Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 expand section
 expand section
 expand section
 collapse section
གཞུང་ལུགས་དཀའ་གནད་སྐོར།
  
  
  
  
  
 expand section
  
  
  
  
  
  
 expand section
 expand section
 expand section
  
  
  
 expand section
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousགཞུང་ལུགས་དཀའ་གནད་སྐོར།next

གཞུང་ལུགས་དཀའ་གནད་སྐོར།

སྐྱབས་འགྲོའི་ཟིན་བྲིས་དད་པའི་སྒོ་འབྱེད།

དེ་ལ་འདིར་དཀོན་མཆོག་ཅེས་པར་རཏྣའི་སྒྲ་ལས་དྲངས་ན། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་ཆོས་སུ་བྱས་ན་ཡིད་བཞིན་གྱི་ནོར་བུ་འཇིག་རྟེན་གྱི་ཁམས་སུ་འབྱུང་བར་དཀོན་པ་དང་། ཉེས་སྐྱོན་གྱི་དྲི་མ་མེད་པ་དང་། མུན་པ་དང་ནད་སེལ་བ་དང་ཕུན་ཚོགས་སྟེར་བའི་མཐུ་དང་ལྡན་པ་དང་། འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང་། དངོས་པོ་ཀུན་གྱི་མཆོག་ཉིད་ཡིན་པ་དང་། དེ་ཉིད་གཞན་དུ་འགྱུར་བ་མེད་པ་ལྟར་དཀོན་མཆོག་གསུམ་པོ་ཡང་འཇིག་རྟེན་གྱི་ཁམས་སུ་འབྱུང་བར་དཀོན་པ་དང་། མཆོག་ཡིན་པ་ལྟ་བུ་སོགས་སྒྲ་བཤད་རྣམ་པ་དྲུག་ཡོད་པ་ལས་འདིར་འབྱུང་བ་དཀོན་ཕྱིར་ཞེས་པ་དང་མཆོག་ཅེས་པ་གཉིས་ཀྱི་སྒྲ་དེ་དངོས་སུ་ཚུར་བླངས་ནས་ཟུར་གཉིས་པོ་དེ་ཉིད་མིང་གཅིག་ཏུ་བྱས་ཏེ་དཀོན་མཆོག་ཅེས་པ་ལྟ་བུ་ཞིག་ཏུ་བརྗོད་པ་ཡིན་ནོ། །དེ་འདྲའི་དཀོན་མཆོག་དེ་ལ་རྣམ་པ་དུ་ཡོད་ཅེ་ན་གསུམ་དུ་ངེས་པའི་ཚུལ་སོགས་འོག་ཏུ་འཆད་པར་འགྱུར་ལ། དེ་ལ་དབྱེ་ན་ཐེག་དམན་དང་། ཐེག་ཆེན་ཐུན་མོང་དང་། ཐེག་ཆེན་ཐུན་མོང་མ་ཡིན་པ་གསུམ་གྱི་རྣམ་བཞག་བྱེད་ཚུལ་གསུམ་ལས།

དང་པོ་ཐེག་དམན་པས་དཀོན་མཆོག་གསུམ་གྱི་རྣམ་བཞག་ཇི་ལྟར་བྱེད་ན། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར་དེ་ཡང་ཐེག་པ་གང་གི་ལུགས་ལྟར་ན་སྤྱིར་དཀོན་མཆོག་གསུམ་གྱི་རྣམ་བཞག་དང་བྱེ་བྲག་སྐྱབས་སུ་འགྲོ་བའི་ཡུལ་དུ་གྱུར་བའི་མཆོག་གསུམ་གཉིས་ལ་ཁྱད་པར་ཡོད་པ་ཡིན་སྟེ། དེ་ཡང་བྱེ་སྨྲ་བའི་ལུགས་ལ་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་མཆོག་གསུམ་དེ་ཇི་ལྟ་བུ་ཞིག་ལ་ངོས་འཛིན་པ་ཡིན་ཞེ་ན། སངས་རྒྱས་དགེ་འདུན་བྱེད་པའི་ཆོས་ཞེས་པས་སངས་རྒྱས་དེ་ཉིད་སངས་རྒྱས་སུ་བྱེད་པའི་རྒྱུ་སྟེ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མི་སློབ་ལམ་བདེན་རྟོགས་པ་ནི་སངས་རྒྱས་དཀོན་མཆོག་ཉིད་དུ་ངོས་འཛིན་པ་དང་། ཆོས་དཀོན་མཆོག་ནི་སྤྱིར་ལུང་དང་རྟོགས་པའི་ཆོས་དང་གསུང་རབ་ཡན་ལག་བཅུ་གཉིས་སོགས་དམ་པའི་ཆོས་སུ་འདོད་ནའང་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་ཆོས་དཀོན་མཆོག་ནི་སྤང་བྱ་ཉོན་མོངས་ས་བོན་དང་བཅས་པ་སྤང་བའི་འགོག་པ་མྱ་ངན་ལས་འདས་པ་དེ་ཉིད་ཆོས་དཀོན་མཆོག་ཡིན་པས་མྱ་ངན་འདས་ཞེས་གསུངས་པ་དང་། དགེ་འདུན་དཀོན་མཆོག་ཡང་སྤྱིར་ཟུང་བཞི་ཡ་བརྒྱད་ཀྱི་གང་ཟག་རྣམས་ཀྱང་དགེ་འདུན་དུ་མི་བཞེད་པ་མ་ཡིན་ཞིང་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་དགེ་འདུན་ནི་སློབ་དང་མི་སློབ་པའི་ལམ་བདེན་གང་ཞིག་རྒྱུན་ཞུགས་ལ་སོགས་པའི་ཐུགས་རྒྱུད་ཀྱི་སློབ་པའི་ལམ་བདེན་དང་། ཉན་རང་དགྲ་བཅོམ་རྣམས་ཀྱི་ཐུགས་རྒྱུད་ཀྱི་མི་སློབ་པའི་ལམ་བདེན་རྟོགས་པ་དེ་ནི་དགེ་འདུན་དཀོན་མཆོག་ཏུ་བྱེད་པའི་རྒྱུ་ཡིན་པས་ན་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་དགེ་འདུན་དཀོན་མཆོག་ནི་དེ་ལྟ་བུ་ལ་ངོས་འཛིན་པ་ཡིན་ནོ། །དེས་ན་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་དཀོན་མཆོག་གསུམ་ནི་དེ་ལྟར་ཡིན་ཞེས་གསུངས་པ་ལས་སྤྱིར་དཀོན་མཆོག་གསུམ་མིན་པ་དཔེར་ན་སངས་རྒྱས་ཀྱི་གཟུགས་སྐུ་ནི་སྡུག་བསྔལ་བདེན་པའི་ལྷག་མ་སྟེ་སྔར་རྒྱལ་བུ་དོན་འགྲུབ་ལས་དབང་གི་འཕངས་པའི་སོ་སྐྱེས་ཀྱི་ལུས་ཡིན་པས་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་སངས་རྒྱས་དཀོན་མཆོག་ཏུ་མི་བཞེད་པ་དང་། དེ་བཞིན་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་ཆོས་སུ་མི་བཞེད་པ་དང་། ཟུང་བཞི་ཡ་བརྒྱད་དང་སོ་སྐྱེས་ཀྱི་དགེ་འདུན་རྣམས་ཀྱི་སྐུ་ལུས་དེ་ཡང་སྡུག་བསྔལ་བདེན་པའི་ལྷག་མ་ཡིན་པས་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་དགེ་འདུན་དཀོན་མཆོག་ཏུ་མི་བཞེད་དོ། །

ཡང་ཐེག་ཆེན་ཐུན་མོང་གི་བཞེད་ཚུལ་ལྟར་ན། དཔལ་ལྡན་ཟླ་བའི་སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཐུབ་པ་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་གསུངས་པ་ལྟར། སངས་རྒྱས་ནི་སྐུ་གསུམ་གྱི་བདག་ཉིད་ཅན་དང་། ཆོས་ནི་མྱ་ངན་ལས་འདས་པ་ཞེས་སངས་རྒྱས་ཀྱི་ཐུགས་རྒྱུདན་བཞུགས་པའི་འགོག་པ་མྱ་ངན་ལས་འདས་པ་དང་། དགེ་འདུན་ནི་གང་ཟག་བརྒྱད་ཅེས་པའི་སྐབས་འདིར་གང་ཟག་གི་ཐུགས་རྒྱུད་ཀྱི་ལམ་བདེན་འབའ་ཞིག་ལ་བཞག་པ་ཡིན་ནོ། །འོན་ཀྱང་ཐེག་ཆེན་བྱང་སེམས་རྣམས་དགེ་འདུན་དང་ཆོས་དང་སངས་རྒྱས་གང་དུའང་བཞག་མེད་པས་གང་དུ་རྩི་སྙམ་ན། སྐྱབས་འགྲོ་བདུན་ཅུ་པ་ལས། ཤཱ་རིའི་ལུང་ལས་དགྲ་བཅོམ་པས། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཉིད། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་གསུངས་པ་ལྟར། ཤཱ་རིའི་བུ་ལ་གསུངས་པའི་ལུང་ལས་ཉན་རང་དགྲ་བཅོམ་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་དགོས་ཞེས་གསུངས་ཡོད་པ་ཡིན། དེས་ན་འདི་ནི་དཀོན་མཆོག་གཞན་མ་ཡིན་ཏེ་ཉན་རང་དགྲ་བཅོམ་པས་ཀྱང་ཕྱག་བྱ་བའི་འོས་ཡིན་པས་ན་སངས་རྒྱས་དཀོན་མཆོག་གི་ཁུངས་སུ་གཏོགས་པ་ཡིན་ཞེས་གསུངས་པ་ནི་ཐེག་ཆེན་ཐུན་མོང་བའི་སྐྱབས་འགྲོའི་ཡུལ་དུ་གྱུར་བའི་མཆོག་གསུམ་གྱི་རྣམ་བཞག་གསུངས་པའི་ཚུལ་ལོ། །

ཡང་ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱི་བཞེད་པ་ནི། རྒྱུད་བླ་མ་ལས། གསུངས་པ་ལྟར་སངས་རྒྱས་ནི་དོན་གཉིས་ཡོན་ཏན་བརྒྱད་ལྡན། ཆོས་ནི་འགོག་ལམ་ཡོན་ཏན་བརྒྱད་ལྡན། དགེ་འདུན་ནི་རིག་གྲོལ་ཡོན་ཏན་བརྒྱད་ལྡན་ཞེས་གསུངས་ཏེ། དང་པོ་སངས་རྒྱས་དོན་གཉིས་ཡོན་ཏན་བརྒྱད་ལྡན་དུ་གསུངས་པ་ནི་གཙོ་ཆེར་ངོ་བོ་ཉིད་སྐུའི་སྟེང་ནས་འཇོག་པ་ཡིན་ལ། སྤྱིར་ཐེག་ཆེན་གྱི་སྐབས་ན་སངས་རྒྱས་སྤྲུལ་སྐུ་ཡང་སངས་རྒྱས་སུ་མི་བཞེད་པ་མ་ཡིན་ལ་སྐབས་འདིར་ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོའི་སྐབས་སུ་མཆོག་གསུམ་གྱི་ཡ་གྱལ་སངས་རྒྱས་ཞེས་པ་དེ་གཙོ་ཆེར་ངོ་བོ་ཉིད་སྐུའི་སྟེང་ནས་བཞག་པ་ཞིག་ཡིན་ཏེ། དེ་ཡང་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་གཞན་གྱི་རྐྱེན་གྱིས་རྟོགས་མིན་པ་སྟེ་རང་དོན་ཕུན་ཚོགས་ཀྱི་ཆོས་གསུམ་དང་། མཁྱེན་པ་དང་བརྩེ་བ་དང་ནུས་པ་གསུམ་ནི་གཞན་དོན་ཕུན་ཚོགས་ཀྱི་ཆོས་གསུམ་སྟེ་དྲུག་ཡིན་ལ། དེ་ལྟ་བུའི་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དབྱེ་གཞི་གཉིས་པོ་དབྱེ་བ་རུ་རྩིས་ཏེ་བརྒྱད་པོ་ནི་དོན་གཉིས་ཡོན་ཏན་བརྒྱད་ལྡན་ཡིན་ལ་དེ་མ་རྩིས་ན་དྲུག་ལྡན་དུ་བརྗོད་ཀྱང་ཆོག་གོ། དེ་ལ་འདིར་ངོ་བོ་ཉིད་སྐུ་རུ་གོ་བའི་རྒྱུ་མཚན་དང་པོ་འདུས་མ་བྱས་པ་ནི། དེ་ལས། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞེས་གསུངས་པ་ལྟར་སངས་རྒྱས་ནི། འདུས་མ་བྱས་པ་ཡིན་ཏེ་ཐོག་མ་དབུས་མཐའ་གསུམ་དང་བྲལ་བའི་ཕྱིར། དེ་གསུམ་དང་བྲལ་ན་འདུས་མ་བྱས་ཡིན་པའི་རྒྱུ་མཚན་ཡང་། ཐོག་མར་སྐྱེ་བ་ཡང་མེད། བར་དུ་གནས་པ་ཡང་མེད། མཐར་འགག་པ་མེད་ན་འདུས་མ་བྱས་ཡིན་ཏེ། སྐྱེ་འགག་གནས་གསུམ་དང་ལྡན་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་སྐྱེ་འགག་གནས་གསུམ་དང་བྲལ་བ་ནི་འདུས་མ་བྱས་ཡིན་པས་ན་སངས་རྒྱས་འདུས་མ་བྱས་ཡིན་པ་དང་། ལྷུན་གྱིས་གྲུབ་པ་ནི། དེ་ལས། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །ཅེས་གསུངས་པས་ན་ལུས་ངག་གིས་སྤྲོས་པ་དང་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་སྐུ་བརྙེས་པས་ན་ལྷུན་གྱིས་གྲུབ་ཅེས་བྱ་བ་དང་། གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་ནི། དེ་ལས། སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་གསུངས་པས་དེ་ལྟ་བུའི་འདུས་མ་བྱས་ཤིང་ཆོས་ཀྱི་སྐུ་ཞི་བ་བརྙེས་པ་དེའང་སྒྲ་དང་རྟགས་ལ་སོགས་པས་རྐྱེན་གཞན་ལ་ལྟོས་མི་དགོས་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་དེ་གསུམ་ནི་རང་དོན་རྟོགས་པའི་ཡོན་ཏན་གསུམ་ཡིན་ནོ། །ཡང་གཞན་དོན་མཁྱེན་པའི་ཡོན་ཏན་གསུམ་ཀྱང་མངའ་བ་ཡིན་ཏེ། དེ་ལས། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ཞེས་གསུངས་པས་གོང་དུ་འདུས་མ་བྱས་པ་དང་། གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་དང་། ལྷུན་གྱིས་གྲུབ་པ་གསུམ་པོ་ནི་རྟོགས་ཤིང་མཁྱེན་པའི་ཡོན་ཏན་ཡིན་ལ། བརྩེ་བའི་ཐུགས་རྗེ་ནི། དེ་ལས། ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ཞེས་གསུངས་པས་རང་གིས་དེ་ལྟར་རྟོགས་དོན་དེ་ཉིད་གཞན་ལ་བརྩེ་བས་རྗེས་སུ་བསྟན་པས་ན་བརྩེ་བའི་བདག་ཉིད་ཅན་ཡིན་ནོ། །བྱང་ཆུབ་པའི་བདག་ཉིད་ནི། དེ་ལས། ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །ཞེས་པ་སྟེ་དེ་ལྟ་བུའི་ཐར་ལམ་ཡང་དག་གི་འཇུག་ངོགས་དེ་ཉིད་གཞན་ལ་བརྩེ་བས་རྗེས་སུ་བསྟན་པས་ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་སྟེར་བའི་ཕྱིར་ན་སངས་རྒྱས་དེ་ནི་མཁྱེན་བརྩེ་ནུས་གསུམ་མངའ་བའི་བདག་ཉིད་ཅན་ཡིན་ནོ། །དོན་འདི་ལྟ་བུ་ནི་ཤེར་ཕྱིན་མངོན་རྟོགས་རྒྱན་དུའང་། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པ་ལྟ་བུ་དང་དོན་གཅིག་ཡིན་ལ་དེའང་གཞུང་དེར་སྐུ་གསུམ་མཛད་པ་དང་བཅས་པ་ཞིག་མངོན་རྟོགས་བཞིའི་ཆོས་སྐུར་མཚོན་པར་བྱས་པ་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ཞེས་བརྗོད་ཡོད་ན་ཐུབ་པའི་ངོ་བོ་ཉིད་སྐུ་སོགས་གསུངས། དབྱིངས་དག་པ་གཉིས་ལྡན་གང་ཞིག་ཟག་མེད་ཀྱི་ཆོས་འདུ་འབྲལ་མེད་པ་ལ་ངོ་བོ་ཉིད་སྐུ་ཞེས་བརྗོད་པ་ལྟར་གོང་དུ་རྒྱུད་བླ་མ་ལས་ཀྱང་དབྱིངས་འདུས་མ་བྱས་པ་གང་ཞིག་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་འདུ་འབྲལ་མེད་པ་ཞིག་ལ་འཇོག་པ་ཡིན་པས་ན་སངས་རྒྱས་དཀོན་མཆོག་ནི་དེ་ལྟ་བུའི་ཐུན་མོང་མིན་པའི་ཚུལ་གྱིས་ངོས་འཛིན་པ་ཡིན་ནོ། །གཞན་ཡང་རྒྱུད་བླ་མ་རང་གི་བྱང་ཆུབ་བཤད་པའི་སྐབས་སུ་ཡང་། གྲོལ་བའི་སྐུ་ནི་རྫོགས་པ་དང་། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི། །རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཞེས་གསུངས་པས་རྣམ་གཉིས་ཞེས་པ་ནི་གྲོལ་བའི་སྐུ་དང་ཆོས་ཀྱི་སྐུ་སྟེ་གྲོལ་བའི་སྐུ་ནི་མཉམ་བཞག་ཏུ་ཇི་ལྟ་བ་སྒོམ་པས་སྤང་བྱ་ཉོན་སྒྲིབ་སྤངས་པས་སྤང་བ་ཡོངས་སུ་རྫོགས་པ་དང་། ཆོས་ཀྱི་སྐུ་ནི་རྗེས་ཐོབ་ཏུ་ཇི་སྙེད་པའི་ཚུལ་ལ་ཕྱིན་ཅི་མ་ལོག་པར་བསླབས་པས་སྤང་བྱ་ཤེས་སྒྲིབ་སྤངས་པས་རྟོགས་པ་ཡོངས་སུ་སྦྱོང་བ་སྟེ་དེ་གཉིས་ཀའང་ཐུན་མོང་དུ་འདུས་མ་བྱས་པའི་རྣམ་པ་གཅིག་སྟེ་གྲོལ་བའི་སྐུ་ནི་ཟག་པ་ཅུང་ཟད་ཀྱང་མེད་པའི་སྤངས་པ་དང་ལྡན་པའི་ཕྱིར་དང་། ཆོས་ཀྱི་སྐུ་ནི་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྟོགས་པ་དང་ལྡན་པའི་ཕྱིར་དང་། དེ་གཉིས་ཀའང་རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་རྒྱུད་བླ་མ་རང་གི་ལུགས་ལའང་སངས་རྒྱས་ངོ་བོ་ཉིད་སྐུ་ནི་མཚན་ཉིད་ལྔ་ལྡན་དང་ཡོན་ཏན་ལྔ་ལྡན་གྱི་བདག་ཉིད་དུ་བཞེད་པ་ཡིན་ཏེ། དེ་ཡང་། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་གསུངས་པས་ངོ་བོ་ཉིད་སྐུའི་མཚན་ཉིད་ལྔ་དེ་གང་ཡིན་ན། དེ་ལས། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་བ། དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཞེས་པས་འདུས་མ་བྱས་ཤིང་ཞེས་པ་ནི་རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པ་དང་གཅིགརྣམ་དབྱེར་མེད་ཅེས་པ་ནི་དབྱིངས་དག་པ་གཉིས་ལྡན་དང་རྣམ་དབྱེར་མེད་པའི་བདག་ཉིད་ཅན་ཡིན་པ་དང་གཉིས། མཐའ་གཉིས་དག་ནི་རྣམ་པར་སྤངས་ཞེས་པ་ནི་བདག་དང་བདག་མེད་ཀྱི་སྤྲོས་པའི་མཐའ་གཉིས་དང་བྲལ་བའི་བདག་ཉིད་ཅན་དང་གསུམ། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བ་དང་བཞི། དྲི་མེད་རྣམ་པར་རྟོག་མེད་ཅེས་པ་ནི་དེ་ལྟ་བུའི་དབྱིངས་དེ་ཉིད་ངོ་བོ་ཉིད་ཀྱི་དྲི་མས་དག་པས་དྲི་མ་མེད་པ་དང་། རྣམ་པར་རྟོག་པའི་སྐྱོན་གྱིས་མ་གོས་པས་རྣམ་པར་རྟོག་མེད་ཅེས་པ་སྟེ་དེ་ལྟ་བུའི་མཚན་ཉིད་ལྔ་ལྡན་གྱི་ངོ་བོ་ཉིད་སྐུ་དེ་ཉིད་སུ་ཞིག་གིས་རྟོགས་ན་དེ་ནི་རྣལ་འབྱོར་རྣམས་ཀྱིས་ཡུལ་ཡིན་པའི་ཕྱིར་ཏེ་སངས་རྒྱས་ཁོ་ནས་སྤྱོད་ཡུལ་ཡིན་པས་སོ། །དེ་བཞིན་དུ་ངོ་བོ་ཉིད་སྐུ་དེ་ཉིད་ཡོན་ཏན་ལྔ་ལྡན་ཇི་ལྟར་ཡིན་སྙམ་ན། དེ་ཉིད་ལས། གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཞེས་གསུངས་པའི་དང་པོ་གཞལ་མེད་ཡིན་པའི་རྒྱུ་མཚན་ཡང་། དེ་ལས། རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང་། །འབའ་ཞིག་བག་ཆགས་བཅས་སྤང་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་པས་ངོ་བོ་ཉིད་སྐུ་དེ་གཞལ་དུ་མེད་པའི་བདག་ཉིད་ཅན་ཡིན་ཏེ། དེ་ལ་ཡོན་ཏན་གྱི་ཚོགས་ཤིན་ཏུ་མང་ཞིང་རྒྱ་ཆེ་བ་དང་ཚད་མེད་པའི་ཕྱིར། ༡ དེ་བཞིན་གྲངས་མེད་གྲངས་ཀྱིས་གྲངས་སུ་མེད་པའི་ཡོན་ཏན་མངའ་བས་གྲངས་ཀྱི་ཚད་གཞལ་བ་དང་བྲལ་བའི་ཕྱིར། ༢ དེ་ཉིད་བསམ་པའི་ཡུལ་ལས་འདས་པའང་ཡིན་ཏེ་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པའི་ཕྱིར། ༣ ཡང་ངོ་བོ་ཉིད་སྐུ་དེ་ཆོས་ཅན། ཁྱོད་གང་དང་ཡང་མཉམ་པ་མེད་དེ། སངས་རྒྱས་འབའ་ཞིག་གི་ཡོན་ཏན་ཡིན་པའི་ཕྱིར། ༤ ཡང་དེ་ཆོས་ཅན། ཁྱོད་དག་པའི་མཐར་ཐུག་པ་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བའི་ཕྱིར་རོ། ༥ །དེ་ལྟ་བུའི་མཚན་ཉིད་ལྔ་དང་ཡོན་ཏན་ལྔའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་སྐུ་དེ་དང་གོང་དུ་སངས་རྒྱས་དཀོན་མཆོག་དོན་གཉིས་ཡོན་ཏན་བརྒྱད་ལྡན་དུ་བཤད་པ་དེ་གཉིས་དོན་ལ་གཅིག་ཏུ་འདོད་པ་ཡིན་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་བླ་མའི་དགོངས་དོན་གཉིས་གཅིག་ཏུ་དྲིལ་ཏེ་གསུངས་པ་དེ་ནི་ཐེག་པ་ཐུན་མོང་མིན་པའི་སངས་རྒྱས་དཀོན་མཆོག་ཏུ་ངོས་འཛིན་པ་ཡིན་ནོ། །ཆོས་དཀོན་མཆོག་ནི། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་འགོག་ལམ་ཡོན་ཏན་བརྒྱད་ལྡན་དུ་གསུངས་པ་དེའང་འགོག་ལམ་གང་རུང་གིས་བསྡུས་པའི་རྣམ་བྱང་ཟག་མེད་ཀྱི་ཡོན་ཏན་དང་ལྡན་པ་ལ་བཞག་དགོས་ཞེས་གསུངས་པ་ལྟར་རོ། །དེ་ཡང་འགོག་པའི་ཡོན་ཏན་ནི། བསམ་མེད་གཉིས་མེད་རྟོག་མེད་ཅེས་གསུམ་གྱི་བསྟན་པ་དང་། ལམ་གྱི་ཡོན་ཏན་ནི། དག་གསལ་གཉེན་པོ་གསུམ་སྟེ་དེ་ལྟ་བུའི་འགོག་ལམ་གཉིས་ལ་དྲུག་ཏུ་དབྱེ་བའི་དབྱེ་གཞི་གཉིས་རྩིས་ན་བརྒྱད་ལྡན་ནོ། །དེ་ཡང་འགོག་བདེན་གྱི་ཡོན་ཏན་གསུམ་སྟེ་ཐོག་མར་བསམ་མེད་ཅེས་པ་ནི། དེ་ལས། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཅེས་པ་ལྟར་འཕགས་པ་འབའ་ཞིག་གི་སོ་སོ་རང་རིག་གིས་རྟོགས་པ་ལས་གཞན་སོ་སྐྱེ་སོགས་ཀྱིས་བསམ་བྱ་མིན་པར་བསྟན་པ་དང་། གཉིས་མེད་ནི། ལས་ཉོན་གཉིས་མེད་པ་དང་། རྟོག་མེད་ནི། ཚུལ་མིན་ཡིད་བྱེད་ཀྱི་རྟོག་པའམ་ཡོད་མེད་ཡིན་མིན་སོགས་ཀྱི་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །ལམ་བདེན་གྱི་ཡོན་ཏན་ནི། དེ་ལས། དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་པས་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་། ཉི་མས་གཟུགས་གསལ་བ་དང་། ཉི་མས་མུན་པ་འཇོམས་པར་བྱེད་པ་སྟེ་གཅིག་ལའང་ཁྱད་པར་གསུམ་དང་ལྡན་པ་བཞིན་ལམ་བདེན་དེ་ཡང་ངོ་བོ་ཡེ་ནས་རྣམ་པར་དག་པ་དང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་གསལ་བར་བྱེད་པ་དང་། ཉོན་མོངས་པའི་སྒྲིབ་པ་འཇོམས་བྱེད་ཀྱི་གཉེན་པོ་བྱེད་པ་ལྟ་བུའི་ཆོས་གསུམ་ལྡན་གྱི་བདག་ཉིད་དུ་འདོད་དོ། །དགེ་འདུན་དཀོན་མཆོག་ནི། རིག་གྲོལ་ཡོན་ཏན་བརྒྱད་ལྡན་ཏེ། དེའང་དེ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པས་རིག་གྲོལ་གྱི་ཡོན་ཏན་དྲུག་ལས་དང་པོ་རིག་པའི་ཡོན་ཏན་གསུམ་ནི། ཇི་ལྟ་བ་དང་ཇི་སྙེད་པ་དང་སོ་སོ་རང་གི་རིག་པ་སྟེ་གསུམ་དུ་ཡོད་པ་ལས། དང་པོ་ཇི་ལྟ་བ་རིག་པའི་ཡོན་ཏན་ནི། ཇི་ལྟ་ཆོས་ཉིད་ཡིན་ལ་ཆོས་ཉིད་ནི་བདག་མེད་གཉིས་ཀྱི་དོན་ཡིན་ཏེ། དེ་ལས། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། ཞེས་པས་འགྲོ་བ་ཐམས་ཅད་གདོད་མ་ནས་ཆོས་དང་གང་ཟག་གི་བདག་མེད་རྣམ་པ་གཉིས་ཀྱིས་སྟོང་པའི་བདག་ཉིད་ཡིན་པ་ལ་ཡིན་པར་ཇི་ལྟ་བ་བཞིན་གཟིགས་པ་དེ་ལ་ཇི་ལྟ་བའི་རིག་པ་སྟེ། དེ་ནི་ས་དང་པོ་ཡན་ཆད་ཀྱི་རྒྱལ་སྲས་འཕགས་པ་རྣམས་ལ་མངའ་བས་སོ། །གཉིས་པ་ཇི་སྙེད་མཁྱེན་པའི་ཡོན་ཏན་ནི། དེ་ལས། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་པས་དེ་ཡང་ཆོས་ཉིད་བདེ་གཤེགས་སྙིང་པོ་དེས་སེམས་ཅན་ཐམས་ཅད་ལ་ངོ་བོ་ཉིད་ཀྱིས་ཁྱབ་ཡོད་པ་དེ་ཉིད་སོ་སོ་རང་རིག་ཡེ་ཤེས་ཀྱིས་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་གཟིགས་པ་དེ་ནི་རྒྱལ་སྲས་འཕགས་པའི་ཆོས་ཅན་ཇི་སྙེད་གཟིགས་པའི་ཡེ་ཤེས་ཡིན་ནོ། །གསུམ་པ་སོ་སོ་རང་རིག་པའི་ཡོན་ཏན་ནི། དེ་ལས། དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །ཅེས་དེ་ལྟ་བུའི་ཡེ་ཤེས་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་ནི་གཞན་དང་ཐུན་མོང་མ་ཡིན་པར་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་སྟེ་རིག་པའི་ཡོན་ཏན་གསུམ་དང་། དེ་བཞིན་གྲོལ་བའི་ཡོན་ཏན་གསུམ་ནི། དེ་ལས། དྲི་མེད་དབྱིངས་ལ་ཆགས་པ་མེད། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཞེས་པས་ཆགས་ཐོགས་དམན་སྒྲིབ་གསུམ་མམ་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་གསུམ་ཅི་རིགས་པ་ལས་གྲོལ་བས་ན་རྒྱལ་སྲས་འཕགས་པ་དེའང་གྲོལ་བའི་བདག་ཉིད་ཅན་ཡིན་ནོ། །དེ་ལ་ཐལ་འགྱུར་ཐུན་མོང་མ་ཡིན་པའི་ལུགས་ལ་ས་དང་པོ་ནས་བདུན་པའི་བར་དུ་ཤེས་སྒྲིབ་སྤང་བ་མི་འཇོག་པའི་ལུགས་ལྟར་ན་ཐེག་ཆེན་རྒྱལ་སྲས་འཕགས་པ་ཡིན་ན་རིག་གྲོལ་ཡོན་ཏན་བརྒྱད་ལྡན་དུ་འཇོག་དགོས་པས་ས་བརྒྱད་པ་མ་ཐོབ་བར་དུ་འཇོག་དཀའ་བ་ལྟ་བུ་ཡིན་ལ། འོན་ཀྱང་རང་ལུགས་ལ་ས་དང་པོའི་མཐོང་སྤང་ནི་ཉོན་ཤེས་ཀུན་བཏགས་ཀྱི་ཆ་དང་། ས་གཉིས་པ་ཡན་ཆད་དུ་ཉོན་ཤེས་ལྷན་སྐྱེས་ཀྱི་ཆ་རྣམས་སྤང་ཚུལ་སོགས་ཐེག་པ་ཆེན་པོའི་ཤིང་རྟ་རྣམས་དགོངས་པ་འགལ་མེད་གཅིག་ཏུ་གསུངས་ཡོད་པ་དེའི་ཆ་ནས་གྲོལ་བའི་ཡོན་ཏན་ཅི་རིགས་འཇོག་ཐུབ་པ་སྟེ་དགེ་འདུན་དཀོན་མཆོག་ནི་དེ་ལྟར་རིག་གྲོལ་ཡོན་ཏན་བརྒྱད་ལྡན་ཡིན་ནོ། །དེ་ལྟ་བུའི་དཀོན་མཆོག་དེ་ཉིད་རྣམ་པ་གསུམ་དུ་བཞག་དགོས་པའི་དོན་ཡང་། རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པས་དེ་ཡང་སྟོན་པ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ཞིང་ཐོབ་པར་འདོད་པ་རྣམས་དང་། སྟོན་པ་སངས་རྒྱས་ལ་ཆེད་དུ་གཉེར་ཏེ་བསོད་ནམས་བསགས་པར་འདོད་པ་རྣམས་དང་། སངས་རྒྱས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྟོན་པ་སངས་རྒྱས་དེ་ཉིད་སྐྱབས་གནས་སུ་བཞག་པ་དང་། ཡང་གང་ཟག་རང་རྒྱལ་གྱི་རིགས་ཅན་འགའ་ཞིག་གིས་རྟེན་འབྲེལ་ཟབ་མོས་ཆོས་ཉིད་ཁོང་དུ་ཆུད་པར་འདོད་པ་དང་། དམ་པའི་ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དམ་པའི་ཆོས་སྐྱབས་གནས་སུ་བཞག་པ་དང་། ཡང་གང་ཟག་ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་ཟུང་བཞི་ཡ་བརྒྱད་ཀྱི་ངོ་བོར་ཐོབ་པར་འདོད་པ་དང་། དགེ་འདུན་དཀོན་མཆོག་ལ་བརྟེན་ནས་བསོད་ནམས་བསགས་པར་འདོད་པ་རྣམས་དང་། དགེ་འདུན་ལ་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་དཀོན་མཆོག་སྐྱབས་གནས་སུ་བཞག་པ་ཡིན་ནོ། །དེ་ལ་མཐར་ཐུག་གི་སྐྱབས་ནི། དེ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པ་ལྟར་གོང་དུ་དོན་གཉིས་ཡོན་ཏན་བརྒྱད་ལྡན་གྱི་སངས་རྒྱས་དཀོན་མཆོག་གམ་ངོ་བོ་ཉིད་སྐུ་དེ་ཉིད་སྐྱབས་གནས་མཐར་ཐུག་པ་ཡིན་པ་ནི། དེ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་པས་སྐྱབས་གནས་གསུམ་ཀ་མཐར་ཐུག་གི་སྐྱབས་ཡིན་ནམ་ཞེ་ན་མ་ཡིན་སྟེ་ཆོས་ལ་ལམ་བདེན་དང་འགོག་བདེན་གཉིས་ལས། །ལམ་བདེན་དེ་ལའང་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་ལས་ལུང་གི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ་དེ་ནི་མིང་ཚིག་ཡི་གེ་འདུས་པའི་བདག་ཉིད་ཅན་ཡིན་པས་ན་ཆུ་བརྒལ་ཟིན་ན་གཟིངས་དོར་ནས་འགྲོ་བ་ལྟར་ཕ་རོལ་སངས་རྒྱས་ཀྱི་ས་ཐོབ་ཟིན་ན་དེ་ལྟ་བུའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚོགས་ལ་སྐྱབས་སུ་འགྲོ་མི་དགོས་པས་ན་སྤང་བའི་ཕྱིར་དང་། རྟོགས་པའི་ཆོས་ནི་ཐེག་པ་གསུམ་གྱི་སློབ་པའི་ལམ་བདེན་རྣམས་ཀྱང་རྟོགས་པ་གོང་ནས་གོང་དུ་བསྒྲོད་པ་སྔ་མ་ལས་ཕྱི་མ་ཁྱད་པར་དུ་གྱུར་པ་ཡིན་པས་ན་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། ཉན་རང་འཕགས་པ་ལ་བྱང་ཆུབ་སེམས་དཔའི་འཕགས་པ་རྣམས་ཀྱི་ཡོན་ཏན་མེད་པའི་ཕྱིར་དང་། བྱང་སེམས་འཕགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་མེད་པའི་ཕྱིར་དང་། བྱང་སེམས་སོ་སོའི་སྐྱེ་བོ་རྣམས་ནི་ད་དུང་ངན་སོང་གི་འཇིགས་པ་དང་བཅས་པའི་ཕྱིར་ན་དེ་གཉིས་གཏན་གྱི་སྐྱབས་གནས་མཆོག་ཏུ་འགྱུར་བ་མ་ཡིན་ནོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང་། ལམ་གྱི་བདེན་པ་དེ་ནི་འདུས་བྱས་ཡིན། འདུས་བྱས་གང་ཡིན་པ་དེ་རྫུན་པ་བསླུ་བ་ཡིན། རྫུན་པ་བསླུ་བ་དེ་ནི་མི་བདེན་པ་ཡིན། མི་བདེན་པ་གང་ཡིན་པ་དེ་ནི་མི་རྟག་པ་ཡིན། མི་རྟག་པ་གང་ཡིན་པ་དེ་ནི་སྐྱབས་མ་ཡིན་ཞེས་གསུངས་པ་ལྟར་རོ། །དེ་ལ་འགའ་ཞིག་གིས་ལམ་བདེན་འདི་ལ་འཕགས་པའི་མཉམ་བཞག་ནི་སྤྲོས་བྲལ་འབའ་ཞིག་གི་ཆ་ཡིན་པས་ན་དེ་འཕོ་འགྱུར་སོགས་མེད་ལ་ལམ་བདེན་རྗེས་ཐོབ་ཀྱི་ཆ་དེ་ཉིད་བསླུ་བའི་ཆ་ལ་བཞག་དགོས་ཞེས་གསུངས་པ་ལྟ་བུ་ཡོད་ནའང་ལྕང་མ་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་སོགས་ཀྱིས་གསུངས་ཚུལ་ནི་དཔེར་ན་འདི་ནས་ཡར་བལྟས་ན་ཉི་མའི་དཀྱིལ་འཁོར་ཇི་བཞིན་པར་མཐོང་ནའང་ཡར་ཇེ་ཉེར་སོང་ན་གསལ་སྣང་ཁྱད་པར་ཅན་དུ་འགྱུར་རྒྱུ་ཡོད་པ་བཞིན་དུ་སློབ་པ་འཕགས་པའི་མཉམ་བཞག་དེ་ཡང་ཆོས་ཉིད་ཇི་ལྟ་བ་བཞིན་མཐོང་བ་ཡིན་ནའང་ས་དང་པོ་ནས་བཅུ་པའི་བར་གྱི་དྲི་མའི་ཚོགས་རིམ་བཞིན་སྦྱོང་བའི་སྟོབས་ཀྱིས་སྔར་ལས་ཆོས་ཉིད་གསལ་སྣང་ཁྱད་པར་ཅན་ཐོབ་རྒྱུ་ཡོད་པ་ཡིན་གསུངས་པས་ན་ལམ་བདེན་མཉམ་རྗེས་གཉིས་ཀྱི་ཆ་ཡང་འདུས་བྱས་སུ་འགྱུར་བ་ཡིན་པ་དེ་ལ་དགོངས་ནས་འཕགས་པ་ཐོགས་མེད་ཀྱིས་ལམ་བདེན་ནི་འདུས་བྱས་མི་རྟག་པ་ཡིན་པས་ན་སྐྱབས་གནས་མཐར་ཐུག་ཉིད་དུ་མི་བཞག་ཅེས་གསུངས་སོ། །འོ་ན་མཐར་ཐུག་སྐྱབས་གསུམ་མི་ཚང་བར་འགྱུར་སྙམ་ན་དེའང་མིན་ཏེ། དེ་ལས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པས་ཐུབ་པ་སངས་རྒྱས་ནི་ཆོས་ཀྱི་སྐུ་ཡིན་ལ་ཆོས་ནི་རྟོགས་པ་ཆོས་སྐུ་དང་བསྟན་པ་ཆོས་སྐུ་གཉིས་ཡིན་པས་དེ་ལ་ཚང་བ་དང་། ཚོགས་མཐར་ཐུག་གམ་རིག་གྲོལ་མཐར་ཐུག་པའང་ཐུགས་རྒྱུད་ཡོན་ཏན་གྱི་ཆོས་དང་མི་འབྱེད་པ་ནི་དགེ་འདུན་ཏེ་དེའང་དེ་ལ་མངའ་བས་ན་མཐར་ཐུག་གི་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ་དཀོན་མཆོག་གསུམ་ཡང་དེར་འདུས་པས་སོ། །ཀུན་གཟིགས་མཁན་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་མཆོག་གི་གསུང་སྒྲ་ཕབ་འཁོར་ལོ་ལས་བཤུས།

