Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ།
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ།next

ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ།


GLG013_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ། གསུམ་པ་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ་ལ་


GLG013_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དམིགས་པ་དེ་ལྟ་བུ་ལ་དམིགས་ནས་ཤེས་པར་བྱ་བ་སྒྲུབ་པའི་ཆེད་དུ་བྱ་བ་དེ་གང་ཡིན་ཞེ་ན། བཤད་དུ་ཡོད་དེ། ཆེད་དུ་བྱ་བ་གསུམ་དུ་ཕྱེ་ནས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་འདི་ཆོས་ཅན། ཁྱོད་གང་གིས་ཤེས་པར་བྱེད་པ་ཡོད་དེ། རང་བྱུང་དུ་འགྱུར་བས་རང་བྱུང་གི་མིང་བཏགས་པ་བྱང་སེམས་རྣམས་ཀྱིས་ཤེས་པར་བྱེད་པའི་ཕྱིར། གང་གི་སྒོ་ནས་ཤེས་པར་བྱེད་པ་ཡོད་དེ། ཆེན་པོ་གསུམ་གྱིས་ཤེས་པར་བྱེད་པ་ཡིན་པའི་ཕྱིར། ཆེན་པོ་གསུམ་ཡོད་དེ། སེམས་ཅན་ཀུན་མཆོག་ཉིད་དུ་བྱེད་པའི་སེམས་ཅན་པོ་དང་། རང་དོན་སྤོང་བ་དང་། གཞན་དོན་རྟོགས་པ་ཆེན་པོ་དང་གསུམ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །བྱང་སེམས་གང་གི་ཆེད་དུ་སྒྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུག །ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད་ཟེར་བར། ལ་ལ་དག་ན་རེ། བྱང་སེམས་དང་རྒྱུད་ཐ་དད་དུ་གྱུར་པའི་སངས་འཕགས་ཀྱི་རྒྱུད་ཀྱི་རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བྱང་སེམས་ཀྱི་ཐོབ་བྱ་མཐར་ཐུག་མ་ཡིན་པའི་ཕྱིར། ཟེར་ན། མི་འཐད་པར་ཐལ། བྱང་སེམས་དང་རྒྱུད་ཐ་དད་དུ་གྱུར་པའི་སངས་འཕགས་མེད་པའི་ཕྱིར། དེར་ཐལ། སངས་འཕགས་ཡིན་ན་བྱང་སེམས་ཀྱི་རྟོགས་པ་སྔོན་སོང་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་ཐེག་ཆེན་གྱི་སློབ་ལམ་སྔོན་སོང་ཡིན་དགོས་པའི་ཕྱིར། གཉིས་པ་རང་ལུགས་ནི། གང་གི་ཆེད་དུ་སྒྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུག་དེ། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད། གསུམ་པ་ནི། འབྱུང་བར་འགྱུར་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཆོས་


