Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 collapse section
གནས་དང་པོ་ཁམས་བསྟན་པ།
  
  
  
  
  
 expand section
 expand section
 expand section
 expand section
 expand section
 expand section
 expand section
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousགནས་དང་པོ་ཁམས་བསྟན་པ།next

གནས་དང་པོ་ཁམས་བསྟན་པ།


GLG014_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། གང་ལ་མཁས་པར་བྱ་བའི་གནས་ངོས་གཟུང་བ། དེ་ལྟར་མཁས་པར་བྱས་པའི་ཡོན་ཏན་དང་གཉིས། དང་པོ་ལ། མཁས་བྱའི་གནས། དེ་ཉིད་ངེས་པར་བྱེད་ཚུལ་གཉིས། དང་པོ་ལ། ཡུལ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག །ཡུལ་ཅན་དབང་པོའི་རབ་དབྱེ་དང་གཉིས། དང་པོ་ལ་འདུས་བྱས་སྤྱིའི་མཚན་ཉིད། ཆོས་གསུམ་གྱི་རྣམ་གཞག །ཁམས་ཀྱི་རྣམ་པའི་རབ་དབྱེ་དང་གསུམ། དང་པོ་ལ། དབྱེ་བ་དང་། མིང་གི་རྣམ་གྲངས་གཉིས། དང་པོ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། གོང་དུ་བཤད་པའི་ལམ་བདེན་དུ་མ་གཏོགས་པའི་འདུས་བྱས་ཀྱི་ཆོས་རྣམས་ལ་དབྱེ་ན་མཐའ་ཡས་ཀྱང་། བསྡུ་ན་ཕུང་པོ་ལྔར་འདུས་ཏེ། དེ་དག་ལ་གཟུགས་ཅན་ཡིན་པ་གཟུགས་ཀྱི་ཕུང་པོ་དང་། ལ་སོགས་པ་གཙོ་སེམས་ཡིན་པ་རྣམ་པར་ཤེས་པའི་ཕུང་པོ། སེམས་བྱུང་ཡིན་པ་ཚོར་བ་འདུ་ཤེས། དེ་ལས་གཞན་པའི་སེམས་བྱུང་དང་། ལྡན་མིན་འདུ་བྱེད་རྣམས་འདུ་བྱེད་ཀྱི་ཕུང་པོར་འདུ་བའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །གཟུགས་ཅན་གྱི་ཁམས་ཡིན་ན་གཟུགས་ཁམས་ཡིན་པས་ཁྱབ་ཟེར་ན། སྒྲའི་ཁམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གཟུགས་ཕུང་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། བསྟན་ཡོད་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གཟུགས་ཅན་གྱི་ཁམས་བཅུའི་ནང་ནས་གཟུགས་ཁམས་ལ་བསྟན་ཡོད་ཀྱིས་ཁྱབ་ཅིང་། ཁམས་


GLG014_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་བསྟན་ཡོད་མིན་པའི་ཕྱིར། དེར་ཐལ། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །གཟུགས་ཅན་གྱི་ཁམས་ཡིན་ན། གཟུགས་ཅན་གྱི་ཁམས་བཅུ་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། སོ་ཐར་གྱི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གཟུགས་ཡིན་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། མིག་སོགས་དབང་པོ་ལྔ་དང་གཟུགས་སོགས་དོན་ལྔ་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། ཅེས་གསུངས་པའི་ཕྱིར། ཁ་ཅིག །ཁམས་བཅོ་བརྒྱད་ནང་ཕན་ཚུན་འགལ་བར་ཐལ། མིག་སོགས་དབང་པོ་ལྔ་པོ་གང་རུང་ཡིན་ན། དེའི་ནང་ཚན་དུ་གྱུར་པའི་གཟུགས་ཁམས་མ་ཡིན་དགོས་པའི་ཕྱིར། འདོད་ན། དེ་བཅོ་བརྒྱད་པོ་རེ་རེ་ནས་ནང་ཕན་ཚུན་འགལ་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཡིད་ཁམས་དང་རྣམ་ཤེས་ཀྱི་ཁམས་དྲུག་པོ་རེ་རེ་ནས་མི་འགལ་བའི་ཕྱིར། དེར་ཐལ། དེ་དྲུག་པོ་གང་རུང་ཡིན་ན། ཡིད་ཁམས་ཡིན་དགོས་པའི་ཕྱིར། ཁ་ཅིག །བར་དོ་བའི་རྒྱུད་ལ་དབང་པོ་ལྔ་ཡོད་པར་ཐལ། གཉིད་མཐུག་པོ་ལོག་བཞིན་པའི་གང་ཟག་གི་རྒྱུད་ཀྱི་མིག་དབང་དེ་རྟེན་མཚུངས་ཀྱི་དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར། འདོད་ན། གཟུགས་ཁམས་ཀྱི་བར་དོ་བའི་རྒྱུད་ལ་མིག་སོགས་དབང་པོ་ལྔ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ན་མིག་སོགས་དབང་པོ་ལྔ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ན་སྣའི་དབང་པོ་དང་ལྕེའི་དབང་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ན་དེ་གཉིས་ཀྱི་རྣམ་པར་ཤེས་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན། མ་ཁྱབ་སྟེ། དེ་ན་སྣ་ལྕེའི་རྣམ་པར་ཤེས་པ་གཉིས་དང་། དྲི་རོ་གཉིས་ཀྱི་ཁམས་ཏེ་བཞི་མ་གཏོགས་ལྷག་མ་བཅུ་བཞི་ཡོད། འདོད་ཁམས་ན་བཅོ་བརྒྱད་


GLG014_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། གཟུགས་མེད་ཁམས་ན་ཡིད་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་གཏོགས་གཞན་རྣམས་མེད་པའི་ཕྱིར། དེར་ཐལ། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་ཡིན་ན། ཟིན་པའི་ཁམས་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། སྒྲ་ཡིན་ན་མ་ཟིན་པའི་ཁམས་ཡིན་དགོས་པའི་ཕྱིར། དེར་ཐལ། སེམས་ཀྱི་ཁམས་བདུན་དང་། ཆོས་ཁམས་ཀྱི་ཕྱེད་སེམས་བྱུང་དང་། སྒྲ་དང་དགུ་པོ་དེ་མ་ཟིན་པའི་ཁམས་དང་། གཟུགས་ཅན་གྱི་ཁམས་དགུ་ལ་ཟིན་མ་ཟིན་གྱི་ཆ་གཉིས་ཡོད་པའི་ཕྱིར་ཏེ། མ་ཟིན་དགུ །བརྒྱད་པོ་དེ་དག་རྣམས་དང་སྒྲ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་གསུངས་པའི་ཕྱིར། སོ་ཐར་གྱི་སྡོམ་པ་ཆོས་ཅན། བསྟན་ཡོད་ཀྱི་གཟུགས་ཡིན་པར་ཐལ། གཟུགས་ཁམས་ཡིན་པའི་ཕྱིར། དེར་ཐལ། ཁམས་བཅོ་བརྒྱད་པོ་གང་རུང་ཡིན། ལྷག་མ་བཅུ་བདུན་པོ་གང་རུང་མ་ཡིན་པའི་ཕྱིར་ཟེར་ན། ཕྱི་མ་མ་གྲུབ་སྟེ། ཆོས་ཁམས་ཡིན་པའི་ཕྱིར། དེར་ཐལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གང་ཞིག །དེ་ལ་ཆོས་ཁམས་ཀྱིས་ཁྱབ་པའི་ཕྱིར། དང་པོ་དེར་ཐལ། སྡོམ་པ་དེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པའི་ཕྱིར། དེར་ཐལ། དེ་ལ་སྡོམ་པ། སྡོམ་པ་མིན་པ། བར་མ་གསུམ་ཡོད་པའི་ཕྱིར། དེར་ཐལ། རྣམ་རིག་མིན་རྣམ་གསུམ་ཤེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་གསུངས་པའི་ཕྱིར། གཉིས་པ་དེར་ཐལ། ཕུང་པོ་བར་པ་གསུམ་དང་། རྣམ་པར་རིག་བྱེད་མིན་པའི་གཟུགས། འདུས་མ་བྱས་ཀྱི་ཆོས་ཏེ་ལྔ་ལ་ཆོས་ཁམས་དང་ཆོས་
ཀྱི་སྐྱེ་མཆེད་ཀྱིས་ཁྱབ་པའི་ཕྱིར། དེ་གསུམ་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བསྟན་མེད་ཐོགས་མེད་ཀྱི་གཟུགས་ཡིན་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར་རོ། ཁ་ཅིག །འདོད་པའི་རྟེན་ཅན་གྱི་གང་ཟག་གི་རྒྱུད་ཀྱི་དབང་པོ་ཡིན་ན། འདོད་པའི་སས་བསྡུས་ཡིན་པས་ཁྱབ་ཟེར་ན། དེའི་རྟེན་ཅན་གྱི་གང་ཟག་གི་རྒྱུད་ཀྱི་བསམ་གཏན་དང་པོའི་མིག་དབང་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་པའི་རྟེན་ཅན་གྱི་གང་ཟག་གི་བསམ་གཏན་དང་པོའི་མིག་ལ་བརྟེན་ནས་བསམ་གཏན་དང་པོའི་གཟུགས་ལ་ལྟ་བའི་ཚེ། རྟེན། དབང་པོ། ཡུལ། རྣམ་པར་ཤེས་པ་རྣམས་མི་མཚུངས་པའི་ཕྱིར། དེར་ཐལ། རྟེན་འདོད་པའི་སས་བསྡུས། ལྷག་མ་རྣམས་བསམ་གཏན་དང་པོའི་སས་བསྡུས་ཡིན་པའི་ཕྱིར། དེར་ཐལ། བསམ་བརྟན་དང་པོ་བ་དེས་གཉིས་པའི་མིག་ལ་བརྟེན་ནས་གཉིས་པའི་གཟུགས་ལ་ལྟ་བའི་ཚེ་རྟེན་རྣམ་པར་ཤེས་པ་གཉིས་བསམ་གཏན་དང་པོའི་སས་བསྡུས། ལྷག་མ་གཉིས་བསམ་གཏན་གཉིས་པའི་སས་བསྡུས་པའི་ཕྱིར། དེར་ཐལ། དེ་གསུམ་པ་བས། དེ་བཞི་པ་བའི་མིག་ལ་བརྟེན་ནས་གཉིས་པའི་གཟུགས་ལ་ལྟ་བའི་ཚེ། དབང་པོ་དེ་བཞི་པའི་སས་བསྡུས། རྟེན་དེ་གསུམ་པའི་སས་བསྡུས། ཡུལ་དེ་གཉིས་པའི་སས་བསྡུས། རྣམ་པར་ཤེས་པ་དེ་དང་པོའི་སས་བསྡུས་པའི་ཕྱིར།