རྒྱལ་བསྟན་རིན་པོ་ཆེ་གནས་ཚད་ཀྱི་ལོ་ཚིགས་ཉུང་བསྡུས།

ན་མོ་གུ་ར་ཝེ། ཐུགས་རྗེ་དང་བཀའ་དྲིན་མཚུངས་པ་མེད་པ་མཉམ་མེད་ཐུབ་པའི་དབང་པོ་ལ་གུས་པས་ཕྱག་འཚལ་ལོ། །དེ་ཡང་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུ། རྒྱལ་བའི་བསྟན་པ་རིན་པོ་ཆེའི་གནས་ཚད་སོགས་ཇི་ལྟར་ཡིན་པའི་ཚུལ་ནི། མདོ་སྡེ་བསྐལ་པ་བཟང་པོ་ལས། དམ་པའི་ཆོས་ནི་ལོ་ལྔ་བརྒྱར་གནས་པར་འགྱུར་རོ། །དམ་པའི་ཆོས་ཀྱི་གཟུགས་བརྙན་ནི་ལོ་ལྔ་བརྒྱར་གནས་པར་འགྱུར་རོ། །ཞེས་གསུངས་པ་དང༌། གཞན་ཡང་འདུལ་བ་ལུང་ཕྲན་ཚེགས་དང་། དབྱིག་གཉེན་ཞབས་ཀྱི་མཛོད་འགྲེལ་སོགས་ལས་ཀྱང་བསྟན་པའི་གནས་ཚད་ལོ་སྟོང་དུ་གསུངས་ལ། སློབ་དཔོན་ཀཱ་མ་ལ་ཤི་ལའི་ཤེར་ཕྱིན་སུམ་བརྒྱ་པའི་འགྲེལ་བར་རྒྱལ་བའི་བསྟན་པ་ཉིད་ལོ་ལྔ་བརྒྱ་ཕྲག་ལྔར་གནས་པར་གསུངས་ཤིང༌། དཾཥྚ་སེ་ནའི་འབུམ་ཊཱིཀ་དང༌། སློབ་དཔོན་འཇམ་དཔལ་གྲགས་པ་དང་། ཡུམ་གསུམ་གནོད་འཇོམས་སོགས་ལས་བསྟན་པའི་གནས་ཚད་ལྔ་བརྒྱ་ཕྲག་བཅུར་གསུངས་ལ། གཞན་ཡང་དགྲ་བཅོམ་པ་ཆེན་པོ་དགའ་བའི་བཤེས་ཀྱི་རྟོགས་བརྗོད་ལས། སྐྱེ་དགུའི་ཚེ་ལོ་ཡར་འཕེལ་གྱི་དྲུག་བརྒྱ་མཐའི་བར་ཐུབ་པའི་བསྟན་པ་གནས་ཤིང༌། དེ་ནས་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་བཅས་བྱོན་ནས་དམ་པའི་ཆོས་ཀྱི་གླེགས་བམ་ཐམས་ཅད་མཆོད་རྟེན་དུ་བཅུག་ནས་མཆོད་ཅིང་ཕྱག་འཚལ་ཏེ་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་མྱ་ངན་ལས་འདས་ཤིང༌། མཆོད་རྟེན་དེ་ཡང་སའི་ནང་དུ་ནུབ་པར་གསུངས་སོ། །དེ་རྣམས་ལས་བསྟན་པའི་གནས་ཚད་ཀྱི་ལོ་ཚོགས་མང་ཉུང་སྣ་ཚོགས་གསུངས་པ་དེ་དག་ནི། གདུལ་བྱ་རྟག་འཛིན་ཅན་རྣམས་སྐྱོ་བ་བསྐྱེད་པ་དང་ཧ་ཅང་ཞུམ་པ་ཅན་རྣམས་སྤྲོ་བ་བསྐྱེད་པའི་ཚད་ཙམ་དུ་དགོངས་པ་ཅན་གྱི་གསུངས་ཡིན་ཞིང་། སྔར་འདས་ཀྱི་ཚད་མང་པོ་ཉུང་ངུ་གསུངས་པ་དང་། གཞན་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་དང༌། རྒྱ་ནག་ཐང་རབས་ཀྱི་ཡིག་ཆ་དང་། ཁ་ཆེ་པཎ་ཆེན་སོགས་མཁས་པ་རྣམས་ཀྱི་བཞེད་པ་སྣ་ཚོགས་སུ་གསུངས། ངེས་གསང་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དགོངས་དོན་གྱི་རྗེས་འབྲང་གངས་ཅན་གྱི་མཁས་དབང་ཆེན་པོ་འགོས་ལོ་གཞོན་ནུའི་ཞབས། ས་སྐྱའི་དཔལ་ལྡན་བླ་མ་དམ་པ་དང༌། རྒྱལ་བ་གཡུང་སྟོན་ཞབས་སོགས་ཀྱི་བཞེད་ཚུལ་ཐ་དད་ཀྱི་རྣམ་གྲངས་མང་ཡང༌། གཙོ་ཆེར་དེང་སང་ཡོངས་གྲགས་གྲ་མདའ་ཕུག་པའི་རྗེས་སུ་འབྲང་སྟེ་བཤད་ན། བསྐལ་བཟང་རྣམ་འདྲེན་བཞི་པ་བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་པ་མེད་པ་མཉམ་མེད་ཐུབ་པའི་དབང་པོ་ཉིད། དྲག་པོ་ཞེས་པ་ལྕགས་ཕོ་སྤྲེལ་ལོར་འཁྲུངས་ཏེ། ལོ་སོ་ལྔ་བཞེས་པ་རྒྱལ་བ་ཤིང་རྟ་ལོར་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་ནས་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་མཛད་དེ། ལོ་གྲངས་ངོ་ཐོག་བརྒྱད་ཅུ་རྩ་གཅིག་མཛེས་པའི་དཔའ་བོ་ལྕགས་འབྲུག་ནག་པའི་ཉར་སྲིད་གསུམ་རྣམ་རྒྱལ་གྱི་དུས་ཆེན་ལ། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ། ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ལྷ་མིའི་འཁོར་ཚོགས་རྣམས་ལ། ངེས་པ་དོན་གྱི་སྙིང་པོ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་ཏེ། ལོ་དེའི་ས་གའི་ཚེས་བཅོ་ལྔ་ལ་གདུལ་བྱ་རྟག་འཛིན་ཅན་རྣམས་རྗེས་སུ་བཟུང་ཕྱིར་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུ་བའི་ཚུལ་བསྟན་ནས། ད་ལྟའི་རབ་རྒྱལ་ཆུ་ཕོ་ཁྱིའི་ལོ་འདི་ཡན་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་རེ་གཉིས་འདས། དེས་ན་བསྟན་པ་གནས་པའི་ཚད་ལྔ་བརྒྱ་ཕྲག་བཅུ་ལས། འབྲས་བུ་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་དང༌། སྒྲུབ་པའི་དུས་ཀྱི་ཤེས་རབ་དང་ཏིང་འཛིན་ལེའུའི་ལྔ་བརྒྱ་ཕྲག་གཉིས་རྫོགས་ཟིན་ནས། ཚུལ་ཁྲིམས་ཀྱི་ལེའུའི་ནང་ནས་སུམ་བརྒྱ་དང་དྲུག་ཅུ་རེ་གཉིས་འདས་ཟིན་པ་ཡིན་ནོ། །རྒྱུ་མཚན་དེས་ན་བསྟན་པའི་གནས་ཚད་ལས་ལོ་ཉིས་སྟོང་བརྒྱད་བརྒྱ་རེ་གཉིས་འདས་ཟིན་པ་ཡིན་ལ། མ་འོངས་འབྱུང་འགྱུར་གྱི་བསྟན་པ་དངོས་གནས་པའི་ལོ་ཚོགས་ནི་སྟོང་ཕྲག་གཅིག་དང་དྲུག་བརྒྱ་སོ་བརྒྱད་ཡོད་པ་ཡིན་ཏེ། ད་དུང་རྟགས་ཙམ་འཛིན་པའི་ལོ་ལྔ་བརྒྱ་བཅས་བསྡོམ་ན། ཉིས་སྟོང་ཆིག་བརྒྱ་སོ་བརྒྱད་པོ་འདི་ནི། ད་ལྟའི་རབ་རྒྱལ་ཆུ་ཁྱིའི་ལོ་འདི་ཕན་མ་འོངས་འབྱུང་འགྱུར་གྱི་བསྟན་པ་གནས་པའི་ལོ་ཚོགས་ཡིན་ལ། མཁས་དབང་ཕུག་པའི་བཞེད་ཚུལ་ལ། སྤྱིར་བཏང་གི་བསྟན་པའི་གནས་ཚད་ལྔ་སྟོང་ལས་ད་དུང་བརྒྱ་དང་བཞིའི་མང་བ་འདི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཁྱད་ཆོས་སུ་གསུངས་སོ། །བསྐལ་བཟང་རྣམ་འདྲེན་སྟོང་ལས་ཀྱང་རང་ཅག་སྙིགས་ལྔའི་འགྲོ་བ་རྣམས་ལ་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོ་ཉིད་བཀའ་དྲིན་དང་ཐུགས་རྗེ་རྨད་དུ་བྱུང་བའི་ཚུལ་ལ་དགོངས་ནས། བསྟན་པ་འདི་ལ་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ནས་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་བའི་ཐུགས་ཁུར་དང་སྨོན་འདུན་རླབས་ཆེན་མཛད་པ་འོས་སུ་ཆེ་བ་ཡིན་ནོ། །གོང་བཤད་ལོ་དག་གི་ཚུལ་ནི། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་དང་རྒྱ་འགྲེལ་གཉིས་ལས་ཡོངས་སུ་གྲུབ་སྟེ། དེ་ཡང་རྩ་བའི་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་བར། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་དཔལ་གྲགས་པ་ནི། །ཤམ་བྷ་ལ་ཞེས་བྱ་བར་འབྱུང༌། །ཞེས་དང༌། བསྡུས་པའི་རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །ཞེས་པ་དང་། མེ་མཁའ་རྒྱ་མཚོ་རྣམས་ལ། རབ་བྱུང་ལ་སོགས་འདས་རྣམས་བསྲེ། །ཀླ་ཀློའི་མདོར་ནི་རབ་ཏུ་གྲུབ། །ཅེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་རྗེས་ལོ་དྲུག་བརྒྱ་དང་བཞི་པ་རིགས་ལྡན་ཉེར་ལྔའི་ཐོག་མ་འཇམ་དཔལ་གྲགས་པ་བྱོན་ནས་ལོ་བརྒྱར་ཁྲི་ལ་བཞུགས་ཏེ། དེ་ནས་རང་གི་སྲས་རིགས་ལྡན་པདྨ་དཀར་པོ་ཁྲི་ལ་འཁོད་པ་ནས། རིམ་བཞིན་རིགས་ལྡན་བརྒྱད་ཀྱི་ཁྲི་ལོ་ཀླུ་ཡི་ལོ་བརྒྱ་སྟེ། ལོ་བརྒྱད་བརྒྱ་འདས་མཚམས་མེ་མཁའ་རྒྱ་མཚོའི་ལོ་ཚོགས་ཏེ། རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་དང༌། དེ་སྲས་བཅུ་གཅིག་པ་རྒྱལ་དཀའི་ཁྲིར་བཞུགས་ཀྱི་ལོ་བསྡོམས་པ་སྟེ་བཞི་བརྒྱ་གསུམ་འབྱུང་བ་དེ་ལ་མེ་མཁའ་རྒྱ་མཚོའི་ལོ་ཚོགས་ཞེས་བཞག་ལ། དེ་རྗེས་རབ་བྱུང་དང་པོའི་ཐོག་མའི་མེ་ཡོས་དེ་ལ་རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲི་ལ་འཁོད་ནས་དེ་ཕྱིན་དྲུག་ཅུ་སྐོར་བཅོ་ལྔ་སོང་བའི་ལོ་ཚོགས་བསྡོམས་པས་དགུ་བརྒྱ་ཡོད་པ་རིམ་བཞིན། རིགས་ལྡན་བཅུ་གཉིས་པ་ཉི་མ་ནས་ཉི་ཤུ་པ་སྟོབས་ཆེན་ཏེ་རིགས་ལྡན་དགུའི་ཁྲི་བཞུགས་ཀྱི་ལོ་ཚོགས་དང༌། དེ་ནས་ད་ལྟའི་རབ་བྱུང་བཅུ་དྲུག་པ་འདིའི་ཐོག་མའི་མེ་ཡོས་ལ་རིགས་ལྡན་ཉེར་གཅིག་པ་མ་འགགས་པ་ཉིད་ཁྲི་ལ་འཁོད་ནས་ད་སྐབས་ཀྱི་ཆུ་ཕོ་ཁྱིའི་ལོ་འདི་ཡན་ལ་ལོ་གྲངས་ང་ལྔ་འདས་པའི་མཚམས་ཡིན་ནོ། །གོང་བཤད་ཀྱི་ལོ་དག་དེ་རྣམས་བསྡོམས་ན་སྟོང་དང་བརྒྱད་བརྒྱ་རེ་གཉིས་འདས་པ་དེ་ནི་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་རྩ་འགྲེལ་གྱིས་ལེགས་པར་གྲུབ་པ་ཉིད་ཡིན་ནོ། །ད་ལྟའི་རབ་རྒྱལ་ཆུ་ཁྱི་འདི་ནས་ལོ་བཞི་བརྒྱ་རེ་གཅིག་འདས་མཚམས་རབ་བྱུང་ཉེར་བཞི་བའི་ཆུ་ཕོ་ལུག་གི་ལོར་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱི་གླིང་དུམ་བུ་བཅུ་གཉིས་སུ་བྱོན་ནས་བསྟན་པ་རིན་པོ་ཆེ་སླར་ཡང་ལོ་ཚོགས་སྟོང་དང་བརྒྱད་བརྒྱའི་བར་དུ་གསོས་ནས་སྐྱེ་དགུ་རྣམས་ཐར་དང་རྣམ་མཁྱེན་དམ་པའི་ས་ལ་བཀྲི་བར་བྱེད་དོ། །ཐུབ་བསྟན་མདོ་སྔགས་གཉིས་ཀྱི་ཆོས་ཚུལ་དྲི་མ་མེད་པ་འདི་ཉིད་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཡོངས་སུ་ཁྱབ་ནས་རྒྱས་པར་གྱུར་ཅིག་གུ། ཞེས་པ་འདི་ནི་མཁན་བློ་ཆོས་ཀྱིས་བསྐུལ་ངོར་ཕྲན་བུ་གྱི་ན་བ་དགེ་ལེགས་ཆོས་འཕེལ་དུ་འབོད་པས་བྲིས་པ་དགེའོ། །

༈ འགོས་ལོ་ཆེན་པོ་གཞོན་ནུའི་ཞབས་ཀྱི་གསུངས་འཁྲུལ་སེལ་ལྟར་ན། སྟོན་པ་སངས་རྒྱས་པའི་ཕྱི་ལོ་བྱིའི་ནག་ཉར་རྩ་རྒྱུད་གསུངས་ནས། ད་ལྟའི་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་འདི་ཡན་ལོ་གྲངས་གསུམ་སྟོང་སུམ་བརྒྱ་བཞི་བཅུ་རྩ་གཉིས་འདས་སོ། །

དབུ་མ་ཐལ་རང་གི་ཁྱད་པར་ལ་བཤད་པ།

འཇམ་མགོན་མི་ཕམ་པའི་ལུགས་ཀྱི་ཐལ་རང་གི་ཁྱད་པར་ནི། རྣམ་གྲངས་པའི་དོན་དམ་གཙོ་ཆེར་གཏན་ལ་ཕབ་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་ལ་སྦྱོར་བར་བྱེད་པ་རང་རྒྱུད་པའི་ལུགས་དང༌། ཐོག་མ་ཉིད་ནས་རྣམ་གྲངས་མ་ཡིན་པ་རྩལ་དུ་བཏོན་ནས་ཁས་ལེན་ཀུན་བྲལ་གྱི་རང་བཞིན་ཞལ་གྱིས་བཞེས་པ་དབུ་མ་ཐལ་འགྱུར་བ་ཡིན་ཞེས་གསུངས་པར་བསམ་ན། རྒྱལ་སྲས་ཞི་བ་ལྷ་ནི། ཐལ་འགྱུར་པའི་སློབ་དཔོན་ཡིན་པས་ན་དོན་དམ་ལ་རྣམ་གྲངས་ཡིན་མིན་གཉིས་སུ་དབྱེ་བར་མི་མཛད། འོ་ན། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ན། །སོགས་ནས། དེ་ཡང་ཕྱི་ནས་སྤང་བར་འགྱུར། །ཞེས་པའི་སྐབས་ན་རྣམ་གྲངས་པའི་དོན་དམ་ཞིག་གསུངས་ཡོད་ན། ཐལ་འགྱུར་བའི་ལུགས་ལའང་རྣམ་གྲངས་པའི་དོན་དམ་ཁས་ལེན་ནོ། །ཞེས་འགའ་ཞིག་གི་འདོད་ལ། ཡང་འགའ་ཞིག་གིས་ཐལ་འགྱུར་བས་སྒོམ་རིམ་ཞིག་ཡིན་ཞེས་བཞེད་པ་སོགས་ཡོད་མོད། འདིར་མཁས་མཆོག་ངག་དབང་བློ་གྲོས་རྒྱ་མཚོའི་ཞལ་རྒྱུན་ལྟར་ན། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པ་ལ་བསམ་ན། དོན་དམ་བདེན་པ་ཡིན་ན་བློ་ཡི་སྤྱོད་ཡུལ་མ་ཡིན་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་གཟིགས་ངོར་ཡིན་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུང་དེ་དང་། ཟླ་བའི་འཇུག་པ་ལས། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །ཞེས་པས། ཡང་དག་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དོན་དམ་བདེན་པ་ཡིན་པ་གང་ཞིག་དེའི་ཡུལ་ཡིན་ན་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པས་ཁྱབ་པ་ན་དེ་གཉིས་དགོངས་པ་གཅིག་ཡིན། དེས་ན་བདེན་གྲུབ་བཀག་ཙམ་གྱི་རང་བཞིན་མེད་པ་དེ་རང་རྒྱུད་པ་རྣམས་ཀྱིས་རྣམ་གྲངས་པའི་དོན་དམ་ཞེས་དོན་དམ་གྱི་ཁོངས་སུ་བགྲངས་ཀྱང༌། འདིར་ཐལ་འགྱུར་བའི་ལུགས་ལ་དོན་དམ་རྟོགས་བྱེད་ཀྱི་ཐབས་སུ་གྱུར་པ་ཙམ་ཡིན་པ་དེས་ན་ཐ་སྙད་བདེན་པའི་ཁོངས་སུ་བསྡུ་བར་བྱེད་པ་ཡིན་ཏེ། ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང༌། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེས་ན་རྒྱལ་སྲས་ཆེན་པོས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཅིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་གསུངས་པ་འདི་ཡང་བདེན་པར་ཡོད་ཞེན་གྱི་རྟོག་པའི་གཉེན་པོར་དངོས་སྣང་ཀུན་བདེན་གྲུབ་བཅད་པའི་བདེན་མེད་སྟོང་ཉིད་དུ་གོམས་པར་བྱེད་པ་ཐ་སྙད་བདེན་པ་ཡིན་ཡང༌། དེ་གོམས་པས་དངོས་པོ་ལ་བདེན་ཞེན་ཨ་འཐས་ཀྱི་བག་ཆགས་དེ་སྤོང་བས་ན། དེ་ལ་གོམས་པས་སྣང་བ་ཀུན་བདེན་མེད་སྟོང་ཉིད་དུ་ངེས་རྗེས། སྟོང་དང་མི་སྟོང་ཅི་ཡང་དམིགས་སུ་མེད་པར་མཐའ་བྲལ་མཉམ་པ་ཆེན་པོར་ཡང་ཡང་གོམས་པས་བློ་ཡི་སྤྱོད་ཡུལ་མཐའ་དག་ལས་འདས་པའི་དོན་དམ་བདེན་པ་ཐལ་འགྱུར་རང་ལུགས་ལ། སྔར་མཚན་ཉིད་གཏན་ལ་དབབ་ཚེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་དོན་ལ་རེག་པར་གྱུར་པ་ཡིན་ནོ། །དེ་ལྟར་ན་བདེན་གྲུབ་བཅད་ཙམ་དེ་གཞུང་འདིར་དོན་དམ་རྟོགས་བྱེད་ཀྱི་ཐབས་ཙམ་ལས་དོན་དམ་བདེན་པའི་ཁོངས་སུ་གཏོགས་པ་ཞིག་དངོས་ཤུགས་གང་གིས་ཀྱང་མི་སྟོན་ནོ། །ཞེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མའི་གསུང་ཟིན་ལགས།

ཐལ་རང་ཐུན་མོང་གི་གཏན་ཚིགས་ལྔའི་གོ་དོན།

ཐལ་རང་ཐུན་མོང་གི་གཏན་ཚིགས་ལྔ་ནི། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ་ལྔ་ལས།

དང་པོ་ནི། གཅིག་དུ་བྲལ་གྱི་སྒོ་ནས་ཆོས་དེ་དང་དེའི་ངོ་བོ་སྐྱེ་མེད་དུ་གཏན་ལ་འབེབས་པར་བྱེད་པས་ན། དབུ་མ་ཤེས་རབ་ལ་འཇུག་པ་དང༌། དབུ་མ་རྒྱན་སོགས་ལས་དེ་ཁོ་ན་ཉིད་གཅིག་དུ་བྲལ་གྱིས་གཏན་ལ་འབེབས་པར་བྱེད་པ་དེ་ལྟར་ཡིན།

གཉིས་པ་ནི། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་གཉིས་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོགས་ཀྱིས། བདག་ལས་བདག་སྐྱེ་ན་སྐྱེ་བ་དོན་མེད་ཐུག་མེད་དུ་འགྱུར་བ་དང༌། གཞན་ལས་གཞན་འབྱུང་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་འགྱུར་ཏེ་གཞན་ཡིན་པའི་ཕྱིར། དེ་མ་ཁྱབ་སྟེ་མེ་ལས་མུན་པ་འབྱུང་བར་མི་སྣང་ཡང༌། ས་བོན་ལས་མྱུ་གུ་འབྱུང་བར་སྣང་དུ་ཡོད་པའི་ཕྱིར་ཟེར་ན། སྣང་དུ་ཡོད་པ་ཙམ་གྱིས་ཁྱབ་པ་མི་འགྲུབ་སྟེ། དཔེར་ན་རྨི་ལམ་གྱི་མེ་ལས་དུ་བ་འབྱུང་བ་སྣང་ཡང་མེ་དུ་མཚན་ཉིད་པ་མི་འགྲུབ་པས་གང་སྣང་ཙམ་གྱིས་ཀྱང་མི་འགྲུབ་བོ། །གཉིས་ཀ་ལས་སྐྱེ་བར་འདོད་པ་ཕྱི་རོལ་གཅེར་བུ་པ་རྣམས་ཀྱིས་ལྷས་སྦྱིན་སྲོག་གི་བདག་ཉིད་དུ་ཡང་ཡོད་ལ་དེའི་ལུས་ལྟ་བུ་ཡང་ཕ་མའི་རྒྱུ་ལ་ལྟོས་པ་ཡིན་པས་བདག་གཞན་གཉིས་ཀ་ལས་སྐྱེ་བ་ཡིན་ཞེས་པ་ལའང་ཕྱོགས་གཉིས་ཀ་ལ་བརྗོད་པའི་སྐྱོན་གྱིས་གནོད། རྒྱུ་མེད་ལས་སྐྱེ་བར་འདོད་ན། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་གྱུར་ན་སོགས་ཀྱིས་གནོད་པ་སྟེ། དེ་ལྟར་རྡོ་རྗེ་ཟེགས་མའི་རིགས་པས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་འབེབས།

གསུམ་པ་ནི། ཡོད་ན་སྐྱེ་བྱེད་ཅི་དགོས་སོགས་དང༌། སྤྱོད་འཇུག་སོགས་ལས་འབྲས་བུ་མེད་པ་ལས་སྐྱེ་བར་འདོད་ན། བྱེ་བ་བརྒྱ་ཕྲག་རྒྱུ་ཚོགས་སོགས་ཀྱིས་རྒྱ་ཆེར་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་བསྟན།

བཞི་པ་ནི། གཙོ་ཆེར་དབུ་མ་བདེན་གཉིས་ལས་བཤད་པ་ལྟར། རྒྱུ་དུ་མས་འབྲས་བུ་གཅིག་མ་གཏོགས་མི་བསྐྱེད་ན། མིག་དབང་སྔ་མས་རང་གི་རིགས་འདྲ་ཕྱི་མ་མ་གཏོགས་མིག་ཤེས་མི་བསྐྱེད་པས་འགྲོ་བ་ཐམས་ཅད་ལོང་པར་ཐལ་བས་རྒྱུ་དུ་མས་འབྲས་བུ་གཅིག་མི་བསྐྱེད། ཡང་རྒྱུ་དུ་མས་འབྲས་བུ་དུ་མ་བསྐྱེད་ན། རྒྱུ་ས་བོན་ཆུ་ལུད་དྲོད་གཤེར་ལ་སོགས་པ་རྒྱུ་དུ་མ་དེས་འབྲས་བུ་གཅིག་མི་བསྐྱེད་པར་འབྲས་བུ་ཡང་དུ་མ་ཞིག་ཡིན་ན་འབྲས་བུ་ནས་ཀྱི་མྱུ་གུ་དེ་གྲུབ་པའི་སྐབས་གཏན་ནས་མི་སྲིད་པར་ཐལ། རྒྱུ་དུ་མས་བསྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར། རྒྱུ་གཅིག་གིས་བསྐྱེད་པ་ནི་འཇིག་རྟེན་ན་མི་སྲིད་པས་རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གིས་གཏན་ལ་འབེབས།

ལྔ་པ་ནི། རྩ་ཤེས་ལས། གང་གི་རྟེན་ཅིང་འབྲེལ་སོགས་དང༌། གང་ཞིག་རྐྱེན་ལས་སོགས་རྟེན་འབྲེལ་གྱི་ཆོས་གང་དང་གང་ཡིན་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རྒྱུ་རྐྱེན་ཞིག་ལ་མ་བརྟེན་པར་རང་གི་ངོ་བོ་རྒྱུ་མེད་དུ་དངོས་པོར་རང་གྲུབ་ཏུ་སོང་པ་གཅིག་ཀྱང་མེད་ལ། དེ་མེད་ན་རྒྱུ་རྐྱེན་ལ་ལྟོས་དགོས་པས་དེའི་རྒྱུ་མཚན་རང་ལ་ངོ་བོ་མེད་པའི་གནད་ཀྱིས་རྒྱུ་རྐྱེན་གཞན་ལ་ལྟོས་པ་དཔེར་ན་གཟུགས་བརྙན་དང་ཆུ་ཟླ་བཞིན་ཡིན་པའི་སྒོ་ནས་རིགས་པ་ཐམས་ཅད་ཀྱི་རྒྱལ་པོ་རྟེན་འབྲེལ་ཆེན་མོས་གཏན་ལ་འབེབས་པ་ཡིན་ནོ། །ཞེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མའི་གསུང་ཟིན་ཞིག་ལགས།

༄༅། །ཐལ་འགྱུར་ཐུན་མིན་གྱི་གཏན་ཚིགས་བཞིའི་གོ་དོན།

ན་མོ་མཉྫུ་ཤྲཱི་ཏིཀྵྞ་ཡ། འདིར་ཐལ་འགྱུར་ཐུན་མིན་གྱི་གཏན་ཚིགས་རྣམས་ཀྱི་གོ་དོན་མདོ་ཙམ་སྨོས་ན། རང་རྒྱུད་པས་ནི་དོན་དམ་གཏན་ལ་འབེབས་པའི་སྐབས་ན་ཕྱི་རྒོལ་གྱི་རྒྱུད་ལ་དེ་ཉིད་རྟོགས་པའི་ལྟ་བ་བསྐྱེད་པ་ལ། ཚུལ་གསུམ་ཚད་མས་གྲུབ་པའི་གཏན་ཚིགས་འགོད་པ་དང༌། ཐལ་འགྱུར་བས་ཚུལ་གསུམ་ཚད་མས་གྲུབ་པའི་གཏན་ཚིགས་མི་སྦྱོར་བར་དངོས་སྨྲ་བ་ཁོ་རང་གིས་གང་ཁས་བླངས་པ་ལ། ཁས་བླངས་ནང་འགལ་བརྗོད་པའི་སྒོ་ནས་གཞན་རྒྱུད་ལ་དེ་ཉིད་རྟོགས་པའི་ལྟ་བ་བསྐྱེད་པར་བྱའོ། །དེ་ཡང་རྒྱུ་ལ་དཔྱོད་པ་རྡོ་རྗེའི་ཟེགས་མ་སོགས་གཏན་ཚིགས་བཞིའམ་ལྔ་བོ་རང་རྒྱུད་པས་རང་རྒྱུད་པའི་གཏན་ཚིགས་སུ་འདོད་ལ། ཐལ་འགྱུར་བས་ཐལ་འགྱུར་གྱི་གཏན་ཚིགས་ལྟར་ཁས་ལེན། དེ་ལས་གཞན་དུ་ཐལ་འགྱུར་ཐུན་མིན་གྱི་གཏན་ཚིགས་ཡིད་བཞིན་མཛོད་སོགས་སུ་དུ་མ་གསུངས་ཡོད་ཀྱང༌། ཡོངས་གྲགས་ནི། གཞན་ལ་གྲགས་པའི་རྗེས་དཔག འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང་བཞི་ལས།

