབས་མཆོད་བསྟོད་སོགས་གསུངས་ཤིང་། རྒྱུད་དེ་དག་ཕལ་ཆེར་ནི་སྤྲུལ་སྐུ་ཤཱཀ་ཐུབ་འཇིག་རྟེན་དུ་མ་བྱོན་པའི་གོང་རོལ། སྐྱེས་བུ་ཆེན་པོ་འདི་ཉིད་ཀྱང་མ་འཁྲུངས་གོང་རོལ་ནས་གསུངས་པ་མང་སྟེ། དེ་དག་ནས་གསུངས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་༴ པ་དང་། དམ་ཚིག་གི་རྡོ་རྗེ་ལེགས་པ་དེ་ཉིད་ཡིན་པར་ངེས་སོ། །དེ་ནས་འཇིག་རྟེན་པའི་རྡོ་རྗེ་ལེགས་པ་ཅི་ལྟ་བུ་ཞེ་ན། ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་འོག་མིན་དུ་བཞུགས་པ་ལས་མ་གཡོས་པ་བཞིན་དུ་སྤྲུལ་པ་དམ་ཚིག་རྡོ་རྗེ་ལེགས་པ་བྱེ་བ་ཕྲག་བརྒྱར་སྤྲུལ་ཏེ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་བྱེ་བ་ཕྲག་བརྒྱའི། རི་བོ་མ་ལ་ཡའི་བྱེ་བ་ཕྲག་བརྒྱའི་ཞིང་སྐྱོང་མཛད། མཚན་ལ་རྡོ་རྗེ་སྲིན་པོ་དང་། རི་བོ་མ་ལ་ཡའི་བྲག་སྲིན་དང་། རྗེ་གཅིག་ཉག་གཅིག་དང་། དགེ་བསྙེན་བྱ་རོག་གདོང་དང་སྲོག་བདུད་མ་རུངས་པ་སོགས་སུ་མཚན་ཐོགས་ཏེ། ཕྱག་ན་རྡོ་


CMR029_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བྱེ་བ་ཕྲག་བརྒྱའི་བཀའ་སྡོད་བྱེད་བཞིན་ལས་མ་གཡོས་པར། ཡང་སྤྲུལ་འཇིག་རྟེན་གྱི་སྐྱེས་བུ་རྡོ་རྗེ་ལེགས་པ་བྱེ་བ་ཕྲག་བརྒྱར་སྤྲུལ་ལོ། །དེ་རེ་རེ་ལ་ཡང་སུམ་སྤྲུལ་སྤྲུལ་པ་མཆེད་ཟླའི་ཚུལ་སུམ་བརྒྱ་དྲུག་ཅུ་རེ་རེར་སྤྲུལ་ལོ། །དེ་ལྟར་གཙོ་བོ་དང་འཁོར་སུམ་བརྒྱ་དྲུག་ཅུ་པོ་རྣམས་རེས་འགའ་ལྷ་འདྲེའི་ཚུལ་དང་། རེས་འགའ་མིའི་སྐྱེ་བ་མང་དུ་བརྒྱུད་དེ། དེ་ཐམས་ཅད་ཅིག་མིར་སྐྱེ་ཚེ་གཞན་ཐམས་ཅད་ཀྱི་དེའི་སྡོང་གྲོགས་བྱེད་པ་ཁོ་ན་འབྱུང་བས། མི་ཕལ་པ་དང་མི་འདྲ་བའི་རྫུ་འཕྲུལ་ཅན་དེ་འབྱུང་བ་སྟེ། དེ་ཡང་རྒྱ་གར་གྱི་ཡུལ་དུ་དམ་པའི་ཆོས་སྐྱོང་བའི་རྒྱལ་པོ་དུ་མ་དང་། རྒྱ་ནག་གི་ཡུལ་དུ་རྒྱལ་ས་བཟུང་ནས་ཁྲིམས་སྐྱོང་ཞིང་གཙུག་ལག་གི་རྩིས་དར་བར་བྱེད་པ་དང་། སྟག་གཟིག་ནོར་གྱི་རྒྱལ་པོ་དང་། དེ་བཞིན་རྫུ་འཕྲུལ་མཐུ་དང་ལྡན་པའི་སྔགས་པ་དང་། བནྡེ་ཆེན་པོ་དང་བོན་པོ་ཆེན་པོ་དང་། ཞང་བློན་ཆེན་པོ་དང་། དམག་དཔོན་ཆེན་པོ་དང་། ཇག་དཔོན་ཆེན་པོ་དང་། ཚོང་དཔོན་ཆེན་པོ་མཚོན་ཆ་བསམ་ཚོད་འབར་བ། གོ་ཁྲབ་མཚོན་ཆ་རྒྱུག་པ་དག་བཟོ་བའི་མགར་བའི་སྐྱེ་བ་མང་དུ་བརྒྱུད་དེ། ཨོ་རྒྱན་རིན་པོ་ཆེས་མཛད་པའི་བསྟོད་པ་བཀའ་མ་དང་གཏེར་མ་


CMR029_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཚིག་མཐུན་པར། སྔོན་ཚེ་ཐོག་མར་རང་གི་བག་ཆགས་སམ། །སྨོན་ལམ་དམ་བཅའ་ཉིད་ཀྱི་མོས་པ་ཡི། །རྒྱ་བོད་མདོ་གཙང་བགྲོད་པའི་སྣ་འདྲེན་པ། །ཚོང་དཔོན་ཆེན་པོའི་སྐུ་ལ་མཆོད་འབུལ་བསྟོད། །ཅེས་དང་། རྗེ་རང་བྱུང་པས་མཛད་པའི་གསོལ་ཁ་ནས། བརྒྱ་ནི་རྒྱ་གར་ཡུལ་དུ་བཞུགས། །རྒྱ་གར་ཆོས་ཀྱི་རྒྱལ་ས་མཛད། །བརྒྱ་ནི་རྒྱ་ནག་ཡུལ་དུ་བཞུགས། །རྒྱ་ནག་ཡུལ་གྱི་ཨ་ཇོ་མཛད། །རྒྱ་ནི་འབྲོ་མཆོག་ཡུལ་དུ་བཞུགས། །འབྲོ་མཆོག་ཡུལ་གྱི་མཁས་དཔོན་མཛད། །དྲུག་ཅུ་བོད་ཡུལ་དབུས་སུ་བཞུགས་།སྔགས་པ་མཐུ་བོ་ཆེ་ཡང་མཛད། །ཅེས་གསུངས་སོ། །དམ་ཅན་ཡང་འགྱེད་ལས། །ལྔ་བཅུ་གེ་སར་ཡུལ་དུ་བཞུགས། །གེ་སར་དམག་གི་རྒྱལ་པོ་མཛད། །ལྔ་གཟིག་ཡུལ་དུ་བཞུགས། །སྟག་གཟིག་ནོར་གྱི་རྒྱལ་པོ་མཛད། །དྲུག་ཅུ་བོད་ཡུལ་དབུས་སུ་བཞུགས། །བནྡེ་རྣམས་ཀྱི་ཆོས་སྐྱོང་མཛད། །གཙུག་ལག་ཁང་གི་སྲུང་མ་།དྲུག་ཅུའི་ནང་ནས་ཁྱད་པར་འཕགས། །མཚན་ནི་རྡོ་རྗེ་དྲག་པོ་སྟེ། །གསང་མཚན་མགར་བ་ནག་པོ་ལ། །ཞེས་གསུངས་སོ། །དེ་ལྟར་མཛད་པའི་ལོ་རྒྱུས་ཅི་ལྟ་བུ་ཞེ་


CMR029_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ན། མཆེད་ཟླ་བཙན་གྱི་གིང་ཆེན་ཡམས་ཤུད་དམར་པོར་སྤྲུལ་པ། ཀླུ་སེ་ཧུའི་བུ། རྒྱ་ནག་གི་རྟ་རྫི་དེས་རྒྱལ་པོ་འཕྲོག་སྟེ། མེ་ཉག་འགའི་རྒྱལ་པོ་ཞེས་རྒྱ་མེ་ཉག་གཉིས་ཀ་ལ་དབང་བསྒྱུར་བ་དང་། མཆེད་ཟླ་ལྷའི་གིང་ཆེན་ཚངས་པ་དཀར་པོ་ཞེས་ཀྱང་བྱ། གནམ་ཐེལ་དཀར་པོ་ཞེས་ཀྱང་བྱ་བ་ཧོར་གྱི་བུར་སྤྲུལ་ནས། རྒྱ་ནག་གི་རྒྱལ་ས་འཕྲོག་སྟེ། རྒྱ་བོད་ཧོར་གསུམ་ལ་དབང་བསྒྱུར་བ་སེ་ཆེན་རྒྱལ་པོ་དང་། གཞན་ཡང་བར་ཧོར་གྱི་ཕ་མྱེས། ཧོར་སྟོད་ཐའི་ཕ་མྱེས་རྒྱལ་པོ་དཀར་པོ་དང་། ཧོར་བར་ཐའི་རྒྱལ་པོ་ཕ་མྱེས་རྒྱལ་པོ་དམར་པོ་དང་། ཧོར་སྨད་ཐའི་ཕ་མྱེས་རྒྱལ་པོ་ནག་པོ་དང་། དེ་རྣམས་ཀྱང་མཆེད་ཟླ་གནམ་ས་བར་གྱི་ཐེའུ་གསུམ་གྱི་སྤྲུལ་པར་སྣང་ལ། དུས་ཕྱིས་ཧོར་སྟོད་ཐའི་རྒྱལ་པོ་ཞིག་གིས་ཆོས་དྲན་ལ་འདྲེས་བརྩལ་བས། ཞིང་སྐྱོང་གི་མདོས་བཅས་ནས་དེ་བསྒྲལ་དགོངས་ཏེ་ཟླ་བ་གཅིག་ལ་མདོས་ཆ་བཟོས་ཙམ་ན། ནུབ་གཅིག་ཧོར་གྱི་རྒྱལ་པོ་དེས་བེར་ལྗང་ཁུ་གྱོན་ཏེ། །འབྲུག་ལ་ཞོན་ནས་ནམ་མཁར་བྱུང་ཛ། ཆོས་སྐྱོང་རྣམས་ཀྱང་བཞའ་ཡུད་ཡུད་བྱེད་པ་གཟིགས་ཏེ། དམ་ཅན་གྱི་མཆེད་ཟླ་གཅིག་གི་སྤྲུལ་པ་ཡིན་པར་དགོངས་ནས། མདོས་མ་བཅས་


CMR029_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཆ་དེ་ད་ལྟ་བྱུང་ཡང་པ་ཅན་དུ་ཡོད་སྐད། མདོར་ན་གློ་བུར་གྱི་རྒྱལ་པོ་སྟོབས་དང་ལྡན་པ་ཕལ་ཆེར་སྐྱེས་བུ་ཆེན་པོའི་མཆེད་ཟླ་རེ་མིར་སྐྱེ་བ་བླངས་པ་ཡིན་ལ། །འཁོར་དང་ཡང་འཁོར་རྣམས་ཀྱང་མིར་སྐྱེས་སྐབས་བརྡུང་བའི་གྲི་དང་གོ་ཁྲབ་ཐེལ་རང་མགར་བས་བརྡུང་ཟེར་བ་ཡིན་ནོ། །དེ་ལ་གཙོ་བོ་སྐྱེས་བུ་ཆེན་པོ་འདི་ཉིད་རིགས་གསུམ་གྱི་སྐྱེ་རྒྱུད་ནི། རྣམ་སྣང་གི་སྤྲུལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་དེ་ནི། །བསྐལ་པ་དཔག་ཏུ་མེད་པར་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་རྣམས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་སྤྱོད་ནས། ས་བཅུ་ཆོས་ཀྱི་སྤྲིན་ཐོབ་པ་ན། འོག་མིན་འཐུ་ས་པོ་བཀོད་པའི་ཞིང་ཁམས་ན། མེ་ཏོག་པདྨའི་སྙིང་པོ་ལ། བརྫུས་ཏེ་འཁྲུངས་ནས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞབས་འབྲིང་མཛད་ཅིང་བཞུགས་ཏེ། དེ་བསྐལ་པ་མང་པོའི་གོང་ནས་དེ་ལྟར་བཞུགས་སོ། །དེའི་སྤྲུལ་པ་གཅིག་འདས་པའི་སངས་རྒྱས་ཞིག་གི་བསྟན་པ་ལ་དགེ་བའི་བཤེས་གཉེན་མཁས་པ་ཞིག་ཏུ་སྐྱེས་པ་ཙ་ན། ཚུལ་ཁྲིམས་འཆལ་བར་གྱུར་པས། དེའི་རྣམ་སྨིན་གྱིས་རི་མ་ལ་ཡའི་བྲག་སྲིན་བཙན་འགོང་དུ་སྐྱེས་སོ། །དེ་ཡང་མྱེས་པོ་རྣམས་ཀྱི་རུམ་རུམ་རྗེ་ཞེས་