འདུས་བྱས་མིང་གི་རྣམ་གྲངས་སོགས་བཤད་པ།


GLG014_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་འདུས་བྱས་སྤྱིའི་མིང་གི་རྣམ་གྲངས་དང་། ཟག་བཅས་ཀྱི་མིང་གི་རྣམ་གྲངས་གཉིས་ལས། དང་པོ་ནི། འདུས་བྱས་དེ་དག་ཉིད་ཆོས་ཅན། དུས་ཞེས་བྱ་སྟེ། དུས་གསུམ་འཇོག་པའི་གཞི་ཡིན་པའི་ཕྱིར། དེ་ཆོས་ཅན། གཏམ་གཞི་ཞེས་བྱ་སྟེ། རྗོད་བྱེད་ཀྱི་གཏམ་རྣམས་འབྱུང་བའི་གཞི་ཡིན་པའི་
ཕྱིར། དེ་ཆོས་ཅན། ངེས་པར་འབྱུང་བཅས་ཞེས་བྱ་སྟེ། ངེས་པ་གདོན་མི་ཟ་བ་དང་། འབྱུང་བ་མྱང་འདས་ཡིན་པས། ཁྱོད་དོར་ནས་ལྷག་མེད་མྱང་འདས་མངོན་དུ་བྱེད་དགོས་པའི་ཕྱིར། དེ་ཆོས་ཅན། གཞི་དང་བཅས་པ་ཞེས་བྱ་སྟེ། སྐྱེད་པར་བྱེད་པའི་རྒྱུ་དང་བཅས་པའི་ཕྱིར། གཉིས་པ་ནི། ཟག་བཅས་ཀྱི་ཕུང་པོ་ལྔ་གང་དག་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་ཞེས་བྱ་སྟེ། ཁྱོད་ཉེར་ལེན་ཉོན་མོངས་པ་དེ་དག་ལས་བྱུང་བ་དང་། དེ་དག་ལ་རག་ལུས་པ་དང་། ཁྱོད་ལས་རང་འབྲས་ཉེར་ལེན་ཉོན་མོངས་པ་རྣམས་བྱུང་བའི་ཕྱིར། དཔེར་ན་རྩྭ་ལས་བྱུང་བའི་མེ་ལ་རྩྭ་མེ་དང་། རྒྱལ་པོ་ལ་རག་ལུས་པའི་མི་ལ་རྒྱལ་པོའི་མི་དང་། མེ་ཏོག་སྐྱེད་པའི་ཤིང་ལ་མེ་ཏོག་གི་ཤིང་ཞེས་བརྗོད་པ་ལྟར་རོ། །ཟག་ཕུང་དེ་དག་ཆོས་ཅན། འཐབ་བཅས་ཞེས་ཀྱང་བྱ་སྟེ། ཁྱོད་ལ་བརྟེན་ནས་རང་གཞན་ལ་དམིགས་པའི་ལུས་ངག་གི་འཐབ་མོ་འབྱུང་བའི་ཕྱིར། དེ་ཆོས་ཅན། སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་གསུམ་པོ་གང་རུང་དང་འབྲེལ་བའི་ཕྱིར། དེ་ཆོས་ཅན། ཀུན་འབྱུང་ཞེས་བྱ་སྟེ། སྡུག་བསྔལ་ཕྱི་མ་སྐྱེད་པའི་ཕྱིར། དེ་ཆོས་ཅན། འཇིག་རྟེན་ཞེས་བྱ་སྟེ། སྐད་ཅིག་གིས་འཇིག་ཅིང་གཉེན་པོས་ཀྱང་འཇིག་པའི་ཕྱིར། དེ་ཆོས་ཅན། ལྟ་གནས་ཞེས་བྱ་སྟེ། ལྟ་བ་ངན་པ་རྣམས་འབྱུང་བའི་གནས་ཡིན་པའི་ཕྱིར། དེ་ཆོས་ཅན། སྲིད་པ་ཞེས་ཀྱང་བྱ་སྟེ། འཁོར་བ་ཐོག་མེད་ནས་ཡང་སྲིད་ཕྱི་མ་ཡང་ཡང་དུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར།

ཆོས་གསུམ་གྱི་རྣམ་བཞག་བཤད་པ།


GLG014_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཆོས་གསུམ་གྱི་རྣམ་བཞག་ལ། ཆོས་གསུམ་སོ་སོའི་རང་བཞིན། ཆོས་གསུམ་གྱི་ཁྱད་ཆོས། ཆོས་གསུམ་གཞན་གྱིས་བསྡུས་ཚུལ་དང་གསུམ། དང་པོ་ལ། གཟུགས་ཀྱིས་བསྡུས་པའི་ཆོས་གསུམ། གཟུགས་སེམས་གཉིས་ལས་གཞན་པས་བསྡུས་པའི་ཆོས་གསུམ། སེམས་


GLG014_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྡུས་པའི་ཆོས་གསུམ། དང་པོ་ལ་གཟུགས་ཕུང་གི་རང་བཞིན་དང་། དེ་ལས་ཕྱུང་སྟེ་ཁམས་དང་སྐྱེ་མཆེད་དུ་འཇོག་ཚུལ་གཉིས། དང་པོ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ་ནི། དབང་པོ་ལྔ་དོན་ལྔ་དང་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་བཅུ་གཅིག་ཆོས་ཅན། གཟུགས་ཕུང་ཡིན་ཏེ། བློའི་ཡུལ་དུ་དུ་མ་སྤུངས་པ་ལྟར་སྣང་བའི་གཟུགས་ཅན་ཡིན་པའི་ཕྱིར། གཉིས་པ་ལ། དབང་པོ་ལྔ། དོན་ལྔ། རྣམ་པར་རིག་བྱེད་མིན་པའི་གཟུགས་བཤད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། མིག་ལ་སོགས་པ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་ཏེ་བདག་རྐྱེན་མིག་དབང་སོགས་འཇོག་ཚུལ་ཡོད་དེ། རང་འབྲས་གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་དང་བ་རྣམས་དེ་ཡིན་པའི་ཕྱིར། ལ་སོགས་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དབང་པོ་ཕྱི་མ་བཞི་ལ་ཡང་ཤུགས་ཀྱིས་གོ་ནུས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། གཟུགས་འཛིན་པའི་མིག་ཤེས་ཀྱི་ཡུལ་གཙོ་བོར་གྱུར་པའི་ཕྱིའི་སྐྱེ་མཆེད་དེ་ཡིན་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན། ཁྱོད་ལ་རྩ་བའི་སྒོ་ནས་དབྱེ་ན་རྣམ་པ་གཉིས་སུ་ཡོད་དེ། ཁྱོད་ལ་ཁ་དོག་དང་དབྱིབས་ཀྱི་གཟུགས་རྣམ་པ་གཉིས་སུ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཡན་ལག་གི་སྒོ་ནས་དབྱེ་ན་རྣམ་པ་ཉི་ཤུ་ཡོད་དེ། ཁྱོད་ལ་ཁ་དོག་བཅུ་གཉིས་དང་དབྱིབས་བརྒྱད་དུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བའི་ཁ་དོག་བཞི་དང་། ཡན་ལག་གི་ཁ་དོག་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྔོན་པོ། སེར་པོ། དམར་པོ། དཀར་པོ་བཞིར་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྲིན། དུ་བ། རྡུལ། ཁུག་རྣ། སྣང་བ་སྟེ་ཟླ་སྐར། མེ། སྨན། ནོར་བུ་


GLG014_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་འོད། མུན་པ། ཉི་མ། གྲིབ་མ་རྣམས་སུ་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། རིང་པོ། ཐུང་ངུ་། ལྷམ་པ་སྟེ་གྲུ་བཞི། ཟླུམ་པོ། མཐོ་བ་དམའ་བ། ཆ་ལེ་བ་ཆ་ལེ་བ་མ་ཡིན་པའི་གཟུགས་རྣམས་སུ་ཡོད་པའི་ཕྱིར། སྒྲ་ཆོས་ཅན། ཁྱོད་ལ་རྩ་བའི་སྒོ་ནས་དབྱེ་ན་གཉིས་ཡོད་དེ། ཁྱོད་ལ་ཟིན་པ་དང་མ་ཟིན་པའི་སྒྲ་གཉིས་ཡོད་པའི་ཕྱིར། ཡན་ལག་གི་སྒོ་ནས་དབྱེ་ན་རྣམ་པ་བརྒྱད་ཡོད་དེ། དེ་གཉིས་རེ་རེ་ལ་བཞི་བཞི་ཡོད་པའི་ཕྱིར། དེར་ཐལ། དང་པོ་སེམས་ཅན་དུ་སྟོན་པ་སྙན་མི་སྙན་དང་། མི་སྟོན་པ་སྙན་མི་སྙན་གཉིས་ཡོད་པ་གང་ཞིག །ཕྱི་མ་ལ་ཡང་དེ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྐྱེས་བུས་གླུ་ལེན་པ། སྐྱེས་བུས་ཚིག་རྩུབ་སྨྲ་བ། སིལ་ལྡན་དང་། ཁུ་ཚུར་གྱི་སྒྲ་རྣམས་རིམ་པ་བཞིན་དུ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། སྤྲུལ་པས་ཆོས་འཆད་པ། དེས་ང་རོ་སྒྲོག་པ། དྲིལ་བུ་རང་སྒྲ་འཁྲོལ་བ། བྲག་རལ་བའི་སྒྲ་རྣམས་རིམ་པ་བཞིན་དུ་ཡིན་པའི་ཕྱིར། རོ་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་དྲུག་ཏུ་ཡོད་དེ། མངར་བ། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚྭ་བ་དྲུག་ཏུ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་མང་པོར་དབྱེ་རུང་སྟེ། རྩ་བའི་སྒོ་ནས་མངར་བའི་མངར་བ་སོགས་དྲུག་ཏུ་ཕྱེ་བའི་སུམ་ཅུ་རྩ་དྲུག་དང་། དེ་རེ་རེ་ལ་ལྕེ་དབང་གིས་མྱོང་བའི་ཚེ་ལྕེ་ཤེས་ལ་ཕན་འདོགས་པའི་རོ། །འཇུ་བར་མངོན་དུ་ཕྱོགས་ཚེ་ལུས་ལ་མི་གནོད་པའི་རོ། འཇུ་བའི་ཚེ་ལུས་སེམས་ལ་ཕན་འདོགས་པའི་རོ་སྟེ་བརྒྱ་དང་བརྒྱད་ཡོད་པའི་ཕྱིར། གཞན་ཡང་ཡོད་དེ། རོ་དྲུག་ཕན་ཚུན་ཕྲད་པའི་ཁྱད་པར་ལས། རོ་དྲུག་ཅུ་རྩ་གསུམ་དུ་འགྱུར་བའི་ཕྱིར། ཇི་སྐད་དུ། འགྲེལ་པ་རྒྱལ་སྲས་མ་ལས། རིགས་དྲུག་གི་དབང་དུ་བྱས་ནས་དེ་སྐད་ཅེས་བཤད་ཀྱི། རོ་དྲུག་ཕན་ཚུན་ཕྲད་པའི་ཁྱད་པར་ལས་ནི། རོའི་རྣམ་པ་རབ་ཏུ་མང་པོར་
འགྱུར་ཏེ། སྨན་དཔྱད་ཙ་ར་ཀ་ལས། གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཕྲད་པའི་སྦྱོར་བ་ལས་རོ་དྲུག་ཅུ་རྩ་གསུམ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། དྲི་ཆོས་ཅན། ཁྱོད་ལ་རྩ་བའི་སྒོ་ནས་དབྱེ་ན་རྣམ་པ་གཉིས་ཡོད་དེ། ཞིམ་མི་ཞིམ་གཉིས་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཡན་ལག་གི་སྒོ་ནས་དབྱེ་ན་བཞི་ཡོད་དེ། དང་པོ་ལ་མཉམ་མི་མཉམ་དང་། ཕྱི་མ་ལ་མཉམ་མི་མཉམ་གཉིས་གཉིས་ཡོད་པའི་ཕྱིར། དེར་ཐལ། རྒྱ་སྤོས། ཨ་ཀ་རུ། ཤིང་ཀུན། སྒོག་སྐྱའི་དྲི་རྣམས་རིམ་པ་བཞིན་དུ་ཡིན་པའི་ཕྱིར། རེག་བྱ་ཆོས་ཅན། ཁྱོད་ལ་བཅུ་གཅིག་གི་བདག་ཉིད་དུ་དབྱེར་ཡོད་དེ། འབྱུང་བ་བཞིའི་རེག་བྱ་བཞི། འབྱུང་འགྱུར་གྱི་རེག་བྱ་བདུན་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། འཇམ་རྩུབ། ལྕི་ཡང་། བཀྲེས་སྐོམ། གྲང་བ་དང་བདུན་ཡོད་པའི་ཕྱིར། །སྨྲས་པ། དབང་པོ་ལྔ་ཡི་རིན་ཆེན་རྩིག་ངོས་ལ། །སྐྱེ་མཆེད་ལང་ཀའི་བདག་པོའི་གཟུགས་བརྙན་སྟོང་། །ཤར་ཚེ་མ་འདྲེས་བྱེད་པའི་རྣམ་དཔྱོད་ཀྱིས། །ཧ་ནུ་མནྠ་གཉིས་པ་འདི་ན་སྣང་། །གྱ་གྱུའི་སེམས་ཀྱིས་ཚེ་འདིའི་ཆེ་ཐབས་དག །སྒྲུབ་པའི་དམ་པའི་གྲལ་དུ་མ་ཚུད་ཀྱང་། །རིགས་པའི་མིག་གིས་ཤེས་བྱའི་གཟིགས་མོ་ཀུན། །མཐོང་བ་འདི་ཡང་སྐྱེས་ཐོབ་ཤེས་རབ་དྲིན། །རྗོད་བྱེད་ཉུང་ངུ་སྦྱར་བའི་གནམ་རུ་ལ། །གཟུགས་ཕུང་ཉག་ཕྲན་མཐའ་དག་རབ་སྦྱར་ནས། །བློ་གྲོས་རྒྱུད་ཀྱིས་བཀུག་ཚེ་མགྲིན་སྔོན་ཅན། །འགོག་པའི་ཏིང་འཛིན་རྫུ་ལ་བརྟེན་ནམ་སྙམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ།


GLG014_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ་ལ། ངོ་བོ། ཞར་བྱུང་གཉིས། དང་པོ་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ལ་ནི་འཇོག་ཚུལ་ཡོད་དེ། ཁྱད་ཆོས་བཞི་