དང་པོ། ཕྱོགས་ཆོས་དང་ཁྱབ་པ་གཉིས་པོ་ཕ་རོལ་པོའི་ངོ་ལ་གྲུབ་པའི་རྟགས་ཀྱིས་ཕ་རོལ་གྱི་ངོར་མཐའ་གཅིག་ཏུ་ངེས་པའི་དམ་བཅའ་བསྒྲུབས་ནས་གཞན་ཕྱོགས་སེལ་བར་བྱེད་པ་ནི་གཞན་ལ་གྲགས་ཀྱིས་རྗེས་དཔག་ཡིན་ལ། དེ་ཇི་ལྟ་བུ་ཞིག་ཡིན་ན་འཇུག་པའི་གང་ཟག་གི་བདག་མེད་གཏན་ལ་འབེབས་པའི་སྐབས་སུ། རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས་གནོད་པ། །ཞེས་ཏེ། ཕྱི་རོལ་མུ་སྟེགས་གྲངས་ཅན་པས་བདག་ཤེས་རིག་གི་སྐྱེས་བུ་རྟག་དངོས་སུ་གྱུར་པ་ཞིག་ཡོད་པར་འདོད་ལ། དེ་དག་གིས་རང་ལུགས་ལ་མ་སྐྱེས་པ་ཡིན་པ་དངོས་པོར་གྲུབ་པ་མེད་པའི་ཁྱབ་པ་ཡང༌ཁོ་རང་གིས་ཁས་ལེན་ལ། ཁྱོད་རང་གིས་འདོད་པའི་རྟག་དངོས་སུ་གྱུར་བའི་བདག་ཤེས་རིག་གི་སྐྱེས་བུ་ཆོས་ཅན། རྟག་དངོས་སུ་གྱུར་པ་ཞིག་མེད་དེ། མ་སྐྱེས་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་པ་ནི། ཁོ་རང་གི་ངོ་ལ་ཚུལ་གསུམ་གྲུབ་པ་ལྟ་བུ་རྟགས་སུ་འགྱུར་བ་དེ་འདྲའི་གཏན་ཚིགས་ལ་བརྟེན་ནས་གཞན་ཕྱོགས་སུན་འབྱིན་པར་བྱེད་པ་ནི་གཞན་ལ་གྲགས་ཀྱིས་རྗེས་དཔག

འགལ་བ་བརྗོད་པའི་ཐལ་འགྱུར་ནི། ཕྱོགས་ཆོས་ཁྱབ་པ་བསལ་བ་གསུམ་པོ་ཕ་རོལ་ལ་གྲུབ་ཀྱང༌ཟློག་པ་འཕེན་པའི་སྒོ་ནས་ཕ་རོལ་གྱི་ཕྱོགས་སེལ་བར་བྱེད་པ་ནི་འགལ་བ་བརྗོད་པའི་ཐལ་འགྱུར་ཡིན་ལ། དེ་ཡང་ཕྱོགས་ཆོས་སམ་རྟགས་ཁོ་རང་ཁས་བླངས་པ་དེ་བཀོད་ནས་རྟགས་དེ་ཡིན་ན་ཁོ་རང་གི་དམ་བཅའི་བཟློག་དོན་ཉིད་དུ་ཐལ་བར་འཕངས་པས། ཁོ་རང་གི་དམ་བཅའ་ལ་བསལ་བ་འབེབས་པས་གཞན་ཕྱོགས་སུན་འབྱིན་བྱེད་པ་སྟེ། དེ་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་ན། དེ་དག་གི་སྐྱེ་བ་དོན་མེད་པར་འགྱུར་བའི་ཕྱིར་ཤིན་ཏུ་ཐལ་བར་འགྱུར་རོ། །གསུངས་པ་ལྟ་བུ་ནི་གྲངས་ཅན་པས་འབྲས་བུ་དངོས་པོ་རྣམས་རྒྱུའི་རང་བཞིན་དུ་རང་གི་བདག་ཉིད་དུ་གྲུབ་ནས་ཡོད་པ་ཞིག སྔར་མི་གསལ་བ་ཕྱིས་གསལ་བ་ཙམ་ལ་སླར་སྐྱེ་བ་ཡིན་ཞེས་འདོད་ལ། དེ་ལ་འགལ་བ་བརྗོད་པའི་ཐལ་འགྱུར་སོགས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཇི་ལྟར་འཕངས་ན། འཇིམ་དུས་ན་ཡོད་པའི་རྫ་བུམ་ཆོས་ཅན། ཁྱོད་སླར་སྐྱེ་བ་དོན་མེད་དེ། རང་གི་བདག་ཉིད་གྲུབ་ཟིན་ནས་ཡོད་པའི་ཕྱིར། དཔེར་ན་མངོན་གསལ་གྱི་བུམ་པ་བཞིན་ཞེས་པ་ལྟ་བུ་ཞིག་གི་སྒོ་ནས་ཁོ་རང་གི་ཁས་ལེན་དེ་ལ་ནང་འགལ་བརྗོད་པ་ཡིན་ལ། དེ་ལ་ནི་མདུན་གནས་མངོན་གསལ་གྱི་བུམ་པ་དེ་རང་གི་བདག་ཉིད་དུ་གྲུབ་ཟིན་པས་གསར་དུ་སྐྱེ་མི་དགོས་པ་འདོད་པ་ལ། འོ་ན་འཇིམ་དུས་ཀྱི་རྫ་བུམ་དེ་རང་གི་བདག་ཉིད་དུ་གྲུབ་པ་ཡང་ཁས་ལེན་པ་ཡིན་ན། མངོན་གསལ་གྱི་བུམ་པ་བཞིན་དུ་སླར་སྐྱེ་བ་ལ་དོན་མེད་པ་ཡིན་ཞེས་པ་ལྟ་བུའི་སྒོ་ནས་ཁོ་རང་གི་དམ་བཅའ་ནང་འགལ་བ་བརྗོད་པའི་ཐལ་འགྱུར་དང༌།

རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཞེས་པ་ནི། དངོས་སྨྲ་བ་རྣམས་ཀྱིས་རྒྱུ་མཚན་མཚུངས་ཀྱང༌རྒྱུ་མཚན་ཅན་མི་མཚུངས་ཞེས་བརྗོད་པའི་ལན་དུ་རྒྱུ་མཚན་མཚུངས་པས་རྒྱུ་མཚན་ཅན་ཡང་མཚུངས་སོ། །ཞེས་མགོ་བསྒྲེས་པས་གཞན་ཕྱོགས་ལ་སུན་འབྱིན་བརྗོད་པ་ཡིན་ལ། དེ་ནི་འདི་ལྟར། གཞན་སྐྱེ་འདོད་པའི་དངོས་སྨྲ་བ་རྣམས་ཀྱིས་རྒྱུ་ས་བོན་དང༌ འབྲས་བུ་མྱུ་གུ་གཉིས་ཀ་གཞན་ཡིན་པ་དེས་ན་གཞན་ལས་སྐྱེའོ་ཞེ་ན། འོ་ན་མེ་ལྕེ་ཆོས་ཅན། ཁྱོད་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་ཐལ། གཞན་ཡིན་པའི་ཕྱིར། ཞེས་གཞན་ཉིད་ཡིན་པར་མཚུངས་པས་ན་རྒྱུ་མཚན་ཅན་ལ་མཚུངས་སོ། །ཞེས་པ་ལྟ་བུ་ནི་རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང༌།

སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་ནི། དངོས་སྨྲ་བས་རང་གི་དམ་བཅའ། དངོས་པོ་རྣམས་རང་བཞིན་གྱི་གྲུབ་པ་དེ་བསྒྲུབ་པའི་ཆེད་དུ་སྒྲུབ་བྱེད་དུ་བཀོད་པ་དེ་ཡང་བསྒྲུབ་བྱ་བཞིན་དུ་མ་གྲུབ་ཅེས་བརྗོད་པ་དང༌། ཡང་དངོས་སྨྲ་བས་དབུ་མ་པ་ལ་སྐྱོན་བརྗོད་བྱས་ནས་གང་སྒྲུབ་བྱེད་དུ་བརྗོད་པ་རྣམས་ཀྱང༌ བསྒྲུབ་བྱ་དང་མཚུངས་པས་མ་གྲུབ་པའི་ཚུལ་བརྗོད་པས་གཞན་ཕྱོགས་སེལ་བ་སྟེ་གཉིས་ལས། དང་པོ་འཇུག་པ་ལས། མ་གྲུབ་འདིས་ནི་གྲུབ་པར་བྱེད་པ་མིན། །རང་རིག་པ་ནི་གྲུབ་ལ་རག་མོད་ཀྱང༌། །དེ་ལྟའང་དྲན་པས་དྲན་པ་རིག་མིན་ཏེ། །གཞན་ཕྱིར༴ ཞེས་པ་ལྟ་བུ་སྟེ། དེ་ཡང་བསྒྲུབ་བྱ་རང་རིག་དེ་སྒྲུབ་བྱེད་དྲན་པའི་རྟགས་བཀོད་པའང༌། བདེན་པར་གྲུབ་པའི་རང་རིག་ཞིག་མི་འགྲུབ་པ་བཞིན་དུ་སྒྲུབ་བྱེད་དྲན་པའང་མི་འགྲུབ་བོ་ཞེས་པ་ལྟ་བུ་སྟེ། དངོས་སྨྲ་བས་རང་གིས་གང་དམ་བཅས་པའི་བསྒྲུབ་བྱ་དེ་མ་གྲུབ་པ་བཞིན་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དེ་དང་མཚུངས་པས་མ་གྲུབ་བོ། །ཞེས་པ་ལྟ་བུ་དང༌། ཡང་གཉིས་པ་ནི་དངོས་སྨྲ་བས། དབུ་མ་པ་ལ་སྐྱོན་བརྗོད་པའི་སྒྲུབ་བྱེད་དང་བསྒྲུབ་བྱ་མཚུངས་པས་མ་གྲུབ་ཚུལ་ནི། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་གིས་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟར། གཞན་ཡང་དངོས་སྨྲ་བས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཀྱང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་པ་ལྟ་བུ། གལ་ཏེ་འདི་ཀུན་མ་སྟོང་ན། །སོགས་ཤོ་ལོ་ཀ་གཅིག ཡང་དངོས་སྨྲ་བས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཀྱང་འཇིག་པ་མེད། །གང་ཞིག་ཡང་དང་དགག་པ་ལས། །མྱ་ངན་འདའ་བར་འགྱུར་བ་འདོད། །ཅེས་སྨྲ་བ་ལ། དངོས་པོ་འདི་དག་ཀུན་རང་བཞིན་གྱིས་གྲུབ་ན་ཀུན་ཉོན་སྤང་བ་དང༌རྣམ་བྱང་སྒྲུབ་ཏུ་མེད་པ་ཞིག་ཏུ་འགྱུར་ཏེ། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཀྱང་འཇིག་པ་མེད། །གང་ཞིག་སྤངས་དང་འགག་པ་དང༌། །མྱ་ངན་འདའ་བར་འགྱུར་བ་འདོད། །ཅེས་བརྗོད་པ་ལྟ་བུའོ། །དགེའོ།། །།ཞེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མའི་གསུང་ཟིན་ཞིག་ལགས།

དབུ་ཕར་ཚད་མངོན་སོགས་གཞུང་ཆེན་འགའི་དཀའ་གནད་བཞུགས།

བློ་ལ་ངེས་ཕྱིར་བྲིས་པ། རང་རྒྱུད་པའི་གཞུང་ཁོ་ནར་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དགོངས་དོན་འཆད་དོ་ཞེ་ན། འོ་ན་མདོའི་སྦས་དོན་ཡོངས་རྫོགས་བྱམས་པས་མ་བཀྲལ་བར་འགྱུར་ཏེ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་མངོན་རྟོགས་མཐའ་དག་མ་བཀྲལ་བའི་ཕྱིར། དེར་ཐལ། རྩ་ཤེས་ནས་བཤད་པའི་སྟོང་ཉིད་ཀྱི་ཡུལ་ཅན་མཐའ་དག་མ་བཤད་པའི་ཕྱིར། གཞན་ཡང་ཡུམ་མདོའི་དངོས་བསྟན་ཆོས་ཅན། རང་རྒྱུད་པའི་ལུགས་ཁོ་ནར་ཀླུ་སྒྲུབ་ཀྱིས་བཀྲལ་རིགས་པར་ཐལ་ཏེ། སྦས་དོན་དེ་རང་རྒྱུད་པའི་ལུགས་ཁོ་ནར་བྱམས་པས་བཀྲལ་བའི་ཕྱིར། ཁྱབ་སྟེ། དངོས་བསྟན་སྟོང་ཉིད་ཁྱོད་ཡུལ་ཡིན་པ་ནི་གང་ཞིག སྦས་དོན་དེ་དེའི་ཡུལ་ཅན་ཡིན་པའི་ཕྱིར། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། ཐལ་རང་ཕྱི་མོའི་གཞུང་ཡིན་ཏེ། རྩ་ཤེས་དེ་དེ་ཡིན་པའི་ཕྱིར།

༈ ཡང་ཡུམ་དེ་སངས་རྒྱས་ཁོ་ནའི་ཡུམ་ཡིན་ན། གཅིག་གིས་བརྒྱད་བསྡུས་པར་ཐལ། སྡུད་བྱེད་དེ་རྣམ་མཁྱེན་ཁོ་ན་ཡིན་པའི་ཕྱིར། འདོད་ན་གསུམ་གྱིས་བརྒྱད་བསྡུས་པར་གསུངས་པ་འགལ་ལོ། །

༈ ཁོ་ན་རེ་བྱམས་ཆོས་བཤད་པའི་སྐབས་ན་བྱམས་པ་རང་གི་མན་ངག་ལྟར་བཤད་ཐབས་ལྔས་བཤད་དགོས་པས། ཤེར་ཕྱིན་གྱི་ལུས་ཀྱང་དེ་ལྟར་སྡེ་ཚན་དུ་བཅད་ནས་རིམ་པར་བཤད་དགོས་ཟེར་ན། ཤེས་བྱ་ཆོས་ཅན། རྒྱུད་བླ་མ་ཡང་བཤད་ཐབས་ལྔས་སྟོན་ནས་ཀྱང་ལུས་སྡེ་ཚན་དུ་ཕྱེ་ནས་བཤད་དགོས་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན་སླ།

༈ མདོའི་སྦས་དོན་ཆོས་ཅན། ཤུགས་བསྟན་དང་གཅིག་མ་ཡིན་ཏེ། ལམ་ཤེས་ཀྱི་མདོ་འཆད་པའི་སྔ་རོལ་དུ་ལྷ་རྣམས་ཀྱི་འོད་མོག་མོག་བྱས་པས་དེའི་ཤུགས་ལ་ལམ་ཤེས་ཀྱི་རྟེན་ང་རྒྱལ་མངོན་གྱུར་བཅོམ་དགོས་པ་ཞིག་མི་གོ་བ་གང་ཞིག སྦས་དོན་ལྟར་ན་དེ་རྟོགས་ནུས་པའི་ཕྱིར།

༈ སྙོམས་འཇུག་གི་སྒྲིབ་པ་ཆོས་ཅན། ཁྱོད་ཉོན་ཤེས་གཉིས་མ་ཡིན་ཏེ། ཐར་བ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་མི་གཅོད་པའི་ཕྱིར། ཁོ་ན་རེ་རྟགས་མ་གྲུབ་སྟེ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་དེ་སྤངས་དགོས་པའི་ཕྱིར་ཞེ་ན། འོ་ན་ཉོན་སྒྲིབ་ཆོས་ཅན། ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་ཐལ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་དེ་སྤངས་དགོས་པས་ཁྱབ་པའི་ཕྱིར། འདོད་ན་ཉོན་སྒྲིབ་ཤེས་སྒྲིབ་ཏུ་ཐལ། མཚན་ཉིད་དེ་ཡོད་པའི་ཕྱིར། འཁོར་གསུམ། རྒྱུ་མཚན་དེས་ན་ཉོན་ཤེས་གཉིས་བདག་མེད་གཉིས་རྟོགས་ཀྱི་ལྷག་མཐོང་ལ་རིམ་བཞིན་བར་དུ་གཅོད་ལ། སྙོམས་འཇུག་གི་སྒྲིབ་པ་ནི་ཞི་གནས་ལ་བར་དུ་གཅོད་དོ། །དགེ་ཕྱོགས་ལྟར་ན་ཡང་། སྙོམས་འཇུག་གི་སྒྲིབ་པ་ཤེས་སྒྲིབ་ཏུ་འདོད་ན། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་ཆོས་ཅན། ཁྱོད་ཀྱིས་ཚོགས་མཐའ་ཡས་པ་བསགས་པར་ཐལ། ཤེས་སྒྲིབ་སྤངས་པའི་ཕྱིར་ཏེ། དེས་སྙོམས་འཇུག་གི་སྒྲིབ་པ་སྤངས་པ་གང་ཞིག དེ་ཤེས་སྒྲིབ་ཡིན་པའི་ཕྱིར། འཁོར་གསུམ། རྟགས་མ་གྲུབ་ན་རང་གི་ཁས་ལེན་ལ་ལྟོས། འདོད་ན་རང་གི་གྲུབ་མཐའ་ལ་ལྟོས། མ་ཁྱབ་ན་རང་ལུགས་ཀྱི་སྒྲིབ་པའི་གྲངས་ངེས་ལ་ལྟོས།

༈ སྨོན་འཇུག་གི་ཁྱད་པར་ཆོ་གའི་སྒོ་ནས་ཕྱེ་མི་རུང་སྟེ། སྨོན་སེམས་ཡང་འཇུག་པར་ཐལ་བའི་ཕྱིར། རྟགས་གྲུབ་སྟེ། ཇི་ལྟར་སྔོན་གྱི་སོགས་ཀྱི་སྐབས་སྨོན་སེམས་དང་འཇུག་པ་གཉིས་ཀ་ལེན་པ་ཡིན་པ་གང་ཞིག སྨོན་སེམས་ཀྱང་ཆོ་གས་ཟིན་པའི་ཕྱིར། ལུས་ངག་གི་བྱ་བས་ཟིན་མ་ཟིན་པའི་སྒོ་ནས་ཀྱང་སྨོན་འཇུག་གི་ཁྱད་པར་དབྱེ་མི་རུང་སྟེ། སྨོན་སེམས་ཆོ་གས་ལེན་པའི་ཚེ་བྱ་བས་ཟིན་པ་ཡིན་པའི་ཕྱིར། དེས་ན་དམ་བཅའ་བའི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་དབྱེ་བ་ཡིན་ནོ། །

༈ ཉན་ཐོས་མང་བཀུར་སྡེ་བས་འདོད་པའི་བདག་ཕུང་གཅིག་འཛིན་དེ་ཆོས་ཅན། བཏགས་འཛིན་རྟོག་པ་དང་ཀུན་བརྟགས་ཡིན་ཏེ། དེ་ཐར་ལམ་ཡང་དག་ལ་ཞུགས་པའི་གང་ཟག་ཡིན་པ་གང་ཞིག དེ་འདྲའི་བདག་ལྟའི་དམིགས་པ་དེ་དཔྱད་ནས་བཞག་པ་ཡིན་པའི་ཕྱིར། ཕྱི་མ་སླ། སྔ་མ་གྲུབ་སྟེ། ཉན་ཐོས་སྡེ་བ་བཅོ་བརྒྱད་པོ་བསྟན་པ་རྣམ་དག་ཏུ་མདོ་ལས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། བཏགས་འཛིན་མངོན་གྱུར་དུ་ཐལ། དངོས་སུ་རྟོག་པས་དཔྱད་ནས་བཞག་པའི་ཕྱིར། འདོད་ན། སོ་སྐྱེ་ལ་བཏགས་འཛིན་མངོན་གྱུར་ཡོད་པར་ཐལ་ལོ། །དེས་ན་སོ་སྐྱེ་ལ་བཏགས་འཛིན་རྟོག་པ་མངོན་གྱུར་ཡོད་མོད། འོན་ཀྱང་ཤེར་ཕྱིན་གྱི་སྐབས་འདིར་བཏགས་འཛིན་མངོན་གྱུར་སོ་སྐྱེ་ལ་མི་འདོད་དེ། དེ་འཇོག་བྱེད་མེད་པའི་ཕྱིར། གྲུབ་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མེད་པའི་ཕྱིར།

༈ དབུ་མའི་ལུགས་ལ་སྙོམས་འཇུག་གི་སྒྲིབ་པ་ཆོས་ཅན། ཉོན་ཤེས་ཀྱི་སྒྲིབ་པ་མིན་པར་ཐལ། ཁྱོད་སྤངས་པ་ལ་བདག་མེད་གཉིས་བསྒོམ་མི་དགོས་པའི་ཕྱིར། ཁྱབ་སྟེ། ཟླ་བས། བདག་མེད་འདི་ནི་འགྲོ་བ་སོགས་ཞེས་གསུངས་པའི་ཕྱིར།

༈ སྡུད་པ་ཁྲི་བརྒྱད་སྟོང་པ་ལས་ལོགས་སུ་བགྲངས་པ་མི་འཐད་དེ། ཁྲི་བརྒྱད་སྟོང་པའི་ལེའུ་ཞིག་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཁྱོད་ལོགས་སུ་བགྲངས་པ་ལ་དགོས་པ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱིས་མངོན་རྟོགས་བརྒྱད་པོ་ཚང་བར་གོ་རིམ་བཞིན་སྟོན་པའི་ཕྱིར། མ་ཁྱབ་ན། འབུམ་ལས་ཉི་ཁྲི་ལོགས་སུ་བགྲང་བ་མི་རིགས་པར་ཐལ། མ་ཁྱབ་པའི་ཕྱིར།

༈ གང་ཟག་རྫས་འཛིན་གྱི་ནང་ཚན་ཡུལ་ལ་ལོངས་སྤྱོད་པ་པོར་འཛིན་པ་ཆོས་ཅན། ཤེས་སྒྲིབ་ཡིན་པར་ཐལ། འཁོར་གསུམ་དུ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་ཞེ་ན། འཇུག་པའི་ནང༌། ཟ་བོ་རྟག་དངོས་སོགས་ཀྱི་གཞུང་དེ་ཤེས་སྒྲིབ་བམ་ཆོས་བདག་སྟོན་བྱེད་ཡིན་པར་ཐལ། ཡུལ་ལ་ལོངས་སྤྱོད་པ་པོ་བསྟན་པའི་ཕྱིར། རྟགས་ཚད་མ། ཁྱབ་པ་ཁས་སོགས་བསྒྲེ།

༈ སྤྱོད་འཇུག་ཤེར་ལེའུ་དང་འཇུག་པའི་ས་བཅུ་གཅིག་པའི་སྐབས་ཀྱི་མཐར་ཐུག་ཐེག་གཅིག་ཏུ་བསྒྲུབ་པ་ལ་དགོངས་གནད་གཅིག་ཡིན་ཏེ། སྔ་མར་སྲེད་འདི་ཉོན་མོངས་སོགས་ཀྱིས་སྤངས་པ་མཐར་ཐུག་རྫོགས་དགོས་པར་བསྟན་པའི་སྒོ་ནས་དང༌། ཕྱི་མར་གང་ཕྱིར་འདི་ན་དེ་ཉིད་སོགས་ཀྱིས་རྟོགས་པ་མཐར་ཐུག་རྫོགས་པའི་སྒོ་ནས་ཐེག་གཅིག་ཏུ་བསྒྲུབ་པའི་ཕྱིར།

༈ ཡང་མ་དག་ས་བདུན་དུ་གཙོ་བོར་ཉོན་སྒྲིབ་ཀྱི་ས་བོན་གྱིས་བསྡུས་པའི་སྡུག་ཀུན་བརྩི་རུང་སྟེ། དེས་ཉོན་མོངས་པའི་བག་ཆགས་མཐའ་དག་མ་སྤངས་པའི་ཕྱིར། དག་ས་གསུམ་དུ་ཤེས་སྒྲིབ་ཀྱིས་བསྡུས་པའི་སྡུག་ཀུན་བརྩི་རུང་སྟེ། དེ་ལ་མ་རིག་བག་ཆགས་ཀྱི་ས་སོགས་བཞི་ཡོད་པའི་ཕྱིར། མངོན་མཛོད་ཀྱི་ལུགས་ལ་མཐོང་ལམ་ལ། རྗེས་ཐོབ་མེད་དེ། བཟོད་ཤེས་སྐད་ཅིག་བཅུ་དྲུག་རིམ་བཞིན་བར་མ་ཆད་དུ་འབྱུང་བ་གང་ཞིག སྐད་ཅིག་བཅུ་དྲུག་པ་ཁོ་སྒོམ་ལམ་ཡིན་པའི་ཕྱིར། ཐེག་ཆེན་གྱི་ལུགས་ལ་མཐོང་ལམ་ལ་རྗེས་ཐོབ་ཡོད་དེ། མཐོང་ལམ་མཉམ་བཞག་ལས་ལྡང་ནས་རྟེན་འབྲེལ་ལུགས་འབྱུང་ལྡོག་ཏུ་བསྒོམ་པ་ཡོད་པའི་ཕྱིར། གྲུབ་སྟེ། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོགས་པར་བྱེད། །ཅེས་གསུངས་པའི་ཕྱིར། མ་ཁྱབ་ན། སྒོམ་ལམ་ལ་ས་དགུར་གྲངས་མི་ངེས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། མ་ཁྱབ་ན། མཐོང་ལམ་མཉམ་བཞག་ལས་ལྡང་ནས་རྟེན་འབྲེལ་བསྒོམ་པ་དེ་ཆོས་ཅན། སྒོམ་ལམ་གྱི་ས་གཉིས་པའི་མཉམ་རྗེས་གང་རུང་ཡིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁྱོད་ས་གཉིས་པའི་མཉམ་བཞག་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་མིན་པ་གང་ཞིག དེའི་རྗེས་ལ་ཐོབ་པའི་ཏིང་འཛིན་ཡང་མིན་པའི་ཕྱིར། རྟགས་སྔ་མ་ལ་དོགས་པ་མེད་ཀྱང༌། ཕྱི་མ་ཡང་གྲུབ་སྟེ། ས་དེའི་རྗེས་ཐོབ་ཡིན་ན་ས་དེའི་མཉམ་བཞག་གི་རྗེས་སུ་འབྱུང་བས་ཁྱབ་པའི་ཕྱིར། མ་གྲུབ་ན། ས་དང་པོའི་རྗེས་ཐོབ་ཆོས་ཅན། སྦྱོར་ལམ་ན་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འཁོར་གསུམ། དེས་ན་མཐོང་ལམ་ལ་རྗེས་ཐོབ་ཡོད་པ་ཡིན་ལ་དེ་ཡང་ས་གཉིས་པའི་སྦྱོར་བ་ཡིན་ནོ། །དེ་ལ་ཁོ་ན་རེ། འོ་ན་དེ་སྒོམ་ལམ་ཡིན་པར་ཐལ། ས་གཉིས་པའི་སྦྱོར་བ་ཡིན་པའི་ཕྱིར་ཞེ་ན། སྦྱོར་ལམ་ཆོས་ཅན། མཐོང་ལམ་ཡིན་པར་ཐལ། མཐོང་ལམ་གྱི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་འགྲིགས།

༈ འཇུག་པའི་ས་དྲུག་པའི་སྐབས་ཆོས་ཅན། རང་ངོར་ཁས་ལེན་མེད་པའི་སྐབས་འབའ་ཞིག་ཡིན་པས་མ་ཁྱབ་པར་ཐལ། ཀུན་གཞི་མེད་ཀྱང་ལས་འབྲས་ཀྱི་རྣམ་བཞག་འཐད་པར་བསྟན་པའི་ཕྱིར་ཞེ་ན། འཇུག་པའི་ས་དྲུག་པའི་སྐབས་ན་ཆོས་ཅན། བདག་སྐྱེ་ཁས་ལེན་པར་ཐལ། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གི་བུ་འདི་བསྐྱེད་ཅེས་སྨྲ་བར་བྱེད། །ཅེས་གསུངས་པ་གང་ཞིག་ཀུན་རྫོབ་འཇིག་རྟེན་གྱི་རྗེས་སུ་འབྲངས་པར་དཔལ་ལྡན་ཟླ་བ་རང་གིས་གསུངས་པའི་ཕྱིར། མ་ཁྱབ་ན་སྔ་མ་ལ་ཡང་མ་ཁྱབ། དེས་ན་འཇུག་པ་སོགས་ཀྱི་དེ་སྐབས་ཀུན་གཞི་སོགས་ལ་གནོད་པ་སྟོན་པའི་ཆེད་དུ་གསུངས་པ་ཡིན་གྱི་རང་གིས་ཁས་བླངས་ནས་འདོད་ཟེར་བ་མིན་ནོ། །

༈ ཡང་ཁོ་ན་རེ། ཐེག་དམན་གྱི་རྟོགས་རིགས་ཡིན་ན་རིང་བའི་གཞི་ཤེས་ཡིན་པས་ཁྱབ་ཅེ་ན། ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ཆོས་ཅན། ཁྱོད་ཡིན་ན་ཉེ་བའི་གཞི་ཤེས་ཡིན་པས་མ་ཁྱབ་པར་ཐལ། ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བ་ཡིན་པའི་ཕྱིར། མ་ཁྱབ་ན་རང་གི་དམ་བཅའ་ལ་ལྟོས། མ་གྲུབ་ན་མངོན་རྟོགས་རྒྱན་ལ་གཟིགས། འདོད་ན། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་པའི་གཞུང་འདི་སུབས་ཤིག དེས་ན་ཐེག་དམན་རང་རྒྱུད་པའི་མངོན་རྟོགས་ཡིན་ན་རིང་བའི་གཞི་ཤེས་ཡིན་པས་ཁྱབ་མོད། ཐེག་དམན་གྱི་རྟོགས་རིགས་ལ་དེས་མ་ཁྱབ་སྟེ། གཞི་ཤེས་ཀྱི་མཐོང་ལམ་གྱི་དངོས་སུ་ཐེག་པ་གསུམ་གྱི་རྟོགས་རིགས་འདུས་པའི་མཐོང་ལམ་བསྟན་པའི་ཕྱིར། དེས་ན་གཞི་ཤེས་ཀྱི་སྐབས་མཐོང་ལམ་གྱིས་དངོས་བསྟན་ནི་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བའི་བྱང་སེམས་ཀྱི་མཐོང་ལམ་བསྟན་ན། །ཤུགས་ལ་ཉན་ཐོས་རང་རྒྱུད་པའི་མཐོང་ལམ་བསྟན་ནོ། །

༈ ཤེར་ཕྱིན་མཚན་ཉིད་སྐབས། མཁྱེན་གསུམ་གྱི་སྦྱོར་བ་ཡིན་ན། ཤེས་ཁྱད་བྱེད་པའི་མཚན་ཉིད་དེ་ལྡན་པས་ཁྱབ་སྨྲས་པ་ལ། ཁོ་ན་རེ། མཐོང་ལམ་མཉམ་བཞག་གི་ངོ་བོ་གཞི་ཤེས་ཟབ་པའི་སྦྱོར་བ་དེ་ཆོས་ཅན། ཁྱོད་ལ་ཁྱོད་ཀྱི་བྱེད་མཚན་རིགས་ཅན་གསུམ་རང་ལམ་ལ་འགོད་པ་དེ་མེད་པར་ཐལ། ཁྱོད་སློབ་པའི་མཉམ་བཞག་སྣང་མེད་ཡིན་པའི་ཕྱིར་ཞེ་ན། ཚང་མང་གི་ཀ་བ་འདི་ཆོས་ཅན། ཤིང་མ་ཡིན་པར་ཐལ། ཁྱོད་ལ་ཡལ་ག་ལོ་འདབ་དེ་མེད་པའི་ཕྱིར། ཁྱབ་པ་འགྲིགས། དེས་ན་དེ་དང་དེའི་རིགས་སུ་གནས་པས་ཆོག་གོ །སྐབས་དང་པོར་བསྟན་པའི་རྟོག་པ་བཞི་ཆོས་ཅན། ཁྱོད་ཡིན་ན་སྒྲུབ་རྟོག་འབའ་ཞིག་ཡིན་པས་ཁྱབ་སྟེ། ཆོས་སུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་གཉིས་བློས་གང་དུ་བཟུང་ཡང་མཐའ་བཞི་ཡོད་པར་རྟོག་པའི་ཞེན་བློ་ཡིན་པས་ཁྱབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་སྟེ། ཕྱིར་རྒོལ་བས་བུམ་མེད་འཛིན་པའི་བློ་དེ་ཆོས་ཅན་ཟེར། མ་གྲུབ་སྟེ། བུམ་པ་མེད་པ་མེད་པར་རྟོགས་པའི་བློ་མ་ཡིན་པ་གང་ཞིག བུམ་མེད་ཡིན་པར་འཛིན་པའི་བློ་ཡིན་པའི་ཕྱིར། ཡང་སྐབས་དང་པོའི་ཀུན་ཉོན་གཟུང་རྟོག་ཏུ། སྐབས་ལྔ་བའི་ལྡོག་པ་གཟུང་རྟོག་འདུས་བྱས་པ་ལ། ཁོ་ན་རེ། ཉན་ཐོས་ཀྱི་ལམ་འབྲས་བུ་དང་བཅས་པ་ཆོས་ཅན། ཀུན་ཉོན་ཡིན་པར་ཐལ། སྐབས་དང་པོའི་ཀུན་ཉོན་གཟུང་རྟོག་གི་ནང་དུ་འདུས་པའི་ཕྱིར་ཞེ་ན། སྤྱོད་འཇུག་སྡིག་བཤགས་ལེའུའི་མཆོད་པ་འབུལ་བའི་ཡན་ལག་དེ་ཆོས་ཅན། སྡིག་པ་བཤགས་པའི་ཡན་ལག་ཡིན་པར་ཐལ། སྡིག་པ་བཤགས་པའི་ལེའུའི་བརྗོད་བྱ་ཡིན་པའི་ཕྱིར། ཁྱབ་པ་འགྲིགས། བར་ཆད་མེད་རྩེ་ཆོས་ཅན། ཁྱོད་དང་སངས་རྒྱས་ཀྱི་ཡེ་ཤེས་གཉིས་སྒྲིབ་པ་ལས་གྲོལ་ཟིན་མ་ཟིན་ཙམ་ལས་ངོ་བོ་ལ་བཟང་ངན་མེད་དེ། དཔེར་ན་ས་གཉིས་པའི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་བཞིན་ནོ། །