CMR029_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། ཕྱི་མོ་པའི་མེར་མེར་བདག་ཅེས་བྱ་བའི་བུ། བདུད་གདུག་པ་ཅན་རི་མ་ལ་ཡ་ལ་གནས་བཅས་པ་ཞིག་དང་། མ་ལ་ཡའི་བྲག་སྲིན་མོ་གཉིས་ཀྱི་སྲས་ཡིན་པས། སེམས་ཅན་ལ་གནོད་འཚེ་བྱེད་ཅིང་གླིང་བཞི་ཁྱབ་པར་རྒྱུག་ཙམ་ན། བལ་ཡུལ་ཨ་སུ་རའི་བྲག་ཕུག་ཏུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་མཇལ་ཏེ་དམ་ལ་བཏགས་ནས་གསང་སྔགས་ཀྱི་སྲུང་མར་བསྐོས་ཏེ། འདི་ནི་སྤྲུལ་སྐུ་ཤཱཀ་ཐུབ་མ་བྱོན་པའི་སྔོན་ཙམ་ཡིན་པར་སྣང་ངོ། །དེའི་དོན་ཨོ་རྒྱན་རིན་པོ་ཆེས་མཛད་པའི་དམ་བརྡར་ལས། ཧོ། ལྷའི་དགེ་བསྙེན་ཆེན་པོ་ཁྱེད་ཉོན་ཅིག །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཙམ་ན། རྒྱུན་གྱིས་ཁྲིམས་བསྲུང་ཙ་ན་འཆལ་བར་གྱུར་ཏེ། དེའི་རྣམ་སྨིན་གྱིས་ཤིང་ཕྱོགས་བཙན་འགོང་དུ་སྐྱེས་སོ། །དེ་ཚེ་ཀུན་ལ་གནོད་ཅིང་འཚེ་བ་ལས། མཇུག་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་དད་པར་གྱུར་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ནས། ཨ་སུ་རའི་བྲག་ཕུག་ཏུ། རྡོ་རྗེ་འཛིན་པའི་ཞལ་མཐོང་ནས། ལག་ཏུ་རྡོ་རྗེ་གཏད་ཅིང་ལྕེ་ལ་བདུད་རྩི་ཨ་མྲྀ་ཏ་བཞག་ནས། སྙིང་ཁར་སྲོག་གི་སྙིང་པོ་ཏྲི་བརྗོད་ནས་རྡོ་རྗེ་བཞག་ནས། གསང་སྔགས་རྡོ་རྗེ་མཆོག་གི་གྲལ་དུ་


CMR029_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ་ཐར་པ་ཐོབ་པའི་ལུང་བསྟན་ཅིང་གསང་བའི་མིང་བཏགས་ནས་མ་འོངས་པའི་རྣལ་འབྱོར་པས་སྒྲུབ་པའི་གྲོགས་བྱ་བར་ཁས་བླངས་པ་ཡིན་པས། བདག་གི་ཕྲིན་ལས་མྱུར་དུ་སྒྲུབས་ཤིག །གལ་ཏེ་ཁྱེད་ཀྱིས་དམ་ཚིག་ལས་འདས་པར་གྱུར་ན། སྙིང་གི་དཀྱིལ་དུ་སྡིག་པ་ནས་ཙམ་ཞིག་ཞུགས་ནས། སྙིང་ཁྲག་འཇིབས་ཏེ། ཚེ་འདིར་བརླག་ཅིང་ཕྱི་མ་རྡོ་རྗེའི་དམྱལ་བར་འགྱུར་རོ། །དེ་བས་རྡོ་རྗེ་འཛིན་གྱི་བཀའ་ཉོན་ལ་དམ་ཚིག་ཚུལ་བཞིན་ཏུ་སྲུངས་ཤིག །ཅེས་འབྱུང་ངོ། ༈ །དེ་ནས་འཇིག་རྟེན་གྱི་རྡོ་རྗེ་ལེགས་པའི་ཡབ་མོན་པ་ནག་པོའི་སྐྱེ་རྒྱུད་ནི། རྒྱ་གར་ནུབ་ཕྱོགས་ཕ་ཝཾ་ལོང་བུའི་སྐུ་མཁར་ན། ཕ་སྲིན་པོ་སྤེལ་མགོ་གདོང་། མ་བདུད་མོ་ཁྲག་གདོང་མ་གཉིས་ཀྱི་ཟས་སུ་སྐྱེ་འགྲོ་ཤ་ཁྲག་ཟ་ཞིང་ལས་སུ་སྐྱེ་འགྲོའི་སྲོག་གཅོད་ཅིང་གནས་པ་ལ། དེ་གཉིས་ལ་བུ་སྲོག་གཅོད་མོན་པ་ནག་པོ་བྱ་བ་སེམས་ཅན་གྱིས་བདུད་ཅིག་བྱུང་སྟེ། དེའི་འཁོར་མོན་ཕོ་མོ་དང་བྱ་གཅན་གདུག་པ་ཅན་གྱིས་བསྐོར་ནས་གནས་པ་ལ། བདུད་ཁ་ལ་མེ་འབར་གྱིས་བསད་དོ། །དེའི་སྐྱེ་བ་ཕྱི་མ་ལ་རྒྱུ་བསྟན་གྱི་མགར་བ་ས་ཆོག་བྱ་བར་སྐྱེས་ནས། དེ་མཚོན་ཆའི་བཟོ་ལ་ཤིན་ཏུ་


CMR029_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་གནས་པ་ལས། རྒྱལ་པོའི་ཆད་པ་བྱུང་ནས་སྙིང་བཏོན་ནས་བསད་དོ། །དེའི་སྐྱེ་བ་ཕྱི་མ་ལ་ཨ་ཙ་ར་ནག་པོ་ཅིག་ཏུ་སྐྱེས་ཏེ། དེ་ཡང་སྔོན་སྐྱེས་པའི་ཕ་ཝཾ་ལོང་བུའི་གནས་ན། ཕ་སྲིན་པོ་སྤེལ་གདོང་དང་། མ་བདུད་མོ་ཁྲག་གདོང་མའི་བུ་ཡིན་པས། ཁོ་རང་བདུད་དང་སྲིན་པོ་གཉིས་ཀ་ཡིན་པས་ཏེ། དཔེར་ན། ལས་ཀྱི་མགོན་པོ་ཐམས་ཅད་བདུད་དང་སྲིན་པོ་གཉིས་ཀ་ཡིན་པ་ལྟ་བུའོ། །དམུ་རྗེ་བཙན་ཞེས་བྱ་བ་སྟེ། ངོ་བོ་དམུ་ཡིན་རྒྱལ་པོ་སྟག་ཞུ་ཅན་དང་། བདུད་རེ་ལྡེ་མགོ་ཉག་ཅེས་ཀྱང་བྱ། ཕྱག་རྡོར་ཞལ་མཐོང་ཞིང་དད་ཟློཔ་དང་ལྡན་ནོ། །འཁོར་ཨ་ཙ་ར་དང་། མོན་པ་སྟོང་ཕྲག་དུ་མ་ཡོད་དོ། །ལུས་ནི་སྲིན་པོའི་གཟུགས་ཅན་ལ་བྱི་བའི་གདོང་པ་ཅན་ནོ། །མིང་ནི་མོན་པ་ནག་པོ་ཞེས་ཀྱང་བྱ། སྤྲུལ་པ་ནི་ཨ་ཙ་ར་ནག་པོ་གཅིག་ཏུ་འོང་བས། མོན་པ་སྒོ་རྡུང་སོགས་ཆོ་འཕྲུལ་བཏང་བ་དེ་ནི། དམ་ཅན་གྱིས་ཡབ་ལས་ལ་ཆད་པ་ཡིན་ནོ། །འདི་ནི་དྲེགས་པ་ཉི་ཤུ་གི་གཅིག་ཡིན་ནོ། །དམུ་ལ་རིགས་མང་བའི་ནང་ནས་དམུ་བདུད་ཀྱི་རིགས་ཏེ། དམུ་དང་བདུད་བཤོས་པའི་སྲས་མོ། བདུད་མོ་སྤྲེའུ་གདོང་པ་ནི་དམ་ཅན་གྱི་ཡུམ་ཡིན་ཏེ། མིང་མོན་མོ་ནག་མོ་ཞེས་


CMR029_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱ། གངས་དཀར་ཉི་མ་འཕྲུལ་ཡང་ཟེར། བདུད་ཟ་སྨིན་དཀར་མ་ཞེས་ཀྱང་བྱ་སྟེ། འཁོར་བུད་མེད་ཁྲག་གི་རྒྱུ་མ་དང་ནད་ཀྱི་རྐྱལ་པ་རྡེག་པ་འབུམ་ཕྲག་དང་བཅས་པའོ། །དེ་ལ་སྐྱེས་བུ་ཆེན་པོ་འདི་དང་པོ་གཤིན་རྗེ་ཆོས་རྒྱལ་གྱི་སྲས་སུ་འཁྲུངས་པ་དེ་ཚེ་འཕོས་ནས་ཡབ་མོན་པ་ནག་པོ་དང་། ཡུམ་མོན་མོ་ནག་མོ་དེ་གཉིས་ཀྱི་སྲས་སུ་འཁྲུངས་སོ། །དེ་ཡང་རྒྱ་གར་ཡུལ་གྱི་ནུབ་ཕྱོགས་དུར་ཁྲོད་རུལ་དབང་རོ་མྱག་མིན་པའི་དཀྱིལ་ཞེས་ཀྱང་བྱ། གཤིན་རྗེའི་གྲོང་སྡོང་ཆེན་པོ་ཞེས་ཀྱང་བྱ། གཤིན་རྗེའི་གྲོང་ཁྱེར་ལྟར་ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། སྟེང་ནས་འབྱུང་བ་ཆུ་དང་རླུང་་འཁོར་ལོ་འཁོར་བ། འོག་ནས་འབྱུང་བ་རླུང་དང་སའི་འཁོར་ལོ་འཁོར་བ། དུས་མ་ཡིན་པའི་ཐོག་དང་སེར་བ་དང་བུ་ཡུག་དང་ཁུ་འཕང་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ། གསོད་གཅོད་རྔམས་པའི་འབྲུག་སྒྲ་སྒྲོག་པ། སྐབས་སུ་སྐར་མདའ་དྲག་པོ་གཏོང་ཞིང་གཟའ་དང་ལྷ་མ་ཡིན་སྡེ་བརྒྱད་འགྱུ་བ་འཁྲུག་པ་ཉིན་བཞིན་དུ་རླུང་ནག་འཚུབ་པ། མཚན་བཞིན་དུ་མེ་འབར་བ། སྟེང་ན་སྤྲིན་ནག་པོ་མུན་ལྟར་གཏིབས་པའི་ནང་ན་གློག་འགྱུ་བ། འབྱུང་བ་ཚ་གྲང་འཁྲུག་པའི་སྒྲ་


CMR029_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྒྲོག་པ། དེ་ལྟ་བུའི་དུར་ཁྲོད་ཆེན་པོའི་དབུས་ན།། སྣ་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱི་བླ་རྡོ། རྡོ་ཕ་བོང་ལོང་བུ་ལས་གྲུབ་པའི་སྐུ་མཁར་འོད་རྣམ་པ་ལྔའི་འཇའ་ཚོན་གྱིས་བསྐོར་བ་གཅིག་ཡོད། ནང་ནི་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་གཞལ་ཡས་ཁང་། ལོངས་སྤྱོད་དཔག་ཏུ་མེད་པ་དང་བཅས་པར་སྣང་ངོ། །དེ་ལྟ་བུའི་གནས་ནས་ཡབ་འོལ་རྒོད་སྟོང་རྗེ་མོན་པ་ནག་པོ་སྲིན་པོ་བྱི་ལའི་གདོང་ཞེ་སྡང་གི་མེ་འབར་བ་དང་། ཡུམ་དམར་བཤམས་གནོད་སྦྱིན་སྙིང་འཕྲོག་མ་ཞེས་བྱ་བ་ཉི་ཟ་ཁྲི་བཙུན་ཟེར་མོན་མོ་བདུད་མོ་སྤྲེའུ་གདོང་། །འདོད་ཆགས་ཀྱི་ཆུ་ཁོལ་པ། ཟས་སུ་སྐྱེ་འགྲོའི་ཤ་ཟ་བ་སྐོམ་དུ་སྐྱེ་འགྲོའི་ཁྲག་འཐུང་བ། ལས་སུ་སྐྱེ་འགྲོའི་སྲོག་གཅོད་པ་དེ་གཉིས་ཉོན་མོངས་རང་གར་སྤྱོད་པ་ལས་སྲས་འཇིག་རྟེན་གྱི་སྐྱེས་བུ་ཆེན་པོ་འདི་འཁྲུངས་ཏེ། དེ་ཡང་རིགས་ནི་གནོད་སྦྱིན་གྱི་རིགས་ཀྱི་བཙན་ཡིན་ཏེ། དམུའི་བཙན་རོལ་པོ་སྐྱེས་ཞེས་བྱ། ཤིན་ཏུ་འཇིགས་ཤིང་སྐད་འབྲུག་ལྟར་ལྡིར་བ། ལྕེ་གློག་ལྟར་འཁྱུག་པ། ལུས་ཀྱིས་སྤྲུལ་བསྒྱུར་སྣ་ཚོགས་སྟོན་ཅིང་། རབ་ཏུ་ཁྲོས་ཆེ་ཟ་བྱེད་སྤྱང་ཀའི་གདོང་། གཅན་གཟན་གདུག་པའི་མཆེ་བ་སྟོན་པ། སྐྱེས་འགྲོའི་ཤ་ཟ་ཞིང་ཁྲག་


CMR029_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་བ། དེ་ལ་འཁོར་དུར་ཁྲོད་ཀྱི་བདུད་ནག་པོ་སྤུན་གསུམ་ཞེས་བྱ་བས་བསྐོར་ནས། སྐྱེ་འགྲོ་ཀུན་གྱི་བདུད་དུ་བྱུང་ངོ། །གཞན་ཡང་འདབ་ཆགས། གཅན་གཟན་དཔག་ཏུ་མེད་པས་དུར་ཁྲོད་ཀྱི་རོ་གསར་རྙིང་ལ་ལོངས་སྤྱོད་ཅིང་། ཁྱད་པར་ཤ་ཟ་གདུག་པ་ཅན་སེང་གེ་དང་སྟག་དང་སྤྱང་ཀི་གསུམ་གྱིས་སྐྱེ་འགྲོའི་བླ་སྲོག་འཕྲོག་པར་བྱེད་ཅིང་གནས་པའོ། །དེའི་ཚེ་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་རང་གི་བུ་ཡིན་པར་ཤེས་ནས་ཁམས་གསུམ་གྱི་མཐུ་སྟོབས་བསྡུས་ཏེ་ཐོ་བ་གཅིག་ཏུ་བྱས་ནས་ལག་ཏུ་བྱིན་ནོ། །དེ་ནས་མགར་བ་ཞེས་གྲགས་སོ། །དེའི་དུས་སུ་རྒྱ་གར་གྱི་ཡུལ་འབྲོག་གནས་ཀྱི་དགོན་པ་ཞེས་བྱ་བ་བྲམ་ཟེ་པྲ་སེ་ན་ཞེས་བྱ་བའི་དྲང་སྲོང་མངོན་ཤེས་དང་ལྡན་པ་ཞིག་ར་རྫི་བྱེད་ཅིང་ཡོད་པ་ལ། དེའི་ཚེ་གནོད་སྦྱིན་ཟ་བྱེད་སྤྱང་ཀིའི་གདོང་དེས་ལྕགས་སྤྱང་འུར་བ་མང་པོར་སྤྲུལ་ནས་ར་ཐམས་ཅད་བསད་ནས་ཟོས་ཏེ་ར་རྗེས་མ་ཐུབ་བོ། དེའི་ཚེ་དྲང་སྲོང་དེ་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དག་ལ་དེར་སོང་ནས་ཕྱག་འཚལ་པུས་མོ་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་གསོལ་པ། འཁོར་བར་འཁོར་བའི་མཐུ་སྟོབས་ཅན། །ད་ལྟ་འཇིག་རྟེན་ཁམས་འདི་ན། །ཡི་