GLG014_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་ལ་ངོས་འཛིན་པའི་ཕྱིར། ཁྱད་ཆོས་བཞི་དང་ལྡན་པར་བརྗོད་དེ། གནས་སྐབས། ངོ་བོ། རྒྱུན། རྒྱུ་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མ་ཡེངས་སེམས་བཅས་ཀྱི་གནས་སྐབས་སུ་འབྱུང་བར་མ་ཟད། སེམས་གཡེང་བ་དང་སེམས་མེད་པའི་གནས་སྐབས་སུ་ཡང་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། དགེ་མི་དགེ་གང་རུང་གིས་བསྡུས་པའི་ཕྱིར། གསུམ་པ་གྲུབ་སྟེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྗེས་སུ་འབྲེལ་བའི་རྒྱུན་དང་བཅས་པའི་ཕྱིར། བཞི་པ་གྲུབ་སྟེ། འབྱུང་བ་ཆེན་པོ་བཞི་རྣམས་རྒྱུར་བྱས་པའི་འབྲས་གཟུགས་ཡིན་པའི་ཕྱིར། །གཉིས་པ་ཞར་བྱུང་ནི། འབྱུང་བའི་དབྱེ་བ། བྱེད་ལས། ངོ་བོ། འཕྲོས་པའི་དོགས་དཔྱོད་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། འབྱུང་བ་དེ་དག་ལ་དབྱེ་ན་བཞི་ཡོད་དེ། ས་ཁམས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། འབྱུང་བཞིའི་བྱེད་ལས་ཡོད་དེ། སས་འཛིན་པར་བྱེད། ལ་སོགས་པ་ཆུས་སྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གིས་རྒྱས་པར་བྱེད་པ་ལས་སུ་གྲུབ་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། འབྱུང་བཞིའི་ངོ་བོ་ཡོད་དེ། སྲ་ཞིང་འཐས་པ་ས། རླན་ཞིང་གཤེར་བ་ཆུ། དྲོ་བ་ཉིད་མེ། ཡང་ཞིང་གཡོ་བ་རླུང་གི་མཚན་ཉིད་ཡིན་པའི་ཕྱིར། ཌུ་དྷཱཉ་འཛིན་པའི་བྱིངས་ལ། ཌུ་རྗེས་སུ་འགྲེལ་པ་ལས། དེའི་ཚར་པ་ལ་ཏྲྀ་མ་ཀའོ་ཞེས་པས། ཌུ་དང་། ཨིན་དང་། ཉ་དང་། ཡ་ཛ་སོགས་ལས་གཉིས་ཀའོ་ཞེས་པས་ཉ་ཕྱིས། དྷཱ་ལས་སི་ཏ་ནི་ག་མི་མ་སི་ས་ཙི་ཨ་བི་དྷཱཉ་ཀྲུ་ཤི་རྣམས་ལས་ཏུ་ནའོ་ཞེས་པས་ཏུ་པའོ་ན་རྐྱེན་བྱིན། རྗེས་འབྲེལ་ཕྱིས་པས་དྷཱ་ཏུ་ཞེས་པ་ཁམས་དང་། ཌུ་དྷྲྀ་ཉ་འཛིན་པ་ལ་པ་ཙ་སོགས་རྣམས་ལས་ཨ་ཙའོ་ཞེས་པས་ཨ་ཙའི་རྐྱེན་སྦྱར་བས་དྷ་ར་ཞེས་པ་འཛིན་པ་ཡིན་པས་གཉིས་ཀ་རྟགས་སུ་གྲུབ་ཟིན་


GLG014_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་མ་གོ་བའི། དྲུང་ཆེན་དངོས་གྲུབ། ཁམས་ཀྱི་སྐད་དོད། དྷ་ཏུ་ལ་དྷཱ་རའི་རྐྱེན་དང་སྦྱར་ཞེས་སྨྲ་བ་ནི། འཕགས་ཡུལ་གྱི་སྒྲ་མདོ་ཆེན་པོ་བརྒྱད་གང་དུ་ཡང་མ་གྲགས་པའི་བཞད་གད་ཀྱི་གཏམ་དུ་སྣང་བས། གཞན་གྱིས་དབང་མེད་དུ་ནན་གྱིས་བཀོལ་བ་ཡིན་ན་མ་གཏོགས། ཐ་སྙད་རིག་གནས་པའི་ཐུགས་ཁུར་དེ་བཞག་ནས་མཚན་ཉིད་པ་རྐྱང་པ་མཛད་ན་ལེགས་པ་འདུག་གོ །བཞི་པ་ནི། ཤེས་བྱ་ཆོས་ཅན། ས་སོགས་དང་སའི་ཁ་དོག་སོགས་ཀྱི་དབྱེ་བ་ཡོད་དེ། འཇིག་རྟེན་གྱི་ཐ་སྙད་དུ་འབྱུང་བཞིའི་ཁ་དོག་དང་དབྱིབས་ལ་འབྱུང་བཞིར་བརྗོད་པའི་ཕྱིར། དེར་ཐལ། ས་སེར་པོ་གྲུ་བཞི། ཆུ་དཀར་པོ་ཟླུམ་པོ། མེ་དམར་པོ་གྲུ་གསུམ། གཞན་ཡང་རླུང་གི་ཚོགས་ཇི་སྙེད་པ་ནི་རླུང་གི་ཁམས་ཉིད་ཡིན་པས། སྔ་མ་དེ་དང་འདྲ་བར་རླུང་སྔོན་པོ་དང་། ཟླུམ་པོ་ཞེས་བརྗོད་པའི་ཕྱིར། གཉིས་པ་དེ་ལས་ཕྱུང་སྟེ་ཁམས་དང་སྐྱེ་མཆེད་འཇོག་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། དབང་དོན་བཅུ་པོ་དེ་དག་ཁོ་ན་ལ་སྐྱེ་མཆེད་དུ་འཇོག་ཚུལ་ཡོད་དེ། གཟུགས་ཅན་གྱི་སྐྱེ་མཆེད་བཅུར་འཇོག་པའི་ཕྱིར། ཡང་དེ་ཆོས་ཅན། ཁམས་སུ་འཇོག་པའི་ཚུལ་ཡོད་དེ། གཟུགས་ཅན་གྱི་ཁམས་བཅུར་འདོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །རང་རྒྱུད་ལྡན་གྱི་གང་ཟག་ཕོར་མཚོན་པར་བྱེད་པ་དེ་ཕོ་དབང་གི་མཚན་ཉིད། རང་རྒྱུད་ལྡན་གྱི་གང་ཟག་མོར་མཚོན་པར་བྱེད་པ་དེ་མོ་དབང་གི་མཚན་ཉིད་ཟེར་ན། མཚན་གཉིས་པ་བའི་རྒྱུད་ཀྱི་ཕོ་དབང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། གང་ཟག་དེའི་རྒྱུད་ཀྱི་མོ་དབང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། གང་ཟག་དེ་ཕོ་མོ་གཉིས་ཀ་ཡིན་པར་ཐལ་ལོ། ཁ་ཅིག །ཚོར་བ་སྡུག་བསྔལ་གྱི་དབང་པོ་ཡིན་ན། ཚོར་བ་ལ་
ལྔར་ཕྱེ་བའི་ཚོར་བ་སྡུག་བསྔལ་གྱི་དབང་པོ་ཡིན་པས་ཁྱབ་ཟེར་ན། ཚོར་བ་ཡིད་མི་བདེ་བའི་དབང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་དུ་ཕྱེ་བའི་ཚོར་བ་སྡུག་བསྔལ་གྱི་དབང་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། ལུས་ཚོར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱི་ཚོར་ཡིན་པར་ཐལ་ལོ། ཁ་ཅིག །ཚོར་བ་བདེ་བའི་དབང་པོ་ཡིན་ན། ཚོར་བ་ལ་ལྔར་ཕྱེ་བའི་ཚོར་བ་བདེ་བའི་དབང་པོ་ཡིན་པས་ཁྱབ་ཟེར་ན། ཚོར་བ་བདེ་བའི་དབང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཚོར་བ་ལ་གསུམ་དུ་ཕྱེ་བའི་ཚོར་བ་བདེ་བའི་དབང་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །དད་པའི་དབང་པོ་ཡིན་ན། བྱང་ཕྱོགས་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་དད་པའི་དབང་པོ་ཡིན་པས་ཁྱབ་ཟེར་ན། དེ་ཡིན་ན་ལམ་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པ་གང་ཞིག །བྱང་ཕྱོགས་སོ་བདུན་གྱི་དད་པར་ལམ་གྱིས་ཁྱབ་པའི་ཕྱིར། འདོད་ན། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་དད་པའི་དབང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས།

ལྡན་མིན་འདུ་བྱེད་བཤད་པ།


GLG014_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཟུགས་སེམས་གཉིས་ལས་གཞན་པས་བསྡུས་པའི་ཆོས་གསུམ་ལ། ངོ་བོ། དེ་ལས་ཁམས་དང་སྐྱེ་མཆེད་འཇོག་ཚུལ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཚོར་བའི་མཚན་ཉིད་ཡོད་དེ། རང་སྟོབས་ཀྱིས་ཉམས་སུ་མྱོང་བའི་སེམས་བྱུང་དེ་ཡིན་པའི་ཕྱིར། ཚོར་བ་དེ་ཆོས་ཅན། ཁྱོད་ལ་དབྱེ་ཚུལ་ཡོད་དེ། བདེ་བ་སོགས་ལྔར་དབྱེ་རིགས་པའི་ཕྱིར། ཤེས་བྱ་ཆོས་ཅན། འདུ་ཤེས་ཀྱི་མཚན་ཉིད་ཡོད་དེ། རང་སྟོབས་ཀྱིས་ཡུལ་སྤུ་རིས་མཚན་མ་མི་འདྲ་བར་འཛིན་པའི་བདག་ཉིད་ཀྱི་སེམས་བྱུང་དེ་ཡིན་པའི་ཕྱིར།


GLG014_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་ཡོད་དེ། ཁྱོད་ལ་རྟོག་བཅས་རྟོག་མེད་གཉིས་སུ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ཡོད་དེ། ཕུང་པོ་གཞན་བཞི་ལས་དོན་གཞན་ཞིག་ཏུ་གྱུར་པའི་འདུས་བྱས་དེ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་ཕུང་པོ་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་ཡོད་དེ། ཁྱོད་ལ་མཚུངས་ལྡན་འདུ་བྱེད་དང་ལྡན་མིན་འདུ་བྱེད་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། གཟུགས་སེམས་གཉིས་ལས་གཞན་པའི་ཆོས་གཏན་ལ་ཕབ་པས་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་བྱ་བ་རྣམས་ཀྱང་གཏན་ལ་ཕབ་པར་འགྱུར་ཏེ། དེ་གསུམ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་འདུས་མ་བྱས་རྣམས་དང་བཅས་པ་རྣམས་སྐྱེ་མཆེད་ཁམས་སུ་འཇོག་པའི་ཕྱིར། གསུམ་པ་སེམས་ཀྱིས་བསྡུས་པའི་ཆོས་གསུམ་ལ། ཆོས་གསུམ་གྱི་རང་བཞིན། ཆོས་གསུམ་གྱི་གཙོ་བོ་ངོས་གཟུང་བ། ཞར་ལ་ཁམས་ཀྱི་གྲངས་ངེས་ལ་རྩོད་པ་སྤང་བ་དང་གསུམ། དང་པོ་ནི། རྣམ་ཤེས་ཚོགས་དྲུག་ཆོས་ཅན། རྣམ་ཤེས་ཀྱི་ཕུང་པོ་ཡིན་ཏེ། བློའི་ཡུལ་དུ་དུ་མ་སྤུངས་པ་ལྟར་སྣང་ཞིང་། ངོ་བོ་རང་གི་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པའི་གཙོ་སེམས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཡིད་ཀྱི་སྐྱེ་མཆེད་ཀྱང་ཡོད་དེ། དྲུག་པོ་དེ་ཉིད་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཁམས་བཅོ་བརྒྱད་དུ་འཇོག་པའི་ཚེ་རྣམ་ཤེས་ཀྱི་ཁམས་བདུན་དག་ཏུའང་འདོད་དེ། རྣམ་པར་ཤེས་པ་དྲུག་དང་། བདུན་པ་ཡིད་ཁམས་རྣམས་སུ་ཡོད་པའི་ཕྱིར། ཡིད་ཀྱི་ཁམས་དེ་རྣམ་ཤེས་ཚོགས་དྲུག་ལས་དོན་གཞན་མ་ཡིན་ཏེ། རང་གི་བདག་འབྲས་ཀྱི་དུས་ན་འདས་མ་ཐག་པའི་རྣམ་ཤེས་ཚོགས་དྲུག་འདས་མ་ཐག་པ་སྟེ་དེ་ནས་རྣམ་ཤེས་གཞན་གྱིས་བར་མ་ཆོད་པའི་རྣམ་ཤེས་གང་ཡིན་པ་དེ་ཡིད་ཀྱི་ཁམས་ཡིན་པའི་ཕྱིར། ཡིད་ཁམས་ཆོས་ཅན། རྣམ་ཤེས་ཚོགས་དྲུག་