༈ རྡོར་ཏིང་ཆོས་ཅན། ཁྱོད་སློབ་ལམ་ཡིན་པར་ཐལ། ཁྱོད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ཞེས་སྨྲས་པ་ལ། རྡོར་ཏིང་ཆོས་ཅན། ཁྱོད་སློབ་ལམ་མིན་པར་ཐལ། སློབ་ལམ་ཡིན་ན་ཚོགས་སྦྱོར་མཐོང་སྒོམ་བཞིར་གྲངས་ངེས་པ་གང་ཞིག དེ་བཞི་པོ་གང་ཡང་མིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ཟེར་ན། སྒོམ་ལམ་ཆོས་ཅན། སྐོར་དགུར་གྲངས་མི་ངེས་པར་ཐལ། རྡོར་ཏིང་དེ་ཡིན་པའི་ཕྱིར། མ་ཁྱབ་ན། རྡོར་ཏིང་ཆོས་ཅན། སྒོམ་སྤང་སྐོར་དགུའི་གང་རུང་གི་གཉེན་པོ་བར་ཆད་མེད་ལམ་ཡིན་པར་ཐལ། ཁྱོད་བར་ཆད་མེད་ལམ་ཡིན་པ་གང་ཞིག སྒོམ་ལམ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། སྒོམ་ལམ་སྐོར་བཅུར་ཐལ་ལོ། །ཡང་བར་ཆད་མེད་རྩེ་ཆོས་ཅན། མི་སློབ་ལམ་ཡིན་པར་ཐལ། མི་སློབ་ལམ་གྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། མ་ཁྱབ་ན། མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཐོང་ལམ་ཡིན་པས་མ་ཁྱབ་པར་ཐལ། ལམ་དེའི་བར་ཆད་མེད་ལམ་ཡིན་ན་ལམ་དེས་བསྡུས་པས་མ་ཁྱབ་པའི་ཕྱིར། ཡང་ཁོ་ན་རེ། རྡོར་ཏིང་དེ་སྤང་བྱ་ལས་རྒྱལ་ཟིན་པ་མིན་པའི་ཕྱིར། མི་སློབ་ལམ་མིན་ཞེ་ན། མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཐོང་ལམ་མིན་པར་ཐལ། སྤང་བྱ་ལས་རྒྱལ་ཟིན་པ་མིན་པའི་ཕྱིར། ཁྱབ་པ་འགྲིགས། ཡང་ཁོ་ན་རེ། ས་བཅུ་པའི་སྤང་བྱ་ལ་ཕྲ་རགས་གཉིས་ཀྱི་ཕྲ་བ་དེ་རྡོར་ཏིང་གི་གཞོམ་བྱ་ཡིན་ཟེར་ན། དེ་འདྲའི་ཕྲ་བ་དེ་ཆོས་ཅན། ཁྱོད་ས་བཅུ་པའི་སྤང་བྱ་ཕྲ་མོ་ཞིག་ཡིན་པར་ཐལ། སྒོམ་སྤང་སྐོར་དགུར་ཕྱེ་བའི་ས་བཅུ་བའི་སྤང་བྱ་ཕྲ་མོ་ཡིན་པའི་ཕྱིར། འདོད་ན། ཉོན་ཅིག དེ་འདྲའི་སྤང་བྱ་རྡོར་ཏིང་གི་གཞོམ་བྱའི་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་ས་བཅུ་པའི་རྣམ་གྲོལ་ལམ་ཡིན་པར་ཐལ། ས་བཅུ་པའི་སྤང་བྱ་ཕྲ་མོ་བཅོམ་པའི་བར་ཆད་མེད་ལམ་གྱི་རྗེས་ཀྱི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཡང་ན་སངས་རྒྱས་ཀྱི་ས་ཆོས་ཅན། ས་བཅུ་པའི་རྣམ་གྲོལ་ལམ་ཡིན་པར་ཐལ། ས་བཅུ་པའི་སྤང་བྱ་ཕྲ་མོ་ཞིག་བཅོམ་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། རྟགས་ཁྱེད་ཀྱིས་བྱས། ཁྱབ་པ་རྒྱ་བོད་ཀྱི་མཁས་པ་ཀུན་གྱིས་བྱས། འདོད་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མེད་པར་ཐལ་ལོ། །ཡང་ཁོ་ན་རེ། བར་ཆད་མེད་རྩེ་མི་སློབ་ལམ་ཡིན་ན་སངས་རྒྱས་ཀྱི་ས་ན་སྒྲིབ་པ་ཡོད་པར་ཐལ་ཟེར་ན། ཤེས་བྱ་ཆོས་ཅན། མཐོང་ལམ་ན་མཐོང་སྤང་ཡོད་པར་ཐལ། མཐོང་ལམ་བར་ཆད་མེད་ལམ་དེ་མཐོང་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེས་ན་རྡོར་ཏིང་གི་རྗེས་མཉམ་བཞག་ལས་སླར་ལྡང་བ་མེད་པས་ན་མི་སློབ་ལམ་དུ་བསྡུས་ཀྱང་རུང༌། འོན་ཀྱང་སྐབས་ཐོབ་ཀྱི་གོ་བའི་དབང་དུ་སློབ་ལམ་དུ་བསྡུས་ཀྱང་བདེ།

༈ སྤང་བྱ་གཞི་ཤེས་ཡིན་ན་མཆོད་ཡུམ་མ་ཡིན་ཏེ། ཁྱོད་ལམ་གྱི་མངོན་རྟོགས་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཡིན་ན་བདག་འཛིན་གཉིས་གང་རུང་ཡིན་པས་ཁྱབ་པའི་ཕྱིར། ཁོ་ན་རེ། ཉན་ཐོས་ཀྱི་མངོན་རྟོགས་ཆོས་ཅན། མཆོད་ཡུམ་མ་ཡིན་པར་ཐལ། སྤང་བྱ་གཞི་ཤེས་ཡིན་ན་མཆོད་ཡུམ་མ་ཡིན་པ་གང་ཞིག རིང་བའི་གཞི་ཤེས་ཡང་མཆོད་ཡུམ་མིན་པའི་ཕྱིར་ཟེར། རྟགས་ཟུར་ཕྱི་མ་མ་གྲུབ། ཁོ་ན་རེ། མཚན་འཛིན་ཆོས་ཅན། མཆོད་ཡུམ་ཡིན་པར་ཐལ། མ་གྲུབ་པའི་ཕྱིར་ཟེར་ན། ཉན་ཐོས་དགྲ་བཅོམ་པའི་མཉམ་བཞག་གི་ངོ་བོ་ཆོས་ཅན། མཚན་འཛིན་ཡིན་པར་ཐལ། སྦྱོར་ངག་དེ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། སྣང་མེད་རྣལ་མངོན་མིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ་མཚན་མར་བཟུང་བ་དེ་རྟོག་པ་ཡིན་པས་ཁྱབ་པའི་ཕྱིར། དེས་ན་རིང་བའི་གཞི་ཤེས་དེ་མཚན་འཛིན་གྱིས་བསླད་པར་གསུངས་པ་དེ་ཐེག་དམན་པའི་མཉམ་བཞག་ལྟ་བུའི་སྐབས། མཚན་འཛིན་གཉེན་པོས་མ་སྤངས་པ་ཙམ་དང༌། མཉམ་བཞག་དེ་ལས་ལྡང་ཡང་མཚན་མེད་ཀྱི་ངེས་པ་འདྲེན་མི་ནུས་པའི་ཆ་ནས་གསུངས་ཀྱི་དངོས་སུ་མཚན་འཛིན་ཡོད་པ་མི་སྲིད་དོ། །དེས་ན་རིང་བའི་གཞི་ཤེས་མཆོད་ཡུམ་ཡིན་ནོ། །གཞན་ཡང་དེ་བདག་ཡོད་དུ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་ན། གཉེན་པོ་གཞི་ཤེས་སུ་ཡང་བསྡུ་རུང་ངོ༌། །

༈ བེམ་པོ་རགས་པ་རྣམས་ཆོས་ཅན། རེ་རེ་ནས་རྩོམ་གཞིའི་རྡུལ་རིགས་མི་འདྲ་བ་ཡོད་དེ། རགས་པ་རྣམས་རིགས་མི་འདྲ་བའི་ཕྱིར། དེས་ན་གཟུགས་ལྟ་བུ་ལ་དེས་བསྡུས་པའི་རྡུལ་རྫས་བརྒྱད་ཀྱི་སྒོ་ནས་རྩོམ་པ་ཡིན་ནོ། །ཁོ་ན་རེ། འོ་ན་གཟུགས་དེས་བསྡུས་པའི་རྡུལ་ཕྲན་བརྒྱད་པོ་ཆོས་ཅན། རེ་རེ་ནས་གཟུགས་ཀྱི་མཚན་ཉིད་ཡོད་པར་ཐལ། མཚོན་བྱ་དེས་བསྡུས་པའི་ཕྱིར་ཟེར་ན། བུམ་པའི་ཁ་ཁྱེར་སོགས་ཆོས་ཅན། རེ་རེ་ནས་བུམ་པའི་མཚན་ཉིད་ཡོད་པར་ཐལ། མཚོན་བྱ་དེས་བསྡུས་པའི་ཕྱིར། ཁྱབ་པ་འགྲིགས། ཡང་ཁོ་ན་རེ། བུམ་གཟུགས་ཆོས་ཅན། ཁྱོད་ལ་འབྱུང་བཞིའི་རྡུལ་མེད་པར་ཐལ། ཁྱོད་ཀྱི་རྩོམ་གཞི་ཡིན་ན་ཁྱོད་ཀྱིས་བསྡུས་པའི་ཕྱིར་ཟེར། དམར་འབར་བའི་མེ་ཆོས་ཅན། ཁྱོད་ལ་འབྱུང་བཞི་མེད་པར་ཐལ། སྔོ་ཞིང་འབབ་པའི་ཆུ་ཁྱོད་ལ་མེད་པའི་ཕྱིར། ཁྱབ་པ་འགྲིགས།

༈ ལེགས་ལྡན་འབྱེད་དང༌། ཟླ་གྲགས་གཉིས་ཀྱི་ལུགས་ལ། ཉན་ཐོས་ཀྱི་རགས་འཛིན་དོར་བ་དང་ཆ་མེད་དུ་འཛིན་པ་མ་དོར་ན། དེ་སྐབས་རྩོད་དོན་མེད་ཟེར་ན། དོན་སྒྲུབ་ལ་ཟེར་ན་འདོད་ཀྱང༌། ལེགས་ལྡན་གྱི་དེ་འདྲའི་རགས་འཛིན་དོར་བ་ལ། ཆོས་བདག་མེད་རྟོགས་པའི་ཐ་སྙད་མི་སྦྱར་བས་ཟླ་བས་དེ་ལ་རྩོད་པ་ཡིན་ནོ། །ཁོ་ན་རེ། ཐ་སྙད་ཙམ་ལ་རྩོད་པ་དོན་མེད་པ་ཡིན་ཟེར་ན། འོ་ན་ཐ་སྙད་སྒྲུབ་ཐམས་ཅད་དོན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པ་ཐམས་ཅད་དེར་ཐལ་ལོ། །འཁོར་གསུམ།

༈ སེལ་བའི་སྐབས་ཁོ་ན་རེ། རྫས་དང་དངོས་པོ་དོན་གཅིག བཏགས་ཡོད་ཡིན་ན་དངོས་མེད་ཡིན་པས་ཁྱབ་ཟེར། ཕུང་པོ་ལྔ་པོ་ཆོས་ཅན། ཁྱོད་ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་པར་ཐལ། ལྡན་མིན་འདུ་བྱེད་དེ་ཕུང་པོ་ཡིན་པ་གང་ཞིག བཏགས་ཡོད་ཡིན་པའི་ཕྱིར། རྟགས་ཁྱབ་ཚད་མས་གྲུབ། འདོད་ན། དཔེ་ཆ་དང་འགལ། མ་གྲུབ་ན་འཁོར་གསུམ། འཁོར་བ་ཡིན་པར་ཐལ། དཔལ་ལྡན་ཟླ་བས། དངོས་པོ་སྒྲས་ནི་མདོར་བསྡུ་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །ཞེས་དང༌། གཞན་ཡང་དབུ་ཚད་ཀྱི་གཞུང་རྣམས་ལས་དེ་ལྟར་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་ན་དམ་བཅའ་བུད། ཡང་འདུས་བྱས་སྟོང་པ་ཉིད་ཆོས་ཅན། ཁྱོད་ཀྱི་སྟོང་གཞི་ཡིན་ན་འདུས་བྱས་ཁོ་ན་ཡིན་པས་མ་ཁྱབ་པར་ཐལ། དངོས་པོ་སྟོང་པ་ཉིད་ཀྱི་སྟོང་གཞི་ཡིན་ན་དངོས་པོ་ཡིན་པའི་མ་ཁྱབ་པའི་ཕྱིར། འདོད་ན། སྟོང་ཉིད་ཉི་ཤུ་དེ་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་དབྱེ་བ་མ་ཡིན་པར་ཐལ་ལོ། །གཞན་ཡང་སྐྱོན་མང་ངོ༌། །དེས་ན་རྫས་དང་དངོས་པོ་དོན་མི་གཅིག་པ་ཡོད་དེ། ལྡན་མིན་འདུ་བྱེད་རྣམས་དངོས་པོ་ཡིན་ཀྱང་རྫས་མིན་ནོ། །བཏགས་ཡོད་ཡིན་ན་དངོས་མེད་ཡིན་པས་མ་ཁྱབ་སྟེ། ལྡན་མིན་འདུ་བྱེད་རྣམས་བཏགས་ཡོད་ཡིན་ཀྱང་དངོས་པོ་ཡང་ཡིན་པས་སོ། །བཏགས་ཡོད་དངོས་མེད་ནི་དོན་སེལ་ལྟ་བུའོ། །ཁོ་ན་རེ། ལྡན་མིན་འདུ་བྱེད་རྣམས་དངོས་པོ་མིན་ཏེ། མངོན་སུམ་རྟོགས་བྱེད་ཀྱི་བློ་མེད་པའི་ཕྱིར་ཟེར་ན། བདེན་བཞིའི་མཚན་ཉིད་མཐོང་བའི་རྣལ་མངོན་མེད་པར་ཐལ་ལོ། །ཡང་ཁོ་ན་རེ། གྲགས་རུང་གཏན་མི་སྲིད་པར་ཐལ། ཤིང་སེལ་ཤིང་ཁོ་ནའི་སྟེང་ན་ཡོད་པའི་ཕྱིར་ཟེར་ན། དེ་ལ་འདི་སྨྲ་སྟེ། ཡལ་ག་ལོ་འདབ་དང་ལྡན་པ་དེ་རང་མིན་ལས་ལྡོག་པའི་ངོ་བོར་གནས་པ་ལ། སྒྲའི་དངོས་ཡུལ་སེལ་བ་དེ་ཡིན་པས་བརྡ་འདོགས་མཁན་པོས་དང་པོ་བརྡ་འདོགས་ཚེ་བུམ་པ་ཞེས་བརྗོད་ན་ཕྱིས་སུ་བུམ་མིན་ལས་ལྡོག་ཟེར་ཚེ། ཡལ་ག་ལོ་འདབ་དང་ལྡན་པ་མིན་པ་དེ་རྒྱུ་མཚན་དུ་འགྲོའོ། །འོན་ཀྱང་ཐོག་མར་བརྡ་འདོགས་ཚེ་སེལ་བ་དེ་ལ་ཤིང་ཞེས་བརྗོད་པ་བློ་ངོར་འདྲིས་འབྲེལ་དུ་སོང་བས་ཕྱིས་བུམ་པ་ཞེས་བརྗོད་ན་གྲགས་བསལ་འབབ་བོ། །སེལ་བ་དོན་ལ་ཡོད་ཀྱང་སྒྲའི་དངོས་ཡུལ་དེ་ཡིན་ན་སྒྲ་རྣམས་དངོས་དབང་གིས་བཞག་པར་ཐལ་ཟེར་ན། སེལ་བ་དངོས་པོ་མིན་པས་སྐྱོན་དེ་ག་ལ་འཇུག དེས་ན་ལྡོག་པ་བློ་ཆོས་ཡིན་པས་མ་ཁྱབ་ལ། རྫས་ཆོས་རྫས་ཡིན་པས་མ་ཁྱབ་བོ། །

༈ ཡང་མདོ་སྡེ་པ་རང་གི་ལུགས་ལ། གཟུགས་ཀྱི་རང་མཚན་དེ་མིག་ཤེས་ཀྱིས་གཞལ་བྱ་དངོས་པོ་དང༌། མངོན་སུམ་མཚན་ཉིད་པ་ཡིན་པར་སྐྱེས་འདྲ་ངེས་པའི་རིགས་པས་བསྒྲུབ་བོ། །

༈ དབུ་མ་རྒྱན་གྱི་འགྲེལ་བ་ལྡེབ་༤༠སྲིབ་ན། དེས་ན་དབུ་མའི་མཐར་ཐུག་མཉམ་བཞག་ཡེ་ཤེས་དང་མཐུན་པ་ཐལ་འགྱུར་བའི་ལུགས་ལྟར་ངེས་ཀྱང༌། དེའི་རྗེས་ཐོབ་བདེན་གཉིས་ཚད་མའི་གནས་ཚུལ་རང་རྒྱུད་པའི་ལུགས་དེ་ཡིན་པས་ཞེས་གསུངས་པ་ལ་བརྟེན་ནས། ཐལ་འགྱུར་རང་རྒྱུད་པའི་གྲལ་དུ་ཞབས་འདྲེན་བྱེད་པ་ཁ་ཅིག་ན་རེ། ཐལ་འགྱུར་བའི་རྗེས་ཐོབ་ཐ་སྙད་ཀྱི་རྣམ་གཞག་ཞི་འཚོའི་ལུགས་ལྟར་ཁས་ལེན་དགོས་ཏེ། གོང་དུ་བཤད་མ་ཐག་པའི་ལུང་དེའི་ཕྱིར་རོ། །ཞེས་ཁྱབ་མེད་ཀྱི་གཏན་ཚིགས་གསང་མཐོན་པོས་སྨྲའོ། །དེ་ལ་འདི་ལྟར་སྨྲ་སྟེ། ཤེས་བྱ་ཆོས་ཅན། རང་རྒྱུད་པའི་གཞུང་ཡིན་ན་ཞི་འཚོའི་བཤད་པ་དེ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱིས་དྲངས་པའི་ལུང་དེ་ཐལ་འགྱུར་བའི་ཐ་སྙད་ཀྱི་རྣམ་གཞག་ཞི་འཚོ་ལྟར་དགོས་པའི་སྒྲུབ་བྱེད་དུ་བྱས་པ་དེ་ལ་ཁྱབ་པ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། ཁྱབ་མེད་ཀྱི་གཏན་ཚིགས་དེ་གཞན་ལ་མ་སྨྲས་ན་ལེགས། མ་ཁྱབ་ཟེར་ན། ཁྱབ་སྟེ་གོང་དུ་རྟགས་ལ་ལན་མེད་པ་དེའི་ཕྱིར། འདོད་ན། རེ་ཞིག་སོགས། ཡང་ཉོན་ཅིག རང་རྒྱུད་པའི་གཞུང་དབུ་མ་སྣང་བ་ཆོས་ཅན། ཐལ་འགྱུར་བའི་གཞུང་ཡིན་པར་ཐལ། ཁྱོད་ཀྱི་གཏན་ཚིགས་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། རྟགས་ལ་ལན་མེད། མ་ཁྱབ་ན། དབུ་མ་ཐལ་རང་གཉིས་སུ་གྲངས་མི་ངེས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འཁོར་གསུམ། ཁོ་ན་རེ་དམ་བཅའ་སྔ་མ་དེ་རིགས་པས་བཅོམ་ཟིན་ཐལ། ཡང་འདི་ལྟར་སྨྲ་ཟེར། རང་རྒྱུད་སྤྱིའི་ལུགས་ལྟར་དུ་ཐལ་འགྱུར་བའི་ལུགས་ཀྱི་ཐ་སྙད་ཀྱི་རྣམ་གཞག་ཁས་ལེན་དགོས་ཞེས་ཟེར། འོ་ན་ཟླ་གྲགས་ཆོས་ཅན། ཕྱི་དོན་ཁས་ལེན་པ་ཡང་ཡིན་ལ་མི་ལེན་པ་ཡང་ཡིན་པར་ཐལ། ཁས་བླངས་དེའི་ཕྱིར། རྟགས་ཁས། དེས་ན་འདི་ལྟར་སྨྲ་སྟེ། དེའི་རྗེས་ཐོབ་ཅེས་པ་མཉམ་བཞག་དེའི་ཞེས་པར་གོ་དགོས་ལ། འཕགས་པ་དེས་རྗེས་ཐོབ་ཀྱི་སྣང་ཚུལ་ནི་ཀ་བུམ་སོགས་སྣང་བཞིན་དུ་བདེན་མེད་དུ་ངེས་པས་ན། དེ་ཙམ་གྱི་ཆ་ནས་རང་རྒྱུད་པའི་བདེན་གཉིས་དེ་འཕགས་པའི་རྗེས་ཐོབ་སྣང་ཚུལ་ལ་བདེན་གཉིས་དབྱེ་བ་དང་གཅིག་གོ །ཞེས་གསུངས་སོ། །ཟིན་བྲིས་འདི་ཉིད་བོད་སྤྲུལ་རིན་པོ་ཆེའི་ཞལ་རྒྱུན་ཇི་ལྟ་བ་བཞིན་ཀུན་གཟིགས་མཁན་ཆེན་བླ་མ་མཆོག་གིས་ཕྱག་བྲིས་སུ་གནང་བ་ལགས།

མདོ་སྔགས་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ཞུས་ལན་ཀུན་གཟིགས་པཎ་ཆེན་བླ་མའི་ཞལ་ལུང་།

༄༅། །མདོ་སྔགས་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ཞུས་ལན་ཀུན་གཟིགས་པཎ་ཆེན་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། རྨད་བྱུང་སྟོབས་བཅུའི་མངའ་བདག་ཤཱཀྱའི་ཏོག །རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། །འཛམ་གླིང་གྲུབ་པའི་འཁོར་བསྒྱུར་མཚོ་སྐྱེས་རྗེ། །རྣམ་གསུམ་དབྱེར་མེད་དཔལ་ལྡན་བླ་མར་འདུད། །དེ་ཡང་རྨད་བྱུང་ཁྱད་ཆོས་དྲུག་གིས་མངོན་པར་འཕགས་པའི་གསང་ཆེན་སྔ་འགྱུར་བའི་ཆོས་སྡེ་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་མཐོ་སློབ་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་༧ཀུན་གཟིགས་མཁན་ཆེན་བླ་མ་དགེ་ལེགས་ཆོས་འཕེལ་དཔལ་བཟང་པོ་མཆོག་གིས་བཀའ་ཆོས་གསུང་སྐབས། སློབ་གཉེར་བ་རྣམས་ཀྱིས་གཞུང་ལུགས་སྤྱིའི་སྐོར་བཀའ་འདྲི་ཞུས་པ་ལ། ཞུས་ལན་པཎ་ཆེན་བླ་མའི་ཞལ་ལུང་ཞེས་བྱ་བའི་ཟིན་ཐོ་ཞིག་འབྲི་བ།

༈ ཐོག་མར་གསང་སྔགས་བླ་མེད་སྐོར་དྲི་བ་བཅུ་གསུམ་བཀོད་པ།

༈ དྲི་བ། ༡༽རྫོགས་ཆེན་སྡེ་གསུམ། མན་ངག་སྡེ་བཞི། སྤྱི་ཏི། ཨ་ཏི། ཡང་ཏི། རྣམས་ཀྱི་ཁྱད་པར་ཇི་ལྟར་ལགས།

༼༡ དྲིས་ལན། རྫོགས་ཆེན་སྡེ་གསུམ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་རྩ་བའི་འཇོག་མཚམས་ནི་དེ་ལྟར་གསུངས་ལ། དེ་དག་གི་ངོ་བོ་གནད་བསྡུས་ན། རིག་སྟོང་ཆོས་སྐུའི་ངང་དུ་འཇོག་པ་སེམས་སྡེ་དང༌། ཆོས་ཉིད་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཀློང་སྡེ་དང༌། ཡེ་གྲོལ་སྤང་བླང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་འཇོག་པ་མན་ངག་སྡེ་ཞེས་གོང་མ་རྣམས་ཀྱི་གསུང་རྒྱུན་དེ་ལྟར་ཡིན་ཞིང་། སྤྱིར་དེ་དག་གི་འཇོག་བྱེད་དང་ནང་གསེས་ཀྱི་དབྱེ་བ་ཀློང་དགུ་སོགས་རྒྱ་ཆེར་ཀུན་མཁྱེན་བླ་མས་གྲུབ་མཐའ་མཛོད་སོགས་སུ་གསུངས་པ་ལྟར་རོ། །མན་ངག་སྡེ་བཞི་ནི། སློབ་དཔོན་བི་མ་ལའི་སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། །ཞེས་སྤྱིར་བཏང་གི་རྫོགས་པ་ཆེན་པོའི་ཆོས་སྐོར་རྒྱ་ཆེར་གཏན་ལ་དབབ་པ་དང༌། ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། །གསུངས་པས་བརྡ་དོན་རྟགས་གསུམ་གྱི་མཚོན་ཚུལ་བཤད་པ་དང༌། གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་གཟུངས་ཀྱི་ཆོས། །ཞེས་རྣལ་འབྱོར་པའི་ཅོག་བཞག་བཞིའི་སྒོམ་ཚུལ་གཏན་ལ་དབབ་པ་དང༌། ཡང་གསང་སྐོར་ནི། འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ། །ཞེས་འདིར་གདོད་མ་གཞིའི་གནས་ལུགས། བརྡ་དོན་རྟགས་གསུམ་གྱི་མཚོན་ཚུལ། ལམ་སྣང་བ་བཞིའི་འཆར་ཚུལ། བར་དོ་དུས་ཀྱི་སྒྲོན་མའི་འཆར་ཚུལ། འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་གྲོལ་ཚུལ་དང་བཅས་པ་སོགས་ཐ་སྙད་དང་མན་ངག་གི་གནད་གསང་ཐམས་ཅད་ཚང་བར་བསྟན་ཡོད་པས་ན་ལུས་ཡོངས་སུ་རྫོགས་པ་དང་འདྲ་ཞེས་གསུངས། སྤྱི་ཏི་ཨ་ཏི་ཡང་ཏི་རྣམས་ཀྱི་ཁྱད་པར་ནི། འདི་རྣམས་ཀྱི་ཐ་སྙད་རྣམ་བཞག་འཇོག་ལུགས་བླ་མ་གོང་མའི་ཞལ་རྒྱུན་འདྲ་མིན་ཡང་། དཔྱད་གཞི་ཙམ་ཞུ་ན། ལེགས་སྦྱར་གྱི་ཨ་ཏི་ཞེས་ཡོད་པ། བོད་སྐད་དུ་ཤིན་ཏུ་ཞེས་པའི་དོན་ཡིན་པས། ཨ་ཏི་ཡོ་ག་ལ་ཤིན་ཏུ་རྣལ་འབྱོར་ཞེས་འཇོག དེ་ལྟར་ན། ཡང་ཏིའམ་ཡང་ཟབ་ཅེས་ཤིན་ཏུ་དང་དོན་གཅིག་ཏུ་འགྱུར་སྙམ། སྤྱི་ཏི་ཡང་མན་ངག་སྤྱིའི་འཕྲོ་གཞི་ཡིན་པ་སོགས་ཀྱིས་མཚན་གྱི་རྣམ་གཞག་དེ་དང་དེ་མཛད་པ་ལས་འདི་རྣམས་ལ་གོང་འོག་གི་ཁྱད་ཅིག་ཡོད་པར་ཁོ་བོས་མི་སེམས་ལགས།

༈ དྲི་བ། ༢༽ཐོག་མའི་སྤྱི་གཞི་དང༌། འཁོར་འདས་ཀྱི་འཕྲོ་གཞི། མཐར་སེམས་ཅན་གྲོལ་གཞི་བཅས་ལ་ཁྱད་པར་དང༌། ཀུན་ཏུ་བཟང་པོ་གྲོལ་དགོས་ཚུལ་དང༌། སེམས་ཅན་འཁྲུལ་དགོས་ཚུལ་རྒྱུ་མཚན་ཡོད་མེད་གང༌།

༼༢ དྲིས་ལན། འཁོར་འདས་ཀྱི་འཕྲོ་གཞི་ནི་ཡོངས་གྲགས་ལྟར། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །ཞེས་གསུངས་པ་ལྟར་དང༌། སེམས་ཅན་གྲོལ་གཞི་ལ། རྫོགས་པ་ཆེན་པོའི་གཞུང་རྣམས་ན་གཞི་ལ་བཞེད་ཚུལ་རྣམ་པ་བདུན་བྱས་ནས་ཀ་དག་དང་ལྷུན་གྲུབ་གཉིས་གཞི་སྐྱོན་མེད་དུ་འཇོག་པ་དང༌། དེ་ལ་གཞི་ལས་གཞི་སྣང་འཆར་ཚུལ། འཆར་ལུགས་རྣམ་པ་དྲུག་དང་སྒོ་གཉིས་ཏེ་ལྷུན་གྲུབ་སྒོ་བརྒྱད་ཅེས་རྣམ་བཞག་མཛད། དེ་ལ་གཞི་སྣང་མ་ཤར་ན་ཅི་ཞིག་གྲོལ་ཞིང༌ཅི་ཞིག་འཁྲུལ་བར་འགྱུར། དོན་དེ་ཉིད་གོ་བདེ་བའི་དཔེ་ཞིག་སྦྱར་ན། ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་བའི་གནས་སྐབས་སུ་སྒྲོན་མེ་བཏེགས་ནས་སྦྲུལ་མེད་པར་ངེས་པ་ན། ད་དུང་སྦྲུལ་ཨེ་ཡོད་སྙམ་པའི་དོགས་པ་འབྱུང་མི་སྲིད་པ་བཞིན་དུ། གཞི་ལས་གཞི་སྣང་ལྷུན་གྲུབ་སྒོ་བརྒྱད་འཆར་བའི་ཚེ་རང་ངོ་ཤེས་ཟིན་ཕན་ཆད་སླར་ཡང་འཁྲུལ་མི་ཤེས་པ་ཞིག་ཡིན་ནོ། །ཀུན་ཏུ་བཟང་པོ་གྲོལ་དགོས་ཚུལ་དང༌། སེམས་ཅན་འཁྲུལ་དགོས་པའི་རྒྱུ་མཚན། སྤྱིར་རང་རྣོ་ཅིག་ཆར་ཞེས་རྫོགས་ཆེན་གྱི་གཞུང་ནས་བཤད་པ་དེ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་འདི་འདྲ་ལ་མ་བཞག་ན་འཇོག་མི་ཐུབ་ཅེས་གོང་མ་རྣམས་ཀྱིས་གསུངས་ལ། རང་རྣོ་དེ་ཨེ་ཡོད་སྙམ་ན་ཡོད་དེ། སྤྱིར་མངོན་པ་མཛོད་ཀྱི། ཁ་ཅིག་སྦྱངས་པ་ལས་གྱུར་སོགས་གསུངས་པའི་སྐབས་ན་ཡང་ཅུང་ཟད་རེ་བཤད་ལ། ཁྱད་པར་དཔེ་ཞིག་གིས་བསྟན་ན། ལྕགས་འགའ་ཞིག་མགར་བའི་བྱེད་པ་སོགས་ལ་མ་ལྟོས་པར་ཐོག་མ་ནས་རྣོ་ལྕགས་ཀྱི་ངོ་བོར་གནས་པ་ཡོད་མོད། དེ་ལ། རིག་པའི་མཐའ་ནི་ཆོས་ཉིད་ལ། །ཐུག་ནས་རྒྱུ་མཚན་ཚོལ་དུ་མེད། །ཅེས་གསུངས་པ་ལྟར། འདི་དང་པོ་ནས་རྣོ་ལྕགས་ཅིའི་ཕྱིར་ཡིན་ཞེས་སྨྲ་མི་འོས་པ་བཞིན་དུ། ཀུན་ཏུ་བཟང་པོ་གཞི་ལས་གཞི་སྣང་ཤར་མ་ཐག་ཏུ་རང་ངོར་འཕགས་པ་བྱེ་བྲག་ཕྱེད་པ་སོགས་ཁྱད་ཆོས་དྲུག་གིས་གྲོལ་བ་དེ་ནི་གང་ལས་ཡིན་ན་རང་རྣོ་ཤིན་ཏུ་ཅིག་ཆར་བ་ཡིན་པས་སོ། །དེར་མ་ཟད་ཚོགས་ཆེན་གཉིས་ཡེ་རྫོགས་ཀྱང་ཡིན་ཏེ། ཀུན་ཏུ་བཟང་པོ་ཁྱད་ཆོས་དྲུག་གི་རང་སྣང་རང་བཞིན་མེད་པར་ཤེས་ཏེ་གྲོལ་ནས་ཕྱིན་ཆད་འཁྲུལ་མི་ཤེས་པ་ཞིག་ཡིན་ནོ། །ཅིའི་ཕྱིར་ན་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་སྟེ། ཚོགས་གཉིས་ཡོངས་སུ་རྫོགས་ཤིང་ཟག་མེད་རང་ངོ་ཤེས་པའི་དགེ་བ་རྒྱ་མཚོ་ལྟ་བུ་བསགས་ལ། ཀ་དག་གི་རང་ངོ་ཤེས་པ་ཡེ་ཤེས་ཀྱི་ཚོགས་དང༌། ལྷུན་གྲུབ་རང་སྣང་དུ་ཤེས་པ་བསོད་ནམས་ཀྱི་ཚོགས་ཞེས་གསུངས་སོ། །དཔེར་ན་ཉི་ཟླའི་བགྲོད་པ་དང་རྐང་པའི་བགྲོད་པ་གཉིས་གནས་གཅིག་ཀྱང་མྱུར་མི་མྱུར་ལ་ཁྱད་མཐོང་བ་ལྟར། ཀུན་ཏུ་བཟང་པོ་སྐད་ཅིག་གཅིག་ལ་བྱེ་བྲག་ཕྱེད་དེ་གྲོལ་ལོ། །གཞན་ཡང་བྱ་རྒྱུད་ན་མི་ཚེ་བཅུ་དྲུག་དང༌། རྣལ་འབྱོར་རྒྱུད་ལ་མི་ཚེ་བདུན་དང༌། སྔགས་བླ་མེད་ནི་ཚེ་ལུས་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་དང་མཚུངས་པའི་ཕྱིར་རོ། །མདོར་ན་གྲོལ་བའི་རྒྱུ་མཚན། ཟག་མེད་རང་ངོ་ཤེས་པས་དགེ་བ་རྒྱ་མཚོ་བསགས་པའི་སྟོབས་དང༌། རང་རྣོ་ཅིག་ཆར་བ་རྣོ་ལྕགས་ཀྱི་དཔེ་བསྟན་པ་བཞིན་ཡིན་ནོ། །