CMR029_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་རྫུ་འཕྲུལ་ནུས་མཐུ་ཅན། །ཁམས་གསུམ་སེམས་ཅན་བདུད་དུ་བྱུང་། །ཐམས་ཅད་མཁྱེན་པས་འདུལ་བར་ཞུ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཐུལ་ཅིག་བཀའ་བསྒོས་པ་དང་། ཕྱག་ན་རྡོ་རྗེ་ཐུགས་རབ་ཏུ་ཁྲོས་པའི་ཚུལ་གྱིས་ཚེ་སྲོག་འགུགས་པའི་སྔགས་ཀྱིས་ཁོ་རང་རྒྱུད་པ་བཀུག །ཕྱིར་མི་ལྡོག་པའི་སྔགས་ཀྱིས་འབྲོས་ལམ་བཅད་། གཟུགས་ལ་དབབ་པ་སྔགས་ཀྱིས་དབང་དུ་སྡུས་ཏེ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་གཟིར་ཞིང་རྡོ་རྗེ་སྙིང་ཁར་གཏད་པས་ཁོ་བརྒྱལ་བར་གྱུར་ཏེ། བརྒྱལ་སངས་ནས་རང་དབང་མེད་པར་བསྔང་ཞིང་བྲད་ནས། རང་རྟགས་སྲོག་གི་སྙིང་པོ་ཧྲི་ཞེས་ཕུལ་ལོ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་གསང་མཚན་མིང་ཡང་རྡོ་རྗེ་ལེགས་པ་སྟེ། བཛྲ་སཱ་དྷུ་བཏགས་ཝཀ་ཏྲ་ཤེ་ནི་ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྲ་མ་ནི་ཞེས་དབང་བསྐུར། ས་མ་ཞེས་དམ་ཚིག་ཕོག །སཱ་དྷུ་ཞེས་དམ་ལས་འདས་ན་རྡོ་རྗེའི་དམྱལ་བར་སོང་ཞིག་དམོད་བོར། ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་གཞུག་དབང་དུ་བྱས་དགྱེས་པ་བསྐྱེད་ནས། ཞིང་བཅུ་བསྒྲལ་བའི་ཤན་པར་བསྐོས། དམ་པའི་ཆོས་ཀྱི་སྲུང་མར་དབང་བསྐུར་རོ། །དེའི་


CMR029_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་དྲང་སྲོང་པྲ་སེ་ནས་ཞུས་པའི་ངོར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དམ་ཅན་མགར་ནག་གི་རྒྱུད་ལེའུ་བཅུ་པ་གསུངས་སོ། །དགྲ་བླ་སྟག་སྤྱང་རོལ་པ་ཞེས་ཀྱང་བྱ། དགྲ་བླ་སྟག་སྤྱང་ཁ་སྤྲོད་ལེའུ་དགུ་པ་ནི། གཞན་གྱིས་མ་ཞུས་པས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་གསུངས་ཏེ། ལྷ་དབང་ཕྱུག་ཆེན་པོ་དང་མ་མོ་ཨེ་ཀ་ཙ་ཏི་ལ་གཏད་དོ། །རྒྱུད་དེ་གཉིས་ནི་མགར་ནག་གི་རྒྱུད་ཡིན་ལ། ཡང་སུམ་ཅུ་རྩ་གསུམ་ལྷའི་གནས་རི་བོ་རྩུབ་འགྱུར་གྱི་ཚལ། སྟེང་ཕྱོགས་འཁོར་ལོ་དང་པདྨ། འོག་ཕྱོགས་ཁྲག་དང་ཞག་གི་རྦ་རླབས་འཕྱོ་བ། དུར་ཁྲོད་ཆེན་པོའི་གནས་ན་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ། འཁོར་ལྷ་དང་མི་དང་ལྷ་མོ་ཡིན་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པའི་ཚེ། །བྲམ་ཟེ་པྲ་སེ་ན་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས། ལྷ་རྫས་ཀྱིས་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་ནས་ཞུས་པའི་ངོར། རྡོ་རྗེ་ལེགས་པ་དུག་མདའ་གསང་བ་འཁོར་ལོའི་རྒྱུད་ལེའུ་བཅུ་བདུན་པ་གསུངས་ཏེ། འདི་ནི་མགར་དམར་ཡིན་ནོ། །གཞན་ཡང་བཀའ་བརྒྱུད་བྱེ་བྲག་གི་རྒྱུད་ལས། སྡེ་དཔོན་སུམ་ཅུའི་ནང་དུ་


CMR029_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་གྱི་རྒྱུད་ཅིག་བཞུགས། དྲེགས་པ་བཅོ་བརྒྱད་ཀྱི་རྒྱུད་བཅོ་བརྒྱད་གྲར། དམ་ཅན་གྱི་རྒྱུད་གཅིག་བཞུགས། དེ་རྣམས་སྒེར་རྒྱུད་ཡིན་ལ། སྤྱི་རྒྱུད་ནི་འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་དང་། དམོད་པ་དྲག་སྔགས་ཀྱི་རྒྱུད་དང་། མགོན་པོ་སྟག་ཞོན་གྱི་རྒྱུད་དང་། གཏེར་མགོན་ཕྱག་བཞི་པའི་རྒྱུད་ལ་སོགས་པ་རྒྱུད་མང་པོའི་ནང་ནས་སྐྱེས་བུའི་སྒྲུབ་ཐབས་གསུངས་སོ། །སློབ་དཔོན་པདྨས་མཛད་པའི་རྒྱུད་བུ་ཆུང་དུག་རི་ནག་པོའི་རྒྱུད་ཅེས་བྱ་བ་ལ་སོགས་པདྨ་སཾ་བྷ་ཝས་མཛད་པའི་རྒྱ་གཞུང་རྒྱ་སྐད་ཡོད་པ་དང་། མེད་པ་ཤིན་ཏུ་མང་ལ། རྒྱ་བོད་ཀྱི་སློབ་དཔོན་གཞན་མང་པོ་དང་མང་པོའི་རྒྱུད་ལ་བརྟེན་པ་དང་ཞལ་གཟིགས་ནས་སོ་སོ་ལ་ཁས་བླངས་ཕུལ་ནས་བརྩམས་པའི་སྒྲུབ་ཐབས་གསོལ་ཁ་སོགས་ནི་ཤིན་ཏུ་མང་ངོ། །དེ་ཡང་རྒྱ་གར་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དང་ཨ་སུ་རའི་བྲག་ཕུག་ཏུ་དམ་ལ་བཏགས། ཧཱུཾ་ཆེན་ཀ་ར་དང་། པཎྜི་ཏ་སངས་རྒྱས་གསང་བ་དང་། ཕུང་བྱེད་ཤིནྟཾ་གནྡྷ་དང་། བལ་པོའི་སློབ་དཔོན་བཞེད་པ་རྡོ་རྗེ་ལ་སོགས་པས་དབང་བསྐུར་རྒྱུད་བཤད་ངག་ཏུ་དམ་ཚིག་གི་བདུད་རྩི་བྱིན་ནས་གསང་སྔགས་ཀྱི་བསྲུང་མར་བསྐོས་སོ། །དེ་ནས་ཨོ་རྒྱན་


CMR029_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་བྱོན་དུས་གཙང་འོ་ཡུག་བྲེ་མོའི་སྣར། དགེ་བསྙེན་རྡོ་རྗེ་ལེགས་པ་རང་ཕོ་བྲང་དུ་ཨོ་རྒྱན་ཆེན་པོ་སྤྱན་དྲངས་བསྙེན་བཀུར་ཞུས། དེར་ཨོ་རྒྱན་ཆེན་པོའི་ཤངས་ཟམ་བུ་ལུང་གི་གནས་བྱིན་གྱིས་བརླབས། གཏེར་ཁ་དཔག་ཏུ་མེད་པ་སྦས་ཏེ། གནས་དང་གཏེར་གྱི་སྲུང་མར་བསྐོས། འོག་ཡུག་བྲག་ཕུག་ཏུ་གཏེར་ཁ་བརྒྱད་སྦས། འོ་ཡུག་གང་སྔོན་དུ་གཙུག་ལག་ཁང་བཞེངས། དེ་ཡང་མདའ་དང་གྲི་ཁོ་ནར་གྲབ་བྱས་པའི་མགོན་ཁང་བྱས་ནས། དེར་སྐྱེས་བུ་ཆེན་པོའི་སྐུ་འདྲ། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཕྱག་བཟོ་ལ། ཨོ་རྒྱན་ཆེན་པོས་རབ་གནས་མཛད་པ། དེ་ཡང་ཤིན་ཏུ་གཉན་པར་ཡོད་དོ། །དེ་ནས་ཨོ་རྒྱན་ཆེན་པོས་དཔལ་གྱི་བསམ་ཡས་བཞེངས་དུས། ཙནྡན་གྱི་ཀ་བ་དགུ་བསྒྲིལ་དེ་ལེན་པའི་ཕྱིར་སྐྱེས་བུ་ཆེན་པོ་རྒྱ་ནག་གི་ཡུལ་དུ་བཏང་བས། ཚོང་དཔོན་ཆེན་པོ་གཅིག་ཏུ་སྤྲུལ་ནས་སོང་སྟེ། ཙནྡན་གྱི་ཀ་བ་དེ་ཕྲག་ཏུ་བཀལ་རྡོ་རིང་གནམ་གྱི་ཀ་བ་དེ་སྔོན་གྲི་བྱས། རྡོ་ཐུང་པའི་བརྟེན་ཕུར་ལ་རྒྱབ་གྲི་བྱས་ཏེ་དངོས་སུ་འོང་བ། ལྷོའི་སྒྲིས་རག་ཐག་བྱ་བ་རྒན་མོ་ཅིག་ལ་གནས་ཚང་གཡར་ན་བ་ཤིང་མེད་ནས། ཚོང་དཔོན་གྱིས་ངར་གདོང་གཞོག་ནས་


CMR029_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འབུད་པར་མཐོང་། ཕྱིམ་ནངས་བལྟས་པས་དཀའ་བ་ཆད་ལ་ཁད་དུ་སྣང་། ཕྱིར་ནངས་གནས་ཚང་ལ་དངོས་གྲུབ་གང་འདོད་སྦྱིན་ཟེར་བས། རྒན་མོ་རྒྱུན་དུ་ཆང་མི་ཞིམ་པས་དམུས་ནས། ཆང་ཞིམ་པའི་དངོས་གྲུབ་དགོས་ཞུས་པས། རྒན་མོའི་མི་རྒྱུད་དེང་སང་བར་ཆང་མི་ཞིམ་པ་མི་སྲིད་པ་ཡིན་སྐད་དོ། །དེ་ནས་ཙནྡན་ཀ་བ་དེ་ཉང་པོའི་ཡུལ་བར་ཁྱེར་ནས་དེར་བཞག་སྟེ། དེ་ནས་སྤྲུལ་པ་བསྡུས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་གིས་དབུས་གཙང་ཐམས་ཅད་ཀྱི་འུ་ལག་བསྡུས་ནས། ཙནྡན་ཀ་བ་དྲུག་དོག་པའི་ཀ་བ་དྲུད་པའི་མདོས་བཞིའི་རྒྱ་ཙམ་རྡོ་གྱིས་བསྒྲིགས་པ་ད་ལྟ་ཡང་ཡོད་དོ། །ཉང་པོ་ནས་བསམ་ཡས་བར་མིས་ཁུར་བས་ཙནྡན་ཀ་བ་དང་རྡོ་རིང་རྡོ་ཐུང་བ་རྣམས་ཤིན་ཏུ་འདྲེན་དཀའ་བར་བྱུང་སྟེ། ཙནྡན་ཀ་བ་དགུ་བསྒྲིལ་ནི་ད་ལྟ་བསམ་ཡས་ཀྱི་དཀྱིལ་ཀ་འདི་ཡིན་ནོ། །རྡོ་རིང་ནི་བསམ་ཡས་ཀྱི་རྡོ་རིང་འདི་ཡིན། རྡོ་ཐུང་ནི་དབུ་རུ་ཞྭའི་ལྷ་ཁང་གི་རྡོ་རིང་དེ་ཡིན་སྐད་དོ། །དེ་ནས་བསམ་ཡས་དབུ་རྩེ་འོག་མའི་སྐོར་ཁང་གི་སྒོ་ཆེན་གྱི་གཡས་སུ་མ་མགོན་གཉིས། གཡོན་དུ་དམ་ཅན་མགར་དམར་དང་ཡུམ་ཤ་མེད་གངས་དཀར་མ་གཉིས་ཀྱི་ལྡེར་སོ་ཁང་རྩག་ཙམ་རེ་སྒོ་སྲུང་གི་ཚུལ་དུ་