GLG013_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ཆེད་དུ་བྱ་བ་རྣམ་པ་གསུམ་དུ་ཤེས་པར་བྱ་བ་ཡིན་ཏེ། ཆེན་པོ་ཉིད་གསུམ་དང་ལྡན་པས་ཆེད་དུ་བྱ་བ་གསུམ་ཡོད་པའི་ཕྱིར། གསུམ་པོ་དེ་ཡང་ཡོད་དེ། དེ་ཐོབ་བྱ་མཐར་ཐུག་གསུམ་པོ་ཉིད་ཀྱི་དབང་དུ་བྱས་ཏེ། འོག་ནས་འབྱུང་བ་དེ་ལྟར་སྒྲུབ་པ་ལ་འཇུག་པ་དེའི་ཕྱིར། ཆེན་པོ་གསུམ་ཡང་ཡོད་དེ། སེམས་ཅན་ཞེས་ཏེ། དེ་ཐམས་ཅད་སངས་རྒྱས་སུ་བྱེད་འདོད་པ་སེམས་ཆེན་པོ་སྟེ། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་ཉིད་དང་། སྤངས་པ་མཐར་ཐུག་སྤོང་བ་ཆེན་པོ་ཉིད་དང་། རྟོགས་པ་མཐར་ཐུག་རྟོགས་པ་ཆེན་པོ་ཉིད་རྣམས་སུ་ཡོད་པའི་ཕྱིར། སངས་རྒྱས་སུ་འགྱུར་ཚུལ་ཡོད་དེ། རྣམ་པ་ཐམས་ཅད་དུ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུས་མཚོན་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་ཤེས་པའི་སྒོ་ནས་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར། བཞི་པ་སྒྲུབ་པའི་ངོ་བོ་ལ། སྒྲུབ་པ་སྤྱིའི་རྣམ་གཞག་དང་། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ལ། སྟོན་ཚུལ་གྱི་སྒོ་ནས་གཉིས་སུ་དབྱེ་བ། མཚན་གཞིའི་སྒོ་ནས་བཞིར་དབྱེ་བའོ། །དང་པོ་ལ། དྲི་བ་དང་། ལན་གཉིས་ལས། དང་པོ་ནི། ཐེག་ཆེན་གྱི་སྒྲུབ་པ་ལས་བརྩམས་ཏེ་དྲི་བ་ཞུས་ཚུལ་ཡོད་དེ། དེ་ལྟར་སྒྲུབ་པའི་རྟེན་དུ་གྱུར་པ་དང་དམིགས་པ་དང་ཆེད་དུ་བྱ་བ་ལ་སོགས་པ་བརྗོད་ནས་སྒྲུབ་པ་དེའི་རང་གི་ངོ་བོ་གང་ཡིན་ཞེས་དྲིས་པའི་ཕྱིར། གཉིས་པ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། དེའི་ལན་ཡོད་དེ། རྗོད་བྱེད་མི་འདྲ་བའི་ཁྱད་པར་གྱིས་སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་ངེས་པའི་རང་བཞིན་གྱི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་ཡུལ་དུ་བྱས་ལ། གོ་ཆ་མ་གཏོགས་ཕར་ཕྱིན་དྲུག་ལྡན་གྱི་སྒོ་ནས་གསལ་བར་མ་བསྟན་པར། སྤྱིར་མཁྱེན་གསུམ་གྱིས་བསྡུས་པའི་དགེ་བའི་ཆོས་ཀྱི་རྟེན་ཅན་ཏེ། ཡུལ་ཅན་དུ་བསྟན་པའི་སྒྲུབ་པ་དང་། རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་ལ་སོགས་པ། མངོན་པར་རྟོགས་པ་རྣམ་པ་བཞི་སྟོན་པའི་སྐབས་ལ་མངོན་པར་རྟོགས་པ་རེ་རེ་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་དུ་བསྟན་