༈ དྲི་བ། ༣༽རླུང་སེམས་ཀྱི་ལྷ་སྐུ། འོད་གསལ་གྱི་ལྷ་སྐུ། སྟོང་གཟུགས་ཀྱི་ལྷ་སྐུ། རིག་གདངས་ཀྱི་ལྷ་སྐུ་རྣམས་ཀྱི་ཁྱད་པར་གང་ཡིན།

༼༣ དྲིས་ལན། རླུང་སེམས་ཀྱི་ལྷ་སྐུ་ནི་དཔལ་གསང་འདུས་རིམ་ལྔའི་ཆོས་སྐད་ཡིན་ལ། ཐ་མལ་མ་དག་པའི་རླུང་སེམས་ཀྱིས་རྒྱུ་བྱས་ཏེ་དེ་འདྲ་གོམས་སྟོབས་ཀྱིས་བཅོས་མི་དགོས་པར་རང་ཤུགས་ཀྱིས་ལྷ་སྐུར་འཆར་བ་ལ་ཟེར། རིམ་ལྔའི་རྫོགས་རིམ་སྐབས་སྒྱུ་ལུས་དང་འོད་གསལ་གཉིས་ལས་སྒྱུ་ལུས་ཀྱི་ཆར་གསུངས་སོ། །འོད་གསལ་གྱི་ལྷ་སྐུ་ནི། དཔེ་དང་དོན་གྱི་འོད་གསལ་མཚན་ཉིད་པ་མཐོང་ཟིན་རྗེས་ལྷ་དང་སྐུ་ཡི་སྣང་བ་འཆར་བ་ལ་གསུངས། སྟོང་གཟུགས་ཀྱི་ལྷ་སྐུ་དུས་འཁོར་ལས་གཙོ་ཆེར་བཤད་པ་ཡིན། མཁས་པ་རྣམས་ཀྱིས་འོད་གསལ་ཐོད་རྒལ་གྱི་སྣང་ཆ་དང་འདི་གཉིས། རིག་གདངས་ཀྱི་ཆ་ལ་རྩལ་འདོན་བྱེད་མི་བྱེད་དང༌། སེམས་འཛིན་གྱི་རྩོལ་བ་ཡོད་མེད་ལས་ཕྱོགས་མཚུངས་གསུངས་ལ། སྟོང་གཟུགས་ཀྱི་ལྷ་སྐུར་སྣང་བ་དེ་ཡང་སྟོང་པ་འོད་གསལ་གྱི་ཆར་གྱུར་པ་ཞིག་ཡིན་ལ་རྡུལ་གྲུབ་བེམ་པོའི་ཆོས་སུ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དཔལ་ལྡན་དུས་འཁོར་ནི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་རྒྱུད་ཀུན་གྱི་རྒྱལ་པོ་ཡིན་ཞིང་གསར་རྒྱུད་ཞིག་ལ་འདི་ལས་གོང་ན་མེད་པར་བཤད་དོ། །རིག་གདངས་ཀྱི་ལྷ་སྐུ་ནི། གདངས་རྡོ་རྗེ་ལུ་གུ་རྒྱུད་རིག་པ་སྐུ་རུ་སྨིན་པ་ཡིན་ནོ། །སྤྱིར་ན་རླུང་སེམས་ཀྱི་ལྷ་སྐུ་ནི་མ་དག་པའི་རླུང་སེམས་ཀྱི་སྣང་བ་ཞིག་ཡིན། སྟོང་གཟུགས་ཀྱི་ལྷ་སྐུ་སྟོང་པ་འོད་གསལ་གྱི་ཆར་གྱུར་པ་ཞིག་ཡིན་ཡང་ད་དུང་དེ་རྩོལ་བས་གཅུན་པ་སོགས་ཡོད་དགོས་སོ། །སྐབས་འདིར་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་གྱིས་མ་བཅོས་རང་བབས་སུ་བཞག་པས། རིག་གདངས་ཀྱི་ལྷ་སྐུ་དངོས་རིག་པ་ཚད་ཕེབས་ཀྱི་དུས་ན་གསལ་བོ་འཆར་བར་འགྱུར་བ་ཡིན་ནོ། །སྤྱིར་གཏམ་འདི་འདྲ་ཁྱབ་བརྡལ་དུ་བསྒྲག་ན་འོས་པ་མ་ཡིན་ཡང་ཁྱེད་རྣམས་ཕལ་མོ་ཆེ་ལས་ལྡན་གྱི་གང་ཟག་ལོས་ཡིན་སྙམ་པས་ཞུས་པ་ལགས།

༈ དྲི་བ། ༤༽རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་ཁྱད་པར་གང་ཡོད།

༼༤ དྲིས་ལན། རྒྱུད་སྡེ་ནི། བཤད་པ་གཙོ་བོར་མཛད་པ་དང༌། སྒྲུབ་སྡེ་སྒྲུབ་པ་གཙོ་བོར་མཛད་པ་ཨེ་ཡིན་སྙམ། རྒྱུད་སྡེ་ལ་སྒྲུབ་པ་དང་སྒྲུབ་སྡེ་ལ་བཤད་པ་མེད་པ་མིན་ཡང་གཙོ་ཆེ་ཆུང་གིས་དེ་ལྟར་རྣམ་གཞག་མཛད། རྒྱུད་སྡེའི་སྐབས་ན་རྒྱུད་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་དང་། ལམ་རྒྱུད་བྱེ་བྲག་ཏུ་བཤད་དེ་རྒྱུད་ཀྱི་དངོས་པོ་བཅུའི་སྒོ་ནས་བཤད་པ་གཙོ་ཆེར་གནང་བ་དང༌། སྒྲུབ་སྡེ་ནི། སྤྱིར་གཉིས་ཀ་མ་ཧཱ་ཡོ་གའི་ནང་གི་དབྱེ་བ་འདྲ་ཡང༌། ལས་བཞི་མཆོག་དང་བཅས་པའི་སྒྲུབ་པ་གཙོ་བོར་བྱས་པ་ཞིག་ཡིན་ལ། འདི་དག་གི་རྣམ་གཞག་རྒྱས་པར་གསང་སྔགས་བཀའ་ཡི་ཐ་རམ་དང་རྫོང་འཕྲང་སོགས་ན་གསལ་བས་འདིར་ཕྱོགས་ཙམ་མོ། །

༈ དྲི་བ། ༥༽བླ་ཚེ་སྲོག་གསུམ་གྱི་ཁྱད་པར་གང༌།

༼༥ དྲིས་ལན། ཆགས་མེད་རིན་པོ་ཆེས། བླ་ནི་དུར་ས་དེ་རུ་གནས། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང༌། །ཞེས་གསུངས་པ་ལྟར། བླ་ནི་ལྷན་ཅིག་སྐྱེས་པའི་ལྷ་དེ་དང་འགྲོགས་ནས་མི་དེ་ལ་མགོན་དུ་བྱེད་པ་དང༌། ཚེ་དང་སྲོག་གཉིས་ནི། མངོན་མཛོད་དུ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གཅིག་ཏུ་གསུངས་པ་དང་དོན་མཚུངས་པ་ཡིན་ནོ། །

༈ དྲི་བ། ༦༽ རིག་པའི་རྒྱན། རྩལ། གདངས། ཆོ་འཕྲུལ་སོགས་ལ་ཁྱད་པར་གང་ཡོད།

༼༦ དྲིས་ལན། སྤྱིར་འདི་རྣམས་ལ་ཁྱད་མེད་པར་གཅིག་ཏུ་གསུངས་པ་ལྟ་བུའི་སྐབས་ཡོད་ཀྱང་། རྣམ་པ་ཀུན་ཏུ་གཅིག་ཡིན་པར་བཞག་ན་མ་ཡིན་སྙམ། རིག་པའི་རྒྱན་ནི། སེམས་ཉིད་རང་བཞག་གི་གནས་སྐབས་ན་ཆུ་བཞག་ན་རྙོག་མ་རང་སར་དག་པ་བཞིན། མངོན་པར་ཤེས་པ་སོགས་ཡོན་ཏན་གྱི་ཆ་འཕེལ་བ་ལ་ཟེར། གདངས་ནི་རྫོགས་ཆེན་གྱི་སྐབས་ནས་བཤད་པའི་ཤེས་རབ་རང་བྱུང་གི་སྒྲོན་མ་ལ་གསུམ་དུ་ཕྱེ་བའི་ནང་ཚན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པའམ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་དེ་ཡིན་ཏེ། རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་གསུངས་པ་ལྟར་རོ། །རོལ་པའམ་ཆོ་འཕྲུལ་ལམ་རྩལ་ནི། ཉི་མའི་ཟེར་ལས་དྲོད་བྱུང་ནས་ས་དང་ཆུ་མཚོ་ཐམས་ཅད་དྲོད་ཀྱིས་ཁྱབ་སྟེ་ཉི་མ་རང་ཡང་སྒྲིབ་པར་འགྱུར་བ་དང༌། སླར་ཡང་ཉི་མའི་ཟེར་ལས་རླུང་བྱུང་ནས་སྤྲིན་ཆེན་དབྱིངས་སུ་གཏོར་བར་བྱེད་པ་ལྟར། ཐོག་མའི་སྤྱི་གཞི་ལས་གྲོལ་དང་འཁྲུལ་བའི་གཞི་བྱེད་པར་འགྱུར་བ་ནི་རྩལ་དང་རོལ་པ་ཡིན་པར་གསུངས་ལ། འདིའི་དོན་རྒྱས་པར་ཀློང་ཆེན་པའི་ཆོས་དབྱིངས་མཛོད་འགྲེལ་ན་གསལ་ལོ། །

༈ དྲི་བ། ༧༽ མཛོད་ལྡེ་ལས། ཡེ་ཤེས་ཀྱི་རང་སྣང་དང་སེམས་ཀྱི་རང་སྣང་གཉིས་ལས། སེམས་ཀྱི་རང་སྣང་གནས་ལུས་སོགས་ནི་ཡེ་ཤེས་ཀྱི་ཆ་དང་སེམས་ཀྱི་ཆ་གཉིས་ཀ་མིན་པར་གསུངས་ན། སེམས་ཙམ་པའི་སྣང་ཡུལ་དང་ཁྱད་པར་གང་ཡོད། ཡེ་ཤེས་ཀྱི་རང་སྣང་ལ་སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་འཐད་དམ།

༼༧ དྲིས་ལན། དྲི་བ་འདི་ནི་ཁྱེད་རྣམས་ཀྱི་དགོངས་པ་ལ། སེམས་ཙམ་རྣམ་རྫུན་པ་དག་གིས་ད་ལྟའི་སྣང་བ་འདི་ནང་སེམས་ཉིད་ཡང་མ་ཡིན་ལ། ཕྱི་རོལ་གྱི་ཡུལ་ཡང་མ་ཡིན་པས། སྟོང་གཟུགས་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་ཡིན་ཞེས་ཟེར་བས་དེ་དང་སྒྲོས་མཚུངས་པས་ཐ་སྙད་ཅུང་མི་བདེ་འདྲ་སྙམ་ཡང། དེ་ནི་སྤྱིར་རྣམ་བདེན་རྫུན་གཉིས་ལས་ཐ་སྙད་ཀྱི་རྣམ་གཞག་འཇོག་པ་ལ་རྣམ་བདེན་པ་བཟང་ལ། རྣམ་རྫུན་པ་ལ་སྣང་བ་གཏན་མེད་ཀྱི་སྐྱོན་འབབ་པར་འགྱུར་ཡང་། སྐབས་འདིར་དེ་དང་མཚུངས་པའི་སྐྱོན་མེད་དེ། ཐ་སྙད་དག་གཟིགས་ཚད་མས་རྣམ་པར་གཞལ་ན་སེམས་དང་ཡེ་ཤེས་ཀྱི་ཆ་གཉིས་ཀ་མ་ཡིན། འཁྲུལ་སྣང་གློ་བུར་བ་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་ཡིན་པར་གསུངས་ན། སེམས་ཙམ་པ་དང་འཇོག་བྱེད་ཀྱི་ཚད་མ་མི་འདྲ་བས་ཁྱད་པར་ཆེ་སྙམ། ཡེ་ཤེས་ཀྱི་རང་སྣང་ལ་སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་འཐད་དམ་སྙམ་ན། དེ་ནི་ངེས་དོན་མཐར་ཐུག་གི་ཕྱོགས་ནས་གཞལ་ན་ཡེ་ཤེས་ཉག་གཅིག་གི་རང་བཞིན་ཡིན་པས་དེ་ལ་སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་ཕྱེ་རྒྱུ་གཏན་མེད་འདྲ་སྙམ།

༈ དྲི་བ། ༨༽ རང་གྲོལ་སྐོར་གསུམ་གྱི་བརྗོད་བྱ་ལ་ཁྱད་པར་གང་ཡོད།

༼༨ དྲིས་ལན། རྗོད་བྱེད་ཀྱི་གཞུང་རང་རང་གི་དོན་ལ་གཟིགས་ན་ངེས་ནུས་པས་དེ་ཀས་ཆོག་སྙམ།

༈ དྲི་བ། ༩༽ འཇའ་ལུས་དང༌། འོད་ལུས་དང༌། འཕོ་བ་ཆེན་པོའི་ཁྱད་པར་གང་ཡོད།

༼༩ དྲིས་ལན། སྤྱིར་འཇའ་ལུས་འཕོ་བ་ཆེན་པོ་ཡང་ཟེར་ལ། འོད་ལུས་འགྲུབ་པར་བྱིན་གྱིས་རློབས་གསུངས་པ་ཡང་འཕོ་ཆེན་དྭངས་མའི་སྐུར་འགྲུབ་པར་སྨོན་པ་ཡིན་པས་དེ་དག་ལ་ཁྱད་ཅིག་ཡོད་པར་མི་སེམས་ཀྱང༌། ཀ་དག་ཁྲེགས་ཆོད་ཀྱི་ལམ་མཐར་ཕྱིན་པས་ལུས་རྡུལ་ཕྲན་དུ་དེངས་པ་དང༌། འོད་གསལ་ཐོད་རྒལ་གྱི་ལམ་ནས་བཞེད་ན་འཕོ་ཆེན་དྭངས་མའི་སྐུར་བཞེངས་ནུས་པ་སོགས་དེ་འདྲའི་རྣམ་གཞག་ལམ་གྱི་ཁྱད་པར་ལ་ལྟོས་ནས་ཡོད་ལ། འཇའ་སྐུར་ཡལ་བ་དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་རེ་ཡོད་སྙམ་མོ། །

༈ དྲི་བ། ༡༠༽ དག་སྣང་དང་དགོངས་གཏེར་གྱི་ཁྱད་པར་གང་ཡིན།

༼༡༠ དྲིས་ལན། དག་སྣང་ནི། དག་པའི་སྣང་བ་ལ་ཡི་དམ་གྱི་ལྷ་དང་། ཡང་ན་སྔོན་གྱི་པཎ་གྲུབ་རིག་འཛིན་ཆེན་པོ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་སྒྲུབ་པའི་ཆོ་ག་དང་ཟབ་མོའི་གདམས་ཁྲིད་སོགས་གནང་བར་བྱེད་པ་ལ་གསུངས། དགོངས་གཏེར་ནི། སྤྱིར་ས་གཏེར་དགོངས་གཏེར་གཉིས་ཀ་ཆོས་དེ་དང་པོ་ཨོ་རྒྱན་རིན་པོ་ཆེས་གཏད་རྒྱའི་སྒོ་ནས་སྙིང་དབུས་མི་ཤིགས་པའི་དགོངས་ཀློང་ལ་གཏེར་དུ་སོང་ཚུལ། བར་དུ་དེ་ཉིད་ལ་འཕེལ་འགྲིབ་མེད་པར་བཞུགས་ཚུལ། མཐར་དུས་ལ་བབས་པ་ན། འོད་གསལ་གྱི་མཁྱེན་ཆའི་ངར་གཟོང་རྣོན་པོས་ཕྱེས་ཏེ་ཆོས་ཉིད་གཉུག་མའི་དྲན་པའི་གཏེར་སྒོ་ནས་ཐོན་དགོས་ཚུལ་ཕྱོགས་འདྲ་བ་ཡིན། འོན་ཀྱང་དགོངས་གཏེར་ནི། ནང་དགོངས་པའི་ཀློང་མཛོད་དུ་བཞུགས་པ་ཉིད་ཀྱི་སྟེང་ནས་གཏེར་དུ་བཞག་དགོས་པས་ཟབ་མོ་དགོངས་པའི་གཏེར་ཞེས་གསུངས། དགོངས་གཏེར་འགའ་ལ་བརྡ་ཡིག་ཡོད་པ་དང་མེད་པ་གཉིས་ཀ་ཡོད་ཀྱང་དེ་ནི་དང་པོ་གཏད་རྒྱ་ནོད་ཚུལ་གྱི་སྒོ་ནས་གཉིས་སུ་གྱུར་པ་ཡིན། དེ་ཇི་ལྟར་ན། ལྕགས་ཀྱུ་རིང་ཐུང་ལ་སོགས་པའི་ཡིག་གཟུགས་ཀྱི་རྣམ་པར་དགོངས་པའི་ཀློང་དུ་སྦས་ཡོད་ན་ཕྱིས་བརྡ་ཡིག་ཡོད་པ་དང༌། སྒྲར་གྲགས་པའི་སྒོ་ནས་སྙིང་ལ་བསྟིམས་ཡོད་ན་བརྡ་ཡིག་མེད་པ་ཡིན། དེ་ལ་སྒྲར་གྲགས་པ་དང་བརྡར་གྱུར་པ་གཉིས་ཡོད། སྒྲར་གྲགས་པ་དེ་ཡང་ཡི་གེ་ཙམ་གྱི་སྒོ་ནས་ཡོད་དེ། དཔེར་ན་ཨ་ལྟ་བུ་ཡིག་འབྲུ་གཅིག་ཐུགས་ལ་ཤར་བ་ཙམ་ལ་བརྟེན་ནས་སྔོན་གྱི་གཏད་རྒྱའི་སྟོབས་ཀྱིས་ཨོ་རྒྱན་རིན་པོ་ཆེས་བདག་རྗེ་འབངས་རྣམས་ལ་ཆོས་བཀའ་འདི་ལྟ་བུ་གནང་སྙམ་པ་ད་ལྟ་བཞིན་དུ་གསལ་བོར་སད་པར་འགྱུར་བ་ཡོད་པ་དང༌། འགའ་ཞིག་ལ་མིང་ཙམ། འགའ་ཞིག་ལ་ཚིག་ཏུ་ལོངས་པའི་དཔེ་སྒྲས་བསྟན་པ་སོགས་ཅི་རིགས་ཡོད་པར་གསུངས། དེ་ནི་སྔོན་གཏད་རྒྱའི་སྐབས་གཏད་རྒྱ་དང་གཏེར་སྦེད་གཉིས་ཀ་དོན་གཅིག་ཏུ་སོང་བས། ས་གཏེར་ལྟ་བུའི་གོ་རིམ་སྔ་ཕྱི་ཅན་མ་ཡིན་པས། སྒྲར་གྲགས་པའམ་ཡིག་གཟུགས་སོགས་གང་གི་སྟེང་ནས་གཏད་རྒྱ་ཐོབ་ཡོད་ན་ཕྱིས་སུ་ལས་འཕྲོ་དེ་སད་པའི་སྐབས་ཀྱང་སྔོན་བཞིན་ཐོན་ཡོང་བ་ལས་འཆོལ་མི་སྲིད་པ་ཞིག་ཡིན་ནོ། །སྤྱིར་དགོངས་གཏེར་ཐོན་ཚུལ་འདི་དག་ལ་ཤིན་ཏུ་རྒྱ་ཆེ་བའི་སྒོ་ནས་བཤད་དུ་ཡོད་ཀྱང་འདིར་ཕྱོགས་ཙམ་མོ། །

༈ དྲི་བ། ༡༡༽ སྣང་གསུམ་འཕོ་བའི་བག་ཆགས་ཞེས་པའི་སྣང་གསུམ་ཙམ་རྩི་སྲོལ་ཇི་ལྟར་ཡོད།

༼༡༡ དྲིས་ལན། སྣང་གསུམ་ནི་དཀར་དམར་རླུང་སེམས་ཀྱི་སྣང་བ་གསུམ་ཞེས་གསུངས། དཀར་ཆས་ལུས་ཀྱི་སྣང་བ་བསྐྱེད། དམར་ཆས་ངག་གི་སྣང་བ་བསྐྱེད། རླུང་གི་ཆ་ཕྲ་བ་ལས་ཤེས་རིག་གི་ཆ་བསྐྱེད་པ་ཡིན་ལ། ལུས་ངག་ཡིད་གསུམ་འདོད་ཁམས་ནི་རགས། གཟུགས་ཁམས་པ་དེ་ལས་ཕྲ་བ་ཕྱེད་སྣང༌། གཟུགས་མེད་ནི་མི་སྣང་བའི་བདག་ཉིད་ཅན་ནོ། །དེ་ལ་ཀློང་ཆེན་པས་ཡིད་བཞིན་མཛོད་འགྲེལ་ན། གཟུགས་མེད་ལ་སྟོང་རིག་ཏིང་འཛིན་གྱི་ལུས་ཞེས་པ་ཡོད་པར་ཡང་གསུངས། མདོར་ན་འདི་གསུམ་འབྲལ་མི་ཤེས་པའི་བདག་ཉིད་ཅན་དུ་ཡོད་པ་ཞིག་ཡིན། སྡོམ་ཊཱིཀ་དཔག་སྙེ་ན། བེམ་ཆོས་ལས་འདས་པའི་སྣང་གསུམ་འཕོ་བའི་བག་ཆགས་དཀར་དམར་རླུང་གསུམ་ཞེས་གསུངས་ཡོད་པ། གོང་མ་རྣམས་ཀྱི་གསུང་རྒྱུན་ལ་འདི་སྐབས་རླུང་ཞེས་པ་མཐར་ཐུག་གི་དོན་ལ་རིག་པ་དེ་འགྱུ་བའི་ཆ་ཙམ་ཞིག་ལ་རླུང་བཏགས་པ་ལས། བེམ་པོའི་ཆར་གྱུར་པ་ཞིག་མ་ཡིན་པ་དང༌། དེ་བཞིན་རིག་ཆ་དེ་ཉིད་ལ་ལུས་དང་ངག་གི་སྣང་བ་བསྐྱེད་པའི་ནུས་པ་ཡོད་པས་ན་སྣང་གསུམ་འཕོ་བའི་བག་ཆགས་མཐར་ཐུག་པ་བེམ་ཆོས་ལས་འདས་པ་དེ་ནི་དེ་ལྟར་རྣམ་པར་འཇོག་སྙམ།

༈ དྲི་བ། ༡༢༽ རྩ་འཁོར་ལ་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེའི་གཟུགས་སུ་གནས་པ་དེ་ནི་ཇི་ལྟར་ཡིན།

༼༡༢ དྲིས་ལན། དེ་ཡང་ལེགས་སྦྱར་གྱི་སྐད་ལ་ཨཀྵ་ལྔ་བཅུའི་བདག་ཉིད་ཅན་དང་། བོད་ཡིག་ཡིན་ན་ཀ་སྨད་སུམ་ཅུའི་ཚུལ་གྱིས་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེའི་གཟུགས་སུ་ལུས་ལ་གནས་པའི་སྟོབས་ཀྱིས། རང་རང་གི་ངག་གི་འདུ་བྱེད་ཀྱི་རྩོལ་བ་ལ་བརྟེན་ནས་རང་སྐད་ཀྱི་བརྗོད་པ་རང་ཤུགས་སུ་བཅོས་བསྒྱུར་མེད་པར་འབྱུང་བ་ནི། གཞི་རང་གི་ལུས་གནས་ཀྱི་ཡི་གེ་ལ་བརྟེན་ནས་འབྱུང་བ་ཡིན། དེ་ལ་སྦྱང་བྱར་གྱུར་པའི་མ་དག་རིགས་དྲུག་གི་ས་བོན་དང༌། སྦྱོང་བྱེད་དུ་གྱུར་པའི་སྐུ་གསུང་ཐུགས་ཀྱི་ས་བོན་སོགས་ཀྱི་རྣམ་བཞག་ཀྱང་ཡོད་དོ། །

༈ དྲི་བ། ༡༣༽ ནང་རྒྱུད་ཡོ་ག་གསུམ་ཆོས་ཐམས་ཅད་ཀྱི་གཞི་ལམ་འབྲས་གསུམ་ཡིན་པའི་རྒྱུ་མཚན་གང༌།

༼༡༣ དྲིས་ལན། དེ་ཡང་གཞི་མ་ཧཱ་ནི། གསང་སྔགས་བླ་མེད་ཀྱི་སྐབས་སུ། ཐོག་མར་སྣང་སྲིད་དག་མཉམ་དུ་གཏན་ལ་དབབ་མི་དགོས་པ་ཞིག་ངེས་པར་མེད་པས། མ་ཧཱས་སྣང་སྲིད་དག་མཉམ་ཆེན་པོ་རྒྱས་པར་གཏན་ལ་ཕབ་པས་ན། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །ལམ་ཨ་ནུ་ནི། སྟེང་སྒོ་རྣམ་གྲོལ་དང་། འོག་སྒོ་ཁམས་གསུམ་རོལ་པའི་ལམ་གསང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་གསང་སྔགས་མཆོག་གི་ཉེ་ལམ་སྟོན་པའི་ཁོག་གཞུང་ཡིན་པས་ན། ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་མོ། །འབྲས་བུ་ཨ་ཏི་ནི། ད་ལྟ་ཉིད་ནས་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་རང་ལ་གྲུབ་པས་སངས་རྒྱས་གཞན་ནས་བཙལ་མི་དགོས་པར་སྟོན་པས་ན། མན་ངག་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུའོ། །ཞེས་གསུངས་སོ། །

༈ ཤེར་ཕྱིན་སྐོར་དྲི་བ་བཅུ་གསུམ་བཀོད་པ།

༈ དྲི་བ། ༡༽ གཞི་ཤེས་ཡིན་ན་ཉི་ཚེ་བའི་མཁྱེན་པ་ཡིན་པས་ཁྱབ་པ་ཡོད་མེད།

༼༡ དྲིས་ལན། སྤྱིར་གཞན་གཞུང་འགར་གཞི་ཤེས་ཡིན་ན་ཉི་ཚེ་བའི་མཁྱེན་པ་ཡིན་པ་ལྟ་བུར་གསུངས་ཡོད་མོད། རང་ལུགས་ལ་གཞི་བདག་མེད་དུ་རྟོགས་པ་ཙམ་དེ་ཉི་ཚེ་བའི་མཁྱེན་པ་ཡིན་ཡང༌། གཞི་བདག་མེད་དུ་རྟོགས་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་དེ་ནི་ཉི་ཚེ་བ་མ་ཡིན་པས། གཞི་ཤེས་ཡིན་ན་ཉི་ཚེ་བའི་མཁྱེན་པ་ཡིན་པས་མ་ཁྱབ་སྙམ།

༈ དྲི་བ། ༢༽ ཤེར་ཕྱིན་འགྲེལ་བ་པུཎྜ་རི་ཀའི་དོ་ཤལ་མི་ཕམ་གསུང་ཡིན་ནམ་མིན།

༼༢ དྲིས་ལན། ང་རང་གིས་ཚོད་འཇོག་བྱས་ནས་ཡིན་མིན་ཞུ་མི་ཤེས་ཀྱང༌། ད་ལྟ་འགྲེལ་བ་རང་གི་མཛད་བྱང་ན་འཁོད་ཡོད་པ་ལྟར། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཕྱག་མཆན་ལྟར་རྩེ་མོའི་མངོན་རྟོགས་སོགས་ཀྱི་སྐོར་ཅི་རིགས་ཀཿཐོག་སི་ཏུས་ཕྱག་བྲིས་གནང་བ་དང༌། གཞན་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེས་ཕྱག་བྲིས་གནང་བར་གསུངས་ཡོད་པ་ལྟར་ཡིན་ཏེ། ཁོང་རྣམས་ནི་ཚད་མའི་སྐྱེས་བུ་ཆེན་པོ་ཡིན་པས་དེ་ཉིད་དུ་གང་གསུངས་ལྟར་རྣམ་པར་འཇོག་དགོས་པ་ཞིག་རེད་སྙམ།

༈ དྲི་བ། ༣༽ ས་དང་པོའི་རྗེས་ཐོབ་ཀྱི་ཡེ་ཤེས་མཐོང་ལམ་ཡིན་མིན་གང་ཡིན།

༼༣ དྲིས་ལན། ས་དང་པོའི་རྗེས་ཐོབ་ཀྱི་ཡེ་ཤེས་རྟེན་འབྲེལ་ལུགས་འབྱུང་ལྡོག་ཏུ་བསྒོམ་པར་བཤད་པ་སོགས་མཐོང་ལམ་ཡིན་ཏེ། མངོན་རྟོགས་རྒྱན་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་གསུངས་པ་ལྟར། མཐོང་སྤང་གི་བག་ཚ་བ་མེད་པར་འཇུག་ནུས་པའི་ཕྱིར་ན་མཐོང་ལམ་ཨེ་ཡིན་སྙམ།

༈ དྲི་བ། ༤༽ ཤེར་ཕྱིན་བཀའ་བབས་དྲུག་པོ་བརྒྱུད་ཚུལ་ཇི་ལྟར་ཡིན།

༼༤ དྲིས་ལན། ཤེར་ཕྱིན་བཀའ་བབས་དྲུག་ནི། བདེ་བའི་འབྱུང་གནས་དགའ་ལྡན་ལྷའི་ཡུལ་ནས་བརྒྱུད་པ་དང༌། ལོངས་སྤྱོད་ཀྱི་འབྱུང་གནས་འོག་ཀླུ་ཡུལ་ནས་བརྒྱུད་པ་དང༌། བྱིན་རླབས་ཀྱི་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གླིང་ནས་བརྒྱུད་པ་དང༌། རིག་པའི་འབྱུང་གནས་རྒྱ་གར་ཤར་ཕྱོགས་བྷཾ་ག་ལ་ནས་བརྒྱུད་པ་དང༌། ཡོན་ཏན་གྱི་འབྱུང་གནས་ལྷོ་ཕྱོགས་བྷེ་ཏ་ལ་ནས་བརྒྱུད་པ་དང༌། ངོ་མཚར་གྱི་འབྱུང་གནས་ལྷོ་བྷི་ཤོ་ཀོ་ཏ་ཙནྚ་ཡི་གླིང་ནས་བརྒྱུད་པའོ། །དེ་ལྟ་བུའི་བཀའ་བབས་དྲུག་པོའི་བརྒྱུད་ཚུལ་རེ་རེ་ནས་ད་ལྟ་བགྲང་དུ་ཡོད་མེད་སོགས་གསལ་བོར་ཞུ་མི་ཤེས་ལགས།

༈ དྲི་བ། ༥༽ ལམ་ཤེས་དེ་མངོན་སུམ་དང་རྗེས་དཔག་གཉིས་ཀ་གཞག་རྒྱུ་ཡོད་དམ་མེད། འཕགས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་ལམ་ཤེས་ཡིན་དང་མིན།

༼༥ དྲིས་ལན། ལམ་ཤེས་ཡིན་ན་མངོན་སུམ་གྱི་ཏིང་ངེ་འཛིན་ཡིན་པས་ཁྱབ་ལ། དབྱེ་ན། མཉམ་བཞག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡོད། སྔགས་ཀྱི་ཆོས་སྐད་རྣམས་སུ་རྗེས་ཐོབ་རྒྱ་ཡན་དང༌། མདོ་ལམ་དུ་འཇིག་རྟེན་པའི་ཕར་ཕྱིན་སོགས་ནི་ལམ་ཤེས་མ་ཡིན་སྙམ། འཕགས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་ལམ་ཤེས་ཡིན་དང་མིན་ཟེར་ན། དེ་ནི་ཁས་བླང་ཕྱོགས་གཅིག་པ་མ་ཡིན་ཏེ། ལམ་ཤེས་ཡིན་པ་དང་མ་ཡིན་པ་གཉིས་ཡོད་ཆོག་སྙམ། དཔེར་ན། འཕགས་པའི་རྒྱུད་དང་སོ་སྐྱེས་ཀྱི་རྒྱུད་མཁྱེན་པ་བཞིན་ནོ། །

༈ དྲི་བ། ༦༽ ཤེས་རྣམ་དང་དོན་རྣམ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན།

༼༦ དྲིས་ལན། དེ་ལ་ཤེས་རྣམ་ཚད་མེད་བཞི་སྒོམ་པ་ལྟ་བུ་དང༌། དོན་རྣམ་བདག་མེད་གཉིས་སྒོམ་པ་ལྟ་བུ་ལ་འཇོག སྤྱིར་བོད་སྤྲུལ་རིན་པོ་ཆེ་དང་གཞུང་མང་རབས་ཀྱི་དགོངས་པ་ནི། སྦས་དོན་མངོན་རྟོགས་ཀྱི་སྐབས་རྒྱལ་ཚབ་བྱམས་པས་ཤེས་རྣམ་བསྒོམ་པར་གསུངས་ལ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པར་ཀླུ་སྒྲུབ་ཀྱིས་དོན་རྣམ་བསྒོམ་པའི་རྣམ་གཞག་བསྟན་ཞེས་གསུངས་སྙམ།

༈ དྲི་བ། ༧༽ མངོན་རྟོགས་རྒྱན་གྱི་སེམས་བསྐྱེད་བསྟན་པ་དེ། སེམས་བསྐྱེད་སྤྱིའི་མཚན་ཉིད་དུ་འཇོག་ཐུབ་བམ། ཐུབ་ན་དེས་དོན་དམ་སེམས་བསྐྱེད་ལ་ཁྱབ་ཚུལ་ཇི་ལྟར་ཡིན།