GLG014_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོགས་སུ་སྨོས་པ་ལ་རྒྱུ་མཚན་ཡོད་དེ། དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་ཐུན་མོང་མིན་པའི་རྟེན་ནི་རབ་ཏུ་བསྒྲུབ་པའི་ཕྱིར་དུ་སྨོས་པའི་ཕྱིར། ཁམས་ཆོས་ཅན། ཁྱོད་ལ་ལྡོག་པའི་སྒོ་ནས་དབྱེ་ན་བཅོ་བརྒྱད་དག་ཏུ་འདོད་དེ། ཁྱོད་ལ་བདག་རྐྱེན་བྱེད་པའི་ཁམས་དྲུག །དམིགས་པ་ཡུལ་གྱི་ཁམས་དྲུག །འབྲས་བུ་རྣམ་ཤེས་ཀྱི་ཁམས་དྲུག་རྣམས་སུ་ཡོད་པའི་ཕྱིར། བཅོ་བརྒྱད་པོ་དེ། རྫས་ཀྱི་སྒོ་ནས་བཅུ་གཉིས་སུ་འདུ་སྟེ། རྣམ་ཤེས་ཚོགས་དྲུག་ཡིད་ཁམས་སུ་འདུ་བའི་ཕྱིར། ཅུང་ཟད་བསྡུ་ན་བཅུ་བདུན་དུ་ཡོད་དེ། ཡིད་ཁམས་རྣམ་ཤེས་ཚོགས་དྲུག་ལས་གཞན་དུ་མེད་པའི་ཕྱིར། གཉིས་པ་ཆོས་གསུམ་གྱི་གཙོ་བོ་ངོས་གཟུང་བ་ནི། གཟུགས་ཀྱི་ཕུང་པོ་དང་ནི་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཁམས་གཅིག་པུ་དེ་གསུམ་པོ་ཆོས་ཅན། ཆོས་གསུམ་གྱི་གཙོ་བོ་ཡིན་ཏེ། ཁྱོད་ཀྱིས་ཆོས་ཐམས་ཅད་བསྡུས་པའི་ཕྱིར། དེར་ཐལ། གཟུགས་ཀྱིས་བསྡུས་པའི་ཆོས་གཟུགས་ཕུང་དང་། སེམས་ཀྱིས་བསྡུས་པའི་ཆོས་ཡིད་ཀྱི་སྐྱེ་མཆེད་དང་། གཟུགས་སེམས་ལས་གཞན་པའི་ཆོས། ཆོས་ཁམས་ཀྱིས་བསྡུས་པའི་ཕྱིར། བསྡུ་ཚུལ་དེ་ནི། རང་གི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་བསྡུས་པ་ཡིན་ཏེ་འདིར་བསྡུ་བྱའི་ཆོས་ནི་སྡུ་བྱེད་གཞན་གྱི་བསྡུ་བྱའི་དངོས་པོར་མི་ལྡན་པའི་ཕྱིར། གསུམ་པ་ཁམས་ཀྱི་གྲངས་ངེས་ལ་རྩོད་པ་སྤོང་བ་ནི། ཁོ་ན་རེ། ཁམས་བཅོ་བརྒྱད་དུ་གྲངས་མ་ངེས་པར་ཐལ། མིག་གཡས་གཡོན་སོགས་ཡོད་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། མིག་རྣ་བ་སོགས་གསུམ་པོ་གཉིས་གཉིས་ཡོད་པས་གྲངས་མངས་བར་ཐལ་བའི་སྐྱོན་མེད་དེ། མིག་གཡས་གཡོན་གཉིས་མིག་ཏུ་རིགས་གཅིག་པ་དང་སྤྱོད་ཡུལ་གཟུགས་ལ་དམིགས་པ་དང་། འབྲས་བུ་རྣམ་ཤེས་སྐྱེད་པ་འདྲ་བའི་


GLG014_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་གྱིས་ཁམས་གཅིག་ཏུ་བཞག་པའི་ཕྱིར། འོ་ན། གང་ཟག་གཅིག་ལ་མིག་སོགས་གསུམ་རེ་རེས་དོན་བྱེད་ནུས་པ་ལ་གཉིས་གཉིས་ཡོད་པས་ཅི་བྱ་ཟེར་ན། ཤེས་བྱ་ཆོས་ཅན། སྐྱེས་བུ་ལ་མིག་གཉིས་བྱུང་བའི་རྒྱུ་མཚན་ཡོད་དེ། རྟེན་མཛེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ཆོས་གསུམ་གྱི་ཁྱད་ཆོས་ལ། ཆོས་གསུམ་གྱི་སྒྲ་དོན། ཆོས་གསུམ་གསུངས་པའི་དགོས་པ། ཆོས་གསུམ་གྱི་གོ་རིམ་དང་གསུམ། དང་པོ་ནི། ཕུང་པོ་ལྔ་ཆོས་ཅན། ཕུང་པོ་ཞེས་བྱ་སྟེ། དུ་མ་སྤུངས་པའི་འདུས་བྱས་ཡིན་པའི་ཕྱིར། སྐྱེ་མཆེད་བཅུ་གཉིས་ཆོས་ཅན། སྐྱེ་མཆེད་ཅེས་བྱ་སྟེ། རྣམ་ཤེས་སྐྱེད་པའི་སྒོ་ནས་དེ་སྐྱེ་ཞིང་མཆེད་པར་བྱེད་པའི་ཕྱིར། ཁམས་བཅོ་བརྒྱད་ཆོས་ཅན། ཁམས་ཞེས་བྱ་སྟེ། འབྲས་བུ་འབྱུང་བའི་རྒྱུའམ་རིགས་ཡིན་པའི་ཕྱིར།གཉིས་པ་ལ། དགོས་པ་དངོས་དང་། དོགས་དཔྱོད་གཉིས། དང་པོ་ནི། ཕུང་པོ་ལ་སོགས་པའི་ཆོས་གསུམ་བསྟན་པ་ལ་དགོས་པ་ཡོད་དེ། སེམས་བྱུང་ལ་རིལ་པོ། གཟུགས་ཅན་ལ་རིལ་པོ། གཟུགས་སེམས་གཉིས་ཀ་ལ་རིལ་པོ་གཅིག་ཏུ་རྨོངས་པའི་རྨོངས་པ་གསུམ་པོ་དེ་བཟློག་པའི་དགོས་པ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཕུང་པོ་ལྔ་བཤད་པས་རྨོངས་པ་དང་པོ་བཟློག་ནུས་ཏེ། ཕུང་པོ་ལྔའི་སྐབས་སུ་སེམས་བྱུང་གི་ཕུང་པོ་ལ་གསུམ་དུ་ཕྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། སྐྱེ་མཆེད་བཅུ་གཉིས་བཤད་པས་རྨོངས་པ་གཉིས་པ་བཟློག་ནུས་ཏེ། དེའི་སྐབས་སུ། གཟུགས་ཅན་གྱི་སྐྱེ་མཆེད་ལ་བཅུར་ཕྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། ཁམས་བཅོ་བརྒྱད་བཤད་པས་རྨོངས་པ་གསུམ་པ་བཟློག་ནུས་ཏེ། དེའི་སྐབས་སུ། གཟུགས་ཅན་གྱི་ཁམས་ལ་བཅུ་དང་། རྣམ་ཤེས་ཀྱི་ཁམས་ལ་བདུན་དུ་བཤད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་གསུམ་གསུངས་པའི་དགོས་པ་གཞན་ཡང་ཡོད་དེ།


GLG014_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྣོན་ལ་ཚིག་བསྡུས་པ། དབང་འབྲིང་ལ་འབྲིང་། དབང་རྟུལ་ལ་རྒྱས་པ་འདོད་པ་གསུམ་དང་འཚམ་པར་བསྟན་ནས་རྗེས་སུ་གཟུང་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སེམས་བྱུང་གི་ནང་ནས་ཚོར་བ་དང་འདུ་ཤེས་གཉིས་ཕུང་པོ་ལོགས་སུ་བཞག་པ་ལ་རྒྱུ་མཚན་ཡོད་དེ། དེ་གཉིས་རྩོད་པའི་རྩ་བར་གྱུར་པས་འགྲོ་བ་རྣམས་འཁོར་བར་འཁོར་བའི་རྒྱུ་བྱེད་པའི་ཕྱིར། དེར་ཐལ། གཞན་རྣམས་ལས་རགས་ཤིང་ཉོན་མོངས་ཀྱི་གོ་རིམ་གྱི་རྒྱུ་བྱེད་པའི་ཕྱིར། འདུས་མ་བྱས་ཕུང་པོ་སྒོ་དུ་མ་བཤད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དུ་མ་སྤུངས་པའི་དོན་དུ་མི་རུང་བའི་ཕྱིར། གསུམ་པ་གོ་རིམ་ལ། ཕུང་པོའི་གོ་རིམ། ཁམས་དང་སྐྱེ་མཆེད་ཀྱི་གོ་རིམ། ཞར་བྱུང་དང་གསུམ། དང་པོ་ནི། ཕུང་པོ་ལྔའི་གོ་རིམ་འདི་རགས་པ་དང་པོར་བསྟན་ནས་ཕྲ་བ་མཇུག་ཏུ་བསྟན་པ་ཡིན་ཏེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྲ་བའི་ཕྱིར། དེ་འདྲའི་གོ་རིམ་དེ་ལྟར་བྱས་པ་ལ་རྒྱུ་མཚན་ཡོད་དེ། གཟུགས་མཐོང་བས་ཉོན་མོངས་སྐྱེ། དེ་ནས་ཚོར་བ། ཚོར་བས་བདེ་བ་ཐོབ་འདོད། དེ་ནས་འདུ་ཤེས་ཕྱིན་ཅི་ལོག །དེ་ནས་འདུ་བྱེད་ཆགས་སྡང་སོགས། དེ་ནས་རྣམ་པར་ཤེས་པ་ཉོན་མོངས་ཅན་གྱི་ངོ་བོར་སྐྱེ་བའི་ཀུན་ནས་ཉོན་མོངས་སྐྱེ་བའི་གོ་རིམ་དང་མཐུན་པའི་ཕྱིར། དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། གཟུགས་སྣོད། ཚོར་བ་ཟས། འདུ་ཤེས་བྱན། འདུ་བྱེད་བྱན་པོ། རྣམ་ཤེས་དེ་ལ་ལོངས་སྤྱོད་པ་པོ་དང་མཚུངས་པར་ཤེས་པའི་དགོས་པ་ཡོད་པའི་ཕྱིར། དེར་ཐལ། སྣོད་ལ་སོགས་པས་དོན་ཁམས་ཇི་ལྟ་བ་བཞིན་དུ་ངེས་པའི་ཕྱིར། དེར་ཐལ། སྣོད་ཀྱིས་ཟས་རྟེན་པ་བཞིན་དུ་གཟུགས་ཀྱིས་ཚོར་བ་རྟེན། ཟས་ལོངས་སྤྱད་བྱ་ཡིན་པ་བཞིན་དུ། ཚོར་བ་རྣམ་ཤེས་ཀྱིས་སྤྱད་བྱ་ཡིན། བྱན་དེས་ཟས་ཞིམ་པར་བྱེད་པ་བཞིན་དུ། འདུ་ཤེས་ཀྱིས་