CMR029_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ་ལྟ་ཡང་ཡོད་དེ། དེ་ནས་ཨོ་རྒྱན་རིན་པོ་ཆེ་བསམ་ཡས་ཀྱི་སྒྲ་བསྒྱུར་རྒྱ་གར་གླིང་དུ་བཞུགས་དུས་ཉིན་གཅིག་སྤྱང་ཀི་སྔོན་པོ་འུར་བ་ཅིག་བྱུང་ནས། ལུས་སློབ་དཔོན་གྱི་ཁྲིའི་འོག་ཏུ་འདུག་ཅིང་གདོང་སློབ་དཔོན་ལ་ལྟའོ། །དེ་སློབ་དཔོན་གྱིས་སྡིགས་མཛུབ་ཀྱིས་གཟིར་བས་ཁྱེའུ་ལག་ན་ལྕགས་ཀྱི་རྡོ་རྗེ་ཐོགས་པ་གཅིག་ཏུ་གྱུར་ཏེ་ཐལ་མོ་སྦྱར་ནས་སློབ་དཔོན་གྱི་བཀའ་འབངས་སུ་མཆིའོ་ཟེར། སློབ་དཔོན་གྱི་ཁོའི་སྤྱི་བོར་རྡོ་རྗེ་བཞག །ངག་ཏུ་བདུད་རྩི་བྱིན་ནས། ཁྱོད་ཀྱི་ལས་སུ་ཅི་བྱེད། དམ་རྫས་གང་ལ་དགྱེས། ཁ་ཟས་གང་ལ་དགའ། སྲོག་གི་སྙིང་པོ་གང་ཡིན་ཕུལ་ཅིག །གསུངས་པས། བདག་ལས་སུ་རྣལ་འབྱོར་དགྲ་ལ་ཆོ་འཕྲུལ་བཏང་ཞིང་ཚེ་སྲོག་ལེན། དམ་རྫ་ས་ཁམ་ས་པོ་དོམ་སྟག་དང་སྤྱང་ཀི་སེང་གེའི་གཟུགས་ལ་དགའ། ཁ་ཟས་རའི་ཤ་ཁྲག་ཆང་ཕུད་རིན་ཆེན་བརྡར་བ་ལ་དགའ། ཞེས་ཞུས་ཤིང་སྲོག་གི་སྙིང་པོ་ཕུལ་ལོ། །སློབ་དཔོན་གྱིས་སྒྲུབ་ཐབས་མང་དུ་མཛད་དེ་གཏེར་ཁ་རེ་ལ་རེ་རེ་སྦས། གཙུག་ལག་བརྒྱ་རྩ་དང་སྒྲུབ་གནས་བརྒྱ་རྩ་བརྒྱད་དང་ས་འོག་གི་གཏེར་ཐམས་ཅད་ཀྱི་སྲུང་མར་བསྐོས། ཁྱད་པར་བལ་ཡུལ་འབྲས་མོ་ལྗོངས་


CMR029_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྦས་ཡུལ་རྣམས་ཀྱི་ཡང་སྲུང་མར་བསྐོས། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། གཙུག་ལག་ཆོས་འཁོར་གཉན་པོ་བསྲུང་བ་དང་། སྔགས་པ་དམ་ཚིག་ཅན་མགོན་བྱེད་པ་ལྷདང་། རྣལ་འབྱོར་ཡོན་མཆོད་རྣམས་ཀྱི་མགོན་སྐྱབས་བྱེད་པ་དང་། སྔགས་པ་རྣམས་ཀྱི་གྲོགས་པོ་དང་བཤེས་གཉེན་དང་། དཔུང་དང་གྲོགས་དང་སྡོང་གྲོགས་བྱེད་པ་དང་། ཚོང་པ་ཐམས་ཅད་ཀྱི་ཚོང་དཔོན་བྱེད་པ་རྒྱ་བོད་མདོ་གཙང་བགྲོད་པའི་སྣ་འདྲེན་བྱེད་པ་དང་། སྐྱེ་བོ་ཡོངས་ཀྱི་དགྲ་བླ་བྱེད་ཅིང་དམག་དང་ཇག་གི་དཔུང་རོག་བྱེད་པར་ཁས་བླངས་དམ་བཅས་སོ། །དེར་ཁོས་ནུབ་གཅིག་ལ་ལྕགས་ཀྱི་རྡོ་རྗེ་བརྒྱ་རྩ་བརྒྱད་བརྡུངས་ནས་ཨོ་རྒྱན་ལ་ཕུལ་ནས། དམ་ཅན་རྡོ་རྗེ་ནི་ལེགས་སོ་གསུངས་པས་རྡོ་རྗེ་ལེགས་པ་ཡིན་ཀྱང་ཀུན་ལ་གྲགས་པར་གྱུར་ཅིག །རྡོ་རྗེ་ལ་དེ་རྣམས་བསམ་ཡས་ལྕགས་རིའི་སྟེང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་མཆོད་རྟེན་རེ་རེའི་ནང་དུ་རྡོ་རྗེ་རེ་རེ་ནང་གཞུག་ཏུ་བཞག་པས། དུས་ཕྱིས་མཆོད་རྟེན་རྣམས་ཞིག་ནས་ལྕགས་ཀྱི་རྡོ་རྗེ་བོད་ཡུལ་ཀུན་ཏུ་འཁྱར་རོ། །དེ་ནས་དམ་ཅན་འདིའི་བཀའ་ཉང་ཏིང་འཛིན་བཟང་པོ་ལ་གཏད་པས་ཀྱང་དམ་ལ་ཐོགས་ཏེ། མཚན་རྡོ་རྗེ་དྲག་པོ་


CMR029_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དུ་བཏགས། དབུ་རུ་ཞྭའི་ལྷ་ཁང་ཉང་ཏིང་འཛིན་བཟང་པོས་བཞེངས་དུས་ཆོས་ཀས་མ་སྐྱོལ་བའི་དུས། རྡོ་རྗེ་ལེགས་པས་དབུས་རུ་ལྷོ་ངོས་སུ་སེར་བ་ཕབ་ནས་། ནས་རྔ་མོང་གི་རྒྱབ་ལྔ་བརྒྱ་དངོས་སུ་ཁྱེར་ཏིང་འཛིན་བཟང་པོ་ལ་ཕུལ་ཏེ། ཞྭའི་ལྷ་ཁང་ཡང་གྲུབ། ལྷ་ཁང་དེའི་བཀའ་སྲུང་དུ་བསྐོས་པས། ཞྭའི་མགོན་པོ་ར་རྟ་ཅན་གྲགས་སོ། །དེ་ནས་ཆོས་སྐྱོང་འདིའི་བསྐོར་བཀའ་གཏེར་གཉིས་སུ་བརྒྱུད་དེ། བཀའ་མ་ནི་ཉང་ཏིང་འཛིན་བཟང་པོ། ཡང་ན་གསང་བའི་བདག་པོ། པདྨ་འབྱུང་གནས། ཁྲི་སྲོང་ལྡེའུ་བཙན་། རྒྱལ་བ་མཆོག་དབྱངས། སངས་རྒྱས་ཡེ་ཤེས་མན་འདྲའོ། གནུབས་སངས་རྒྱས་ཡེ་ཤེས་ཕྱི་མ། དེའི་སྲས་ཆུང་ལུང་ཡོན་ཏན་རྒྱ་མཚོ། དེའི་སྲས་ཆེ་བ་ཡེ་ཤེས་རྒྱ་མཚོ་དང་། ཆུང་བ་ལྷ་རྗེ་ཧཱུྃ་ཆུང་གཉིས་ལ། དེའི་སློབ་མ་ཉང་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ཟུར་ཆེན་པ། དེའི་སློབ་མ་ཟུར་ཆུང་པ། དེའི་སྲས་ཤཱཀྱ་སེང་གེ་མདའ་ཚ་ཧོར་པོ། དེའི་སློབ་མ་འཛམ་སྟོན་འགྲོ་བའི་མགོན་པོ། དེའི་སློབ་མ་དམ་པ་བདེར་གཤེགས། དེའི་སློབ་མ་གཙང་སྟོན་རྡོ་རྗེ་རྒྱལ་མཚན། དེའི་སློབ་མ་ཀཿཐོགས་པ་བྱམས་པ་འབུམ་སྟེ།


CMR029_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡན་གྲུབ་པ་ཐོབ་པ་ཁོ་ན་སྟེ། ཆོས་སྐྱོང་འདི་ཡང་མི་བཞིན་དངོས་སུ་འཁོར་བ་གཅིག་གིས་གཅིག་ལ་རིམ་པར་བཀའ་གཏད་ཏེ། ཤར་ཀཿཐོག་ཏུ་ཡབ་མོན་པ་ཡུམ་མོན་མོ་སོགས་ཀྱི་མགོན་ཁང་ཤིན་ཏུ་གཉན་པོ་ཡོད་སྐབས། གྲུབ་ཆེན་ཀརྨ་པཀཱི་དེར་བྱོན་ཏེ་བྱམས་པ་འབུམ་ལ་རབ་བྱུང་བསྙེན་རྫོགས་དང་རྫོགས་ཆེན་དབང་ལུང་དཔག་ཏུ་མེད་པ་ཞུས། དེ་དུས་མགར་ནག་གི་བཀའ་གཏད་དང་ལུང་སོགས་ཞུས་པས། སྐྱེས་བུ་ཡང་ཀརྨ་པའི་རྗེས་སུ་འབྲང་སྟེ་མགོན་ཁང་མི་གཉན་དུ་སོང་བས་ཕྱིས་ཕལ་ཆེར་ཞིག་སྐད་དོ། །གྲུབ་ཆེན་ཀརྨ་པཀྵི་ལ་ནི་མི་བཞིན་དངོས་སུ་འཁོར་ཞིང་མི་རབས་བརྒྱུད་པ་བཅུ་གསུམ་དུ་བརྟེན་ནས་བསྲུང་བར་ཁས་བླངས་དམ་བཅས་ཤིང་། སྒྲུབ་ཐབས་དང་མན་ངག་མང་པོ་དངོས་སུ་ཕུལ་བ་ཡིན་ཏེ། རང་བྱུང་རྡོ་རྗེའི་གསུངས་ལས། དཔལ་ལྡན་ཀརྨ་པ་ལ་ནི། །དམ་ཅན་ཉིད་ཀྱིས་སྲོག་སྙིང་ཕུལ། །མི་རབས་བརྒྱུད་པ་བཅུ་གསུམ་ལ། །བསྟན་པ་བསྲུང་བར་ཁས་བླངས་པའི། །ཞལ་གྱིས་གདམས་པ་ཡོད་པ་རྣམས། །གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་ནི། །སྔོན་ཆད་གཞན་གྱིས་མི་ཤེས་ཤིང་། །རང་གི་དྲན་པ་གསོ་བ་དང་། །སངས་རྒྱས་བསྟན་པ་བསྲུང་སླད་


CMR029_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །རང་བྱུང་རྡོ་རྗེ་སྡེབ་པ་ཡིན། །ཅེས་གསུངས་སོ། །དེའི་ཕྱིར་ཀཾ་ཚང་པ་རྣམས་པཀྴི་ཡན་ལ་བརྒྱུད་པ་མི་འདེད་པར་སྣང་ངོ། །གཏེར་མ་ནི་ཉང་གི་མགར་ནག །གུ་རུ་ཆོས་དབང་གི་གཏེར་མ་མགར་ནག །རིག་འཛིན་རྒོད་ལྡེམ་གཏེར་མ་མགར་སྔོན་གོ་ཁྲབ་རྟ་སྔོན་ཅན། རཏྣ་གླིང་པའི་ཐུགས་རྗེ་ཆེན་པོའི་བཀའ་སྲུང་མགར་དམར་དང་མགར་ནག་རྐང་ཐང་། ཞིག་པོ་གླིང་པའི་མགར་དཀར་གོ་ཁྲབ་རྟ་དཀར་ཅན། སངས་རྒྱས་གླིང་པའི་བཀའ་སྲུང་དགྲ་བླ་ལྕགས་ཀྱུ་ཅན། རྡོ་རྗེ་གླིང་པའི་རྫོགས་ཆེན་བཀའ་སྲུང་དམ་ཅན་ཐིག་ལེ་རྩལ། ཕྱི་ནང་གསང་གསུམ། དེ་ལ་སོགས་པ་གཏེར་ཁ་རེ་རེ་ནས་ཀྱང་དམ་ཅན་རིགས་མི་གཅིག་པ་གཉིས་གསུམ་རེ་བྱུང་ཞིང་། དྲེགས་པ་ཉི་ཤུའི་རླུང་འཁོར་ཉི་ཤུའི་ནང་ནས་བརྒྱད་ཐམ་པ་དམ་ཅན་རིགས་མི་ཅིག་པ་བརྒྱད་ཡིན་པར་སྣང་བས། ཆོས་སྐྱོང་འདི་ཤིན་ཏུ་དྲག་རྩལ་ཆེ་བར་སྣང་ལ། དྲེགས་པ་ཉི་ཤུ་འདི་ཡང་མུ་སྟེགས་དབང་ཕྱུག་ཆེན་པོའི་རྒྱུད་ནས་བཏུས་པ་ཡིན་པར་གསུངས་པས། ཕྱི་རོལ་མུ་སྟེགས་ལ་ཡང་སྐྱེས་བུ་སྒྲུབ་ཐབས་ཡོད་ཅིང་བཀའ་སྲུང་དུ་བསྟེན་པ་ཡིན་པར་འདུག་སྟེ། ཤཱཀ་ཐུབ་མ་བྱོན་ཕྱག་རྡོར་གྱིས་དམ་ལ་མ་