༼༧ དྲིས་ལན། འདི་དོན་ལ་མཁས་པ་རྣམས་ཀྱི་བཞེད་ཚུལ་འདྲ་མིན་ཡོད་ཀྱང༌། འདིར་སེམས་བསྐྱེད་སྤྱིའི་མཚན་ཉིད་ལ་འཇོག་དགོས་སྙམ། མཚན་ཉིད་དེ་བཞག་མ་ཐག་མཚན་ཉིད་དེ་དང་ལྡན་པའི་མཚན་གཞི། དེ་ཡང་ས་གསེར་ཟླ་བ་མེ། །སོགས་ནས་སངས་རྒྱས་ཀྱི་སའི་བར་གྱི་སེམས་བསྐྱེད་ཀྱི་རྣམ་དབྱེ་མཛད་པའི་ཕྱིར་རོ། །དེས་ན་དོན་དམ་སེམས་བསྐྱེད་ལ་ཁྱབ་ཚུལ་ནི། འདིར་དོན་དམ་དང་ཀུན་རྫོབ་ཀྱི་སེམས་བསྐྱེད་གང་གི་སྐབས་ཡིན་ཡང༌། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་གསུངས་ལ། སངས་རྒྱས་ཀྱི་སར་དམིགས་མཚན་ཅན་གྱི་སྙིང་རྗེ་ཞིག་མེད་ཀྱང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་འཇོག་དགོས་པས་ན་ཆེད་དུ་བྱ་བ་གཞན་དོན་ལ་འདྲ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་ཟུར་ཕྱི་མ་བྱང་ཆུབ་དེ་ལ་ཆོས་ཅན་དང་ཆོས་ཉིད་ཀྱི་ཆ་གཉིས་ཡོད་པས། ཆོས་ཉིད་ཀྱི་ཆ་ལ་དམིགས་པའི་སྟོང་དང་སྙིང་རྗེའི་བདག་ཉིད་ཅན་གང་ཡིན་པ་དེ་དོན་དམ་སེམས་བསྐྱེད་ཡིན་པར་གསུངས་པ་ལྟར་རོ། །

༈ དྲི་བ། ༨༽ ཐོགས་མེད་དང་དབྱིག་གཉེན་གྱི་རྒྱན་འགྲེལ་དེ་རྒྱ་འགྲེལ་ཉེར་གཅིག་གི་ཁོངས་སུ་མི་བརྩི་བའི་རྒྱུ་མཚན་གང༌།

༼༨ དྲིས་ལན། དེ་ནི་བོད་དུ་འགྱུར་ཡོད་ཅིང་ད་ལྟ་མཇལ་དུ་ཡོད་པ་རྒྱ་འགྲེལ་ཉེར་གཅིག་ཅེས་གྲངས་བཟུང་བ་ཡིན་སྙམ། སྤྱིར་དབྱིག་གཉེན་གྱི་རྒྱན་འགྲེལ་དེ་འགྱུར་ཡོད་ཅེས་མཁས་པ་འགས་གསུངས་ཀྱང་། ཡོངས་གྲགས་སུ་ཐོགས་མེད་ཀྱིས་སེམས་ཙམ་དུ་བཀྲལ་བའི་རྒྱན་འགྲེལ་དེ་དང་། དབྱིག་གཉེན་འགྲེལ་བ་གཉིས་མ་འགྱུར་བས་གྲངས་ངེས་བཟུང་བ་འདྲ།

༈ དྲི་བ། ༩༽ རང་ལུགས་སངས་རྒྱས་ཀྱི་ས་ལ་ཀུན་རྫོབ་སེམས་བསྐྱེད་ཡོད་དམ་མེད།

༼༩ དྲིས་ལན། སྤྱིར་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཆོ་གས་བླངས་པ་དང༌། རང་ཉིད་བྱང་ཆུབ་ཀྱི་ལམ་ལ་སྨོན་པ་ལྟ་བུ་དེ་སངས་རྒྱས་ཀྱི་སར་མེད་མོད། གོང་བཤད་ལྟར་བདེན་པ་གཉིས་ཀའི་སེམས་བསྐྱེད་གང་ཡིན་ཀྱང་ཆེད་དུ་བྱ་བ་གཞན་དོན་ཡིན་པ་ལ་འདྲ། དམིགས་ཡུལ་རྫོགས་བྱང་དེ་ལ་ཆོས་ཅན་དང་ཆོས་ཉིད་ཀྱི་ཆ་གཉིས་ཡོད་པའི་ཚུལ་སོགས་བྱས་ན། རང་བྱང་ཆུབ་ཀྱི་སར་སྨོན་པ་ལྟ་བུ་མེད་ཀྱང་གཞན་སེམས་ཅན་ཀུན་བྱང་ཆུབ་ཀྱི་སར་འགོད་པའི་སྙིང་རྗེ་ཆེན་པོ་ཐུགས་རྒྱུད་ལ་མངའ་བའི་ཚུལ་སོགས་ཞིབ་མོའི་བློས་རྣམ་པར་ཕྱེ་ན་སངས་རྒྱས་ཀྱི་སར་ཀུན་རྫོབ་སེམས་བསྐྱེད་ཡོད་ཅེས་སྨྲས་ཀྱང་འགལ་བ་མེད་སྙམ།

༈ དྲི་བ། ༡༠༽ ལམ་ཤེས་ཀྱི་སྐབས་སུ་ཐེག་གསུམ་གྱི་རྟོགས་པ་ཤེས་པར་བྱ་བ་དང༌། བསྐྱེད་པར་བྱ་བ་དང༌། ཤེས་མཐོང་གི་འདའ་ཚུལ་ཇི་ལྟར་ཡིན།

༼༡༠ དྲིས་ལན། ལམ་ཤེས་ཀྱི་སྐབས་ཐེག་གསུམ་གྱི་རྟོགས་པ་ཤེས་པར་བྱ་བ་ཡིན་པའི་ཚུལ། མཚན་ཉིད་དེ་ཡི་སྦྱོར་བ་དང་ཞེས་སོགས་ཀྱི་སྐབས་ལམ་གསུམ་གྱི་མཚན་ཉིད་ཀྱང་ཇི་ལྟ་བ་དབྱེ་ཞིང་གཏན་ལ་ཕབ་པ་བྱང་སེམས་ཚོགས་སྦྱོར་ནས་ཡོད་པ་དང༌། བསྐྱེད་པར་བྱ་བ་ཡང་ཡིན་ཏེ། དཔེར་ན། སྦྱོར་ལམ་དུ། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་ནི་ཡོངས་སུ་འཛིན་པ་ཡིས། །སོགས་ཀྱི་དམིགས་རྣམ་རྒྱུ་གསུམ་འཇོག་སྐབས། ཉན་ཐོས་ཀྱི་རྟོགས་རིགས་ནི་མཐོང་ལམ་བསྐྱེད་པའི་རྒྱུར་གྱུར་པ་ཐེག་ཆེན་གྱི་སྦྱོར་ལམ་དེ་ཡིན་པས་ན་ཞེས་རྣམ་གཞག་མཛད་པ་དང༌། དེས་བསྐྱེད་པའི་འབྲས་བུ་ཡང་ཐེག་གསུམ་རྟོགས་རིགས་འདུས་པའི་བདག་ཉིད་ཅན་གྱི་མཐོང་ལམ་དེ་སྐྱེད་བྱེད་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་ལ་འཇོག་གོ། ཤེས་མཐོང་གི་འདའ་ཚུལ་ནི། གོང་དུ་ཐེག་གསུམ་གྱི་རྟོགས་པ་དེ་ཤེས་པར་ཡང་བྱས། བསྐྱེད་པར་ཡང་བྱས་ནས། མཐར་ཤེས་མཐོང་གི་ཉན་རང་གི་ལམ་དེ་འདའ་བྱ་ཡིན་པ་ལས་ཇི་ལྟ་བ་བཞིན་ཉམས་སུ་བླངས་ཤིང་གོམས་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ན་ཐེག་པ་ཆེན་པོ་གཞན་དོན་འབའ་ཞིག་ལ་བརྩོན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སྙམ།

༈ དྲི་བ། ༡༡༽ ཤེར་ཕྱིན་གྱི་མཚན་ཉིད་སྤྲོས་བྲལ་མངོན་སུམ་རྟོགས་པའི་མཁྱེན་པ་བཞག་ན། རང་བཞིན་ཤེར་ཕྱིན་དེ་ཤེར་ཕྱིན་མཚན་ཉིད་པ་ཡིན་དང་མིན།

༼༡༡ དྲིས་ལན། སྤྱིར་རང་ལུགས་ལ་ཤེར་ཕྱིན་གྱི་མཚན་ཉིད། གནས་ལུགས་རང་བཞིན་མེད་རྟོགས་ཀྱི་མཁྱེན་པ་ཞེས་འཇོག་པ་ལས། སྤྲོས་བྲལ་མངོན་སུམ་རྟོགས་པའི་མཁྱེན་པ་ཞེས་བཞག་ཡོད་མེད་མི་ཤེས་ཀྱང༌། སྐབས་འདིར་རྒྱལ་ཚབ་མ་ཕམ་པས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་དབབ་ནས་གསུངས་ལ། ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་གཉིས་ལ་དེ་སྒྲས་བཏགས། །ཞེས་དབྱེ་གཞི་སྦས་དོན་ཡུལ་ཅན་མངོན་རྟོགས་ཀྱི་རིམ་པ་དེ་བྱས་ནས་དབྱེ་ངོ་ལམ་དང་འབྲས་བུའི་ཤེར་ཕྱིན་དང༌། སྟོན་པར་བྱེད་པའི་གཞུང་རྣམས་བཞག་པར་མཛད་དོ། །གཞི་ཤེར་ཕྱིན་ནི། སྐབས་འདིར་རྟོགས་བྱ་ཡིན་ཏེ། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །ཞེས་དང༌། སློབ་དཔོན་ཆོས་བཤེས་ཀྱི་འགྲེལ་བར་རྒྱས་པར་གསུངས་ལ། སྤྱིར་ཤེས་པ་ཐམས་ཅད་ཀྱི་རབ་ཏུ་འགྱུར་འགྲོ་བའི་རྒྱུ་མཚན་ནི་རང་བཞིན་ཤེར་ཕྱིན་ནམ་གཞི་ཤེར་ཕྱིན་ཤེས་པ་ལས་བཞག་པར་གསུངས། ཡུལ་གྱི་སྐབས་མགོན་པོ་ཀླུ་སྒྲུབ་ཀྱིས། གཞི་དབུ་མ་དེ་དབུ་མ་མཚན་ཉིད་པའི་རྣམ་གཞག་མཛད་ཀྱང༌། སྐབས་འདིར་གོང་བཤད་ལྟར་རྒྱལ་ཚབ་བྱམས་པས། ཡུལ་ཅན་མངོན་རྟོགས་ཀྱི་རིམ་པ་དབྱེ་གཞི་བྱས་ནས་གཏན་ལ་ཕབ་པའི་སྐབས་སུ། གཞི་ཤེར་ཕྱིན་ལ་མཚན་ཉིད་ཀྱིས་ཁྱབ་མ་ཁྱབ་དཔྱད་པ་བྱེད་མི་དགོས་སྙམ།

༈ དྲི་བ། ༡༢༽ རྣམ་རྫོགས་སྦྱོར་བའི་སྐབས་རྣམ་པ་བརྒྱ་དང་དོན་གསུམ་པོ་བསྡུས་ནས་སྒོམ་ཚུལ་ཇི་ལྟར་ཡིན།

༼༡༢ དྲིས་ལན། མཉམ་བཞག་གི་ངོ་ཁ་ལ་རྣམ་པ་བརྒྱ་དོན་གསུམ་པོ་སྐྱེ་མེད་གཅིག་གི་ངང་དུ་བསྡུས་ཏེ་སྒོམ་ཚུལ་ལ་དྲི་བ་ཨེ་ཡིན་སྙམ། དེ་ཡིན་ན་དཔལ་དགེ་རིན་པོ་ཆེའི་སྒོམ་རིམ་ན། དེ་ཡང་འཕགས་པའི་མཉམ་བཞག་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་པས་རྣམ་པ་ཐ་དད་དུ་སྒོམ་པ་མེད་ཀྱང་། སྟོང་པ་ཕྱོགས་གཅིག་པ་མིན་པར་སྣང་སྟོང་ཟུང་འཇུག་གི་དོན་ཅན་ཡིན་པས་རྣམ་པ་གཏན་མེད་པ་ཡང་མ་ཡིན་ཏེ། དཔེར་ན་མཐོང་ལམ་རྩེ་མོའི་སྐབས་སུ། སྦྱིན་པ་ལ་སོགས་རེ་རེར་ནི། །ཞེས་སོགས་གསུངས་པ་ལྟར་རོ། །མདོར་ན་སྦྱིན་པ་ལ་སོགས་པ་སུམ་ཅུ་རྩ་དྲུག་དེ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་གི་ངོ་བོར་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཚུལ་དུ་རྫོགས་ཚུལ་གསུངས་པ་ལྟར་ཡིན་སྙམ། དེ་ལས་གཞན་འཕགས་པའི་མཉམ་བཞག་གི་ངོ་བོ་འདི་ལྟར་ཡིན་ཞེས་སྟོན་མི་ནུས་པས་སོ། །

༈ དྲི་བ། ༡༣༽ ཀུན་མཁྱེན་གྱིས་སྦྱོར་ལམ་མཉམ་བཞག་ངོ་བོ་རྟོག་མེད་བཞེད་ན་དེ་ཆོས་ཉིད་ལ་མངོན་སུམ་ཡིན་དང་མིན།

༼༡༣ དྲིས་ལན། དེ་ཡང་སྦྱོར་ལམ་གྱི་ལུས་རྟེན་དེ་འགྲོ་བ་ལྔ་དང་སེམས་རྟེན་དེ་བསམ་གཏན་ས་དྲུག་གིས་བསྡུས་ཞེས་གསུངས། ཀུན་མཁྱེན་བླ་མས། སྦྱོར་ལམ་ཆ་བཞི་སྒོམ་དུས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་བཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། དེ་ལས་ལངས་པའི་རྗེས་ཐོབ་ནི་རྟོག་རྟོག་མེད་ཅི་རིགས་ཡོད་ཅེས་གསུངས་པ་དེས་ན། བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བདག་ཉིད་ཅན་མ་ཡིན་པའི་ཕྱིར་ན་འཇིག་རྟེན་པའི་སྒོམ་བྱུང་ཡིན་ནོ། །དེ་ལྟར་ན་ཡང་རྣམ་པར་མི་རྟོག་པ་ཡིན་ཏེ་ཞི་གནས་རྩེ་གཅིག་པ་འགྲུབ་ཅིང་བདེན་བཞི་ལ་དམིགས་པའི་ཚུལ་ཅན་ཡིན་པའི་ཕྱིར་རོ། །སྦྱོར་ལམ་མཉམ་བཞག་གི་ངོ་བོ་དེ་བསམ་གཏན་ས་དྲུག་གང་རུང་གིས་བསྡུས་པའི་ངོ་བོ་ཅན་ཡིན་ལ། བསམ་གཏན་ས་དྲུག་ནི་འཇིག་རྟེན་པའི་སྒོམ་བྱུང་མཉམ་བཞག་གི་ས་བ་ཞིག་ཡིན་ནོ། །འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་གསུངས་པ་ནི། སྤྱིར་བསམ་གཏན་ས་དྲུག་དེ་མཉམ་བཞག་གི་ས་པ་རྣམ་པར་རྟོག་པའི་འདུ་བྱེད་ཀྱི་སྤྲོས་པ་དང་བྲལ་བ་དང༌། བདེན་བཞི་ལ་དམིགས་པས་ན་ཡེ་ཤེས་ཞེས་བཞག་པའི་ཚུལ་ཅན་ཞིག་ཨེ་ཡིན་སྙམ།

༈ ཚད་མའི་སྐོར་དྲི་བ་ལྔ་བཀོད་པ།

༈ དྲི་བ། ༡༽ རང་ལུགས་ལ་མངོན་སུམ་ཡིན་ན་ཚད་མ་ཡིན་དགོས་སམ་དེའི་རྒྱུ་མཚན་གང༌།

༼༡ དྲིས་ལན། འཇམ་མགོན་མི་ཕམ་རིན་པོ་ཆེ་ནི། སྤྱིར་མངོན་སུམ་ལ་ངེས་པ་ཡོད་པའི་ལུགས་མ་ཡིན་པ་ཙམ་རིགས་གཏེར་དང་འདྲ་ཡང༌། བླ་མ་ཉིད་ཀྱིས་མཁས་འཇུག་གི་བློ་རིག་སྐབས། སྣང་ལ་མ་ངེས་པའི་མངོན་སུམ་དེ་མ་རྟོགས་པའི་བྱེ་བྲག་ཏུ་བགྲང་ཚུལ་ལ་བརྟག་ན། མངོན་སུམ་གྱི་སྟོབས་ཀྱིས་ངེས་པ་འདྲེན་ནུས་མི་ནུས་ལ་ཕུགས་གཏད་དགོས་སྙམ། མཁྲིས་ནད་ཅན་ལ་དུང་སེར་སྣང་སོགས་མངོན་སུམ་ལྟར་སྣང་ལ་བསྡུ་ཆོག་ཀྱང༌། སོ་སྐྱེས་ཀྱི་མིག་ལ་མཚོན་ན། སྔོ་འཛིན་དབང་མངོན་དེ་ཞིབ་པར་དཔྱད་ན། སོ་སྐྱེས་ཀྱི་མདུན་དུ་སྔོན་པོ་བཞག་ནས་སྔོ་འཛིན་དབང་མངོན་སྐྱེ་བའི་སྐབས་དེ་ན་དབང་མངོན་དེའི་སྟོབས་ཀྱིས་སྔོན་པོ་མཐོང་བའི་རྗེས་སུ་ངེས་པ་འདྲེན་ཆོག་ལ། སྔོན་པོ་དང་དོན་གྱི་བདག་ཉིད་གཅིག་པའི་མི་རྟག་པ་དེ་མངོན་སུམ་དུ་སྣང་སོང་ཡང་ཕྱིས་ངེས་པ་འདྲེན་མི་ནུས་པས། དེས་ན་སོ་སྐྱེའི་སྔོ་འཛིན་དབང་མངོན་དེ་སྔོན་པོ་ལ་ཚད་མར་སོང་ཡང་སྔོན་པོ་མི་རྟག་པ་རྟོགས་པ་ལ་ཡང་མངོན་སུམ་ཚད་མ་ཡིན་ཞེས་འཇོག་དགོས་ན་དཀའ་སྙམ། ད་རུང་ཁྱེད་རྣམས་ཀྱིས་དཔྱད་པ་མཛད་དགོས།

༈ དྲི་བ། ༢༽ རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ལ་གཟུགས་ད་ལྟ་བས་རོ་ད་ལྟ་བ་དཔོག་པ་དེ་རྟགས་ཆོས་འབྲེལ་བ་མེད་པས་རྟགས་ཡང་དག་ཇི་ལྟར་རུང༌།

༼༢ དྲིས་ལན། འབྲས་རྟགས་ཡིན་ན་རོ་ད་ལྟ་བས་གཟུགས་ད་ལྟ་བ་དཔོག་པ་ལྟ་བུ་ཡིན་ན། ད་ལྟ་བ་ལ་འབྲེལ་བ་མེད་པ་ལྟ་བུར་དྲི་བ་བཀོད་པ་ཨེ་ཡིན་སྙམ། དེ་ནི་ཆོས་ཀྱི་གྲགས་པས། ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་གསུངས་ལ། རོ་སྔ་མ་དེའི་ནུས་པ་འཇུག་པ་མེད་ན་རོ་ད་ལྟ་བ་མེད་ལ། རོ་སྔ་མ་དེ་རོ་ཕྱི་མ་དེ་ཉིད་ཀྱི་ཉེར་ལེན་གྱི་རྒྱུ་ཡིན། རོ་སྔ་མ་དེ་དང་ཚོགས་པ་གཅིག་ལ་འབྲལ་མི་ཤེས་པའི་གཟུགས་དེ་མེད་ན་ལྷན་ཅིག་བྱེད་རྐྱེན་མེད་ལ། དེ་མེད་ན་ཉེར་ལེན་གྱི་རྒྱུ་ཡོད་ཀྱང་ཆུ་ལུད་དྲོད་གཤེར་མ་ཚོགས་པ་དང་འདྲ། དེ་བཞིན་དུ་གཟུགས་སྔ་མ་དེ་གཟུགས་ཕྱི་མའི་ཉེར་ལེན་གྱི་རྒྱུ་དང༌། རོ་ལ་སོགས་པ་དེའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཚུལ་སོགས་ལ་བསམ་ན་སྔ་མའི་ནུས་པ་དེ་ཕྱི་མའི་ཚོགས་པ་གཅིག་ལ་འབྲལ་མི་ཤེས་པའི་ཚུལ་དུ་འཕང་ཡོད་པ་དེ་འདྲ་ཡིན་ནོ། །སྤྱིར་དཔྱད་པ་ཞུགས་པའི་ཚིག་འདྲ་ལོས་ཡིན་ཀྱང༌། འཇམ་མགོན་བླ་མས་དངོས་སུ་དེ་བྱུང་མིན་ཡང་ཕན་ཚུན་མེད་ན་མི་འབྱུང་བའི་འབྲེལ་བ་ལས་རྟོགས་པ་ཡིན་པས་འབྲས་བུའི་རྟགས་ལས་སྐྱེ་ཞེས་གསུངས་པས་འདིར་དེ་བྱུང་གི་འབྲེལ་བ་ལས་ངེས་པ་ཡིན། རོ་ད་ལྟ་བས་གཟུགས་ད་ལྟ་བ་དཔོག་པ་ན་གོང་བཤད་ལྟར་རོ་སྔ་མ་དེ་ཉེར་ལེན་གྱི་རྒྱུ་དང་གཟུགས་དེ་ལྷན་ཅིག་བྱེད་རྐྱེན་བྱས་ནས་ཚོགས་པ་གཅིག་པ་འབྲལ་མི་ཤེས་པའི་ཚུལ་གྱིས་ལྷན་ཅིག་བྱུང་བས། དེ་ལྟར་འདས་དུས་གཅིག་རྣམ་རྟོགས། །ཞེས་གསུངས་ལ་མ་འོངས་པ་ན་རོ་རྒྱུན་ཆད་པ་སོགས་ཡོད་པའི་ཕྱིར་དཔོག་མི་ནུས་སྙམ།

༈ དྲི་བ། ༣༽ དོན་རང་མཚན་དང་དོན་གྱི་གཞན་སེལ་ལ་ཁྱད་པར་གང༌།

༼༣ དྲིས་ལན། དོན་རང་མཚན་ནི་ཡུལ་དུས་རྣམ་པ་མ་འདྲེས་པའི་མདུན་གནས་ཀྱི་ཨུཏྤལ་སྔོན་པོ་ལྟ་བུ་དེ་ཡིན། དོན་རང་མཚན་གྱི་གཞན་སེལ་ནི་ཨུཏྤལ་སྔོན་པོ་ལྟ་བུ་དེ་དོན་རང་གི་སྟེང་ན་རྟག་པ་ལས་ལོག་པ་སོགས་རང་མིན་གཞན་སེལ་བའི་ཚུལ་དུ་གནས་པ་དེ་ཡིན། དོན་རང་མཚན་དང་གཞན་སེལ་གཉིས་ལོགས་སུ་རྫས་གྲུབ་ཏུ་མི་བཞེད་དོ། །སྤྱིར་འདི་དོན་ལ་རྒྱ་གར་གྱི་པཎ་ཆེན་ཐར་བ་འབྱུང་གནས་དང་། ཤཱཀྱ་བློ་སོགས་ཀྱིས་དོན་རང་མཚན་གྱི་གཞན་སེལ་བཞེད་པ་དང༌། ཆོས་མཆོག་སོགས་ཀྱིས་མི་བཞེད་ལ། བོད་འདིར་ཡང་བཞེད་པ་སྣ་ཚོགས་ཤིག་བྱུང་བ་ཡིན། དེ་ལ་མཁས་དབང་གོ་རམས་པའི་ཚད་མའི་སྤྱི་དོན་ན། མཁན་ཆེན་བླ་མའི་གཞུང་། འཇིགས་མེད་ལ་སོགས་དོན་རང་མཚན་སོགས་དྲངས་ནས་དོན་སེལ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་མཛད་ལ། གཞན་སེལ་གསུམ་གྱི་རྣམ་གཞག་བྱེད་ཚེ་འདི་ཉིད་དོན་ལ་གནས་པ་ཡིན་ཞེས་དང༌། དཔེར་ན་སྒྲ་རྟག་འཛིན་རྟོག་པ་ལྟ་བུ་དེ། དོན་རང་མཚན་གྱི་གཞན་སེལ་མེད་ན་གཞན་སེལ་གཞན་གཉིས་ཡོད་ཀྱང་ཕྱིན་ཅི་ལོག་ཏུ་འགྲོ་བའི་ཚུལ་སོགས་གསུངས་པ་དང༌། གཞན་ཡང་དོན་རང་མཚན་གྱི་གཞན་སེལ་མི་བཞེད་པ་དག་གིས་ཀྱང༌། གཞན་སེལ་ཕྱིན་ཅི་མ་ལོག་པ་ཞེས་གསུངས་ལ། བཏགས་པ་དོན་ལ་འཇུག་པ་དང༌། །མི་འཇུག་པ་དེ་རྣམ་པ་གཉིས། །འཇུག་པས་འཇུག་ཡུལ་རང་མཚན་ཐོབ། །ཅེས་གསུངས། སྒྲ་རྟག་པ་དེ་དོན་རང་མཚན་གྱི་སྟེང་ན་སེལ་མེད་ན་སྒྲ་རྟག་འཛིན་དང་སྒྲ་མི་རྟག་པར་འཛིན་པ་གཉིས་བློ་དོན་མཐུན་ཡིན་པ་ལ་ཁྱད་མེད་པར་འགྱུར་རོ། །སྤྱིར་དོན་རང་མཚན་གྱི་སྐབས་འདི་ན། སྔོ་འཛིན་དབང་ཤེས་དེ། སྔོན་པོ་ལ་སྒྲུབ་འཇུག་ཡིན་ན་དེ་ཡོངས་གཅོད་དུ་འཇུག་པ་ལས་རྣམ་གཅོད་དུ་མི་འཇུག་ལ། འོན་ཀྱང་མི་ཕམ་རིན་པོ་ཆེས་སྔོན་པོ་མངོན་སུམ་མཐོང་བའི་སྐབས་ན་སྔོ་མིན་མ་བཅད་ཅེས་འཇོག་དགོས་ན་དཀའ་ཞེས་དང༌། ཡང་མི་རྟག་པ་དོན་ལ་གནས་པ་དེའོ། །ཞེས་གསུངས་ཡོད་པ་སོགས་ལ་བརྟག་དཔྱད་བྱས་ན་དོན་རང་མཚན་གྱི་གཞན་སེལ་འདི་སེལ་འཇུག་སྨྲ་བ་ལ་མེད་དུ་མི་རུང་བའི་ལེགས་བཤད་རྨད་དུ་བྱུང་བ་ཡིན་པར་གོ་ནུས་པ་ཡིན། འདི་དོན་གྱི་རྣམ་གཞག་རྒྱས་པར་མཁན་ཆེན་ཡབ་སྲས་ཀྱི་གཞུང་རྩ་འགྲེལ་གཉིས་ལ་གཟིགས་ན་གསལ་བོར་ངེས་ནུས་ཤིང༌། སྤྱིར་མཁན་ཆེན་ཡབ་སྲས་ནི་རྣམ་དཔྱོད་ཤིན་ཏུ་རྒྱ་ཆེ་བ་དང༌། ཁྱད་པར་རང་ཅག་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་ལས་དང་སྨོན་ལམ་གྱི་འབྲེལ་ཟབ་ཆེ་བ་སོགས་ཀྱི་ཚུལ་ལ་བསམ་ནས་རྗེས་འཇུག་ཐོས་བསམ་པ་རྣམས་ཀྱིས་ཞིབ་གཟིགས་རེ་མཛད་པར་བཀའ་དྲིན་ཞུ།

༈ དྲི་བ། ༤༽འགལ་མེ་ལ་འཁོར་ལོར་འཛིན་པ་དབུ་མ་རྒྱན་དང་རྣམ་འགྲེལ་ལས་ཡིད་རྟོག་ལ་གསུངས་པ་དང༌། རིན་ཆེན་ཕྲེང་བ་ལས་མིག་འཁྲུལ་བར་གསུངས་པ་ཇི་ལྟར་ཡིན།

༼༤ དྲིས་ལན། དྲི་བ་འདི་ཅི་ཞིག་ལ་གསུངས་པ་ཡིན་གསལ་བོར་ཞུ་མི་ཤེས་ལགས། འོན་ཀྱང༌། རིན་ཆེན་ཕྲེང་བ་ལས། མིག་འཁྲུལ་བར་གསུངས་པ་དང་། དབུ་མ་རྒྱན་ལས། དེ་དང་ཚུལ་གཅིག་པར། འགལ་མེ་ལ་ཡང་ཅིག་ཆར་དུ། །འཁོར་ལོར་འཛིན་པའི་སྣང་བ་འབྱུང༌། །གསལ་བར་རབ་ཏུ་སྣང་བའི་ཕྱིར། །མཐོང་བས་མཚམས་སྦྱོར་མ་ཡིན་ནོ། །ཞེས་རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་རབ་ཏུ་སྣང་བའི་ཕྱིར་ན་མངོན་སུམ་མཐོང་བ་ཡིན་ཞེས་བཤད་ཡོད་ལ་ཡིད་རྟོག་ལ་གཏན་ནས་གསུངས་མེད་སྙམ།

༈ དྲི་བ། ༥༽ ཚད་མ་ཕྱི་རབས་པ་དང་ཚད་མ་སྔ་རབས་པ་མི་འདྲའི་ཐུན་མིན་གྱི་བཞེད་པ་གང་ཡོད།

༼༥ དྲིས་ལན། དེ་ཡང་ཕྱྭ་བ་ཆོས་ཀྱི་སེང་གེ་དང་སློབ་མ་སེང་ཆེན་བརྒྱད་སོགས་བྱོན་པའི་སྐབས་ལ་ཚད་མ་སྔ་རབས་དང༌། འཇམ་མགོན་ས་སྐྱ་པཎ་ཆེན་བྱོན་ནས་རིགས་གཏེར་གྱི་གཞུང་མཛད་པ་ནས་ཚད་མ་ཕྱི་རབས་ཞེས་བཞག་ན་ཨེ་ཆོག་སྙམ། སྤྱིར་ཐུན་མིན་གྱི་བཞེད་པའི་ཁྱད་པར་མཐའ་ཡས་པ་དག་ཞུ་ཡང་མི་ཤེས་ལ། བརྗོད་ཀྱང་དཀའ་བ་ཡིན། སྤྱིར་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ནི། ཚད་མ་སོགས་གཞུང་གང་ཡིན་ཡང་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་གཙོ་བོར་མཛད་པ་ལས་གཞན་ལུགས་རྗེས་བརྗོད་ཀྱི་རྣམ་པ་གཏན་མི་མཛད་པ་ཡིན། དེས་ན། བསིལ་ལྡན་འདི་ན་ཆོས་སེང་སོགས། །རིགས་པ་རྣོ་བའི་འཁྲུལ་གར་གྱིས། །སློབ་གསར་རྨོངས་སུ་འཇུག་པའི་ངག །ད་ནི་གཞུང་སྨྲ་རྒན་པོས་ཀྱང༌། །རྗེས་བརྗོད་སྨྲ་བས་གཞུང་བཟང་བསླད། །སྨྲ་བ་འདི་འདྲ་མཁས་རློམ་པ། །མགུ་ཡང་བདག་ཅག་འདི་འདྲའི་རྗེས། །བྲག་ཆ་བཞིན་དུ་མ་ཞུགས་སོ། །ཞེས་གསུངས་པའི་ཚུལ་སོགས་ལ་བསམ་ན་རང་ལུགས་ནི་མཐའ་གཅིག་ཏུ་སྔ་རབས་ཁོ་ནའི་རྗེས་སུ་འབྲང་དགོས་པ་མ་ཡིན་ལ། ཡང་དག་པའི་རིགས་ལམ་གྱི་འཐད་པའི་ཕྱོགས་གཙོ་བོར་འཛིན་དགོས་པ་ཡིན་སྙམ།

༈ མངོན་པའི་སྐོར་དྲི་བ་ལྔ་བཀོད་པ།

༈ དྲི་བ། ༡༽ མུན་པ་གཉིས་པོ་བཅོམ་ཚུལ་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ན་སླར་སྐྱེ་མི་སྐྱེ། མི་སྐྱེ་ན་དགྲ་བཅོམ་ཉམས་པའི་ཆོས་ཅན་དེ་ལ་སླར་སྐྱེ་བ་མིན་ནམ།

༼༡ དྲིས་ལན། འདིར་ཁྱེད་རྣམས་ཀྱི་དགོངས་པ་ལ་དེ་འདྲའི་དགྲ་བཅོམ་དེའི་རྒྱུད་ལ་འོག་མའི་ཉོན་མོངས་གང་རུང་ཞིག་སྐྱེ་ནས་ཉམས་པར་འགྱུར་བར་གསུངས་ན་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ན་སླར་སྐྱེ་བར་འགྱུར་འོང་གི་སྙམ་པའི་དོགས་གཞི་ཞིག་བཀོད་པ་འདི་ནི་ཆོས་མངོན་པ་ལས་བསྟན་པའི་རིགས་པ་ཆེས་ལེགས་པ་ཞིག་ཡིན། འདི་དོན་ལ་གསལ་བོ་ཞིག་ཞུ་མི་ཤེས་ཀྱང་ཕྱོགས་མགོ་དཔྱད་གཞི་ཙམ་ཞུ་ན། དཔེར་ན། རྩལ་པོ་ཆེ་ཅུང་རྡོག་འཆའ་ན་ཡང་ལུས་ས་ལ་འདྲིལ་བར་མི་འགྱུར་བར་དེ་མ་ཐག་སོར་ཆུད་པར་འགྱུར་བ་ལྟར། ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་པས་སླར་གང་ཟག་དེའི་རྒྱུད་ལ་གཏན་དུ་སྐྱེ་བར་མི་འགྱུར་གསུངས་པ་ཨེ་ཡིན་སྙམ།

༈ དྲི་བ། ༢༽ སོར་སྡོམ་ཟིན་པའི་འབྱུང་བ་ལས་བྱུང་བར་གསུངས་པ་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་མ་ཟིན་པ་ལས་བྱུང་བར་གསུངས་པ་ཇི་ལྟར་ཡིན།

༼༢ དྲིས་ལན། སྤྱིར་འདི་སྐབས་སུ་སོར་སྡོམ་ཟིན་པའི་འབྱུང་བ་ལས་བྱུང་བར་གསུངས་པ་ནི་ཐུགས་ལ་ངེས་ཟིན་ལྟར་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་མ་ཟིན་པ་ལས་ཀྱང་བྱུང་བར་གསུངས་པ་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལྟ་བུ་མངོན་དུ་བྱས་ཏེ་ལྷའི་མིག་གི་མངོན་ཤེས་ལ་སོགས་པ་རྣམ་གནས་ཡིད་བྱེད་ཀྱི་སྒོ་ནས་སྒྲུབ་པར་བྱེད་པ་ཡིན་ན། དེའི་སྐབས་སུ་མིག་གི་དབང་པོའི་ཉེ་སྐོར་རམ་མཐའ་སྐོར་དུ་བསམ་གཏན་དེ་བའི་སས་བསྡུས་པའི་ཤིན་ཏུ་རྡུལ་དྭངས་པ་འབྱུང་བར་གསུངས་པ་སོགས་ནི་མ་ཟིན་པ་ལས་ཀྱང་བྱུང་བར་གསུངས་པ་དེ་ལྟར་ཨེ་རུང་སྙམ།