GLG014_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་གི་ཐ་སྙད་འདོགས། བྱན་པོས་ཟས་འདྲེན་པར་བྱེད་པ་བཞིན་དུ། འདུ་བྱེད་ཀྱིས་རྣམ་ཤེས་ཀྱི་ཡུལ་ལ་བདེ་སྡུག་སྐྱེད་པར་བྱེད། སྐྱེས་བུ་ཟས་ཟ་བ་བཞིན་དུ་རྣམ་ཤེས་ཀྱིས་བདེ་སྡུག་ལ་སྤྱོད་པའི་ཕྱིར། དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། འདོད་ཁམས་གཟུགས་ཀྱིས་ཕྱེ། བསམ་གཏན་བཞི་ཚོར་བས་ཕྱེ། གཟུགས་མེད་དང་པོ་གསུམ་འདུ་ཤེས་ཀྱིས་ཕྱེ། སྲིད་རྩེ་འདུ་བྱེད་ཀྱིས་ཕྱེ། རྣམ་ཤེས་ཀུན་ལ་ཁྱབ་པའི་རྒྱུ་མཚན་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། གཟུགས་ཅན་གྱི་དབང་པོ་ལྔ་དང་པོར་བསྟན་ནས་ཡིད་དབང་རྗེས་སུ་བཤད་པ་ལ་དགོས་པ་ཡོད་དེ། དང་པོ་ལྔ་ཡུལ་ད་ལྟར་བ་ཁོ་ན་ལ་འཇུག །ཕྱི་མ་གཅིག་པུ་དུས་གསུམ་ག་ལ་འཇུག་པའི་དོན་ཅན་ཡིན་པའི་ཕྱིར། གཟུགས་ཅན་གྱི་དབང་པོ་ལྔའི་ནང་ནས་ལུས་དབང་རྗེས་སུ་བཤད་པ་ལ་དགོས་པ་ཡོད་དེ། དོན་དེ་བཞི་འབྱུང་གྱུར་ཁོ་ནའི་ཡུལ་ཅན་དང་། གཅིག་པུ་བྱུང་བ་དང་འབྱུང་གྱུར་གཉིས་ཀ་ལ་འཇུག་པའི་ཕྱིར། གཞན་མིག་སྣའི་དབང་པོ་གཉིས་ཀྱི་ནང་ནས་སྔ་མ་དང་པོར་བཤད་པ་ལ་དགོས་པ་ཡོད་དེ། མིག་དབང་གིས་ཆེས་རིང་བའི་ཡུལ་ལ་འཇུག་ལ། ཅིག་ཤོས་ཀྱིས་དེ་ཙམ་གྱི་སྒྲ་མི་ཐོས་པའི་ཕྱིར། སྣ་ལྕེ་གཉིས་ཀྱི་ནང་ནས། སྣ་དང་པོར་བཤད་པ་ལ་དགོས་པ་ཡོད་དེ། དེ་ཡུལ་ལ་མྱུར་བར་ལྕེས་རོ་མ་མྱོང་པའི་སྔོན་དུ་འཇུག་པའི་ཕྱིར། ཡང་ན་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། གོང་གི་གོ་རིམ་དེ་དབང་རྟེན་ལུས་ལ་ཇི་ལྟར་གནས་པ་བཞིན་གྱི་རིམ་པ་ཡིན་པའི་ཕྱིར། གསུམ་པ་ནི། མིག་གི་ཡུལ་ཁོ་ན་ལ་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དུ་བཞག་པ་ལ་དགོས་པ་ཡོད་དེ། སྤྱིར་གཟུགས་ཅན་བཅུ་གཟུགས་ཡིན་ཡང་འདིར་སྤྱི་མིང་བྱེ་བྲག་ལ་བཏགས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་བཏགས་པ་ལ་དགོས་པ་ཡོད་དེ། དེ་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར།
ཡིད་ཤེས་ཁོ་ནའི་ཡུལ་ལ་གཅིག་ནི་ཆོས་ཁམས་ཞེས་བྱ་བར་བཞག་པ་ལ་དགོས་པ་ཡོད་དེ། སྤྱིར་འདུས་བྱས་འདུས་མ་བྱས་ཐམས་ཅད་ཆོས་ཡིན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དེས། དེ་གཉིས་ཀའི་ཆོས་མང་པོ་དང་ཆོས་ཀྱི་མཆོག་མྱང་འདས་ཡུལ་དུ་བསྡུས་པའི་ཕྱིར། །སྨྲས་པ། ཕུང་ཁམས་སྐྱེ་མཆེད་རི་དྭགས་མིག་ཅན་ལ། །མ་འདྲེས་འབྱེད་པའི་རིན་ཆེན་ཕྲ་ཚོམས་ཀྱིས། །རྣམ་པར་བརྒྱན་འདི་བློ་གསལ་འདོད་ལྡན་ལ། །དགའ་བའི་རྩེད་འཇོར་བྱིན་ནོ་ད་ལོང་ཞིག །སྙན་སྙན་ངག་གི་མི་ཟད་ལོངས་སྤྱོད་ཀུན། །ལྷུག་ལྷུག་སྩོལ་བའི་འཇམ་དབྱངས་ཟུར་ཕུད་ཅན། །དུལ་དུལ་བཤེས་གཉེན་ཟློས་གར་སྟོན་མཛད་པའི། །མང་མང་འགྲོ་བའི་གཉེན་གཅིག་བླ་མ་རྗེ། །རྗེ་བཙུན་མཆོག་དེའི་དྲིན་ལས་དབྱིག་གཉེན་ཞབས། །ཞབས་པད་དངོས་སུ་བསྟེན་ལྟར་ཆོས་ཚུལ་འདི། །འདི་ཞེས་ཕྲ་ཞིང་གསལ་པོར་སྟོན་པའི་བློ། །བློ་ཆེན་གཞན་གྱི་དྲིན་ལ་ལྟོས་མ་དགོས། །སྐྱེ་བའི་གྲགས་པས་བླུན་པོའི་མགོ་བོ་བསྐོར། །རིགས་རུས་ཙམ་གྱིས་ཆེན་པོའི་གཙུག་ན་འགྱིང་། །སྒོམ་ཆེན་ཚུལ་གྱིས་ཚེ་འདིའི་འབྱིད་ཐབས་འཚོལ། །དེ་འདྲའི་བསྟན་འཛིན་རྣམས་ལ་འདི་མ་མཆིས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ཆོས་ཕུང་གི་ངོ་བོ་སོགས་བཤད་པ།


GLG014_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཆོས་གསུམ་གཞན་གྱིས་བསྡུས་ཚུལ་ལ། ཆོས་ཕུང་གི་བསྡུས་ཚུལ་དང་། ཁམས་དང་སྐྱེ་མཆེད་གཞན་གྱི་བསྡུས་ཚུལ་གཉིས། དང་པོ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། ཐུབ་པའི་དབང་པོས། འདོད་ཆགས། ཞེ་སྡང་། གཏི་མུག །དུག་གསུམ་ཆ་མཉམ་དང་བཅས་པའི་གཉེན་པོར་ཉི་ཁྲི་རེ་གསུངས་པའི་ཆོས་ཀྱི་ཕུང་པོ་དེ་དག་ཆོས་ཅན། མདོ་སྡེ་པ་ལྟར་ན་གཟུགས་ཀྱི་ཕུང་པོར་འདུས་ཏེ། རྗོད་བྱེད་ཀྱི་ཚིག་ཡིན་པའི་ཕྱིར། དེ་ཆོས་ཅན།


GLG014_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ཏུ་སྨྲ་བ་ལྟར་ན། འདུ་བྱེད་ཀྱི་ཕུང་པོར་འདུས་ཏེ། མིང་སྤྱི་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཆོས་ཕུང་གི་ཚད་ལ་གཞན་གྱི་འདོད་ཚུལ་ཡོད་དེ། ཁ་ཅིག །ཤཱ་རིའི་བུས་མཛད་པའི་ཆོས་ཀྱི་ཕུང་པོའི་བསྟན་བཅོས་ཤློ་ཀ་དྲུག་སྟོང་ཡོད་པ་དེ་དང་། ལ་ལ་དག་ཕུང་པོ་སྐྱེ་མཆེད་ལ་སོགས་པ་དོན་ཚན་རེ་རེ་རྫོགས་པར་སྟོན་པའི་གཏམ་རེ་ཡིན་པར་འདོད་པའི་ཕྱིར། ཤེས་བྱ་ཆོས་ཅན། སློབ་དཔོན་རང་ལུགས་ཀྱི་བཞེད་པ་ཡོད་དེ། ཉོན་མོངས་པ་སྣ་རེ་འདུལ་བའི་གཉེན་པོ་རྫོགས་པར་སྟོན་པ་ལ་བྱེད་པའི་ཕྱིར། དེར་ཐལ། ཉོན་མོངས་པ་བརྒྱད་ཁྲི་ལ་སྤྱོད་པ་རྣམས་ཀྱི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གྲངས་མཐུན་པར་གསུངས་པའི་ཕྱིར། གཉིས་པ་ཁམས་དང་སྐྱེ་མཆེད་གཞན་གྱིས་བསྡུས་ཚུལ་ནི། ཤེས་བྱ་ཆོས་ཅན། ཆོས་ཕུང་ཆོས་གསུམ་གྱིས་བསྡུས་པ་དེ་བཞིན་དུ། གཞན་ཡང་མདོ་ལས་ཅི་རིགས་པར་གསུངས་པའི་ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། རང་གི་མཚན་ཉིད་ལ་ལེགས་པར་དཔྱད་དེ་འདིར་ཇི་སྐད་བཤད་པའི་ཆོས་གསུམ་དུ་བསྡུ་བར་བྱ་སྟེ། ཚུལ་ཁྲིམས། ཏིང་འཛིན། ཤེས་རབ། རྣམ་གྲོལ། དེའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམས་ལས། དང་པོ་གཟུགས་ཕུང་དང་། ལྷག་མ་འདུ་བྱེད་ཀྱི་ཕུང་པོར་བསྡུ་ཞིང་། གཞན་དེར་མ་འདུས་པའི་ཆོས་མེད་པའི་ཕྱིར། སྣོད་དང་། དཀར་ཁུང་ལ་སོགས་པའི་བུ་ག་ལ་ནམ་མཁའི་ཁམས་ཞེས་བྱ་སྟེ། དེ་ཉིན་མོར་སྣང་བ་དང་། མཚན་མོར་མུན་པའི་རང་བཞིན་དག་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཟག་བཅས་ཀྱི་རྣམ་ཤེས་ནི་ཁམས་དྲུག་ཏུ་ཕྱེ་བའི་རྣམ་ཤེས་ཀྱི་ཁམས་ཡིན་ཏེ། ཁམས་དྲུག་ཏུ་ཕྱེ་བའི་རྣམ་ཤེས་ཀྱིས་ཡང་སྲིད་དུ་སྐྱེ་བའི་རྟེན་བྱེད་ཀྱི་ཟག་མེད་ཀྱི་རྣམ་ཤེས་ཀྱིས་དེ་ལྟར་མི་བྱེད་པའི་ཕྱིར། གསུམ་པ་ཁམས་ཀྱི་རྣམ་པའི་རབ་དབྱེ་ལ་མཚན་ཉིད་ཀྱི་སྒོ་


GLG014_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སུམ་ཚན་གྱི་སྒོ་ནས། བཅས་མ་བཅས་ཀྱི་སྒོ་ནས། གྲུབ་པ་གཟུགས་སོགས་ཀྱི་སྒོ་ནས། བྱུང་སོགས་ཀྱི་སྒོ་ནས། ལྟ་སོགས་ཀྱི་སྒོ་ནས་དབྱེ་བ་དང་དྲུག །དང་པོ་ནི། གཟུགས་ཀྱི་སྐྱེ་མཆེད་གཅིག་པུ་ཆོས་ཅན། བསྟན་ཡོད་ཡིན་ཏེ། མིག་ཡུལ་དུ་བསྟན་དུ་ཡོད་པའི་གཟུགས་ཡིན་པའི་ཕྱིར། གཟུགས་ཅན་བཅུ་པོ་ཆོས་ཅན། ཐོགས་པ་དང་བཅས་ཏེ། རང་ཡོད་པའི་སར་གཟུགས་ཅན་གཞན་འབྱུང་བར་ཐོགས་པ་དང་། རང་ཉིད་གཞན་ལ་ཕར་ཐོགས་པ་གང་རུང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་ཀྱི་སྐྱེ་མཆེད་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྣང་བ་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་རྣམས་ཐོགས་ཚུལ་ཡོད་དེ། ཡུལ། དམིགས་པ། སྒྲིབ་པ་གསུམ་ལ་ཐོགས་པའི་ཕྱིར། དང་པོ་གྲུབ་སྟེ། ཡུལ་ཅན་རྣམས་ཡུལ་ལ་ཐོགས་པའི་ཕྱིར། དེར་ཐལ། མིག་དབང་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་ཆུ་ལ་ཐོགས་ལ་སྐམ་ལ་མི་ཐོགས་པའི་མུ། སྐམ་ལ་ཐོགས་ལ་ཆུ་ལ་མི་ཐོགས་པའི་མུ། གཉིས་ཀར་ཐོགས་པའི་མུ། གཉིས་ཀར་མི་ཐོགས་པའི་མུ། མཚན་མོ་ཐོགས་ལ་ཉིན་མོ་མི་ཐོགས་པ། ཉིན་མོ་ཐོགས་ལ་མཚན་མོ་མི་ཐོགས་པ། གཉིས་ཀར་ཐོགས་པ། གཉིས་ཀར་མི་ཐོགས་པའི་མུ་སྟེ་བརྒྱད་ཡོད་པའི་ཕྱིར། དང་པོ་དེར་ཐལ། ཉའི་མིག་རྣམས་དེ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། མི་ཕལ་ཆེར་གྱི་མིག་རྣམས་དེ་ཡིན་པའི་ཕྱིར། གསུམ་པ་དེར་ཐལ། ཆུ་སྲིན་བྱིས་པ་གསོད་དང་སྦལ་པའི་མིག་རྣམས་དེ་ཡིན་པའི་ཕྱིར། བཞི་པ་དེར་ཐལ། རྣམ་པ་དེ་དག་ཏུ་མ་གཏོགས་པ་རྣམས་ཀྱི་མིག་དེ་ཡིན་པའི་ཕྱིར། ལྔ་པ་དེར་ཐལ། མི་རྣམས་ཀྱི་མིག་རྣམས་དེ་ཡིན་པའི་ཕྱིར། དྲུག་པ་དེར་ཐལ། ཕ་ཝང་དང་འུག་པའི་མིག་རྣམས་དེ་ཡིན་པའི་ཕྱིར། བདུན་པ་དེར་ཐལ།