CMR029_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་སྔོན་དུ། སྐྱེས་བུ་འདི་མུ་སྟེགས་པས་ལྷར་བསྟེན་ནས་མཆོད་པར་སྣང་སྟེ། དེའི་ཕྱིར་ཕྱི་ནང་ཐུན་མོང་གི་ལྷ་ཡིན་པས། ཨོ་རྒྱན་གྱིས་གསུངས་པའི་བསྟོད་པ། འཇིག་རྟེན་འདི་ན་ལྟ་བ་ལོག་པ་ཡི། །ཐོག་མར་མུ་སྟེགས་མེད་སྨྲ་རབ་བརྟན་ཀྱང་། །དད་དང་མཐུན་པའི་འཇིག་རྟེན་སྐྱོང་མཛད་པའི། །ཐུན་མོང་ལྷ་མཆོག་ཁྱེད་ལ་མཆོད་འབུལ་བསྟོད། །ཅེས་གསུངས་སོ། །སྟོན་པ་གཤེན་རབ་ཀྱིས་རྐང་རྗེའི་བུ་མོ་ཆུང་མར་བླངས་བས་དགྲས་ཁ་དུམ་ལ་ཁྱེར། དེར་གཤེན་རབ་ཀྱིས་གཙང་བཙན་བསྒྲུབས་པས་མཐུ་ཆེན་པོ་བྱུང་སྟེ་དགྲ་བོ་དེ་བརླག །དགྲ་ཐུབ་པའི་གཏང་རག་ཏུ་རྟེན་མཁར་ཤམ་པོ་དགུ་བརྩེགས་ཅིག །དམ་ཅན་གྱིས་ཡང་བོན་གྱིས་བསྟན་པ་བསྲུང་བའི་ཐ་ཚིག་བྱིན་པས་མཚན་སྐྱེས་བུ་མི་ཐང་གྲྭ་པ་ཞེས་བཏགས་ཏེ། ཐ་ཚིག་བོན་ལ་མངའ་ཞིང་འབྲེལ་པ་ཆོས་ལ་མངའ་ཞེས་བྱ་བ་ཡང་དེའི་དོན་ཏེ། མདོར་ན་བན་བོན་ཕྱི་ནང་སྐྱ་སེར་ཐམས་ཅད་ཀྱི་ལྷ་དང་སྲུང་མ་ནི་སྐྱེས་བུ་ཆེན་པོ་ཡིན་ནོ། །གྲུབ་ཆེན་ཀརྨ་པ་ནས། གཉེན་རས་དགེ་འདུན་འབུམ། རང་བྱུང་བ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ་དེས་མཁའ་སྤྱོད་པ་ལ་མ་


CMR029_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་མགར་གསུམ་ཀའི་དབང་ལུང་གནང་ནས། འདི་གསུམ་དང་ཕྱག་བཞི་པའི་སྔགས་རྒྱུད་དང་ཁྱོད་ཀྱིས་མི་རྒྱུད་རྣམས་བཀྲ་ཤིས་པར་འོང་གསུངས་སོ། །ཁྱད་པར་དྲུང་ཆེན་མཁའ་སྤྱོད་པའི་དྲུང་དུ་སྐྱེས་བུ་ཆེན་པོ་ཁྱེའུ་ཆུང་ལག་ན་ལྕགས་ཀྱི་རྡོ་རྗེ་ཐོགས་པ་གཅིག་བྱུང་ནས། གཏོར་མ་བྱིན་དང་མི་རབས་བཅུ་གསུམ་དུ་བསྟན་པ་སྲུང་ཞེས་ཁས་བླངས། དམ་ཅན་མགར་དམར་སྐུ་ཡིས་ངོམ་པའི་སྡེ་ཐམས་ཅད་ཁྱབ་པ་གཅིག་ཞལ་གཟིགས་ཏེ་བཀའ་གཏད་པས། ངོམ་ཡུལ་སྤྱི་ཡི་ཡང་སྲུང་མར་གྱུར་ཏེ། ངོམ་གྱི་མི་འཆར་ཡུལ་གཞན་དུ་སོང་ན་དམ་ཅན་འཁྲི་ཞེས་རྣམ་རྟོག་བྱེད་པ་བྱུང་སྐད། དྲུང་བྱ་བྲལ་བ་མི་རྩ་ཕྲ་བ་ལ་ཕ་ཝཾ་ལོང་བུ་འདྲ་བའི་མཁར་བརྩེགས་ཏེ་བསྒྲུབས་པས་དངོས་གྲུབ་གྲུབ་ཅིང་ཞལ་གཟིགས་རིགས་རྒྱུད་འཕེལ་བའི་དངོས་གྲུབ་བྱུང་སྟེ། མི་གཅིག་གིས་རྒྱུད་ལ་ཨ་ནུ་བྲེ་བརྒྱད་ཕུལ་དོ་ཟེར་བ་བྱུང་། ར་སྐྱེས་བརྩོན་པ་ལ་རྭ་ཅོ་སྐར་ཁུང་སུམ་བརྩེགས་ཡོད་པ་བྱུང་ཞིང་མི་རྒྱུད་རྣམས་ལ་ཡང་འཁོར་བར་གྲགས་སོ། །ཆོས་སྐྱོང་འདིའི་ཡོན་ཏན་ནི། སྟག་སྤྱང་རོལ་པའི་རྒྱུད་ལས། ལྷས་སྲུང་དགྲ་རྣམས་ངེས་པར་འཆི། །དེ་ལྟར་བྱུང་ན་དོན་རྣམས་འགྲུབ། །


CMR029_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་འདིའི་ཡོན་ཏན་རྣམས་གསུངས་པ་ཕྱོགས་གཅིག་ཏུ་བརྗོད་ན། བདག་འདྲ་པདྨ་འབྱུང་གནས་ཀྱིས། །རིག་པའི་རང་རྩལ་དབང་ཡང་ཐོབ། །ལྷ་སྲིན་ཀུན་གྱི་སྟོང་སྲོག་ཐོབ། །དྲེགས་པའི་ཚོགས་ལ་དབང་ཡང་བསྒྱུར། །ཁྱད་པར་དམ་ཅན་ཐིག་ལེ་རྩལ། །པདྨ་ང་ཡི་བཀའ་ཉན་ཏེ། །སྙིང་ཉེ་དམ་གཙང་ལས་ལ་མྱུར། །བོད་ཡུལ་མཐའ་དབུས་ཐམས་ཅད་དུ། །རྒྱུད་དང་སྡོམ་པ་བདག་མེད་པ། །གཏེར་ཁ་དུ་མ་སྦས་ཏེ་བཞག །ཡང་ཟབ་སྲོག་གི་སྤུ་གྲི་འདི། །ཡང་ཐིག་སྙིང་པོ་བཀའ་བསྲུང་ཕྱིར། །མོན་ཁའི་བྲག་ལ་སྦས་ཏེ་བཞེངས། །ལན་གཅིག་དུས་ཀྱི་ཐ་མ་ལ། །གསང་སྔགས་བསྟན་ལ་དགྲ་དར་ཚེ། །ལས་ཅན་བུ་དང་འཕྲད་པར་ཤོག །སྐལ་ལྡན་དེ་དང་འཕྲད་ནས་ཀྱང་། །བསྟན་པའི་སྲོག་འཛིན་བུ་གསུམ་ལས། །མང་དུ་སྤེལ་བར་མི་རུང་ངོ། །ཞེས་དང་། དམ་གཙང་ལས་མྱུར་བཀྲ་ཤིས་སྙིང་ཉེ་བ། །དགྲ་བླའི་དེད་དཔོན་བཛྲ་སཱ་དྷུ་སྟེ། །རྒྱུད་དང་སྒྲུབ་ཐབས་གཏེར་ཁ་ཅི་སྙེད་སྦོས། །ཀུན་ཀྱང་ཡང་ཟབ་རྣོ་མྱུར་ཐོག་འདྲ་ཡང་། །ཁྱད་པར་ཡང་ཟབ་སྤུ་གྲི་དམར་ལེན་འདི། །ཞེས་དང་། ལར་ནི་སྐྱེས་བུ་འདི་སྙིང་ཉེ། དམ་


CMR029_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་གདོང་བརྟར་སྣ་ཐུང་། ཟས་ནོར་ཚོལ་བ་ལ་སྣ་རྣོ། མི་སྙིང་འཕྲལ་བ་ལ་མགུལ་བར་ནུས་ཏེ། ཆོས་སྐྱོང་གི་མཆོག་ཡིན། ཟས་ནོར་ལོངས་སྤྱོད་ཆར་ལྟར་འབབས་ཏེ། རྒྱལ་པོ་ལྟ་བུར་འགྱུར་རོ། །མིའི་སྣང་བ་འཕྲལ་དུ་བསྒྱུར་ནུས། ཟས་ནོར་རྩ་བ་བུད་མེད་ལྷག་པར་འདུ། དྲག་པོར་བསྒྲུབས་ན་མཐུ་མྱུར། བུ་ཚ་དང་རིགས་རྒྱུད་འཕེལ། ཆོས་ལ་སྲུང་མ་བྱེད། བོན་ལ་གསས་བྱེད། ཚོང་པའི་ལམ་འདྲེན། དམག་ཇག་གི་དཔུང་བྱེད། ཕ་དམུ་ཡིན་པས་ལོངས་སྤྱོད་ཆེ། མ་བདུད་ཡིན་པས་དབང་ཆེ། ཁོ་རང་བཙན་ཡིན་པས་གྲགས་ཆེ། བཀའ་ཉན་མ་སངསཡིན་པས་ལས་མྱུར། གྲོགས་མོ་བརྟན་མ་ཡིན་པས་སྙིང་ཉེ། དམ་ཚིག་ལ་གནས་པས་ཆོས་བྱེད་ཙམ་ལ་སྐྱོབས། ཁྱད་པར་པདྨ་ང་ཡི་བརྒྱུད་འཛིན་དང་གཏེར་གྱི་བརྒྱུད་པ་རྣམས་ལ་ལུས་དང་གྲིབ་མ་ལྟར་འགོ་བའི་ཕྲིན་ལས་བྱེད། ཅེས་དང་། བདག་ཉིད་དབང་ཆེན་པདྨ་ཡིས། །ཡང་ཟབ་སྙིང་གི་མན་ངག་འདི། །མ་འོངས་སྐྱེས་བུའི་དོན་ཆེད་དུ། །མོན་ཁའི་བྲག་ལ་སྦས་ཏེ་བཞག །འགྲོ་བ་ཕོ་མོ་ཀུན་འདུ་ཞིང་། །ཁྱད་པར་བུད་མེད་ཀུན་ཡིད་འཕྲོག །བཀྲ་ཤིས་བྱིན་ཆེན་མི་ནོར་


CMR029_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། །མཐར་ཡང་མི་ནུབ་རྒྱལ་མཚན་འདྲ། །དུས་ངན་འགྲོ་བ་འདུལ་དཀའ་བས། །དེ་དུས་ལས་ཅན་གཅིག་ལ་གཏད། །སྒོ་གསུམ་ཞབས་ཏོག་སྒྲུབ་ནུས་པའི། །སྙིང་འདྲ་མ་གཏོགས་ངོ་བསྟོད་ཅན། །ཁ་མཁས་པོ་ལ་ཤོར་སྲིད་པས། །ཙིཏྟི་གྲྭའུར་ས་མ་ཡ། །ནོར་ལྷ་ཆེ་བཙན་གྲངས་མང་ཡང་། །སྒྲུབ་ཐག་རིང་ལ་འཁུལ་བ་དཀའ། །འདི་ནི་དམ་ལྡན་སུས་བསྒྲུབསཀྱང་། །རྣོ་མྱུར་དངོས་གྲུབ་ཆར་ལྟར་འབེབས། །སྒྲུབ་ལ་ནན་ཏན་ཆེར་འབད་ན། །མི་བཞིན་དངོས་སུ་བསྐོལ་དུ་འབྱུང་། །གཞན་ལ་ཤིན་ཏུ་གསང་བ་དང་། །བླ་མ་ལ་གུས་མཆོད་གཏོར་བརྩོན། །དམ་ཚིག་ལྡན་པ་ཤིན་ཏུ་གཉེན། །ཐུགས་ཀྱི་སྲས་དང་འཕྲད་པར་ཤོག །ཅེས་གསུངས་སོ། །འདི་ནི་དམ་ཚིག་དུ་མི་ལ་གསང་ཞིང་སྦ། མན་ངག་འདི་མང་དུ་སྤེལ་ན་རང་ལ་དངོས་གྲུབ་མི་འབྱུང་བས། སྙིང་ལ་འདྲ་བར་གཅིག་བརྒྱུད་དུ་སྤེལ་བ་མ་གཏོགས་པ་གསང་ཞིང་མནའ་རྒྱ་བཏབ་བོ། །ཞེས་གསུངས་སོ། །དམ་ཅན་ཡིད་བཞིན་ནོར་བུ་ལས། །ས་ཕྱོགས་གང་དུ་བསྡད་པའི་སར། །བཙན་དྲགས་ལོངས་སྤྱོད་ལྡན་པ་དང་། །བསྟན་པ་དར་ཞིང་རྒྱས་པ་དང་། །ཁ་དྲོ་ཞིང་དང་དཀོར་ནོར་སྤེལ། །