༈ དྲི་བ། ༣༽ བྱེ་སྨྲས་ཆོས་མཆོག་ལ་ཆེ་འབྲིང་ཆུང་གསུམ་མི་མཛད་པ་གང༌།

༼༣ དྲིས་ལན། དེ་ནི་གོང་མ་དག་གི་ཞལ་རྒྱུན་ལ། འདིར་གཞན་དོན་བྱེད་པ་གཙོ་བོར་བྱེད་མི་བྱེད་ཀྱི་རེད་གསུངས་སྙམ། དེ་ནི་ཇི་ལྟར་ན་ཆོས་མཆོག་དེ་མ་ཐག་པའི་ཡེ་ཤེས་ཞེས་པ་ཡིན་ན་དེ་མ་ཐག་ཏུ་རང་གི་སྟོབས་ཀྱིས་ཟག་མེད་གསར་དུ་འདྲེན་ནུས་པ་དེ་ལྟ་བུ་ཞིག་ཡིན་པས་དེ་འབའ་ཞིག་དོན་དུ་གཉེར་བ་དག་ལ་དབྱེ་བ་མ་མཛད་ལ། གཞན་སེམས་ཅན་གྱི་དོན་གཙོ་བོར་སྒྲུབ་པའི་ཆ་ནས་ཆོས་མཆོག་ལ་དབྱེ་བ་བྱས་ཞེས་པ་ལྟ་བུ་ཞིག་དེ་ཉིད་ཀྱི་དོན་ཨེ་ཡིན་སྙམ།

༈ དྲི་བ། ༤༽ ཀུན་བཏུས་དང་མཛོད་གཉིས་ཀྱི་ལམ་བདེན་འཇོག་ཚུལ་འགལ་མེད་ཇི་ལྟར་ཡིན།

༼༤ དྲིས་ལན། སྤྱིར་མངོན་པ་ཀུན་བཏུས་ཀྱི་སྐབས་སུ་ཟག་མེད་ཀྱི་དབང་པོ་གསུམ་གསུངས་པའི་དབང་པོ་སྔ་མ་སྦྱོར་ལམ་ནས་འཇོག་ལ་དེ་ལ་ཟག་བཅས་ཡིན་མིན་གཉིས་ཡོད་པ་དང༌། མངོན་མཛོད་ལས། ཟག་མེད་ཀྱི་དབང་པོ་གསུམ་ཡིན་ན་ངེས་པར་ཟག་མེད་ཡིན་པས་ཁྱབ་པ་ལྟ་བུ་སོགས་མངོན་པ་གོང་འོག་གཉིས་བཞེད་སྲོལ་མི་འདྲ་བ་ཆེས་མང་ན་དེ་ཐམས་ཅད་རེ་རེ་ནས་དགོངས་མཐུན་དུ་སྒྲུབ་དགོས་མི་དགོས་ཀྱང་མི་ཤེས་ལ། སྐབས་འདིར་མངོན་པ་གོང་འོག་གཉིས་ཀའི་ལམ་བདེན་འཇོག་ཚུལ་འགལ་མེད་ཇི་ལྟར་ཡིན་གསུངས་ན། ཀུན་བཏུས་ཀྱི་ལུགས་ལ་ཚོགས་སྦྱོར་གཉིས་ཀྱང་ལམ་བདེན་གྱི་ཕྱོགས་སུ་རྩི་བ་ཞིག་ཨེ་ཡིན་སྙམ། མངོན་མཛོད་ལས། མཐོང་སྒོམ་མི་སློབ་པའི་ལམ་གསུམ་མ་གཏོགས། གཞན་ཚོགས་སྦྱོར་གཉིས་ནི་ཟག་མེད་ཀྱི་དབང་པོ་དང་འདྲ་བར་ལམ་བདེན་དུ་མི་འཇོག་པ་དང༌། ཀུན་བཏུས་སུ་འཁོར་དང་བཅས་པའི་སྒོ་ནས་ལྔ་བོ་ལམ་བདེན་དུ་བཞག མངོན་མཛོད་དུ་ཟག་མེད་རང་ཉིད་ཁོ་ན་བཞག་པ་ལམ་བདེན་གྱི་གཙོ་བོའི་དབང་དུ་བྱས་པ་ཨེ་ཡིན་སྙམ།

༈ དྲི་བ། ༥༽མཛོད་ལུགས་ལ་ལས་ཀྱི་མཚན་ཉིད་ཇི་ལྟར་ཡིན།

༼༥ དྲིས་ལན། སྤྱིར་མཚན་ཉིད་ནི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་ན་མཆིམས་ཆེ་ཆུང་སོགས་ལས་མ་གསུངས་ན་རང་གི་གསལ་བོར་ཞུ་མི་ཤེས་ཀྱང༌། ཁྱེད་རྣམས་ཀྱི་བརྟགས་དཔྱད་མཛད་པའི་གཞི་ཞིག་ཞུ་ན། ལས་ལ་སེམས་པའི་ལས་དང་བསམ་པའི་ལས་གཉིས། སེམས་པའི་ལས་ནི་ཐོག་མར་ལས་གང་དང་གང་ཡིན་ཡང་སེམས་པས་སེམས་ཡུལ་ལ་གཡོ་བར་བྱེད་པས་ལས་དེ་བསགས་པ་ཞིག་ཡིན། དེས་ན་ཟག་བཅས་རྒྱུར་གྱུར་གྱི་ཆ་ཞིག་ཡིན་པ་གཞིར་བཞག་ནས། ཟག་བཅས་རྒྱུར་གྱུར་གྱི་ཆ་ཡིན་པ་གང་ཞིག་སེམས་པ་གཙོ་བོར་གྱུར་བའི་ལས་ཞེས་བཞག་ན་ཨེ་ཆོག་སྙམ། ཡང་ན་ཟག་བཅས་རྒྱུར་གྱུར་གྱི་ཆ་གང་ཞིག་སེམས་པས་ཀུན་ནས་བསླངས་བའི་ལས་ཞེས་ཨེ་རུང་སྙམ།

༈ དབུ་མའི་སྐོར་དྲི་བ་དགུ་བཀོད་པ།

༈ དྲི་བ། ༡༽ ཐལ་རང་གི་བདེན་གཉིས་གཅིག་ཐ་དད་འཇོག་ཚུལ་གྲུབ་མཐའ་མཛོད་དང་། ཤེར་འགྲེལ་དང་། ལྟ་གྲུབ་ཤན་འབྱེད་ལས་གསུངས་པ་རྣམས་མི་འགལ་ཚུལ་ཇི་ལྟར་ཡིན།

༼༡ དྲིས་ལན། སྤྱིར་གྲུབ་མཐའ་མཛོད་ན་ནང་པའི་གྲུབ་མཐའ་དེ་རྒྱས་ཤིང་དབུ་མ་ཐལ་རང་གི་རྣམ་གཞག་རྒྱ་ཆེར་བསྟན་པར་མཛད་ལ། རང་རྒྱུད་པའི་སྐབས་སུ་བདེན་གཉིས་གཅིག་ཐ་དད་ལ་སྐྱོན་བཞི་བཞི་ཡོད་ཚུལ་རྒྱས་པར་གསུངས་པ་དང༌། ཐལ་འགྱུར་བའི་བདེན་གཉིས་སྐབས། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་བྱང་ཆུབ་སེམས་འགྲེལ་གྱི་ལུང་དྲངས་ཡོད་པ་ལ་བརྟེན་ནས། ཁྱེད་རྣམས་ཀྱི་དགོངས་པར་ཐལ་འགྱུར་བའི་ལུགས་ལ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་དགོས་སྙམ་པའི་དོགས་གཞི་བྱུང་ཡོད་པ་འདྲ། དེ་ནི་སྤྱིར་བྱས་དང་མི་རྟག་པ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་དཔེར་ཡོངས་སུ་གྲགས་ལ། བྱང་ཆུབ་སེམས་འགྲེལ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་མདོ་སྔགས་སྤྱིའི་གཞུང་འགྲེལ་ཞིག་ཡིན་པས་དེ་ན་མཐའ་གཅིག་ཏུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པར་གསལ་བོར་ངེས་ན་དེ་དབུ་མ་ཐལ་འགྱུར་བས་བཞེད་དགོས་ཀྱང༌། སྐབས་འདིར། མེད་ན་མི་འབྱུང་ངེས་པའི་ཕྱིར། །ཞེས་པའི་དོན་ལ་མཁས་པ་རྣམས་ཀྱིས་དགོངས་པ་བཀྲལ་ཚུལ་ཡོད་ལ། བྱས་དང་མི་རྟག་པ་བཞིན་དུ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །ཞེས་གསུངས་པ་རང་རྒྱུད་པའི་སྐབས་བྱས་དང་མི་རྟག་པ་བཞིན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། ཐལ་འགྱུར་བའི་སྐབས། མེད་ན་མི་འབྱུང་ཞེས་བདེན་པ་གཉིས་པོ་གཅིག་ཤོས་མེད་ན་ཅིག་ཤོས་མི་འབྱུང་བའི་དོན་ཡིན་ཞེས་མཁས་པའི་དབང་པོ་མང་པོས་དེ་ལྟར་གསུངས། ཀུན་མཁྱེན་བླ་མས་ཀྱང༌། དེའང་སྟོང་པ་ཉིད་སྣང་བའི་དབྱིངས་ཅན་དེ་བྱང་ཆུབ་སེམས་འགྲེལ་ལས་ཞེས་ལུང་དྲངས་ན། སྟོང་པ་ཉིད་སྣང་བའི་དབྱིངས་ཅན་དེ་ཞེས་པ་མེད་ན་མི་འབྱུང་བའི་གོ་དོན་ཡིན་གྱི། ངོ་བོ་གཅིག་པའི་གོ་དོན་མ་ཡིན་པར་མ་ཟད། དེ་མ་ཐག་ཏུ། གལ་ཏེ་དབྱེ་བ་ཐ་དད་དུ་གྲུབ་ན་ཞེས་དགོངས་པ་ངེས་འགྲེལ་གྱི་ལུང་དྲངས་པ་དེས་གཅིག་ཏུ་གྲུབ་ན་ཞེས་པ་ཡང་ཤུགས་ལ་རྟོགས་པར་འགྱུར་ཏེ། མདོ་ལུང་ན་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན་སོགས་གསུངས་སོ། །དེས་ན་ཀློང་ཆེན་པས་ཀླུའི་བྱང་ཆུབ་སེམས་འགྲེལ་གྱི་དགོངས་པ་སྐབས་ཐོབ་ཀྱིས་བླངས་ནས། རང་རྒྱུད་པའི་སྐབས་བྱས་དང་མི་རྟག་པ་བཞིན་ནོ་ཞེས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། ཐལ་འགྱུར་བའི་སྐབས་མེད་ན་མི་འབྱུང་ངེས་པའི་ཕྱིར་ཞེས་མཁས་པ་མང་པོས་གསུངས་བཞིན་མེད་ན་མི་འབྱུང་ཙམ་དུ་བཞེད་པས། གྲུབ་མཐའ་མཛོད་དང་ཤེར་འགྲེལ་ལྟ་གྲུབ་ཤན་འབྱེད་བཅས་ཕན་ཚུན་འགལ་འགྲོ་བ་ཞིག་མ་ཡིན་སྙམ།

༈ དྲི་བ། ༢༽ མདོ་སྡེ་པའི་ལུགས་ལ་དངོས་པོ་ཡིན་ན་དོན་དམ་པས་ཁྱབ་མ་ཁྱབ་གང་ཡིན། གཞུང་འགར་དོན་དམ་ཆ་མེད་གཉིས་ལ་འཇོག་པ་དང༌། གཞུང་འགར་མིག་དང་གཟུགས་སོགས་ཀྱང་དོན་དམ་དུ་གསུངས་པ་མི་འགལ་ཚུལ་ཇི་ལྟར་ཡིན།

༼༢ དྲིས་ལན། མདོ་སྡེ་བ་དེ་ལ་ལུང་གི་རྗེས་འབྲང་དང་། རིགས་པའི་རྗེས་འབྲང་གཉིས་སུ་མ་ཕྱེས་ན་འཆད་མི་ཐུབ་སྙམ། རིགས་པའི་རྗེས་འབྲང་གི་མདོ་སྡེ་པས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་པ་ཉིད་དེ། །དེ་དག་རང་སྤྱིའི་མཚན་ཉིད་དོ། །ཞེས་གསུངས། དོན་བྱེད་ནུས་པ་གང་ཡིན་པ། །ཞེས་བརྗོད་ན་མ་ཆོག་པ་མེད་པ་འདྲ་ཡང༌། འདིར་དོན་དམ་དོན་བྱེད་ནུས་པ་ཞེས་གསུངས་པ་ནི། རྫས་བཏགས་ཀྱི་ཁྱད་པར་ཕྱེ་དུས་ཡང་། ཆོས་དེ་བློ་ཡུལ་དུ་འཆར་བར་བྱེད་པ་ལ་ཆོས་གཞན་ལ་ལྟོས་མི་དགོས་པར་བློ་ཡུལ་དུ་འཆར་བ་རྫས་ཡོད། ཆོས་དེ་བློ་ཡུལ་དུ་འཆར་བ་ལ་ཆོས་གཞན་བློ་ཡུལ་དུ་འཕངས་ནས་ཤེས་དགོས་པ་ཞིག་ལ་བཏགས་ཡོད་དོ། །ཞེས་གསུངས་པ་དེས་ན་དོན་དམ་པར་ན་རང་མཚན་གྱི་སྟེང་ནས་དོན་བྱེད་ནུས་པའི་དངོས་པོ་གང་ཡིན་པ་དེ་དོན་དམ་ཡིན་པས་ཁྱབ་ཅེས་འཇོག་ཐུབ་སྙམ། དེ་ཙམ་གྱིས་གོ་ནུས་ལ་ཁྱེད་རྣམས་ཀྱིས་མདོ་སྡེ་པའི་ལུགས་ལ་དངོས་པོ་ཡིན་ན་དོན་དམ་ཡིན་པས་ཁྱབ་ཟེར་ན་ལྡན་མིན་འདུ་བྱེད་ལ་དོགས་གཞི་བྱུང་ཡོད་པ་འདྲ་ཡང་དེ་ནི། དོན་དམ་དོན་བྱེད་ནུས་པ་གང༌། །ཞེས་བཅད་པས་གསལ་བོར་གོ་སྙམ། གཞུང་འགར་དོན་དམ་ཆ་མེད་གཉིས་ལ་འཇོག་པ་དང༌། གཞུང་འགར་མིག་གཟུགས་སོགས་ཀྱང་དོན་དམ་དུ་གསུངས་བ་མི་འགལ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ནི་གཞུང་འགར་མིག་གཟུགས་སོགས་ཀྱང་དོན་དམ་པར་གསུངས་པ་དེ་ནི། དཔེར་ན་གཟུགས་ལྟ་བུ་མཐར་རྡུལ་ཕྲན་ཆ་མེད། མིག་གི་ཤེས་པ་ལྟ་བུ་དེ་མཐར་ཤེས་པ་ཆ་མེད་དུ་ཐུག་གོ །ཡུལ་དང་དབང་པོ་རྡུལ་ཕྲ་རབ། །འཚོགས་པའི་སྐད་ཅིག་ཇི་སྙེད་པ། །མྱོང་བའི་རྣམ་ཤེས་དེ་རྙེད་དོ། །གསུངས་པ་ལྟར་བུམ་པ་མངོན་སུམ་དུ་མཐོང་བའི་སྐབས་ཀྱང་རྡུལ་མ་གཏོགས་པ་ཡུལ་ཐོག་ན་མེད་མོད། རྡུལ་ཕྲན་ཁྱད་པར་བ་ཡིན་པས་ན་མིག་ཤེས་བསྐྱེད་ནུས་པའི་རྡུལ་ཕྲན་དུ་སོང་བའི་སྐབས་གཟུགས་ཞེས་འཇོག སྒྲ་དང་དྲི་ཡང་རང་རང་གི་ཤེས་པ་དེ་བསྐྱེད་ནུས་པའི་ཆ་ནས་རྡུལ་ཁྱད་པར་བ་ཞེས་འཇོག་པ་ཡིན་ནོ། །མདོར་ན་ཆ་མེད་གཉིས་དོན་དམ་དུ་འཇོག་པ་དང༌། མིག་གཟུགས་སོགས་དོན་དམ་དུ་འཇོག་པ་ནི། མཐར་གཏུགས་ན་ཆ་མེད་གཉིས་ལས་འགྲོ་ས་མེད་པས་མི་འགལ་བ་ཡིན་སྙམ།

༈ དྲི་བ། ༣༽ ཀུན་མཁྱེན་གྱིས་རྒྱས་འགྱུར་གྱི་རིགས་གཞི་ལ་ཡོད་པར་གསུངས་པ་དང༌། རྒྱུད་བླ་མར་ཡང་དག་བླངས་པ་ལས་བྱུང་བར་གསུངས་པ་ཇི་ལྟར་ཡིན།

༼༣ དྲིས་ལན། འདི་ནི་ཀུན་མཁྱེན་བླ་མས་སྔགས་བླ་མེད་ཀྱི་དགོངས་པ་གཞིར་བཞག་གིས་གྲུབ་མཐའ་མཛོད་སོགས་སུ་རིགས་ཀྱི་སྐབས་རྒྱ་ཆེར་བསྟན་ཡོད། དེ་ནི་རང་ལུགས་ལ་རང་སྣང་ལོངས་སྐུ་འཇོག་དགོས་ན་རང་སྣང་ཞེས་པ་སངས་རྒྱས་རང་སྣང་ལ་བཞེད་ན། དེ་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆ་མང་པོ་ཞིག་ཡོད་ན་འགལ་བ་ཡིན་པས། རང་སྣང་ལོངས་སྐུའི་ཞིང་ན་སྐྱེ་འགག་དང་བྲལ་བའི་སྟོན་འཁོར་གྱི་ཚོགས་པ་ཉིད་ལས་མི་གཞན་པ་གཞིར་བཞག་གིས་བཤད་དགོས་ན་རྒྱས་འགྱུར་གྱི་རིགས་ཞེས་བྱ་བ་གཞི་ལ་མ་བཞག་ཐབས་མེད་ཡིན་ནོ། །འཇམ་མགོན་བླ་མས་ཝ་མང་དགེ་བཤེས་ལ་ལན་གནང་བའི་སྐབས། གཞོན་ནུ་བུམ་སྐུ་བཅག་པའི་ཐོ་བ་བརྩམས་ཀྱང་གཞོན་ནུ་བུམ་སྐུ་བཅག་ན་ད་དུང་དེའི་ཞོར་ལ་མི་ཤིགས་ཏི་ལ་ཤི་བའི་ལྟོ་རྒྱུ་ཞིག་ཀྱང་ཞར་ལ་ཁྱོད་ཀྱི་གློ་རྒྱན་དུ་རང་བྱུང་དུ་སྐྱེས་ནས་ན་རག་དམྱལ་བའི་སྒོ་དྲུང་དུ་འགྲོ་བའི་ཚུལ་དང༌། སྐུ་ཡིན་པས་མི་རུང་རྒྱུ་དང་ཐིག་ལེ་ཡིན་པས་རུང་རྒྱུ་མེད་ཚུལ་སོགས་རྒྱ་ཆེར་གསུངས་སོ། །རྒྱུད་བླ་མར་ཡང་དག་བླངས་པ་ལས་བྱུང་བའི་རིགས་དེ་ཡང་གནས་སྣང་གི་ཁྱད་ཕྱེ་དགོས་སྙམ།

༈ དྲི་བ། ༤༽ ཐལ་རང་གཉིས་པོས་བདེན་མེད་གཏན་ལ་འབེབས་ཚེ་དགག་བྱ་ལ་ཁྱད་པར་གང་ཡོད།

༼༤ དྲིས་ལན། ཐལ་རང་གཉིས་པོས་བདེན་མེད་གཏན་ལ་འབེབས་ཚེ། ཆོས་ཅན་མཐུན་སྣང་བ་གྲུབ་མ་གྲུབ་དེ་ལ་མ་དཔྱད་ཐབས་མེད་ཡིན། དབུ་མ་རྩ་ཤེས་ཀྱི་འགྲེལ་བ་ཚིག་གསལ་ན། ཁྱད་པར་སྦྱར་བ་དོན་མེད་པ་རྒྱས་པར་གསུངས་པ་དང༌། སློབ་དཔོན་ལེགས་ལྡན་གྱིས་ཆོས་ཅན་མཐུན་སྣང་བ་དངོས་སྨྲ་བ་དང་མཐུན་སྣང་དུ་མེད་པར་སྨྲ་བ་དེ་མི་རིགས་པའི་ཚུལ་རྒྱ་ཆེར་བསྟན་ཏེ། མདོར་ན་དབུ་མ་རང་རྒྱུད་པས་དོན་དམ་གཏན་ལ་འབེབས་སྐབས་ཀྱང་བདེན་གཉིས་རྣམ་པར་ཕྱེས་ཏེ་ཐ་སྙད་རང་མཚན་གྱིས་གྲུབ་པ་དེ་ནི་དོན་དམ་རིགས་པས་དཔྱད་ཀྱང་འགོག་མི་ནུས་ཤིང༌། ཕྱིས་སུ་དབུ་མ་བ་ཕལ་གྱིས་བུམ་པ་མི་དགག་པར་བུམ་པའི་བདེན་གྲུབ་འགོག་པ་ལྟ་བུའི་གྲུབ་མཐའ་ཡང་དེ་དང་ཕྱོགས་འདྲ་བ་ཡིན་པའི་ཚུལ་ལྟ་གྲུབ་ཤན་འབྱེད་ལས་ཡང་ཡང་གསུངས་པ་ལྟར་རོ། །འཇམ་མགོན་མི་ཕམ་རིན་པོ་ཆེས་ཀྱང་། འདི་གཉིས་ནི་དོན་དམ་གཏན་ལ་འབེབས་པའི་ཚུལ་ཞིག་ཡིན་གསུངས་པ་ལྟར། དོན་དམ་རིགས་པའི་ངོ་ཁ་ན་མི་དགག་རྒྱུའི་ཐ་སྙད་ཅིག་ཡོད་ན་དཔལ་ལྡན་ཟླ་བས་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་སོགས་སྐྱོན་གསུམ་བརྗོད་པས་ཀྱང་གནོད་པ་དེའི་ཕྱིར་དགག་བྱ་ལ་ཁྱད་པར་ཆེ་བ་ཞིག་ཡོད་པ་ཡིན་སྙམ།

༈ དྲི་བ། ༥༽ སྟོང་ཐུན་སྐབས། སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། དེ་བཞིན་ཉིད་ལ་དབྱེར་མེད་པའི་ཕྱིར། ཞེས་པ་ཁ་ཅིག་དང་རང་ལུགས་འགྲེལ་ཚུལ་དང༌། ཁ་ཅིག་ལ་སྐྱོན་བརྗོད་པའི་ཚུལ་རང་ལུགས་ལ་མི་འཇུག་ཚུལ་ཇི་ལྟར་ཡིན།

༼༥ དྲིས་ལན། སྟོང་ཐུན་གྱི། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་པའི་སྐབས་ཀྱི་གསུང་ཚུལ་ནི། སངས་རྒྱས་དང་སེམས་ཅན་ཀྱང་དོན་དམ་པར་དབྱེ་བ་མེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་སྟོང་པ་ཉིད་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པའི་ཕྱིར། དེ་ལྟ་ན་འཁྲུལ་བ་གློ་བུར་བ་སྣང་ཡང་དོན་དམ་པའི་ཆོས་ཉིད་ལས་ནི་འགྱུར་བ་ཅུང་ཟད་ཀྱང་མེད་པ་སོགས་གསུངས་ཡོད་དོ། །ཁ་ཅིག་ལ་བརྗོད་པའི་སྐྱོན་རང་ལུགས་ལ་མི་འཇུག་པའི་ཚུལ་ནི། ཆོས་ཉིད་དེ་བཞིན་ཉིད་དབྱེར་མེད་པ་ཙམ་ཞིག་གིས་སངས་རྒྱས་ཀྱི་རིགས་སུ་གྲུབ་ན། འོ་ན་སྔར་གཞན་ལ་བདེན་མེད་ཡིན་པས་སངས་རྒྱས་ན་ས་རྡོ་སོགས་ཀྱང་འཚང་རྒྱ་བར་ཐལ་བའི་སྐྱོན་དེ་རང་ལ་འབབ་པར་འགྱུར་སྙམ་པའི་དྲི་བ་བཀོད་པ་ཨེ་ཡིན་སྙམ། དེ་ལ་སྐབས་འདིར་བདེན་མེད་ཡིན་པ་ཙམ་གྱིས་སངས་རྒྱས་རུང་སྒྲུབ་པ་མ་ཡིན་ལ། སྤྱིར་རིགས་ཞེས་པ་ནི། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང༌། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས་པས་ཁམས་སམ་རིགས་ཞེས་བྱ་བ་ནི་གང་ལ་དཔྱད་པ་འཇུག་ན། འཁྲུལ་བའི་སེམས་ཅན་གྱིས་ལམ་ཡང་ཡང་བསྒྲུབ་པར་བྱས་ན་སྒྲིབ་གཉིས་དེ་ཟད་པར་སྤངས་ནས་མ་འཁྲུལ་བའི་སངས་རྒྱས་ཤིག་ཨེ་འབྱུང་མི་འབྱུང་ཞེས་དཔྱད་ནས་དེ་འབྱུང་བའི་རྒྱུ་སྐྱོན་མེད་ཞིག་ལ་འཇོག་པ་ཡིན་ན། ས་རྡོ་སོགས་འཁྲུལ་བའི་སེམས་ཀྱི་དབང་གིས་སྣང་བ་ཞིག་རེད་མ་གཏོགས་ས་རྡོ་སོགས་ཀྱི་དབང་གིས་འཁྲུལ་བའི་སེམས་བྱུང་བ་མ་ཡིན་པས། དཔལ་ལྡན་ཟླ་བས། སེམས་ཉིད་ཀྱིས་ནི་སེམས་ཀྱི་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་དཔག་ཡས་དགོད། །ཅེས་སོགས་གསུངས་པ་ལྟར། སེམས་ཀྱིས་ལས་བསགས་པའི་སྟོབས་ཀྱིས་ས་རྡོ་ལ་སོགས་པའི་སྣང་བ་འདི་འབྱུང་བ་ཡིན་པས། སེམས་ཉིད་སངས་རྒྱས་སུ་གྲུབ་ན་ཕྱི་རོལ་གྱི་ས་རྡོ་སོགས་ལྷག་འགྲོ་བ་མ་ཡིན་སྙམ།

༈ དྲི་བ། ༦༽ མི་ཕམ་པས་དོན་དམ་ཡོངས་གཅོད་དུ་ཤེས་བྱ་མིན་པར་གསུངས་པ་དང༌། བོད་སྤྲུལ་གྱིས་ཡོངས་གཅོད་དུ་མཚན་ཉིད་འཇོག་པ་ཇི་ལྟར་ཡིན།

༼༦ དྲིས་ལན། དྲི་བ་འདི་ནི་རང་ལུགས་ལ་གསལ་བོར་ངེས་དགོས་པའི་གནད་གལ་པོ་ཆེ་ཞིག་ཀྱང་ཡིན། དེ་ལ་འགའ་ཞིག་གི་བསམ་པར་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཤེར་འགྲེལ་ན་དོན་དམ་ཡོངས་གཅོད་དུ་ཤེས་བྱ་མིན་པར་གསུངས་པ་དང༌། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་ཡོངས་གཅོད་དུ་མཚན་ཉིད་འཇོག་པར་མཛད་ན་དེ་གཉིས་འགལ་ལོ་སྙམ་ན། ཀུན་གཟིགས་བོད་པ་སྤྲུལ་སྐུའི་གསུངས་པ་དེ་གཞན་སུ་ཞིག་གི་རྗེས་སུ་འབྲངས་པ་མ་ཡིན་ལ། དཔལ་ལྡན་ཟླ་བའི་དགོངས་པ་ཡིན་ཏེ། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །ཞེས་གསུངས་པའི་དོན་ཡིན། ཡང་དག་པ་འཕགས་པའི་མཉམ་བཞག་གི་ཡེ་ཤེས་དེ་ཚུར་མཐོང་མ་ཡིན་པའི་ཕྱིར་རོ། །འཇམ་མགོན་བླ་མས་ཇི་ལྟར་གསུངས་ན། ཚུར་མཐོང་གིས་ཡོངས་གཅོད་དུ་ཤེས་པར་བྱ་བ་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཅེས་གསུངས་སོ། །དེས་ན་དེ་གཉིས་འགལ་བ་ཅི་ཞིག་འགྲོ། མི་ཕམ་རིན་པོ་ཆེས་ཡོངས་གཅོད་དུ་ཤེས་བྱ་མིན་གསུངས་པ། ཚུར་མཐོང་གིས་ཡོངས་སུ་གཅོད་པའི་སྒོ་ནས་ཤེས་པར་བྱ་བ་མིན་གསུངས་ལ། སྤྲུལ་སྐུས་ཡོངས་གཅོད་ཀྱི་སྒོ་ནས་འཇོག་པ་དེ། མཉམ་གཞག་ཡེ་ཤེས་ཀྱི་གཟིགས་དོན་གཞིར་བཞག་གིས་ཟླ་བའི་དགོངས་པ་བཀྲལ་ན་དེ་ཚུར་མཐོང་མ་ཡིན་ནོ། །གཞན་ཡང་བླ་མ་མི་ཕམ་རིན་པོ་ཆེའི་གསུང་ན། དེ་ལ་སོ་སོ་རང་རིག་པ་ཞེས། སོ་སོ་ནི་གཞན་དང་མ་འདྲེས་པའི་དོན་ཡིན་ལ། རང་ཞེས་པ་ཡུལ་དེ་དག་གི་ངོ་བོ་མ་ནོར་བ་དང༌། རིག་པ་ཞེས་མཐོང་བ་སྟེ་སྒྲ་བསྡོམས་ན། གཞན་བུམ་སོགས་ཤེས་པའི་མིག་ཤེས་ལྟ་བུ་ཚུར་མཐོང་གིས་འདི་མི་ཤེས་ཀྱི་འདི་རང་ཉིད་ཤེས་པའི་ཤེས་པ་གཅིག་པུ་དེ་ཐུན་མོང་མིན་པའི་བློ་ཞིག་གི་ཡུལ་ཡིན་པའོ། །ཞེས་གསུངས་པ་ལྟར། ཡོངས་གཅོད་ཀྱི་ཤེས་པར་བྱ་བ་མིན་གསུངས་པ་ནི་བུམ་སོགས་ཤེས་པའི་མིག་ཤེས་ལྟ་བུ་ཚུར་མཐོང་གི་བློས་འདི་མི་ཤེས་གསུངས་ལ། དཔལ་ལྡན་ཟླ་བ་དང་བོད་པ་སྤྲུལ་སྐུའི་བཞེད་པ་ལྟར། ཡང་དག་མཐོང་ཡུལ་གང་དེ་སོགས་དང༌། ཇི་ལྟའི་མཉམ་བཞག་བློ་འདས་ཡེ་ཤེས་དེ། །གསུངས་པའི་དོན་ལྟར། འདི་རང་ཉིད་ཤེས་པའི་ཤེས་པ་གཅིག་པུ་ཐུན་མོང་མིན་པའི་བློ་ཞིག་གི་ཡུལ་ཡིན་པར་བསྟན་ཏོ། །མདོར་ན་ཚུར་མཐོང་གིས་ཡོངས་གཅོད་དུ་ཤེས་པར་བྱ་བ་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཅེས་པའི་གོ་དོན་ལ་བསམ་ན་དགོངས་པ་འགལ་མེད་ཀྱི་ཤན་ལེགས་པར་དབྱེ་ནུས་སོ། །

༈ དྲི་བ། ༧༽ འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །ཞེས་པའི་སྐབས་ཀྱི་ཐལ་བ་གསུམ་གྱི་སྔ་རྒོལ་དང་ཐལ་བ་འགྲོ་ཚུལ་ཇི་ལྟར་ལགས།

༼༧ དྲིས་ལན། འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །དེ་ལ་བསྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །ཞེས་སོགས་གསུངས་པའི་ཐལ་བ་གསུམ་པོ་དེ་མཁས་པ་འགས་སེམས་ཙམ་པ་ལ་གསུངས་པ་ཡིན་ཞེས་བཞེད་ཀྱང༌། རང་ལུགས་ལ་དཔལ་ལྡན་ཟླ་བས་རང་རྒྱུད་པ་འགོག་པའི་ཐུན་མིན་གྱི་རིགས་པ་གསུམ་ཞེས་འཇོག ཐལ་བ་འགྲོ་ཚུལ་ནི། སྔར་ཞུས་ལྟར་དཔལ་ལྡན་ཟླ་བས་དོན་དམ་གཏན་ལ་འབེབས་པའི་སྐབས། གང་ལ་དངོས་འཛིན་ཞུགས་ན་ཀ་བུམ་སོགས་ཐ་སྙད་ཀྱི་སྣང་བ་འདི་ལ་ཞུགས་པས་དེ་སྐྱེ་བ་མེད་པར་གཏན་ལ་ཕབ་ནས། བདེན་པ་གཉིས་ཆར་མ་སྐྱེས་པའི་དབུ་མའི་ལམ་བསྟན་པར་མཛད་ལ། རང་རྒྱུད་པས་དོན་དམ་གཏན་ལ་འབེབས་སྐབས་ཀྱང་ཐ་སྙད་རང་མཚན་གྱི་ཆོས་འདི་མི་དགག་པར་འཇོག་པ་ཡིན། དེས་ན་དོན་དམ་ཇི་ལྟར་གཏན་ལ་ཕབ་པ་བཞིན་དུ་དོན་དམ་མངོན་སུམ་རྟོགས་པའི་བློས་ཀྱང་དེ་ལྟར་ཡུལ་དུ་བྱེད་དགོས་པ་ཡིན་ནོ། །དོན་དམ་གཏན་ལ་ཕབ་ཚེ་ཐ་སྙད་རང་མཚན་གྱི་གྲུབ་པ་ཞིག་མ་དགག་པར་བཞག་ཡོད་ན། འཕགས་པའི་མཉམ་བཞག་སྣང་མེད་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་གྱི་ངོ་ཁ་ན་ཐ་སྙད་ཀྱི་ཆོས་རང་མཚན་དེ་ག་ཞིག་ཡོད་པ་མ་ཡིན་པས། འཕགས་པའི་མཉམ་བཞག་དེ་ཐོ་བ་ལྟ་བུ་དང༌། ཁྱོད་ཀྱི་ཐ་སྙད་རང་མཚན་དེ་བུམ་པ་ལྟ་བུར་གྱུར་ནས་ཐོ་བས་བུམ་པ་བཅོམ་པ་ལྟར་དེ་དེའི་འཇིག་རྒྱུར་ཐལ་བའི་སྐྱོན་དང༌། གཞན་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང༌། དོན་དམ་པས་སྐྱེ་བ་མི་ཁེགས་པར་བསྟན་པ་གཉིས་ཀྱང་དོན་དམ་གཏན་ལ་འབེབས་སྐབས་ཐ་སྙད་རང་མཚན་གྱིས་གྲུབ་ན་སྐྱོན་གཉིས་པོ་འཇུག་པར་ཞིབ་ཏུ་དཔྱད་ན་རྟོགས་ནུས་སོ། །འཇམ་མགོན་བླ་མས་འདི་གཉིས་ནི་དོན་དམ་གཏན་ལ་འབེབས་ཚུལ་ཞིག་ཡིན་གསུངས་པ་ལྟར། གཙོ་བོ་དོན་དམ་གཏན་ལ་འབེབས་སྐབས་ཀྱང་ཐ་སྙད་རང་མཚན་མི་དགག་པའི་ཞལ་བཞེས་འདི་ལ་ཐུག་སྙམ།