GLG014_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གུང་དང་བྱི་བའི་མིག་རྣམས་དེ་ཡིན་པའི་ཕྱིར། བརྒྱད་པ་དེར་ཐལ། དེར་མ་གཏོགས་པའི་མིག་རྣམས་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། རྣམ་པ་ཟླ་བ་གཉིས་སྣང་གི་དབང་ཤེས་དེ་དེ་ཡིན་པའི་ཕྱིར། གསུམ་པ་དེར་ཐལ། གཟུགས་ཕན་ཚུན་གཅིག་ཡོད་སར་ཅིག་ཤོས་འབྱུང་བ་ལ་གེགས་བྱེད་པའི་ཕྱིར། གཉིས་པ་ལ། དགེ་སོགས་གསུམ་དུ་དབྱེ་བ་དང་། ཁམས་གསུམ་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ། གཟུགས་སྒྲ་མ་གཏོགས་པའི་གཟུགས་ཅན་བརྒྱད་པོ་དེ་དག་ཉིད་ཆོས་ཅན། དགེ་སོགས་གསུམ་པོ་གང་རུང་ཡིན་ཏེ། མཐའ་གཅིག་ཏུ་ལུང་མ་བསྟན་ཡིན་པའི་ཕྱིར། དེ་ལས་གཞན་གཟུགས་སྒྲ་གཉིས། རྣམ་ཤེས་ཀྱི་ཁམས་བདུན། ཆོས་ཁམས་དང་བཅུ་པོ་དེ་ལ་དགེ་སོགས་རྣམ་པ་གསུམ་ཀ་ཡོད་དེ། སྡོམ་པ་ལྟ་བུ་དགེ་བའི་གཟུགས་དང་། རྫུན་ལྟ་བུ་མི་དགེ་བའི་སྒྲར་ངོས་འཛིན་དགོས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཁམས་གསུམ་དུ་འབྱེད་ཚུལ་ཡོད་དེ། འདོད་པའི་སར་གཏོགས་པ་ལ་དེ་བཅོ་བརྒྱད་པོ་ཐམས་ཅད་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། གཟུགས་ཀྱི་ཁམས་ན་དེ་བཅུ་བཞི་ཡོད་དེ། དེ་ན་དྲི་རོ་དང་། སྣའི་རྣམ་ཤེས་དང་། ལྕེའི་རྣམ་ཤེས་ཀྱི་ཁམས་མ་གཏོགས་པའི་ལྷག་མ་ཐམས་ཅད་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། གཟུགས་མེད་ཀྱི་སར་གཏོགས་པའི་དེ་གསུམ་ཡོད་དེ། དེ་ན་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ཡོད་པའི་ཕྱིར། །གསུམ་པ་ལ། ཟག་པ་དང་བཅས་མ་བཅས། རྟོག་པ་དང་བཅས་མ་བཅས། དམིགས་པ་དང་བཅས་མ་བཅས་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཁམས་ཐ་མ་དེ་གསུམ་ལ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆ་གཉིས་ཀ་ཡོད་དེ། ཡིད་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་པོ་དང་པོ་གཉིས་སུ་གཏོགས་


GLG014_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་བདེན་མ་ཡིན་པའི་འདུས་བྱས་རྣམས་ཟག་བཅས། ལམ་བདེན་དང་འདུས་མ་བྱས་ཀྱིས་བསྡུས་པ་རྣམས་ཟག་མེད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ལྷག་མ་བཅོ་ལྔ་རྣམས་ནི་ཟག་བཅས་ཡིན་ཏེ། དེ་སྒོམ་སྤང་ཡིན་པའི་ཕྱིར། གཉིས་པ་ལ། དངོས་དང་། རྩོད་སྤོང་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སྒོ་ལྔའི་རྣམ་པར་ཤེས་པའི་ཁམས་ལྔ་པོ་ཡང་། རྒྱུན་ལྡན་གྱི་དབང་དུ་བྱས་ན། རྟོག་པ་དང་དཔྱོད་པ་གཉིས་ཀ་དང་བཅས་ཏེ། དེའི་གཞན་འགྱུར་གྱི་ནང་ཚན་རྟོག་དཔྱོད་གཉིས་ཀ་ཡང་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་འབྱུང་བའི་ཕྱིར། ཁམས་ཐ་མ་གསུམ་ལ་དེ་གཉིས་ཀ་དང་བཅས་པ། སྔ་མ་མེད་ལ་ཕྱི་མ་ཡོད་པ། གཉིས་ཀ་སྤངས་པ་དང་རྣམ་པ་གསུམ་ཡོད་དེ། འདོད་པ་དང་། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་ཁམས་ཐ་མ་གསུམ་ནི་དང་པོ་ཡིན། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་ཁམས་ཐ་མ་གསུམ་ནི་གཉིས་པ་ཡིན། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཁམས་ཐ་མ་གསུམ་དང་། ཁམས་ལྷག་མ་བཅོ་ལྔ་ནི་གཉིས་ཀ་སྤངས་པ་ཡིན་པའི་ཕྱིར། གཉིས་པ་ལ། ཁོ་ན་རེ། སྒོ་ལྔའི་རྣམ་ཤེས་རྟོག་བཅས་ཡིན་པ་མི་འཐད་པར་ཐལ། མདོ་ལས། དགེ་སློང་དག །མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་དབང་ཤེས་རྟོག་བྲལ་དུ་བཤད་པ་དང་འགལ་བའི་ཕྱིར་ཟེར་ན། ཤེས་བྱ་ཆོས་ཅན། རིགས་པའི་གནོད་པ་དེའི་སྐྱོན་མི་འཇུག་སྟེ། རྟོག་བཅས་འདི་གཞན་འགྱུར་གྱི་ནང་ཚན་གྱི་རྟོག་བཅས་ཡིན་ལ། མདོ་ལས་རྟོག་བྲལ་དུ་གསུངས་པ་ནི་ངེས་པར་རྟོག་པ་དང་རྗེས་དྲན་གྱི་རྟོག་པས། རྣམ་པར་མི་རྟོག་པ་ལ་དགོངས་པའི་ཕྱིར། དེ་དག་ལས་དང་པོའི་ངོ་བོ་ཡོད་དེ་གྲོགས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ།


GLG014_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བ་རྗེས་ཐོབ་ཀྱི་གནས་སྐབས་སུ་འབྱུང་བ། ངོ་བོ་རང་ཡུལ་དོན་སྤྱིའི་ཚུལ་དུ་རྟོགས་པའི་ཤེས་རབ་ལ་འཇོག་པའི་ཕྱིར། གཉིས་པའི་ངོ་བོ་ཡོད་དེ། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ། མཉམ་རྗེས་ཐམས་ཅད་དུ་འབྱུང་བ། ངོ་བོ་དྲན་ཤེས་ལ་འཇོག་པའི་ཕྱིར། གསུམ་པ་དམིགས་པ་དང་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་ནི། སེམས་ཀྱི་ཁམས་བདུན་ཆོས་ཅན། དམིགས་པ་དང་བཅས་པ་ཡིན་ཏེ། རང་གི་དམིགས་པ་ལ་དམིགས་པའི་བློ་ཡིན་པའི་ཕྱིར། ཆོས་ཁམས་ཀྱི་ཕྱེད་སེམས་བྱུང་ཡང་ཆོས་ཅན། དམིགས་པ་དང་བཅས་ཏེ། རང་གི་དམིགས་པ་ལ་དམིགས་པའི་བློ་ཡིན་པའི་ཕྱིར། བཞི་པ་ལ། ཟིན་མ་ཟིན་གྱི་སྒོ་ནས་དབྱེ་བ། འབྱུང་བ་དང་འབྱུང་གྱུར་གྱི་སྒོ་ནས་དབྱེ་བ། བསགས་མ་བསགས་ཀྱི་སྒོ་ནས་དབྱེ་བ། གཅད་བྱ་གཅོད་བྱེད་ཀྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། ཟིན་མ་ཟིན་གྱི་ཁྱད་པར་ཡོད་དེ། གཟུགས་ཅན་ནང་ཕན་ཚུན་ཕྲད་པ་ལས་ཚོར་བ་བདེ་སྡུག་སྐྱེད་ནུས་མི་ནུས་ལ་འཇོག་པའི་ཕྱིར། རྣམ་པར་ཤེས་པའི་ཁམས་བདུན། སེམས་བྱུང་དང་བརྒྱད་པོ་དེ་དག་རྣམས་དང་། སྒྲ་དང་དགུ་པོ་ཆོས་ཅན། མ་ཟིན་པ་ཞེས་བྱ་སྟེ། གཟུགས་ཅན་ཕན་ཚུན་ཕྲད་པ་ལས་བདེ་སྡུག་སྐྱེད་མི་ནུས་པའི་ཕྱིར། གཟུགས་ཅན་གཞན་དགུ་པོ་ནི་ཆོས་ཅན། ཟིན་མ་ཟིན་རྣམ་པ་གཉིས་ཀའི་ཆ་ཡོད་དེ། སྔར་བཤད་པའི་རྒྱུ་མཚན་དེའི་ཕྱིར། གཉིས་པ་ནི། རེག་བྱའི་ཁམས་ཆོས་ཅན། ཁྱོད་ལ་འབྱུང་བ་དང་འབྱུང་གྱུར་རྣམ་པ་གཉིས་ཀ་ཡོད་དེ། ཁྱོད་ལས་ས་ལ་སོགས་པ་བཞི་འབྱུང་བ་དང་། འཇམ་རྩུབ་སོགས་བདུན་འབྱུང་གྱུར་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཁམས་བཅོ་བརྒྱད་པོ་དེ་དག་ལས་འབྱུང་གྱུར་ཁོ་ན་ཡིན་པ་ཡོད་དེ། ལྷག་མ་གཟུགས་ཅན་དགུ་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་རྣམ་པར་


GLG014_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད་མ་ཡིན་པའི་གཟུགས་ནི་འབྱུང་གྱུར་ཁོ་ན་ཡིན་པའི་ཕྱིར། གསུམ་པ་བསགས་མ་བསགས་ཀྱི་སྒོ་ནས་དབྱེ་བ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། གཟུགས་ཅན་བཅུ་ཆོས་ཅན། བསགས་པ་ཡིན་ཏེ། རྡུལ་ཕྲ་རབ་འདུས་པའི་བེམ་པོ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །རྫས་རྡུལ་དང་བསགས་རྡུལ་གི་ཁྱད་པར་ཡོད་དེ། རྫས་རྡུལ་གཟུགས་ཀྱི་ཆུང་ཐ་དང་། བསགས་རྡུལ་དེ་ལས་ཆེ་བའི་ཕྱིར། ཟེར་ན། མི་འཐད་པར་ཐལ། བསགས་རྡུལ་དེ་གཟུགས་ཀྱི་ཆུང་ཐ་ཡིན་པའི་ཕྱིར། དེར་ཐལ། རང་འགྲེལ་ལས་ཐམས་ཅད་བས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆུང་བ་ནི་མི་མངོན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །རྫས་རྡུལ་དྲུག་གམ་བརྒྱད་འདུས་པའི་གོང་བུ་དེ་བསགས་རྡུལ་ཡིན་པར་ཐལ། རྫས་རྡུལ་གཉིས་འདུས་པའི་གོང་བུ་དེ་བསགས་རྡུལ་གང་ཞིག །བསགས་རྡུལ་སྐྱེ་བའི་ཚེ་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་སྐྱེ་བའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། རྫས་རྡུལ་བདུན་འདུས་པའི་གོང་བུ་དེ་བསགས་རྡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་བདུན་འདུས་པའི་གོང་བུ་དེ་རྡུལ་ཕྲ་རབ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་རྡུལ་རགས་པ་ཡིན་པའི་ཕྱིར། དེར་ཐལ། དེ་རྡུལ་ཕྲན་ཡིན་པའི་ཕྱིར། ཁ་ཅིག །འདོད་ཁམས་ན་རྡུལ་རྫས་བརྒྱད་ལས་མེད་དེ། དེ་ན་དབང་པོའི་རྡུལ་དང་སྒྲའི་རྡུལ་མེད་པའི་ཕྱིར་ཞེ་ན། དེ་མི་འཐད་པར་ཐལ། འདོད་ཁམས་ན་དབང་པོའི་རྡུལ་དང་། སྒྲའི་རྡུལ་གཉིས་ཀ་ཡོད་པའི་ཕྱིར། དེར་ཐལ། དེ་ན་དབང་པོ་དང་སྒྲ་གཉིས་ཀ་ཡོད་པའི་ཕྱིར། ཚུལ་དེ་ནི་གཟུགས་ཁམས་ལ་སྦྱོར་རུང་བ་ཡིན་ཏེ། གཟུགས་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་དྲུག །ལུས་དབང་