CMR029_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྟ་ན་ཚ་མི་འོང་ཅིང་། །ཅི་བསམ་དོན་རྣམས་འགྲུབ་པ་ཡི། །ཞེས་གསུངས་པ་ལྟར་འབྱུང་བ་ཡིན་ནོ། །གཞན་ཡང་ཨོ་རྒྱན་གྱི་མཁན་པོ་པདྨ་སམྦྷ་ཝས་མཛད་པའི་སྐྱེས་བུ་ཆེན་པོའི་བསྟོད་པ། ཉང་ཏིང་འཛིན་བཟང་པོའི་བརྒྱུད་པའི་བཀའ་མ་དང་། རཏྣ་གླིང་པའི་གཏེར་མ་གཉིས་ཚིག་ཕལ་ཆེར་མཐུན་པར་བྱུང་སྟེ། འདི་ནི་ཆོས་ལོག་ཅན་དང་དམ་ཚིག་ཉམས་པ་དང་མནའ་ཟན་ཐམས་ཅད་ཀྱིས་གཤེད་མ་བྱེད་ཅིང་སྐྱེ་བོ་གཙང་མའི་དགྲ་བླ་བྱེད་པ། འཇིག་རྟེན་ཁམས་ཀྱི་ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པར་ཉིད་ཀྱིས་ཁས་བླངས་དམ་བཅས་ཏེ། ཆོས་ལོག་དམ་ཉམས་མནའ་ཟན་ཀུན་གྱིས་གཤེད། །སྐྱེ་བོའི་དགྲ་བླ་དགྲ་བོའི་གཤེད་མ་ཞེས། །རང་གིས་ཁས་བླངས་ཉིད་དུ་དམ་བཅས་པའི། །ལེགས་ཉེས་སྟངས་འཛིན་སྐུ་ལ་མཆོད་འབུལ་བསྟོད། །ཅེས་གསུངས་སོ། །རྫུ་འཕྲུལ་གྱིས་བོད་ཁམས་ཁྱབ་པར་རྒྱུག་གོ །རྒྱ་གར་ནུབ་ཕྱོགས་ཕ་ཝཾ་ལོང་བུ་དང་རྡོ་རྗེ་རྫོང་མཁར། བལ་པོའི་ཤེལ་མཁར་ཉི་མའི་སྒྲོན་མེ་རྒྱ་ནག་གི་གསེར་ཁང་སེར་པོའི་ཡང་རྩེ། གཞན་ཡང་ལུས་འཕགས་ལ་སོགས་གླིང་གསུམ། རྔ་ཡབ་གླིང་ནི་རི་མ་ལ་ཡའི་བྲག་ཕུག་སོགས་བཞུགས་


CMR029_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མང་ཡང་ཁྱད་པར་དུ་བཞུགས་ས་ནི་བོད་ཡུལ་གཙང་འོ་ཡུག་གོང་སྔོན་ཡིན་ཏེ། ཤང་དང་འོ་ཡུག་གང་སྔོན་གསུམ། །རྡོ་རྗེ་ལེགས་པའི་ཕ་ཡུལ་ཡིན། །ལྷ་ཅིག་རྡོར་ལེགས་མིན་པ་ལྡེང་ས་མེད། །ཟེར་བའི་ངག་རྒྱུན་དབུས་གཙང་དུ་འཇགས་པ་ལྟར་ཡིན་ཅིང་། དེ་རང་ཁ་བ་ཅན་པའི་ཡུལ་ལྷ་ཡང་ཡིན་ཏེ། རང་གི་ལས་དང་བསོད་ནམས་རྫུ་འཕྲུལ་གྱིས། །ལྷོ་ཕྱོགས་འཛམ་གླིང་ཁྱབ་པར་རྒྱུག་པ་ནས། །ཁྱད་པར་བཞུགས་པ་བོད་ཡུལ་ཀུན་གྱི་དཔལ། །ཡུལ་བདག་གཉེན་པོ་ཞེས་གསུངས་སོ། །ཚེ་རབས་དུ་མའི་བག་ཆགས་དང་འབྲི་གུང་སྐྱུ་རའི་ལོ་རྒྱུས་ལས། འདན་སྐྱུ་རའི་བྲག་རྩར་གྲུབ་ཐོབ་གཅིག་སྒྲུབ་པ་བྱེད་སྐབས། འདྲེར་ཁེར་བགད་ཅེས་བྱ་བས་བར་ཆད་བརྩམས་ནས་ཁྱེའུ་གཅིག་ཏུ་སྤྲུལ་ནས་ལུག་གུའི་ཤ་དང་ལྤགས་པ་ལན་མང་དུ་ཕུལ་བས། ཡིད་མ་ཆེས་ཏེ་གྲུབ་ཐོབ་དེ་བྱིའུ་རླུ་ནོར་སྤྲུལ་ནས་ལྟ་བ་ལ་སོང་ལ། དབུས་པའི་སྒར་ཆེན་གཅིག་ཕྱིན་འདུག་པའི་ཚོང་དཔོན་སྒར་དཔོན་དེ་ལ་རྡོ་རྗེ་ལེགས་པ་ཚོང་དཔོན་དུ་སྤྲུལ་ནས་གདའ་བས། ཁྱེའུ་དེ་ལ་རྡོ་རྗེ་ལེགས་པས་འདྲེ་ཁེར་བགད་ཁྱེད་འདི་ན་ཡོད་ལེ་ཨེ་ཡིན་གསུངས་པས། ཁྱེའུ་དེས་ན་རེ་མ་གསུངས་མ་གསུངས་དང་ངས་


CMR029_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རྒན་ཅིག་བྲག་ར་ན་ཚུད་ལ་ཁེད་ཡོད་དོ་ཟེར་རོ། །དེ་བྱིའུས་ཐོས་ནས་ཁྱེའུ་དེ་འདྲེ་ཡིན་པར་ཤེས་ནས་ཡང་བྱུང་ཛ། གྲུབ་ཐོབ་དེས་དེད་པས་ཕ་ཝང་ལ་ཐིམ་པས་གྲུབ་ཐོབ་དེས་ཕ་ཝང་དེའི་ཕྱོགས་བཞི་དང་སྟེང་དུ་ཞབས་རྗེས་རེ་བཞག་ནས་དམ་ལ་བཏགས་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་ཟེར་བ་ལྟར། ཚོང་དཔོན་མང་དུ་བྱས་པས་བག་ཆགས་དང་སྨོན་ལམ་དབང་གིས་གཞུང་མགྲོན་པོ་ཐམས་ཅད་སྒར་དཔོན་ཚུར་དུ་འབྱོན་ཏེ། སྔོན་ཚེ་ཐོག་མར་རང་གི་བག་ཆགས་སམ། །སྨོན་ལམ་དམ་བཅས་ཉིད་ཀྱི་མོས་པ་ཡིས། །རྒྱ་བོད་མདོ་གཙང་བསྒྲོད་པའི་སྣ་འདྲེན་པ། །ཚོང་དཔོན་ཆེན་པོ་ཞེས་གསུངས་སོ། །གང་གིས་སྐྱེ་བོ་རྣམས་གཡུལ་ཆེན་འགྱེད་དམ། །འཐབ་རྩོད་བྱེད་ཚེ་འདི་ལ་གསོལ་མཆོད་བྱེད་ན། འདི་དགྲ་བླ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཅིང་། མཆེད་འཁོར་རྣམས་ཀྱང་དགྲ་བླ་སུམ་བརྒྱ་དྲུག་ཅུ་ཞེས་བྱ་བ་ཡིན་པས། རང་ཉིད་རྒྱལ་ཞིང་རླུང་ཁ་ཐོབ་པས་འདི་ནི་དམག་དཔོན་གྱི་མཆོག་ཡིན་པའི་ཕྱིར། སྐྱེ་བོ་འཐབ་རྩོད་གཡུལ་ཆེན་འགྱེད་པའི་ཚེ། །གང་ཞིག་ཁྱེད་ལ་གསོལ་མཆོད་བྱེད་པ་ཡི། །ཕ་རོལ་་དཔུང་འཇོམས་པ་དམག་གི་རུ་ཟློག་པ། །དམག་དཔོན་ཆེན་


CMR029_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །ལྷ་ཡེ་བརྫུ་ཁ་ཆར་འདབ་མ་ཅན་དང་། ཡེ་བརྫུ་ར་ཞོན་རྒོད་ཐུལ་ཅན། སྟག་ཞོན་ཝ་ཞོན་སོགས་ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་ཟེར་བ་ཡང་འདི་ཉིད་མཆེད་འཁོར་རྣམས་ཡིན་ཏེ། ཡེ་བརྫུའི་སྒྲུབ་ཐབས་ལ་འོག་རྟས་རྒ་བྲོས་བྱས་དུས་ང་ལ་བོས། ཆུང་མས་གནས་བསྡམ་བྱེད་དུས་ང་ལ་བོས། །དགྲ་བོའི་ཐོག་རྒྱོབ་བྱས་དུ་ང་ལ་བོས་ཟེར་བ་ཡོད་སྐད་འདི་དགྲ་བླའི་མཆོག་ཡིན་ནོ། །འཇིག་རྟེན་འདི་ན་ལྟ་བ་ལོག་པའི་མུ་སྟེགས་པ་མཐུ་ཆེན་པོ་རྣམས་དང་། བན་བོན་སྔགས་པ་ནུས་ཆེན་ལྟ་བུ་ལ་ནང་རྒྱལ་ན་ཡང་འདིས་བསྒྲལ་ནུས་ཏེ། ར་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ཤིན་ཏུ་མཐུ་ནུས་ཆེ་ནས། ས་ཐོབ་པའི་གང་ཟག་སུམ་ཅུ་སོ་གཉིས་བསྒྲུངས། གཙང་ཚོང་འདུས་མགུར་མོ་ན་ཁྲོམ་ཆེན་པོ་འཚོགས་པའི་ནང་དུ། ང་དང་མཐུ་འདྲེན་བྱེད་མི་ཨེ་ཡོད་ཅེས། ཉི་མ་གསུམ་ཙམ་འབོད་པ་བྱེད་ཅིང་བྱོན་པས། ཚོང་དུས་མགུར་མོའི་གནས་བདག་དམ་ཅན་ཡིན་པ་ལ་ཕོག་སྟེ། །བྱིས་པ་ཅི་ཡང་མི་ཤེས་པའི་བུ་ཆུང་གཅིག་གིས་རྣ་གདོང་ནས་ང་ཡོད་སྨྱོས་ཟེར་བས། བུ་ཆུང་གིས་དེ་ལྟར་སྨྲས་སོ། །ར་ལོ་ཙཱ་ཡང་སྐྲག་ནས་ཕར་བྱོན་ནས་ཐུགས་དམ་མཛད་ཅིང་


CMR029_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། བུ་ཆུང་གིས་ངས་དེ་རིང་ངས་དེ་སྨྲས་པས་མ་ལེགས་སྙམ་ནས་སྐྱག་ཙམ་ན། རྣ་གདོང་ནང་ནས་སྐྲག་མི་དགོས་ཅིང་ཅི་ཟོའི་ཕུད་ཀྱིས་རྡོ་རྗེ་ལེགས་པ་མཆོད་ཀྱིས་། ཁྱེད་ལ་སྐྱོན་མེད་ངས་བསྲུང་ཟེར་རོ། །དེ་ནས་རི་ལོ་ཙཱའི་དྲུང་དུ་སྤྲུལ་པ་ཆོ་འཕྲུལ་ཅི་ཡང་བྱུང་སྟེ། ཁོང་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་ལས་མ་གཡོས་སོ། །དེར་བུད་མེད་མཛེས་མ་ཡིད་དུ་འོང་བར་སྤྲུལ་ནས་འོང་བས་ཁོང་དེ་ལ་ཅུང་ཞིག་ཡེང་ངོ། །དེ་མ་ཐག་ཝ་དམར་པོ་གཅིག་སྤྲུལ་ནས་ཁོང་གིས་ཙིཏྟ་བཏོན་ནས་ཁྱེར་བའི་སྣང་བ་བྱུང་། དེ་ནས་ཡུན་མི་རིང་པར་གཉན་ལོ་དང་འཕྲད་དེ། མཐུ་རྒྱལ་བྱས་པས་གཉིས་ཀ་འདས་ཏེ། དེའི་རྐྱེན་ཡང་རྡོ་རྗེ་ལེགས་པས་བྱས་ཟེར་བ་ཐོས་སོ། །བྱིས་པ་དེ་ལ་སྐྱོན་ཅི་ཡང་མ་བྱུང་སྐད། དེ་ལྟར་ནུས་པ་ཅན་ཚེ་ཡང་འདིས་ཐུབ་པའི་ཕྱིར། དམ་ཅན་མདོས་ལ་བརྟེན་ནས་བྱད་ཁ་བཟློག་ཐབས་ཡང་བསྲུངས་ཞིང་། འཇིག་རྟེན་འདི་ན་ལྟ་བ་ལོག་པ་ཡི། །མུ་སྟེགས་མཁན་སྒྱུ་རྣམས་ཐོག་མར་རབས་འདུལ་ཞིང་། །དེང་འདིར་མཐུ་ཆེན་འཇིག་རྟེན་སྐྱོང་མཛད་པ། །མཐུ་ཆེན་ལྷ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེ་བཞིན་དུ་ལྷ་གཞན་


CMR029_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འདྲ་འགྲུབ་སླ་བ་དང་། འཁུ་ལྡོག་མི་བྱེད་ཅིང་གཞུང་བཟང་བས་མི་རྒྱུད་ཚུན་ལ་མགོན་པ་དང་། གང་ནོན་སླ་བ་སྟེ། ཁྱོད་ནི་མི་ནག་སྐྱེ་བོས་རབ་བསྟེན་ཀྱང་། མཐུ་དབང་ཟས་ནོར་སྟེར་མཛད་ཁྱོད་ལ་བསྟོད། ཅེས་གསུངས་སོ། །དེ་ལྟར་སྐྱེས་བུའི་ཡོན་ཏན་ཅུང་བསྟན་ནས་ཕོ་བྲང་བཤད་པ་ནི། གོང་དུ་བཤད་པ་དེ་རྣམས་དང་། བྱང་ཡང་པ་ཅན་དུ་ལྷ་ཁང་གཅིག་གི་ནང་ནས་ཨོ་རྒྱན་པདྨས་མཐའ་དམག་གི་ཁ་གནོན་ལ་བཞེངས་ལེ་ཡིན་ཟེར་བའི་མགར་ནག་གི་སྐུ་རྩག་གཅིག་ཙམ་བཞུགས་ཏེ་བླ་མ་སོགས་ཡུལ་དུ་འབྱོན་མཁན་ཚོས་དེ་ལ་གསོལ་ཁ་བྱས་ན་ཕྲིན་ལས་དར་བ་ཡིན་ཟེར། ཞིང་སྐྱོང་གི་འཁོར་མགར་ནག་གི་ཕོ་བྲང་། ཙཱ་རིའི་ལུང་ལག་ཞིག་ཏུ་བྲག་ནག་པོ་ཕ་ཝང་ལོང་བུའི་མཁར་རྩེ་ལ་སྨུག་ཕུང་སྐྱེས་པ་ཅིག་ཡོད་སྐད། དྭགས་པོའི་ཡུལ་ཨོ་རྒྱན་གྱི་སྒྲུབ་གནས་འོལ་ཁ་མགར་ཕུག་བྱ་བ་རཏྣ་གླིང་པའི་གདན་སའི་དགོན་པ་གཅིག་གི་དཀྱིལ་ན་ཕ་ཝང་ལོང་བུ་བང་བ་ཆེ་ཤོས་ཙམ་ཡོད་དོ། །དེ་ནས་སྐྱེས་བུ་ཆེན་པོ་འདི་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ལྷ་དང་ལྷ་མིན་འཐབས་པའི་ཚེ་ལྷ་དམག་གི་རུ་འདྲེན་པར་བསྐོས་སོ། །ལྷ་ཆེན་པོ་བརྒྱད་ཀྱི་མདུན་བསྐུལ་བློན་པོར་གྱུར་པས་ལྷ་དམག་