GLG013_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཉམས་ལེན་གྱི་བྱ་བ་ནི་སྒྲུབ་པ་སྟེ། མཁྱེན་གསུམ་ཡུལ་དུ་བྱས་པ་དང་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། རོང་ཊྭཱིཀ་པ་ན་རེ། མཁྱེན་གསུམ་ཡུལ་དུ་བྱས་ནས་ཐོས་བསམ་གཙོ་བོར་གྱུར་པའི་སྒྲུབ་པ་དེ་མཁྱེན་པ་ཡུལ་གྱི་སྒྲུབ་པའི་མཚན་ཉིད། སྦྱིན་སོགས་ལ་གཙོ་བོར་སྤྱོད་པའི་སྒྲུབ་པ་དེ་སྦྱོར་བ་བྱེ་བྲག་གི་སྒྲུབ་པའི་མཚན་ཉིད་ཟེར་ཞིང་། མཁྱེན་གསུམ་ཉམས་ལེན་གྱི་བྱ་བ་ལྟ་བའི་ཉམས་ལེན་དང་། སྦྱོར་བཞི་ཉམས་ལེན་སྤྱོད་པའི་ཉམས་ལེན་ཡིན་ཟེར་ན། འོ་ན། ཐོས་བསམ་གཙོ་བོར་གྱུར་པའི་དོན་དེ་སྦྱིན་སོགས་སྦྱོར་བས་ཉམས་སུ་མི་ལེན་པར་ཤེས་བྱ་གཏན་ལ་འབེབས་པའི་གནས་སྐབསས་གཙོ་བོར་གྱུར་པ་ལ་བྱེད་དམ། གཏན་ལ་འབེབས་པའི་སྦྱིན་སོགས་ལ་བསམ་པས་ཡང་དང་ཡང་དུ་འདྲིས་པར་བྱེད་པའི་སྐབས་ལ་བྱེད། དང་པོ་ལྟར་ན། མཁྱེན་པ་ཡུལ་གྱི་སྒྲུབ་པ་ཆོས་ཅན། ལམ་མ་ཞུགས་ཀྱི་གནས་སྐབས་ཀྱི་སྒྲུབ་པ་ཡིན་པར་ཐལ། སྦྱིན་སོགས་སྦྱོར་བས་ཉམས་སུ་མི་ལེན་པར་ཤེས་བྱ་གཏན་ལ་འབེབས་པའི་གནས་སྐབས་གཙོ་བོར་གྱུར་བའི་མཁྱེན་པ་ཡིན་པའི་ཕྱིར། འདོད་ན། འགྲེལ་པ་ལས། རང་གི་ངོ་བོ་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། སྦྱིན་སོགས་ལ་གཙོ་བོར་སྤྱོད་པའི་སྒྲུབ་པ་ཡིན་པར་ཐལ། གཏན་ལ་འབེབས་པའི་སྦྱིན་སོགས་ལ་བསམ་པས་ཡང་དང་ཡང་དུ་འདྲིས་པར་བྱེད་པའི་གནས་སྐབས་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། དེ་གཉིས་ལ་ལྟ་སྤྱོད་ཀྱི་ཉམས་ལེན་དུ་འཇོག་པ་མི་འཐད་པར་ཐལ། དེ་གཉིས་ལ་ལྟ་སྤྱོད་གཙོ་བོར་གྱུར་མ་གྱུར་ཀྱི་ཤེས་བྱེད་མེད་པའི་ཕྱིར་དང་།
མཁྱེན་གསུམ་ཉམས་ལེན་གྱི་སྦྱོར་བ་སྤྱོད་པ་ཉམས་ལེན་གྱི་སྦྱོར་བ་ཡིན་ཞེས་ཁས་བླངས་པ་ལ་གནོད་པ་མེད་པའི་ཕྱིར། ཁ་ཅིག །མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་འགལ་ཟེར་ན། མི་འཐད་པར་ཐལ། དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། མཁྱེན་གསུམ་གང་རུང་གི་རྣམ་པ་ཡུལ་དུ་བྱས་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་མཁྱེན་པ་ཡུལ་གྱི་སྒྲུབ་པའི་མཚན་ཉིད། ཕར་ཕྱིན་དྲུག་ལྡན་དུ་བསམ་པ་ཅི་རིགས་པས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ་སྦྱོར་བ་བྱེ་བྲག་གི་སྒྲུབ་པའི་མཚན་ཉིད། གཉིས་པ་ནི། སྔར་བཤད་པ་དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱོར་ལམ་གྱི་སྒྲུབ་པ་ཆོས་ཅན། གོ་ཆའི་སྒྲུབ་པ་ཡིན་ཏེ། ཕྱིན་དྲུག་ཉམས་ལེན་གྱི་བསམ་པའི་སྒྲུབ་པ་ཡིན་པའི་ཕྱིར། མཐོང་ལམ་གྱིས་བསྡུས་པའི་སྒྲུབ་པ་ནི་ཆོས་ཅན། འཇུག་པའི་སྒྲུབ་པ་ཡིན་ཏེ། ཕྱིན་དྲུག་གི་མི་མཐུན་ཕྱོགས་འཇོམས་པའི་ཐེག་ཆེན་ལ་དངོས་སུ་ཞུགས་པའི་བརྩོན་འགྲུས་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་ནི་ཆོས་ཅན། ཚོགས་སྒྲུབ་ཡིན་ཏེ། ཚོགས་གཉིས་རྒྱ་ཆེན་པོ་རྫོགས་པའི་བརྩོན་འགྲུས་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། ས་བརྒྱད་པ་ཡན་ཆད་ཀྱི་ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་ཆོས་ཅན། ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ཏེ། རྣམ་མཁྱེན་དུ་གདོན་མི་ཟ་བར་འབྱིན་པར་བྱེད་པའི་དག་སའི་རྣལ་འབྱོར་ཡིན་པའི་ཕྱིར།


previousཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ།next