GLG014_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལ་རྫས་བདུན་ནོ། །དབང་པོ་གཞན་ལྡན་རྫས་བརྒྱད་དོ། །ཞེས་པ་གཅིག་དོན་གྱིས་ཐོབ་པ་ཡིན་པའི་ཕྱིར། ཇི་སྐད་བཤད་པ་དེ་འཐད་པ་ཡིན་ཏེ། གཟུགས་ཁམས་ན་དྲི་རོ་གཉིས་མེད་པའི་དབང་གིས་ཡིན་པའི་ཕྱིར། བཞི་པ་གཅད་བྱ་གཅོད་བྱེད་ཀྱི་སྒོ་ནས་དབྱེ་བ་ནི། ཤེས་བྱ་ཆོས་ཅན། ཁམས་བཅོ་བརྒྱད་པོ་དེ་དག་ལས་གཅོད་བྱེད་དང་གཅད་པར་བྱ་བ་ཉིད་ཀྱི་ཁྱད་པར་ཡོད་དེ། དང་པོ་སྟ་རེ་ལྟ་བུ་དང་། ཕྱི་མ་ཤིང་ལྟ་བུ་ནི་ཕྱི་རོལ་གྱི་ཁམས་སྒྲ་མ་གཏོགས་པའི་གཞན་བཞི་ལ་འཇོག་པའི་ཕྱིར། དེ་ཆོས་ཅན། དེ་དག་ལ་བསྲེག་བྱ་དང་། འཇལ་བའི་ཁྱད་པར་ཡོད་དེ། སྔར་བཤད་པ་དེ་བཞིན་དུ་བསྲེག་བྱ་ཤིང་དང་འཇལ་བྱེད་སྲང་ཡང་བཞི་པོའི་སྟེང་ནས་འཇོག་པའི་ཕྱིར། ཤེས་བྱ་ཆོས་ཅན། སྲེག་བྱེད་དང་གཞལ་བྱ་གཉིས་ལ་མི་མཐུན་པར་སྨྲ་བའི་ཚུལ་ཡོད་དེ། ལ་ལ་ནི་ཁམས་བཞི་པོ་ཉིད་སྲེག་བྱེད་དང་གཞལ་བྱ་གཉིས་ཀ་ཡིན་པར་འདོད་ལ། ཁ་ཅིག་ནི་མེ་ཁོ་ན་སྲེག་བྱེད་དང་། ལྕི་བ་ཁོ་ན་གཞལ་བྱར་སྨྲ་བའི་ཕྱིར།ལྔ་པ་བྱུང་སོགས་ཀྱི་སྒོ་ནས་དབྱེ་བ་ལ། བྱུང་མ་བྱུང་གི་སྒོ་ནས། ཕྱི་ནང་གི་སྒོ་ནས་རྟེན་བཅས་དེ་མཚུངས་ཀྱི་སྒོ་ནས། སྤང་བྱ་ཡིན་མིན་གྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ལ། བྱུང་བ་སྤྱིར་བསྟན་པ། མ་བྱུང་བ་དམིགས་ཀྱིས་བསལ་བ། དབང་པོ་རྣམ་ཤེས་ཀྱི་ས་མཚུངས་དང་གསུམ། དང་པོ་ལ། རྣམ་སྨིན་གྱི་རྒྱུ། རྒྱས་བྱུང་གི་རྒྱུ། རྒྱུ་མཐུན་གྱི་རྒྱུ་དང་གསུམ། དང་པོ་ནི། ནང་གི་དབང་པོ་ལྔ་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ཏེ། ངན་འགྲོའི་དབང་པོ་ལྔ་ནི་མི་དགེ་བ་དང་། བདེ་འགྲོའི་དབང་པོ་ལྔ་ནི་དགེ་བ་ཟག་བཅས་ལས་བྱུང་བའི་ཕྱིར། གཉིས་པ་ནི། དབང་པོ་ལྔ་ཆོས་ཅན། རྒྱས་པ་ལས་བྱུང་བ་ཡིན་ཏེ། ཁམ། ཟས། གཉིད། ལེགས་སྤྱད་སོགས་ཀྱིས་རང་གི་དབང་པོ་ལྔ་རྒྱས་པར་བྱས། དེས་


GLG014_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྟེན་ཁོག་པ་རྒྱས་པར་བྱས་པའི་ཕྱིར། སྒྲ་ཆོས་ཅན། རྒྱས་པ་དང་རྒྱུ་མཐུན་གཉིས་ལས་བྱུང་བ་ཡོད་ཀྱི། རྣམ་སྨིན་ལས་སྐྱེས་པ་མ་ཡིན་ཏེ། འདོད་དགུར་དབང་སྒྱུར་དུ་ཡོད་པའི་ཕྱིར། གསུམ་པ་ནི། ཐོགས་མེད་རྣམ་ཤེས་བདུན་སེམས་བྱུང་དང་བརྒྱད་ཆོས་ཅན། རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་སྐྱེས་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་བྱུང་བ་ནི་རྒྱུ་མཐུན་དང་། རྣམ་སྨིན་ལས་བྱུང་བ་ནི་རྣམ་སྨིན་སྐྱེས་ཡིན་པའི་ཕྱིར། གཞན་སྒྲ་མ་གཏོགས་པ་བཞི་པོ་ཆོས་ཅན། རྒྱུ་རྣམ་པ་གསུམ་ཀ་ལས་བྱུང་སྟེ། གོང་གི་སྒྲུབ་བྱེད་དེའི་ཕྱིར། གཉིས་པ་མ་བྱུང་བ་དམིགས་ཀྱིས་བསལ་བ་ནི། རྟག་པའི་རྫས་དང་ལྡན་པ་གཅིག །ཆོས་ཁམས་ཆོས་ཅན། རྒྱུ་གསུམ་ཀ་ལས་མ་བྱུང་སྟེ། སྔར་བཤད་པ་རྣམས་ལས་ལོག་པའི་ཕྱིར། སྡུག་བསྔལ་ཆོས་བཟོད་སྐད་ཅིག་མ་དང་པོའི་ངོ་བོར་གྱུར་པའི་ཁམས་ཐ་མ་གསུམ་ནི། རྒྱུ་མཐུན་ལས་བྱུང་བ་མ་ཡིན་ཏེ། རང་གི་ཟག་མེད་ཀྱི་ཁམས་སྔོན་སོང་མ་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། མིག་དབང་དང་མིག་གི་རྣམ་ཤེས་ཀྱི་ཁམས་འཐོབ་ཚུལ་ཡོད་དེ། སོ་སོ་བ་དང་། ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད་པའི་ཕྱིར། དེར་ཐལ། མིག་དབང་གསར་དུ་ཐོབ་ལ་རྣམ་ཤེས་གསར་དུ་མ་ཐོབ་པའི་མུ། དེའི་ཅིག་ཤོས། གཉིས་ཀ་ཐོབ་པ། གཉིས་ཀ་མ་ཐོབ་པ་དང་བཞི་ཡོད་པའི་ཕྱིར། དང་པོ་དེར་ཐལ། གཟུགས་མེད་ཁམས་ནས་བསམ་གཏན་བཞི་པར་སྐྱེ་བའི་ཚེ། གཟུགས་མེད་ཁམས་ན་གཉིས་ཀ་མེད། བསམ་གཏན་བཞི་པའི་སས་བསྡུས་ཀྱི་མིག་ཡོད་ཀྱང་མིག་ཤེས་མེད་པའི་ཕྱིར། གཉིས་པ་དེར་ཐལ། བསམ་གཏན་བཞི་པ་ནས་བསམ་གཏན་དང་པོར་སྐྱེ་བའི་ཚེ། བསམ་གཏན་བཞི་པའི་སས་བསྡུས་ཀྱི་མིག་ཡོད་ཀྱང་མིག་ཤེས་མེད།


GLG014_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་སས་བསྡུས་ཀྱི་དེ་གཉིས་ཀ་ཡོད་པའི་ཕྱིར། གསུམ་པ་དེར་ཐལ། གཟུགས་མེད་ནས་བསམ་གཏན་དང་པོར་སྐྱེ་བའི་ཚེ། གཟུགས་མེད་ཀྱི་སས་བསྡུས་ཀྱི་གཉིས་པ་མེད། དང་པོའི་སས་བསྡུས་ཀྱི་གཉིས་པ་ཡོད་པའི་ཕྱིར། བཞི་པ་དེར་ཐལ། བསམ་གཏན་དང་པོ་ནས་གཟུགས་མེད་དུ་སྐྱེ་བའི་ཚེ་རྟགས་སྔ་མ་སྦྱོར་རོ། །གཉིས་པ་ཕྱི་ནང་གི་སྒོ་ནས་དབྱེ་བ་ནི། ནང་གི་ཁམས་ཆོས་ཅན། ཁྱོད་ལ་བཅུ་གཉིས་ཡོད་དེ། གཟུགས་སོགས་ཡུལ་གྱི་ཁམས་དྲུག་མ་གཏོགས་པ་གཞན་རྣམས་ཡོད་པ་ཡིན་པའི་ཕྱིར། གསུམ་པ་རྟེན་བཅས་དེ་མཚུངས་ཀྱི་སྒོ་ནས་དབྱེ་བ་ནི། ཆོས་ཞེས་བྱ་བའི་ཁམས་ཆོས་ཅན། མཐའ་གཅིག་ཏུ་རྟེན་བཅས་ཡིན་ཏེ། རང་འབྲས་རྣམ་ཤེས་ཀྱི་ཡུལ་དུ་མི་འགྱུར་མི་སྲིད་པའི་ཕྱིར། ཤེས་བྱ་ཆོས་ཅན། ལྷག་མ་རྣམས་ལ་ནི་རྟེན་བཅས་དང་དེ་དག་དང་མཚུངས་པ་དག་ཀྱང་ཡོད་དེ། ཁམས་གང་ཞིག །རང་གི་ལས་བྱེད་པ་རྟེན་བཅས་དང་། མི་བྱེད་པ་ནི་དེ་མཚུངས་ཡིན་པའི་ཕྱིར། བཞི་པ་སྤང་བྱ་ཡིན་མིན་གྱི་སྒོ་ནས་དབྱེ་བ་ནི། གཟུགས་ཅན་བཅུ་ཆོས་ཅན། སྒོམ་སྤང་ཡིན་ཏེ། སྤང་བྱ་གང་ཞིག །མཐོང་སྤང་མ་ཡིན་པའི་ཕྱིར། རྣམ་པར་ཤེས་པའི་ཁམས་ལྔ་ཡང་ཆོས་ཅན། རྟགས་གསལ་སྔར་བཞིན་ནོ། ཁམས་ཐ་མ་གསུམ་ཆོས་ཅན། རྣམ་པ་གསུམ་ཡོད་དེ། མཐོང་སྤང་། སྒོམ་སྤང་། སྤང་བྱ་མ་ཡིན་པ་གསུམ་ཡོད་པའི་ཕྱིར། སོ་སོ་སྐྱེ་བོ་ཆོས་ཅན། མཐོང་སྤང་མ་ཡིན་ཏེ་ཉོན་མོངས་ཅན་མ་ཡིན་པའི་ཕྱིར། གཟུགས་ཅན་བཅུ་ཆོས་ཅན། མཐོང་སྤང་མ་ཡིན་ཏེ། གཟུགས་ཡིན་པའི་ཕྱིར། དྲུག་པ་ཡིད་ཤེས་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་སྐྱེས་པའི་སྒོ་ལྔའི་རྣམ་ཤེས་ཆོས་ཅན། མཐོང་སྤང་མ་ཡིན་ཏེ། ཡུལ་བདེན་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་བྱེད་མ་ཡིན་པའི་ཕྱིར། དྲུག་པ་ལྟ་བ་སོགས་ཀྱི་སྒོ་ནས་