CMR029_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་སྟེ། དམ་ཅན་དམག་འགྱེད་ལས། སྐྱེས་བུ་ཆེན་པོ་ཁྱོད་སོང་ལ། །ལྷ་ཡི་ཡུལ་དུ་དམག་སྡུས་ཤིག །བརྒྱ་བྱིན་འཁོར་དང་བཅས་པ་ཡང་། །ར་མདའ་བཟློག་ལ་དམག་ལ་ཆོས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་གསུང་ལས། ཆོས་བཟང་ལྷའི་མདུན་སར་ལྷ་ཆེན་བརྒྱད་ཀྱི་མདུན་བསྐུལ་མཛད་ཅིང་། ལྷ་དམག་གི་རུ་འདྲེན་པ་ཞེས་གསུངས་སོ། །དེ་བཞིན་ཁྱབ་འཇུག་རཱ་ཧུ་ལས་གཟའི་དམག་དཔོན་དུ་བསྐོས་པས་གཟའ་དམག་ལ་དབང་བསྒྱུར་ཞིང་གཟའ་བརྒྱད་ཀྱི་དམག་དཔོན་མཛད་དེ། སྐྱེས་བུ་ཆེན་པོ་ཁྱོད་སོང་ལ། གཟའི་ཡུལ་ནས་དམག་བསྡུས་ལ། །ཁྱབ་མཇུག་འཁོར་དང་བཅས་པ་ཡང་། །ར་མདའི་བཟློག་ལ་དམག་ལ་ཆོས། །ཞེས་དང་། གསོལ་ཀལས། གཟའ་ཡི་རྒྱལ་པོ་རཱ་ཧུ་ལས་དབང་བསྐུར་བས་གཟའ་ཆེན་བརྒྱད་ཀྱི་དམག་དཔོན་མཛད་པ་ཞེས་དང་། སྟོན་ཟླ་གསུམ་ལ་བར་སྣང་ལ་གནས་བཅས་ནས་ཐོག་དང་སེར་བ་འབེབས་པ་ཞེས་བྱ་སྟེ། གཟའ་དམ་ཅན་གཉིས་དང་མ་བསྡོང་བར་ཐོག་འཕེན་རྒྱུ་མེད་དེ། དམ་ཅན་མགར་བས་ཐོག་བརྡུངས་ཏེ་གཟའི་ལག་ཏུ་གཏད། དེ་རཱ་ཧུ་ལས་འཕེན་དགོས། དེ་སྡེ་བརྒྱད་སོ་སོའི་གཟའ་དང་དམ་


CMR029_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་རོགས་བཅོལ་དགོས་པ་ཡིན། གཟའ་དམ་ཅན་བསྡོངས་བས་ཐོག་དེ་མཁར་སྐུ་ཡིན་ཀྱང་ཅེས་ཀྱང་མི་བརྟན་པ་ཁོང་གཉིས་ཀྱི་ནུས་པ་ཡིན། གཟའི་རྣོ་སོ་ལ་ཡང་དམ་ཅན་ཡོད་དེ་གཟའི་བསྐང་བ་དང་བསྐུལ་བ་རྣམས་སུ་ཡོད་དེ། དཔལ་ལྡན་ལྷ་མོ་དཔྱིད་ཀྱི་རྒྱལ་མོར་སྤྲུལ་ཏེ། རླུང་ནག་འཚུབ་མར་བརྫུས་ཏེ་ས་ཆུ་བསྲོ་དུས། དམ་ཅན་གྱིས་དེའི་སྣ་འདྲེན་ཏེ། །དཔྱིད་ཟླ་གསུམ་ལ་རླུང་ནག་འཚུབ་མའི་སྣ་འདྲེན་པ་ཞེས་སོ། །ཀླུ་ཡི་རྒྱལ་པོ་དགའ་བོས་ཀླུའི་དམག་དཔོན་དུ་བསྐོས་པས་ཀླུ་དམག་ལ་དབང་སྟེ། སྐྱེས་བུ་ཆེན་པོ་ཁྱོད་སོང་ལ། །ཀླུ་ཡི་ཡུལ་དུ་དམག་བསྡུས་ལ། །དགའ་བོ་འཇོག་པོ་འཁོར་བཅས་ཀྱང་། །ར་མདའ་བཟློག་ལ་དམག་ལ་ཆོས། །ཞེས་གསུངས་པ་དང་། དབྱར་ཟླ་གསུམ་ལ་སྤྲིན་ནག་དུད་ཁ་ལ་གནས་བཅས་ནས་ཆར་པ་འབེབས་པའི་མཐུ་བོ་ཆེ། ཞེས་གསུངས་སོ། །དེ་བཞིན་བཙན་རྒོད་འབར་བ་སྤུན་བདུན་གྱི་གཅིག་རྡོ་རྗེ་ལེགས་པ་ཡིན་པ་དང་། བདུད་རེ་ལྡེ་མགོ་ཉག་གི་བུ་ཡིན་པ་དང་། ཁོ་རང་དམུ་བཙན་རོལ་པོ་སྟེ་དམུ་ཡིན་པ་དང་། གཉན་ཆེན་ཐང་ལྷ་རྨ་གཉན་སྤོམ་ར་སོགས་གཉན་ཆེན་པོ་རྣམས་དང་སྤྱན་ཡིན་པ་དང་། གཤིན་རྗེ་ཆོས་རྒྱལ་སྐྱེ་བ་


CMR029_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མའི་ཕ་ཡིན་པ་དང་། བརྟན་མ་བཅུ་གཉིས་བཙུན་མོ་ཡིན་པ་དང་། དགེ་བསྙེན་མཁའ་རི་སོགས་དགེ་བསྙེན་ཉེར་གཅིག་དང་། དམ་ཅན་རྡོ་རྗེ་ཁྱུང་དྲག་ལ་སོགས་པ་འཛིན་གིང་བཞི་བཅུ་རྩ་གཉིས་འཁོར་ཡིན་པ་དང་། ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག་ལ་སོགས་གཞུང་ན་གསལ་ལྟར་ཏེ། འདི་ལས་ལ་ཆས་ན་ལྷ་འདྲེ་ཐམས་ཅད་ལང་མི་དགོས་པ་གཅིག་ཀྱང་མེད་དོ། །དམ་ཅན་དམག་འགྱེད་ལས། གངས་རི་རྩེ་མཐོན་མན་ཆད་དང་། །ངམ་གྲོག་སུལ་མང་ཡན་ཆོད་ཀྱི། །འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་རྣམས། །ལ་ལ་ཁྱེད་ཀྱི་ཕ་དང་མ། །ལ་ལ་ཁྱེད་ཀྱི་སྲིང་དང་མཛའ། །ལ་ལ་ཁྱེད་ཀྱི་སྟོང་གིང་པ། །ལ་ལ་ཁྱེད་ཀྱི་ཁབ་དང་དབྱལ། །ལ་ལ་ཁྱེད་ཀྱི་གཏན་དང་གྲོགས། །ལ་ལ་ཁྱེད་ཀྱི་བྲན་དང་ཁོལ། །གང་ཡང་འདུག་པའི་དབང་མེད་པས། །ར་མདའ་བཟློག་ལ་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱིར། །ཞེས་གསུངས་སོ། །ཨོ་རྒྱན་གྱིས་གསུངས་པའི་མདོས་གཞུང་ལས། ཀྱེ། སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །སྐུ་མདོག་མ་ངེས་ཅིར་ཡང་གསལ། །ཐུགས་ནི་སྣང་སྲིད་ཀུན་ལ་རིག། །ཕྲིན་ལས་རྣལ་འབྱོར་དོན་ལ་དགོངས། །


CMR029_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ནད་གདོན་ཞི་མཛད་ཕྱིར། །སེང་ཆིབས་སྐུ་མདོག་དཀར་པོ་གསལ། །འཁོར་དང་ལོངས་སྤྱོད་རྒྱས་པའི་ཕྱིར། །རྟ་ཆིབས་སྐུ་མདོག་སེར་པོ་བསྟན། །ཁམས་གསུམ་དབང་དུ་སྡུད་པའི་ཕྱིར། །རྟ་ཆིབས་སྐུ་མདོག་དམར་པོ་གསལ། །དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར། །ར་ཆིབས་སྐུ་མདོག་ནག་པོར་བསྟན། །ཅིར་ཡང་སྤྲུལ་པའི་རྫུ་འཕྲུལ་ཅན་། །མཛེས་པའི་ཁྱེའུ་ཆུང་གཞོན་ནུ་ལ། །གཞོན་མདངས་ལང་ཚོ་ཕུན་སུམ་ཚོགས། །ཞེས་སོགས་གསུངས་པས། སྐུ་མདོག་ཆ་ལུགས་མ་ངེས་ཤིང་། རྒྱ་གར་ནས་བྱོན་སྐྱེས་ཁམ་པ་ཆིབས། སུམ་པའི་ཡུལ་ནས་བྱོན་ཚེ་རྣམ་རུ་སྟེ་ཤ་བ་ཆིབས། རྒྱ་ནག་ནས་བྱོནཚེ་རྔ་མོང་གྲྭ་པ་ཆིབས། མོན་ཡུལ་ནས་བྱོན་ཚེ་མོན་ར་རྒྱ་སེར། མ་སངས་ཡུལ་ནས་བྱོན་ཚེ་གཡག་རྒོད་ཞོམ་པ། དགུངས་སྔོན་དབྱིངས་ནས་བྱོན་ཚེ་གཡུ་འབྲུག །བར་སྣང་ཁམས་ནས་བྱོན་ཚེ་ཁྱུང་ཆེན་དར་དམར། བོད་ཡུལ་དབུས་ནས་བྱོན་ཚེ་རག་པ་རྟིང་དཀར། །གཙང་འོ་ཡུག་ནས་བྱོན་ཚེ་སེང་གེ་གངས་སྔོན་ཆིབས་པ་ཡིན་ཏེ་དམ་ཅན་གྱི་སྤྱན་འདྲེན་རྒྱས་པ་ནས། རྒྱ་གར་ཡུལ་ནས་བྱོན་ཙམ་ན། །ཆིབས་སུ་ར་སྐྱེས་ཁམ་པ་ཆིབས། །ཞེས་པ་


CMR029_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཉི་མ་ཟླ་བའི་རྟ་ལ་ཆིབས། །འོད་ཟེར་འབར་ཞིང་མྱུར་དུ་བྱོན། །ཞེས་སོགས་རྒྱས་པར་གསུངས་སོ། །གཞན་ཡང་དགྲ་བོའི་བླ་འགུགས་པའི་ཚེ། བྱ་ནག་དང་སྟག་དང་སྤྱང་ཀི་ལ་ཆིབས་པར་དགྲ་ཆོས་ནས་གསུངས་སོ། །ཡང་སྔོན་ལོ་ཆེན་བཟང་པོའི་ཆོས་སྐྱོང་གུར་མགོན་ཡིན་པའི་ལས་མཁན་སྤུ་ཏྲ་ཡིན་ཏེ་གསང་བའི་ལས་མཁན་གནོད་སྦྱིན་གོས་ཅན་བྱ་བ་གཅིག་ཡོད་པ་ཁོང་གིས་མ་དགོངས་བར། བོན་པོ་དང་མཐུ་འགྲན་བྱས་པས། ཕར་མཐུ་མི་འགྲོ་བའི་སྟེང་དུ་ཚུར་ལྡོག་པ་ཅིག་བྱུང་། དེ་ནས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པ་ལ་ཏི་སེ་དང་མ་ཕམ་འཇལ་དུ་བྱོན་པ་ལ། གུར་གྱི་ལས་མཁན་གནོད་སྦྱིན་གོས་སྔོན་ཅན་ཞེས་ཀྱང་བྱ། གཙང་བཙན་ཞེས་ཀྱང་བྱ་བ། གུར་གྱི་རྣོ་སོར་དམ་ཅན་སྦྱར་བ་ཞུས་ནས། བོན་པོ་དང་ནུས་པ་འགྲན་པས་མཐུ་ཐོགས་པ་མེད་པར་སོང་སྐད་དོ། །དེ་ནས་གུར་གྱི་ཡང་གསང་བའི་ལས་མཁན་ཡིན་པས། ས་ལུགས་དམ་ཅན་ཡང་བྱུང་སྟེ་སྟག་ཆིབས་ར་སྐྱེས་ཁྲིད་པ་དང་ནམ་མཁར་བྱོན་ཚེ་སེང་གེ་ཆིབས་པ། བར་སྣང་དུ་བྱོན་ཚེ་གཡུ་འབྲུག །ས་གཞི་བྱོན་ཚེ་ར་སྐྱེས་ཆིབས་པར་བཤད། རྣམ་སྲས་དྲག་པོར་བསྒྲུབས་དུས་


CMR029_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་བཞིའི་གཅིག་ནི་དམ་ཅན་ཡིན་ཏེ་དེའི་བསྐུལ་བ་ལས། སྐྱེས་བུ་འོབ་ཀྱི་འགྱིང་ཞུ་ཅན། །སྐྱེས་བུ་མི་ཡི་སྙིང་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །དམ་ཉམས་དགྲ་བོའི་སྲོག་ལ་ཧུར། །ཞེས་གསུངས་སོ། །མདོར་ན་ཆོས་སྐྱོང་ཐམས་ཅད་ཀྱི་རྣོ་སོ་སྟེ། །ལེགས་ལྡན་དགྲ་ཆོས་རྒྱས་པ་དང་། ཕྱག་བཞི་པ་སོགས་དགྲ་ཆོས་རྣམས་སུ་ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་ཐམས་ཅད་ཟད་པའི་མཇུག་ཏུ། རྡོ་རྗེ་ལེགས་པས་སྣ་ཁྲིད་གྱིས། །ཞེས་གསུངས་སོ། །སྤྱག་བཙན་གྱི་འཁོར་དུ་ཡོད་པ་ནི། འཁོར་མ་ཡིན་རྒྱབ་རྟེན་ཡིན་ཏེ། །སྤྱག་བཙན་སྒྲུབ་ཐབས་རྣམས་སུ། རྒྱབ་རྟེན་རྡོ་རྗེ་ལེགས་པ་ཟེར་བ་ཡོད་ཅེས་བདག་གི་སློབ་དཔོན་བླ་མ་ཝོལ་བས་གསུངས་སོ། །འོ་ཡུག་གངས་སྔོན་གཙང་པོའི་དཀྱིལ་ནང་ཕ་ཝང་ལོང་བུ་ཁང་པ་ཙམ་ཡོད་དེ་ཕོ་བྲང་དངོས་ཡིན་ནོ། །དེ་མིས་མི་མཐོང་བར་ལྕགས་མཁར་གནམ་ས་འབྲེལ་བ་ཡོད་པར་སྣང་། །དམ་ཅན་འདི་བཙན་རོལ་པ་མཆེད་བདུན་གྱི་ནང་ནས་བརྟན་མ་རོང་བཙན་རྡོ་རྗེ་ལེགས་པ་རྩལ་ཞེས་བྱ་བ་ཡིན་པས་སྟག་མོ་རོང་ཞེས་འབྲས་མོ་གཤོང་གི་ལམ་དུ་ཕོ་བྲང་བྲག་དམར་ཆེན་པོ་ཡོད་སྐད་དོ། །ཚ་བ་སྒང་ན་ཡབ་མོན་པའི་ཕོ་བྲང་། །


CMR029_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་སྟག་ཞུ་ཅན་བྱ་བ་དང་། ཡུམ་མོན་མོའི་ཕོ་བྲང་གངས་སྨན་ཉི་མ་འཕྲུལ་བྱ་བ་དམ་ཅན་མིང་སྲིང་གི་ཕོ་བྲང་རྫོང་ནག་པོ་རྩེ་དགུ་ཞེས་པ་ཕྱི་བྲག་ནག་ལ། ནང་གནམ་ལྕགས་ཡ་ཚ་དཀར་པོའི་སྐུ་མཁར་ཡོད་དེ། དེ་ན་ཡང་སྲས་རྡོ་རྗེ་ལེགས་པ་དང་ལྕམ་སྲིང་རྡོ་རྗེ་གཡུ་སྒྲོན་མ་གནས་པས་མགར་ལྕམ་གཉིས་ཟེར། མཆེད་ཡ་དམ་ཅན་རྡོ་རྗེ་ཁྱུང་དྲག་བྱ་བ་ནི་རྒྱུན་དུ་བཞུགས་སོ། ལྕམ་མོ་ཟེར་བ་ཡང་དམ་ཅན་གྱི་ལྕམ་ཡིན་པས་སོ། །གཙང་ཇོ་མོ་གངས་དཀར་མའི་གཡས་སུ་དམ་ཅན་མགར་བ་ནག་པོ་ཡིན་ཟེར་བའི་བྲག་དཀར་ཤིན་ཏུ་ཆེ་བ་ཡོད་དེ། ཀོང་ཡུལ་ཀོང་བཙུན་དེ་མོ་དང་ཉེ་བའི་སར། གྲི་ལྷ་རྩེ་རྣོན་ཞེས་རྒྱུན་དུ་མགར་བྱེད་པའི་ཐོ་བའི་སྒྲ་འབྱུང་ཞིང་ཉེ་ལོགས་སུ་མགར་བ་གཞན་གྱིས་མགར་བྱེད་མི་ཕོད་དེ། དེ་ཡང་མགར་ནག་གི་ཕོ་བྲང་ཡིན་པར་ཀརྨ་ཆོས་འབྱུང་ནས་གསུངས་སོ། །གཞན་ཡང་ཡུམ་ཡིན་ཕྱིར་བརྟན་མ་བཅུ་གཉིས་ཀྱི་རི་རེ་རེའི་རྩར་དམ་ཅན་གྱི་ཕོ་བྲང་རེ་རེ་ཡོད་སྒྲེ་དོ། །གདན་ས་ཆེན་པོ་ཀརྨའི་མ་མཐའ་ན་དམ་ཅན་འགགས་ཞེས་བྲག་ལ་ཕོ་བྲང་ཡོད་ཟེར་བ་ལྟར། གནས་བཟང་པོ་ཕལ་ཆེར་དང་དགོན་པ་མང་པོ་སོ་སོར་མགོན་ཁང་དང་རྟེན་རྫས་


CMR029_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་རྟགས་ཆོ་འཕྲུལ་ཡོད་ལུགས། སོ་སོའི་བླ་མ་རྣམས་ཀྱི་ཞལ་གཟིགས་ལུགས་ནི་བྲི་བར་མི་ལོང་སྟེ་དཔག་ཏུ་མེད་དོ། །གིང་ཆེན་སྡེ་བཞིའི་ལྷའི་གིང་ཆེན་ཚངས་པ་དཀར་པོ་འདི་གྲུབ་ཆེན་ཀརྨ་པཀྴིས་ཧོར་ཡུལ་ནས་ཞལ་གཟིགས་ཏེ། ཉིད་ཀྱིས་མཛད་པའི་རྣམ་ཐར་ལས། ཡང་ལོའི་རྒྱལ་པོ་ཡོས་བུའི་ལོ། །བཅུ་གཉིས་ཟླ་བའི་ཚེས་གཅིག་ལ། །ཐོ་རངས་ནམ་གྱི་ཆ་སྨད་ལ། །ཉ་རྒྱལ་ཟླ་བའི་འོད་བཞིན་དུ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །མི་དཀར་འོད་དང་བཅས་པ་ཞིག །ང་ནི་བྱང་ཕྱོགས་ཡུལ་ནས་འོང་། །འདི་ན་མ་འདུག་དེང་ཞེས་གསུངས། །ཡང་དེ་ནས་གཙང་ཁའི་ཡུལ་དུ་ཕྱིན། །ཉི་ཤུ་རྩ་གཅིག་ཞག་གྲངས་ལ། །ནམ་མཁའ་འཇའ་འོད་འཁྱིལ་པ་ལས། །ཆར་རྒྱུན་མེ་ཏོག་ལྟ་བུར་བབས། །མི་དཀར་དར་གྱི་རས་དཀར་ཅན། །འཛམ་གླིང་ཀུན་ལ་ཁྱབ་པའི་སྐུ། །འོད་ཀྱི་ལུས་ཅན་ཞལ་སྔ་ནས། །ང་ནི་གནམ་ལྷ་དཀར་པོ་ཡིན། །བྱང་ཕྱོགས་ཡུལ་དུ་འགྲོ་དགོས་སྐད། །ཡང་ཕོ་ཉ་རིང་བའི་སུན་མ་བྱུང་། །འུ་ལག་མགྱོགས་པའི་རྟ་ལ་ཞོན། །ཞེས་གསུངས་ཏེ། ཧོར་སེ་ཆེན་རྒྱལ་པོའི་ཡབ་སྲས་ཀྱིས་གདན་འདྲེན་འོང་ཁ་དེའི་ལྷ་ཐེལ་དཀར་པོའི་གདན་


CMR029_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་བྱུང་ཚུལ་གསུང་ཞིང་། དམ་ཅན་དཀྱིལ་འཁོར་ལྷའི་གིང་ཆེན་འདི་གནམ་ཐེལ་ཡིན་པས་བདུད་མོ་བཀྲ་ཤིས་འོད་ཟེར་བས་ཀྱང་གསུངས་སོ། །བཀའ་བརྒྱད་གཞུང་ལས། ཟས་ནོར་དངོས་གྲུབ་བསྡུ་བའི་ཕྱིར། །གནམ་ཐེལ་དཀར་པོའི་ཐུགས་དམ་བསྐང་། །ཞེས་དང་། དམ་ཅན་རྩིས་འདེབས་ལས། གནམ་ཐེལ་དཀར་པོ་བྱ་ཡི་མགོ །ཕོ་ཡི་སྐེད་ལ་སྦྲུལ་ལྟར་འཁྲི། །མོ་ཡི་མངལ་ལ་ཁྲག་ལྟར་འཛག །དམ་ཅན་བཀའ་སྡོད་རྩིས་འདེབས་སོ། །ཞེས་གསུངས་སོ། །གཤིན་རྗེའི་གིང་ཆེན་མེ་རུ་རྩེ་དམར་པོ་ནི། བོན་གྱི་ཨག་སེ་རྒྱལ་བ་འབྲུག་ལུགས་ཀྱིས་བཙན་ཇག་པ་མེ་ལེན་ཟེར་བ་འདི་ཡིན་ནོ། །བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ་ནི། བེག་རྩེ་ཞེས་ཀྱང་བྱ། འདི་ལ་ཕོ་བྲང་མང་ཡང་ཡུལ་འདིར་སྐུ་རྒྱལ་ཤེ་ནེ་ཞེས་པ་འདི་ཡིན་ནོ། །བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ་ནི། མགོན་པོ་ཏྲཀཱད་ཀྱི་ཡབ་ཏེ་ཤོད་ནག་པོ་ཞེས་བྱ་བ་ཡིན་ནོ། །མཆེད་ཟླ་སུམ་བརྒྱ་ནི་རྒྱ་དཀར་ནག་སོགས་ཀྱི་གཞི་བདག་དྲག་རྩལ་ཅན་རྣམས་ཡིན་ལ། དྲུག་ཅུ་ནི་བོད་ཀྱི་མགུལ་ལྷ་བཅུ་གསུམ་ལ་སོགས་བོད་ཀྱི་གཞི་བདག་དྲག་རྩལ་ཆེན་པོ་རྣམས་ཡིན། ཟམ་བུ་ལུང་དང་


CMR029_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་པ་གཅིག་གི་ནང་དུ་ར་གསུར་བཏང་ནས་ཉལ་ན་མི་སུ་ཉལ་དམ་ཅན་འབབ། དེའི་ཕྱིར་དབུས་གཙང་དུ་དམ་ཅན་འབབ་མི་ཤིན་ཏུ་མང་བ་ནི། དམ་ཅན་དངོས་མ་ཡིན་ཏེ། འཁོར་ཨ་ཙ་ར་དང་མོན་པ་སྟོང་ཕྲག་དུ་མ་ཡོད་པ་རྣམས་ཡིན་པར་འདུག་སྟེ། སྔར་རིན་སྤུང་དུ་དམ་ཅན་འབབ་མི་བཅུ་གསུམ་འཛོམས་པས། མགར་དམར་ཡིན་ཟེར་བ་ངོ་ཁྲག་གི་མདོག་ཅན་གཅིག་བབ་བྱུང་ཛ། གཞན་ཐམས་ཅད་སྐྲག་ཅིང་འདར་ནས་ཅི་བཤད་རྒྱུ་མེད་པར་ཡལ་ནས་སོང་སྐད་དོ། །དེ་བཞིན་དུ་དགོན་པ་དང་བླ་མ་དང་སྔགས་པ་དང་སྡེ་ཕ་དང་ཐ་ན་དུད་ནག་ཡན་ལ་ཡོད་ཟེར་བའི་རྟགས་ཆོ་འཕྲུལ་འབྱུང་བ། མི་མགོ་ནག་གི་རྗེ་བོ། དུད་སྔོན་ཆག་གི་རྐྱེན་ཞེས་པའི་དོན་ཏེ། སྐྱེས་བུ་ཉིད་ཀྱིས་བདག་ཏུ་བཟུང་བས། འཁོར་བྱེ་བ་དུང་ཕྱུར་ཡོད་པའི་རེ་རེ་ཁྱིམ་བསྲུང་གི་ཚུལ་དུ་བཞག་ནས་ཆོ་འཕྲུལ་དང་ཕན་གནོད་བྱེད་པར་གསལ་ལོ། །ཡུལ་འདིའི་ངོམ་རྒྱལ་དང་ཀླུ་རྒྱལ་སྤོ་ཏོ་སོགས་ཀྱང་མཆེད་དྲ་ཡིན་ཟེར་སྐད་ཏེ་བདེན་པ་འདྲའོ། །དེ་ལྟར་དམ་ཅན་སྐྱེས་བུའི་ལོ་རྒྱུས་རྒྱས་པ་འདི། ཨ་ནུ་ཚེ་དབང་རྡོ་རྗེས་བསྐུལ་བ་ལ་བརྟེན་ནས། སྔགས་འཆང་༧ ཨ་རཱ་གས་ཤིང་ལུག་གི་ལོ་ཐ་སྐར་ཟླ་བའི་ཉི་ཤུ་ལྔ་ནས་བརྩམས་ཏེ། བདུན་ལ་གྲུབ་པར་སྦྱར་བ་ལ།


CMR029_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་འཁྲུལ་མཆིས་ན་སྐྱེས་བུ་འཁོར་དང་བཅས་པ་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདམ་ཅན་སྐྱེས་བུ་ཆེན་པོའི་ལོ་རྒྱུས་སྙན་གྲགས་བསྐལ་པའི་འབྲུག་སྒྲ་དྲག་པོ།next