GLG014_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ལ། ལྟ་བ་ཡིན་མིན་གྱི་སྒོ་ནས། རྣམ་ཤེས་ཡུལ་དུ་གྱུར་ཚུལ་གྱི་སྒོ་ནས། རྟག་མི་རྟག་གི་སྒོ་ནས། དབང་པོ་ཡིན་མིན་གྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ལ་ལྟ་བའི་དབྱེ་བ་སྤྱིར་བསྟན་པ། མིག་ལྟ་བར་སྒྲུབ་པ། དབང་པོའི་ཁྱད་ཆོས་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ལྟ་བ་དང་ལྟ་མིན་གྱི་ཁྱད་པར་ཡོད་དེ། མིག་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་ལྟ་བ་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། སློབ་མི་སློབ་ཀྱི་གཉིས་པ་སྟེ་རྣམ་པ་བརྒྱད་པོ་ལྟ་བ་ཡིན་ལ། ལྷག་མ་ཕྱེད་དང་བཅུ་བདུན་མ་ཡིན་པའི་ཕྱིར། སྒོ་ལྔའི་རྣམ་པར་ཤེས་པ་ལྔ་དང་མཚུངས་ལྡན་དུ་གྱུར་པའི་བློ་ཤེས་རབ་ཉོན་མོངས་ཅན་ཆོས་ཅན། ཡང་དག་པའི་ལྟ་བ་མ་ཡིན་ཏེ། ངེས་རྟོག་མིང་དོན་འཛིན་པའི་རྟོག་མེད་ཡིན་པའི་ཕྱིར། གཉིས་པ་ནི། མིག་ཆོས་ཅན། ལྟ་བ་ཡིན་ཏེ། གཟུགས་མཐོང་བྱེད་ཡིན་པའི་ཕྱིར། དེ་རྟེན་བཅས་དེ་མཚུངས་གཉིས་ཀྱི་ནང་ནས་རྟེན་བཅས་ཁོ་ན་མ་ཡིན་ཏེ། མིག་གིས་གཟུགས་མཐོང་བའི་གྲོགས་སུ་རྣམ་ཤེས་ངེས་པར་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བ་ནི་མ་ཡིན་ཏེ། གང་གི་ཕྱིར་ན་བར་དུ་ཆོད་པའི་གཟུགས་མཐོང་དགོས་པ་ལ། དེ་མཐོང་བ་མ་ཡིན་པའི་ཕྱིར། མཐོང་བྱའི་ཡུལ་དེ་ཆོས་ཅན། མིག་གཉིས་ཀ་དག་གིས་མཐོང་བ་ཡིན་ཏེ། གཅིག་གིས་བལྟས་པ་ལས་གཉིས་ཀྱིས་བལྟས་པ་གསལ་བར་མཐོང་བའི་ཕྱིར།གསུམ་པ་ལ། དབང་པོས་ཡུལ་འཛིན་ཚུལ། དབང་པོ་རྟེན་དུ་གྱུར་ཚུལ། ས་གར་གཏོགས་ཚུལ་དང་གསུམ། དང་པོ་ནི། མིག་དང་། ཡིད་དང་། རྣ་བ་གསུམ་ནི་ཆོས་ཅན། ཡུལ་དང་མ་ཕྲད་པར་འཛིན་ཏེ། དང་པོས་ཐག་རིང་པོ་ནས་གཟུགས་མཐོང་། གསུམ་པས་སྒྲ་ཐོས།


GLG014_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པས་དུས་གསུམ་ག་ཡུལ་དུ་བྱེད་པའི་ཕྱིར། སྣ་སོགས་གསུམ་ནི་ཆོས་ཅན། དེ་ལས་གཞན་དུ་ཡུལ་དང་ཕྲད་དེ་འཛིན་པ་ཡིན་ཏེ། སྣ་ལ་སོགས་པ་དེ་གསུམ་གྱིས་རང་དང་མཉམ་པའི་ཡུལ་འཛིན་པར་འདོད་པའི་ཕྱིར། དེར་ཐལ། ལྕེ་དབང་གིས་རང་གི་རྡུལ་དང་མཉམ་པའི་རོའི་རྡུལ་འཛིན་པ་ཡིན་གྱི། དེ་ལས་གཞན་དུ་མི་འཛིན་པ་སོགས་རིགས་འགྲེ་བའི་ཕྱིར། གཉིས་པ་ནི། ཐ་མ་ཡིད་ཀྱི་རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་རྟེན་དུ་དུས་གསུམ་ག་མེད་དེ། རང་དུས་ན་འདས་པའི་བདག་རྐྱེན་ཁོ་ན་ལ་བརྟེན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་ཤེས་སྔ་མ་ལྔ་རྣམས་ཀྱི་བདག་རྐྱེན་དེ་དག་ནི་རང་དུས་ན་འདས་པ་དང་། ད་ལྟར་བ་གཉིས་ཀ་ཡོད་དེ། རང་དང་ལྷན་ཅིག་ཏུ་སྐྱེས་པའང་ཡིན་པའི་ཕྱིར། མིག་དབང་ལ་སོགས་པའི་རྟེན་ལྔ་པོ་དེ་དག་རྣམ་པར་ཤེས་པ་རྣམས་ཀྱི་རྟེན་ཡིན་ཏེ། མིག་སོགས་ལྔ་པོ་དེ་དག་གསལ་མི་གསལ་དུ་གྱུར་པ་ལས་དེའི་རྗེས་སུ་རྣམ་པར་ཤེས་པ་གསལ་མི་གསལ་དུ་འགྱུར་བ་ཉིད་ཀྱི་ཕྱིར། རྟེན་ལྔ་པོ་དེ་དག་གི་མིང་གིས་ནི་བརྟེན་པ་མིག་གི་རྣམ་པར་ཤེས་པ་སོགས་བསྟན་པའི་རྒྱུ་མཚན་ཡོད་དེ། མིག་གི་དབང་པོ་མིག་གི་རྣམ་པར་ཤེས་པའི་བདག་རྐྱེན་ཡིན་པ་ནས་ཡིད་དབང་གི་བར་ལ་དེའི་ཕྱིར། མིག་གི་རྣམ་ཤེས་ཞེས་པའི་ཐ་སྙད་དེ་དག་ནི་མིག་དབང་གཟུགས་ལ་བརྟེན་ནས་མི་ཤེས་པ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། གཟུགས་མིག་ཤེས་ཀྱི་བདག་རྐྱེན་མ་ཡིན་པ་དེའི་ཕྱིར་དང་མིག་དབང་དེའི་ཐུན་མོང་མ་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ས་གོང་མའི་ལུས་ལ་ས་འོག་མའི་མིག་སྐྱེད་པ་མ་ཡིན་ཏེ། གོང་མའི་ལུས་ཀྱིས་འོག་མའི་མིག་ལས་མཆོག་ཏུ་གྱུར་པའི་རང་སའི་མིག་བརྟེན་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ས་འོག་


GLG014_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མིག་གིས་གོང་མའི་གཟུགས་མཐོང་བ་མ་ཡིན་ཏེ། འོག་མའི་མིག་དམན། གོང་མའི་གཟུགས་མཆོག་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འོག་མའི་མིག་གིས་གོང་མའི་རྣམ་ཤེས་ཀྱི་རྟེན་མི་བྱེད་དེ། རྟགས་སྔ་མ་ལྟར་རོ། །དེའི་ཡུལ་དུ་གྱུར་པའི་གཟུགས་འོག་ས། རང་ས། གོང་ས་གསུམ་གར་གཏོགས་པ་ཡོད་དེ། བསམ་གཏན་དང་པོའི་རྟེན་ཅན་གྱིས་བཞི་པའི་དངོས་གཞི་བསྒྲུབས་ནས་དེའི་སས་བསྡུས་ཀྱི་མིག་དབང་ཐོབ་པའི་ཚེ། དེ་ལ་བརྟེན་པའི་རྣམ་ཤེས་ཀྱི་རང་ས་དང་པོ། འོག་ས་འདོད་པ། གོང་ས་བཞི་པའི་སས་བསྡུས་ཀྱི་གཟུགས་གསུམ་ག་མཐོང་བ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། ལུས་ཀྱིའང་གཟུགས་དང་རྣམ་ཤེས་གཉིས། རང་ས། འོག་ས། གོང་ས་ཐམས་ཅད་དུ་ཡིན་ཏེ། སྔར་གྱི་དེས་རིགས་འགྲེ་བའི་ཕྱིར། རྣ་བ་ལའང་དེ་བཞིན་དུ་སྦྱོར་རིགས་ཏེ། ཚིག་འདོན་པ་བསྒྱུར་ཆོག་པའི་ཕྱིར། ཤེས་བྱ་ཆོས་ཅན། ལྕེ་སྣ་ལུས་ཀྱི་རྣམ་ཤེས་གསུམ་པོ་དག་ནི་རྟེན་དབང་ཡུལ་དང་བཅས་པ་ཐམས་ཅད་རང་གི་ས་པར་སྤྱིར་མཚུངས་པ་ཡིན་ཏེ། དམིགས་བསལ་དུ་ལུས་ཀྱི་རྣམ་ཤེས་འོག་སར་གཏོགས་པ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་རང་གི་སར་གཏོགས་པ་ནི་འདོད་པ་དང་བསམ་གཏན་དང་པོ་ན་ཡོད་ལ། ཡིད་ཀྱི་རྣམ་ཤེས་རང་ཡུལ་དང་མཚུངས་པར་མ་ངེས་ཏེ། དེས་ས་གོང་འོག་ཐམས་ཅད་ཀྱི་གཟུགས་སོགས་ཡུལ་དུ་བྱེད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕྱིའི་སྐྱེ་མཆེད་ལྔ་རྣམ་ཤེས་གཉིས་གཉིས་ཀྱི་ཡུལ་དུ་འགྱུར་ཏེ། གཟུགས་དེ་མིག་ཤེས་དང་ཡིད་ཤེས་ཀྱི་ཡུལ་དུ་འགྱུར། དེས་གཞན་ལ་རིགས་འགྲེ་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། འདུས་མ་བྱས་པའི་ཆོས་མཐའ་དག་རྟག་པ་ཡིན་ཏེ། དེ་ལས་གཞན་པ་རྣམས་མི་རྟག་པ་ཡིན་པའི་ཕྱིར། བཞི་པ་ནི། ཤེས་
བྱ་ཆོས་ཅན། དབང་པོ་ཡིན་མིན་གྱི་དབྱེ་བ་ཡོད་དེ། ཆོས་ཁམས་ཀྱི་ཕྱེད་ཚོར་བ་བདེ་སོགས་ལྔ་དང་། དད་པའི་དབང་པོ་སོགས་ལྔ་དང་། རྣམ་བྱང་གི་དབང་པོ་གསུམ་སྟེ་བཅུ་གསུམ་དང་། ཁམས་གང་དག་ནི་ནང་གི་ཁམས་སུ་བཤད་པ་བཅུ་གཉིས་ནི་དབང་པོ་ཡིན་ལ། དེ་ལས་གཞན་པ་རྣམས་ནི་དབང་པོར་མ་བཤད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གནས་དང་པོ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ཏེ། ཕུང་ཁམས་སྐྱེ་མཆེད་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་ལེགས་པར་བཤད་པའི་ཕྱིར། སྨྲས་པ། དྲི་མེད་རྒྱལ་བའི་གསུང་རབ་པདྨའི་ཚལ། །མ་ལུས་མཛེས་བྱེད་ཆོས་མངོན་སྦྲང་རྩིའི་བཅུད། །བརྒལ་བརྟག་རིགས་པས་འཐུང་བའི་དབྱངས་སྙན་ཅན། །ཤེས་ལྡན་རྐང་དྲུག་དགའ་སྟོན་ཅིས་མི་བྱེད། །གཞུང་ལུགས་འདི་དོན་སྨྲ་ལས་རྒྱབ་ཕྱོགས་ནས། །ལེགས་བཤད་འཆད་པར་རློམ་པའི་ཁུར་ལྡན་རྣམས། །བྱིས་པས་ནམ་མཁར་ཤར་བའི་འཇའ་ཚོན་ལ། །སྙེག་པའི་རང་མཚང་སྟོན་དང་ཁྱད་པར་ཅི། །དབྱིག་གི་བློ་གྲོས་མ་འདི་ན། །དབྱིག་དང་ལྡན་པའི་འབྱོར་ལྡན་གྱིས། །དབྱིག་གི་ཕུང་པོ་ཆེར་སྤུངས་ཀྱང་། །དབྱིག་གཉེན་ཞལ་ལུང་ག་ལ་འཐོབ། །བརྩོན་འགྲུས་ཁུར་གྱིས་མ་མནར་ཞིང་། །ཤེས་རབ་ནོར་སྤྱད་མི་ལྡན་ཡང་། །བཤེས་གཉེན་དེད་དཔོན་བཀའ་དྲིན་ལས། །གཞུང་དོན་ཡིད་བཞིན་ནོར་བུ་རྙེད། །ཚིག་གི་སྤྲོས་པའི་ལོ་མ་རབ་དོར་ནས། །དོན་བཟང་ཨ་མྲའི་འབྲས་བུ་ཆེར་སྨིན་པའི། །ལེགས་བཤད་རོ་བརྒྱའི་འདོད་པ་འཇོ་བ་འདིས། །གཟུར་གནས་འཆི་མེད་ཚོགས་ཀྱི་དགའ་སྟོན་བྱས། །ཆོས་མངོན་པ་མཛོད་གསལ་བར་བྱེད་པ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས། གནས་དང་པོའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།


previousགནས་དང་པོ་ཁམས་བསྟན་པ།next