༈ དྲི་བ། ༨༽ རང་ལུགས་ལ་རྒྱུ་གསུམ་དང་དེ་ལས་སྐྱེས་པའི་རྒྱལ་སྲས་ཀྱི་མ་མཐའི་ས་མཚམས་གང་དུ་འཇོག

༼༨ དྲིས་ལན། སྤྱིར་རང་ལུགས་ལ་འདིའོ་ཞེས་ཤན་ཕྱེས་ཏེ་ཞུ་དགོས་ན་མི་ཤེས་ཀྱང་དཔྱད་གཞི་ཙམ་རང་གི་བློ་ལ་འཆར་ཚུལ་ནི། རྒྱལ་སྲས་ཀྱི་རྒྱུ་གསུམ་ནི། སྙིང་རྗེའི་སེམས་དང༌། གཉིས་སུ་མེད་པའི་བློ་དང༌། བྱང་ཆུབ་ཀྱི་སེམས་ཞེས་གསུངས་ན། སྙིང་རྗེའི་སེམས་དང་བྱང་ཆུབ་ཀྱི་སེམས་གཉིས་ཀ་རྒྱལ་སྲས་ཀྱི་རྒྱུ་ཐུན་མིན་ཡིན་ན། གཉིས་སུ་མེད་པའི་བློ་ཁོ་ན་ཉན་རང་དང་ཐུན་མོང་གྱུར་པ་མ་ཡིན་ནོ། །དེས་ན་དཔལ་ལྡན་ཟླ་བས། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་གསུངས་པས་སངས་རྒྱས་ཀྱི་རིགས་ཐུན་མིན་ཡོད་པའི་རྟགས་སུ་སྟོང་ཉིད་ཐོས་ན་ཆེས་རབ་ཏུ་དགའ་བས་ལུས་བ་སྤུ་གཡོ་བ་དང༌། མིག་མཆི་མ་འཁྲུགས་པ་སོགས་ཡོད་པས་སངས་རྒྱས་རིགས་སད་པ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་སྟོང་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ། ཐེག་ཆེན་ཐུན་མིན་སངས་རྒྱས་ཀྱི་རྒྱུ་ཡིན་པ་དང༌། དེ་ལ་མོས་པ་གཞན་ལས་ཁྱད་པར་འཕགས་པ་ཞིག་ཡོད་ན། དེ་འཕགས་པ་གསུམ་གྱི་ནང་ནས་སངས་རྒྱས་ཀྱི་རིགས་སད་པ་ཡིན་པར་གསུངས་པ་ལྟར་རོ། །རྒྱུ་གསུམ་དེ་ལས་སྐྱེས་པའི་རྒྱལ་སྲས་ཀྱི་མ་མཐའི་ས་མཚམས་ནི། མགོན་པོ་བྱམས་པས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་དང༌། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་ཐེག་མཆོག་ལ་མོས་པ་ས་བོན་དང༌། ཤེས་རབ་ནི་མ་དང༌། བསམ་གཏན་གྱི་ཏིང་ངེ་འཛིན་ནི་བདེ་བའི་མངལ་གནས་དང༌། སྙིང་རྗེའི་མ་མ་ལས་སྐྱེས་པ་གང་ཡིན་དེ་དག་ཐུབ་པའི་སྲས་ཡིན་པར་གསུངས་པ་དང༌། དཔལ་ལྡན་ཟླ་བ་རང་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་གསུངས་པའི་ཚུལ་སོགས་ལ་བསམ་ན་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བའི་སྐབས་ནས་བཞག་ན་ཨེ་ཆོག་སྙམ།

༈ དྲི་བ། ༩༽ མཉམ་བཞག་ཡེ་ཤེས་དེ་སྣང་སྟོང་བདེན་གཉིས་ཀྱི་དོན་དམ་ཡིན་དང་མིན། ཡིན་ན་ཀུན་མཁྱེན་གྱིས་གྲུབ་མཐའ་མཛོད་དུ་གསུངས་པ་ཇི་ལྟར་ཡིན།

༼༩ དྲིས་ལན། དྲི་བ་འདི་ཅི་ཞིག་གསུངས་པ་ཡིན་གསལ་བོ་མི་ཤེས་ཀྱང༌། སྤྱིར་མཉམ་བཞག་ཡེ་ཤེས་རང་གི་ངོ་བོ་ལ་གཞལ་ན། གནས་སྣང་གི་དབང་དུ་བྱས་ན་གནས་ཚུལ་མཐའ་བཞི་སྤྲོས་པ་དང་བྲལ་བ་ཡིན་པ་དེ་མཉམ་བཞག་ཡེ་ཤེས་ཀྱི་ངོ་ཁ་ལ་ཇི་བཞིན་སྣང་སོང་བས་གནས་སྣང་མཐུན་པའི་ཡུལ་དང་ཡུལ་ཅན་མཐར་ཐུག་པ་མཉམ་བཞག་དེ་ཡིན། སྣང་སྟོང་གི་དབང་དུ་བྱས་ན་སྣང་སྟོང་ཟུང་འཇུག་མཐར་ཐུག་གི་བདག་ཉིད་ཅན་དེ་མཉམ་བཞག་ཡེ་ཤེས་དེ་ཡིན་ནོ། །དེས་ན་དེ་ལ་འགལ་བ་ཅི་ཞིག་ཡོད། སྤྱིར་དབུ་མ་ཐལ་འགྱུར་བའི་ལུགས་ལ་སྣང་སྟོང་བདེན་གཉིས་དང་། གནས་སྣང་བདེན་གཉིས་དེ་གཉིས་པོ་འགལ་མེད་ཀྱི་གོ་བ་ལེགས་པོ་ཞིག་རྙེད་བྱུང་ན་ཀུན་མཁྱེན་བླ་མས་གྲུབ་མཐའ་མཛོད་དུ་ཅི་གསུངས་ཡོད་ཀྱང་ཧ་ཅང་དོགས་དགོས་རྒྱུ་མ་ཡིན་སྙམ་ལགས།

༈ དེ་ལྟར་ཁྱེད་རྣམས་ལ་གོང་དུ་ཞུས་པའི་དྲི་བ་དེ་དག་གི་ལན་དེ་ཚོ་ཕྱོགས་མགོ་བརྟག་དཔྱད་རེ་མཛད་པའི་གཞི་མ་གཏོགས། རང་གིས་གསང་ཆེན་སྔ་འགྱུར་བའི་རང་ལུགས་ནི་འདི་མིན་འདི་ཡིན་ཞེས་ཞུ་ཤེས་ནི་མ་རེད། འོན་ཀྱང་ཁྱེད་རྣམས་ལ་དཔྱད་གཞི་རེ་ཞུས་ན་བློ་སྒོ་རེ་ཕྱེ་བ་ལ་ཅུང་ཨེ་ཕན་སྙམ་ནས་རང་གིས་ལྷག་བསམ་བཟང་པོས་བློ་ལ་འཆར་སྟངས་ཞུས་པ་ཡིན་ཡང་། རྒན་བུ་ཕྲན་སྐྱེས་སྦྱངས་ཀྱི་ཡོན་ཏན་ཤིན་ཏུ་ན་ཕྲ་བས། ད་དུང་ཁྱེད་རྣམས་ལ་ཞུ་རྒྱུ་དེ་ཀའི་ནང་ན་ཡིན་རྒྱུ་མིན་རྒྱུ་གཉིས་ཀ་ལས་མིན་རྒྱུ་མང་བས་དེ་ལུགས་ཀྱིས་ཐུགས་ཁྲེལ་མི་གནང་བར་ཞུ་ཞེས་འཕྲོས་གཏམ་འགའ་གནང་མཛད་དོ། །སླར་སྨྲས་པ། གདོད་ནས་མངོན་པར་བྱང་ཆུབ་བརྙེས་ཟིན་ཀྱང༌། །གདུལ་དཀའ་སྙིགས་ལྔའི་བླང་དོར་ལྡོང་བའི་འགྲོ། །བརྩེ་ཆེན་ཐུགས་ཀྱིས་ཡལ་བར་མ་གནང་བའི། །མཁན་ཆེན་བླ་མའི་བཀའ་དྲིན་ཡང་ཡང་དྲན། །གང་གི་ཐུགས་གསང་ལྷ་ལམ་ཡངས་པའི་ཁྱོན། །ཟབ་རྒྱས་ཆོས་ཀྱི་ཆུ་འཛིན་ལང་ལོང་གཡོ། །དཔྱོད་ལྡན་རྨ་བྱའི་ཡིད་དབང་གསོ་བའི་ཕྱིར། །ལུང་རིགས་དབྱར་རྔའི་མགྲིན་གླུ་སྲིད་ན་ལྡིར། །ངོ་མཚར་གསུང་གི་ཆ་ཤས་ཟིལ་བ་ཙམ། །དད་གསུམ་བློ་ཡིས་སུག་བྲིས་དགེ་བའི་མཐུས། །བསྟན་འཛིན་མཆོག་རྣམས་སྐུ་ཚེ་བརྟན་པ་དང༌། །རྒྱལ་བསྟན་རིན་ཆེན་ཟླ་ལྟར་རྒྱས་གྱུར་ཅིག །ཅེས་ཟིན་བྲིས་འདི་ཉིད་ཀུན་གཟིགས་མཁན་ཆེན་བླ་མ་རིན་པོ་ཆེའི་གསུང་གིས་འཚོ་བའི་བཙུན་གཟུགས་ཐ་ཤལ་བ་༧ འཇིགས་བྲལ་པདྨ་རིག་འཛིན་ནས་སྒྲ་ཐག་འཁོར་ལོ་ལས་ཞལ་བཤུས་པ་ཡིན་ཡང་། སྐབས་འགར་སྒྲ་མི་གསལ་བ་དང༌། ཕན་ཚུན་ངོས་ལྡོག་མཚམས་ནས་ཚིག་ཆད་པ་དང༌། མ་ཟད་རང་བློ་རྨོངས་པའི་དབང་གིས་ནོར་འཁྲུལ་གྱི་ཆ་གང་མཆིས་དཔྱོད་ལྡན་རྣམས་ཀྱི་སྤྱན་སྔར་མཐོལ་འཆགས་ཞུ་ལགས། རྣམ་དཀར་ལེགས་བྱས་ཀྱི་དགེ་བས་སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་མཆོག་དང་འབྲལ་བ་མེད་པར་སྨིན་གྲོལ་གྱི་དཔལ་ལ་ལོངས་སྤྱོད་ནས་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག ཨ་ནུ་དྷེ་ཡཱཏྲ་སརྦ་ཛཱ་ཏེ་གུ་རུ་ཎཱ།

འཇམ་དཔལ་མཚན་བརྗོད་ལས་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལུང་གིས་ཟིན་ཚུལ་བསྟན་པ།

དེ་ཡང་འཇམ་དཔལ་མཚན་བརྗོད། སོ་སོར་གཟིགས་པའི་ཡེ་ཤེས་བསྟོད་པའི་སྐབས་ཀྱི། སྨྲ༷་བའི༷་སེ༷ངྒེ༷་ཚུ༷གས་པ༷་མེ༷ད། །ཞེས་པའི་ཐད་ཀྱི་རབ་གསུང་གི་རྒྱ་དཔེ་ན། བཱ་དི་སཾ་ཧོ་པ་རཱ་ཛི་ཏཿཞེས་ཡོད་པ་ལ། དེ་ལས་པ་རཱ་མཆོག་དང་ཕ་རོལ་དམ་པ་ཡོངས་ལ་འཇུག་ལ། ཛི་ཏཿའི་སྔོན་དུ་ལེགས་སྦྱར་གྱི་དགག་ཚིག་ཨ་ཐུང་བཞག་པས། ཨ་ཛི་ཏཿནི་མི༷་ཕ༷མ་པའམ་མི༷་ཚུ༷གས་པ་ཞེས་པར་འགྱུར་ལ། དེ་ལས་སྔ་མ་ལྟར་བསྒྱུར་ན། སྨྲ༷་བ༷འི་སེ༷ངྒེ༷་མི༷་ཕ༷མ་མཆོ༷ག ཅེས་པར་བསྒྱུར་ཚེ། ཉེར་བསྒྱུར་གྱི་པ་ར་ཨ་ཛི་ཏཿའི་སྔོན་དུ་ཡོད་པ་དེའི་སྐད་དོད་གར་སོང་མེད་པས་བསྒྱུར་ཚུལ་འདི་ནི་མི་བཟང་བར་སེམས་སོ། །འོ་ན་སྔ་འགྱུར་གྱི་དུས་སུ་བསྒྱུར་བའི་གླུ་བླངས་ན་ཡང་། སྨྲ༷་བའི༷་སེ༷ངྒེ༷་ཚུ༷གས་པ༷་མེ༷ད། །ཅེས་པར་བསྒྱུར་ཡོད་པས། འགྱུར་མི་བཟང་ངམ་ཞེ་ན། ཀ་ཡེ་བཞིན་བཟང་ཁྱོད་ཀྱིས་སྔ་འགྱུར་གླུ་བླངས་ཀྱི་རྒྱ་དཔེ་མཐོང་ངམ། མ་མཐོང་ན་རབ་གསུང་གི་རྒྱ་དཔེའི་གླུ་བླངས་ཀྱི་འགྱུར་ལ་སྐྱོན་འདོགས་ཇི་ལྟར་བྱེད། དེས་ན་འདི་གཉིས་ཀྱི་རྒྱ་དཔེ་མི་མཚུངས་བར་དོན་གྱིས་ཤེས་ཏེ། རྣ༷མ༷་རྒྱ༷ལ་པ༷དྨ༷་དཀ༷ར་པོ༷འི་སྤྱ༷ན། །ཞེས་པ་དང་། རབ་འཇོམས་རབ་འཇོམས་དབང་ཕྱུག་པོ། །ཞེས་སོགས་ཤིན་ཏུ་མང་པོ་གོང་འོག་ཀུན་ཏུ་ཡོད་པས། ཞིབ་ཏུ་བརྟག་ན་ཇི་བཞིན་ངེས་པར་འགྱུར་རོ། །དེས་ན་སྒྲ་གཞུང་ལས། ཉེར་བསྒྱུར་སྔོན་དུ་འཇོག་དགོས་པས། པ་ར་སྔོན་དུ་བྱས་པའི་ཨ་ཛི་ཏཿབཞག་ནས། བརྡའ་སྤྲོད་ཀྱི་གཞུང་དུ། འདྲ་བའི་ཡི་གེ་བྱུང་བ་ལ་ལྷན་གཅིག་ཏུ་རིང་པོའོ། །ཞེས་པས་རའི་སྲོག་གི་ཨ་ཐུང་དང་། ཨ་ཛིའི་ཨ་གཉིས་རིང་པོ་གཅིག་ཏུ་བྱས་ནས་པ་རཱ་ཛི་ཏཿཞེས་པར་གྲུབ་བོ། །དེ་ལྟར་རབ་གསུང་གི་རྒྱ་དཔེའི་སྐབས་འདི་ལ་ཞིབ་ཏུ་བརྟག་ཚེ། རང་ཅག་གི་འདྲེན་པ་མཚུངས་མེད་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་སྔ་འགྱུར་བསྟན་པའི་ཤིང་རྟ་སྤོབས་པའི་གཏེར་ཆེན་བརྒྱད་ལ་དབང་འབྱོར་བའི་འཇམ་དབྱངས་མི་ཡི་རྣམ་རོལ་ཏུ་བྱོན་པ་ཀུན་གཟིགས་མ་ཧཱ་པཎྜི་ཏ་མི༷་ཕ༷མ་འཇ༷མ་དབྱ༷ངས་རྣ༷མ་རྒྱ༷ལ་རྒྱ༷་མཚོ༷་ཉིད་དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་འདིར། བསླུ་མེད་རྡོ་རྗེའི་ལུང་གི་ཆེད་དུ་བསྔགས་ཤིང་ལུང་བསྟན་པར་མཛད་པས། མཁས་གྲུབ་ཕལ་བའི་ཁྱད་པར་དུ་འཕགས་པར་གྲུབ་པ་འདི་ནི་ཤིན་ཏུ་ཡིད་ཆེས་པའི་གནས་ཡིན་ཏེ། བོད་སྐད་དུ་བསྒྱུར་ཟིན་རྣམས་ནི་ལེགས་སྦྱར་གཅིག་ལ་ཡང་། གོ་སྒྲ་བཞིན་སྒྲ་དོན་གཉིས་ལ་སྣ་ཚོགས་ཡོད་ཀྱང་། ལོ་ཙཱ་བའི་ཞེ་འདོད་ཀྱང་ཐ་དད་དུ་མར་འགྱུར་རོ། །ཞེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མའི་གསུང་ཟིན་ཞིག་ལགས།

༈ སྡོམ་འགྲེལ་དཔག་སྙེའི་ལྡེབ་༡༥༠སྲིབ་ལས་འཕྲོས་དོན་ཞལ་རྒྱུན།

མདོར་ན་སེམས་ཉིད་ཡེ་ནས་སྣང་སྟོང་ཟུང་འཇུག་འབྲལ་མི་ཤེས་པའི་བདག་ཉིད་ཅན་ཡིན་པས། དེའི་གནས་སྐབས་ན་སྐུ་དང་ཡེ་ཤེས་ཀྱི་ཆོས་ཀུན་ཀྱང་ངོ་བོ་སྟོང་པ་ཁོ་དང་འབྲལ་མི་ཤེས་པ་གློ་བུར་གྱི་དྲི་མ་རྣམས་ནི་ཉི་མ་ལ་མུན་པ་བཞིན་དུ་དེ་ལ་མི་གནས་པ་ཞིག་ཡིན་ན། དེ་ལྟར་ན་སྐུ་དང་ཡེ་ཤེས་ཀྱི་ཆ་ནི་ཉི་མ་དང་འོད་ཟེར་བཞིན་དུ་འབྲལ་མི་ཤེས་པའི་ཚུལ་དུ་ཡོད་པ་ཡིན་ལ། དེ་ཡང་ངོ་བོ་སྟོང་ཉིད་ལས་མ་འདས་པ་ཡིན་ཀྱང་། འདིར་ཁོ་རང་ཁོ་རང་གི་ངོ་བོའི་མི་སྟོང་ཞེས་པ། འདིས་ཀུན་རྫོབ་བདེན་པ་མཐར་ཐུག་པ་དག་གཟིགས་ཚད་མའི་རྣམ་བཞག་འཆད་པའི་གནས་སྐབས་ན། ཐ་སྙད་དུ་ཡང་ཁོ་རང་ཁོ་རང་གི་ངོ་བོ་མེད་ན་གཏན་མེད་གཞི་མེད་དུ་འགྱུར་བའོ། །ཞེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མའི་གསུང་ཟིན་ཐོར་བུ་ཞིག་ལགས།

ཀར་གླིང་ཞི་ཁྲོའི་སྐུ་གསུམ་གསོལ་འདེབས་ཀྱི་སྐབས་ལ་དཔྱད་པ།

ན་མོ་གུ་ར་ཝེ། རྨད་བྱུང་ཟབ་གཏེར་རིན་ཆེན་བུམ་བཟང་ལས། །ཆོས་ནོར་རྫས་ཀྱི་འདོད་དགུ་ཅིར་ཡང་སྩོལ། །བསིལ་ལྡན་འགྲོ་བ་གསང་ཆེན་ཐེག་པར་བཀྲི། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེར་སྙིང་ནས་དད། །ཤིན་ཏུ་རབ་ཟབ་ཡོ་ག་སྡེ་གསུམ་བཅུད། །མན་ངག་ཁྲིགས་སུ་བསྡེབས་པའི་ནོ་པི་ཀ །འཛོལ་མེད་དུས་སུ་འདྲེན་པའི་ཤིང་རྟ་ཆེ། །གྲུབ་མཆོག་གཏེར་ཆེན་ཀརྨ་གླིང་པར་འདུད། །རྡོ་རྗེའི་ཚིག་གི་དགོངས་དོན་འདབ་སྟོང་རྒྱ། །ལེགས་པར་འབྱེད་པའི་འོད་སྣང་འབུམ་བརྡལ་པའི། །ནམ་མཁའི་མཚན་དང་རིག་པའི་རྡོ་རྗེ་དང༌། །པདྨའི་མཚན་ཅན་སོགས་ལ་གུས་པས་འདུད། །དེ་ཡང་ཇི་སྐད་དུ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བསྐལ་བཟང་མཛད་པ་རྨད་བྱུང་བའི། །དུས་གསུམ་རྒྱལ་བས་རྣམ་སྤྲུལ་བས། །ངོ་མཚར་པདྨའི་སྡོང་པོ་ལ། །རིག་པ་འཛིན་པ་དེར་སྣང་ངོ༌། །ཞེས་དང༌། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ཕྱོགས་དུས་རྒྱལ་བ་མ་ལུས་པའི། །ཕྲིན་ལས་གཅིག་ཏུ་བསྡུས་པ་ནི། །ངོ་མཚར་མཆོག་བརྙེས་རྒྱལ་བའི་སྲས། །ཨོ་རྒྱན་གནྡྷོའི་ནུབ་བྱང་འབྱུང༌། །ཞེས་སོགས་རྒྱལ་བའི་བཀའ་མདོ་རྒྱུད་མང་པོ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང་། རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་གཙུག་རྒྱན། དཔའ་བོ་མཁའ་འགྲོ་འབུམ་གྱི་ཚོགས་དཔོན། གསང་སྔགས་རྒྱུད་སྡེ་ཀུན་གྱི་མངའ་བདག གངས་ཅན་འགྲོ་བ་མཐའ་དག་གི་སྐྱབས་གཅིག ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཞེས་ཤྲཱི་ཧེ་རུ་ཀ་ཆེན་པོ་རིག་སྔགས་འཆང་བའི་སྐུར་བཞེངས་པ་གང་དེས། དགོས་པ་ཆེན་པོ་བཞི་ལ་གཟིགས་ནས་སྙིགས་མའི་དུས་ཀྱི་གདུལ་བྱ་དག་གི་ཆེད་དུ། གངས་ཅན་གྱི་ཁྱོན་མ་ལུས་པ་ཟབ་གཏེར་རྒྱ་མཚོ་ལྟ་བུས་ཕྱུར་བུར་གཏམ་པ། དུས་ལ་བབས་ཚེ་གཏད་རྒྱ་མངོན་དུ་སད་པའི་བརྒྱུད་པ་དགུ་ལྡན་གྱི་སྤྲུལ་པའི་གཏེར་ཆེན་རྣམས་ཀྱིས་རིམ་བཞིན་སྤྱན་དྲངས་པ་ལས། འདིར་སྒམ་པོ་གདར་གྱི་རི་ནས་གཏེར་ཆེན་གླིང་པ་བརྒྱད་ཀྱི་ཡ་གྱལ་འགྲོ་མགོན་ཀརྨ་གླིང་པས་སྤྱན་དྲངས་པའི་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་འགྲོ་དོན་དང་ཕྲིན་ལས་བྱིན་རླབས་ནུས་པའི་ཁྱད་པར་རྨད་དུ་བྱུང་བའི་རྡོ་རྗེའི་གསུང་འདིའི་གསོལ་འདེབས་ཆེ་བར། ཀྲི་ཡ་ཨུ་པ་ཡ་དང་ཡོ་ག་གསུམ༔ ལོངས་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ བསྐྱེད་རྫོགས་དབྱེར་མེད་ངང་ནས་བྱིན་གྱིས་རློབས༔ ཞེས་པའི་རྡོ་རྗེའི་ཚིག་འདིའི་ཟབ་དོན་ཇི་ལྟར་སློང་ནུས་གཞིག་ཕྱིར། དོགས་བསླང་གི་ཚུལ་གསུམ་ཞིག་ཉམས་མཚར་དུ་བཀོད་པ་དེ་ལ། དཔྱོད་ལྡན་འགས་དོགས་གཅོད་ཀྱི་བཀའ་ལན་གནང་བ་ལ་ལེགས་པར་བཤད་པའི་སྐབས་ཀྱང་དུ་མ་ཡོད་ལ། འོན་ཀྱང་བརྟགས་གཞིར་འོས་པ་ཡང་དུ་མ་མཆིས་མོད། རེ་ཞིག་བཏང་སྙོམས་སུ་བྱས་པས་གལ་ཏེ་འཚལ་ན་ངག་ལས་བླང་ངོ༌། །དེ་ཡང་དབང་བརྟུལ་དད་པའི་རྗེས་འབྲངས་ཙམ་མིན་པར། དབང་རྣོན་ཤེས་རབ་ཀྱི་རྗེས་སུ་འབྲངས་པ་རྣམས་མི་འཕྲོག་པའི་ངེས་པ་རྙེད་ཕྱིར། བསླུ་མེད་རྒྱལ་བའི་བཀའ་ལ་ཡང་ཚད་མ་གསུམ་གྱིས་བརྟགས་ནས་གཏན་ལ་དབབ་དགོས་པར། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་བྱར་མིན། །ཞེས་བསྟན་པའི་བདག་པོ་ཉིད་ཀྱིས་བཀས་གནང་ཞིང༌། དེ་ལྟར་ཚད་མས་ལེགས་པར་དྲངས་པའི་ངེས་ཤེས་ཀྱི་ཉི་མ་སྙིང་ལ་ཤར་བའི་བློ་ལྡན་མཆོག་དེ་ནི། མགོན་པོ་བྱམས་པས། ཆོས་བཟང་རིག་པའི་རྣམ་དཔྱོད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་མིན་ཏེ། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོག་ཡོངས་སུ་སྨིན་པའི་མཚན་ཉིད་ཅན། །ཞེས་གསུངས་པའི་དོན་ལ་གནས་པར་འགྱུར་རོ། །དེས་ན་གོང་གི་རྡོ་རྗེའི་ཚིགས་བཅད་དེའི་དོན་རང་གིས་གོ་ཚུལ་ཟུར་ཙམ་སྨོས་ན། དེ་ཡང་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གང་འཇིག་རྟེན་གྱི་ཆུ་ཀླུང་ཐམས་ཅད་རྒྱ་མཚོ་ཆེན་པོ་ལས་བྱུང་ཞིང་སླར་དེ་རུ་རིམ་གྱིས་གཞོལ་བ་ལྟར། རྒྱལ་བའི་ཆོས་ཚུལ་ཐམས་ཅད་རིམ་བཞིན་མཐར་ཐུག་དགོངས་དོན་ཐེག་པ་གཅིག་ཏུ་འབབ་པར་གསུངས་པ་དང༌། ཁྱད་པར་དུ་སྒྱུ་འཕྲུལ་རྒྱ་མཚོ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདི་སྟོན་འདིས་སྟོན་འདིའི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་གསུངས་པའི་དོན་ལྟར། ཀྲི་ཡ་ཨུ་པ་ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ་གྱི་དགོངས་གཞི་མཐར་ཐུག་ནང་རྒྱུད་སྡེ་གསུམ་ལ་རིམ་གྱིས་གཞོལ་ཞིང་འབབ་པས་བླ་མེད་ཡོ་ག་གསུམ་གྱི་ཟབ་དོན་བསྐྱེད་རྫོགས་དབྱེར་མེད་དེ་ནི་སངས་རྒྱས་ལོངས་སྐུའི་དགོངས་པ་ཡིན་ལ། དེས་ན་བསྐྱེད་རྫོགས་དབྱེར་མེད་ལོངས་སྤྱོད་རྫོགས་སྐུའི་དགོངས་པ་དང་དགོངས་བརྒྱུད་དབྱེར་མེད་གཅིག་ཏུ་བྱིན་གྱིས་རློབས་ཤིག་ཅེས་སྨོན་པ་ཡིན་ནོ། །དེ་ལྟར་མ་རྟོགས་པར་ལོངས་སྐུའི་དགོངས་པ་བསྐྱེད་རྫོགས་དབྱེར་མེད་ཡིན་པ་དེ་རྟོགས་པར་ཡང་མི་སྨོན། དེའི་གསུང་མཆོག་ཀྲི་ཡོག་སྡེ་གསུམ་གྱི་དགོངས་དོན་མཐར་ཐུག་གང་དུ་འབད་ཀྱང་མ་འཚལ་བར། ལོངས་སྐུའི་དགོངས་དོན་ལས་ཐ་དད་དུ་གྱུར་པ་ཞིག་ཏུ་བྱིན་གྱིས་རློབས་ཞེས་གསོལ་བ་འདེབས་པ་ནི་གཞུང་གི་དགོངས་དོན་མིན་པར་སེམས་སོ། །མ་ཟད་རྒྱལ་བ་སྐུ་གསུམ་གྱི་སྟོན་པས། རང་གི་བསྟན་པའི་ཆོས་རྣམས་སྟོན་པ་རང་གི་དགོངས་པ་ལས་ཐ་དད་དུ་གྱུར་བར་སྟོན་པར་འདོད་པ་ནི་བློ་ལྡན་རྣམས་ལ་ཆེས་མི་མཛེས་སོ། །དེ་ལྟར་མཐར་ཐུག་གི་དགོངས་དོན་གང་ལ་བབས་པའི་སྟེང་ནས་མ་བཤད་ན། ཀྲི་ཡོག་སྡེ་གསུམ་དེ་བསྐྱེད་རྫོགས་དབྱེར་མེད་མཐར་ཐུག་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྐུའི་གསུང་ཡིན་པའི་སྒྲུབ་བྱེད་ཀྱང་རྙེད་དཀའོ། །གཞན་ཡང་འདི་སྐབས་ཀྱི་དོན་ལ། ཁ་ཅིག་གིས། རྫོགས་རིམ་ལ་གཉིས་ལས། ཕྱི་རྒྱུད་དུ་ཡང་ལྷར་སྣང་ལ་སྟོང་ཉིད་ཀྱིས་རྒྱས་འདེབས་ཡོད་པས། བསྐྱེད་རྫོགས་དབྱེར་མེད་ལོངས་སྐུའི་དགོངས་པ་དེ་ཡིན་པར་སེམས་ན། དེ་འདྲའི་བསྐྱེད་རྫོགས་དབྱེར་མེད་ཀྱི་ཡ་གྱལ་གྱི་རྫོགས་རིམ་དེ་རྫོགས་རིམ་མཚན་ཉིད་པ་ཡིན་ནམ་མིན། མིན་ན་ར་གན་ལ་གསེར་དུ་འདོགས་པ་ལྟ་བུ་དེས་ཁྱེད་ཀྱི་ཞེ་འདོད་སྒྲུབ་མི་ནུས་ལ། ཡིན་ན་ཕྱི་རྒྱུད་སྡེ་གསུམ་གྱི་ལམ་ཉམས་སུ་ལེན་པ་ལ་ཟབ་དབང་གསུམ་བསྐུར་དགོས་པར་ཐལ། རྫོགས་རིམ་མཚན་ཉིད་པ་བསྒོམ་དུ་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད་མས་གྲུབ། འདོད་ན་གཙང་རྨེ་སོགས་སུ་ལྟ་བ་ཡང་མེད་པར་གྲུབ་པ་ཡིན་ནོ། །ཡང་གོང་གི་གསོལ་འདེབས་ཀྱི་ཚིགས་བཅད་དེའི་དེ་མ་ཐག་པར། འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ༔ སྤྲུལ་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ འགྲོ་དོན་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ ཞེས་པའི་སྐབས་ཉན་ཐོས་ཀྱི་ཐེག་པ་དེ་འགྲོ་དོན་ལྷུན་གྲུབ་ཏུ་འདོད་པ་མིན་ཏེ། གོང་གི་ཤེར་ཕྱིན་གྱི་ལུང་དོན་ལྟར་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཐར་ཐུག་ཐེག་གཅིག་སྒྲུབ་པའི་རིགས་པ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོའི་རིགས་ཁམས་ནོར་བུ་སྦྱོང་པའི་དཔེ་དང༌། མགོན་པོ་བྱམས་པའི་རྒྱུད་བླ་མ་སོགས་ཀྱི་དགོངས་དོན་ལྟར་ཐེག་པ་འོག་མ་གཉིས་གནས་སྐབས་ཐེག་པ་ཆེན་པོའི་ལམ་སྟེགས་དང༌། མཐར་ཐུག་རིམ་བཞིན་ཐེག་པ་ཆེན་པོའི་དགོངས་དོན་ལ་གཞོལ་བ་དེས་ན། ཐེག་གསུམ་གྱི་དགོངས་དོན་མཐར་ཐུག་སངས་རྒྱས་སྤྲུལ་བའི་སྐུའི་དགོངས་པ་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བ་དེ་དང་དགོངས་བརྒྱུད་གཅིག་ཏུ་བྱིན་གྱིས་རློབས་པར་གསོལ་བ་འདེབས་པ་ཡིན་ནོ། །དེ་བཞིན་དུ། མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་སྟེ༔ ཆོས་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ ཁྱབ་བརྡལ་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ ཞེས་པའི་དོན་ཡང་མ་ཧཱ་དང་ཨ་ནུ་ཡོ་ག་གཉིས་ཁྱབ་བརྡལ་ལྷུན་གྲུབ་ཀྱི་ཐེག་པར་བཞེད་པ་མིན་ཏེ། དེ་གཉིས་ཀྱང་མཐར་རྩོལ་མེད་རང་བྱུང་ཆོས་སྐུའི་དགོངས་པ་ཨ་ཏི་ཡོ་ག་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོའི་དོན་ལ་འབབ་པས་དགོངས་པ་དེ་དང་དབྱེར་མེད་དུ་བྱིན་གྱིས་རློབས་པར་གསོལ་བ་འདེབས་པའོ། །མདོར་ན་ཐེག་པ་རིམ་དགུའི་དགོངས་དོན་རྣམས་འོག་མ་གོང་མར་འདུ་ཞིང༌། དེ་ཐམས་ཅད་སྐུ་གསུམ་རྒྱལ་བའི་དགོངས་པ་དང་དབྱེར་མེད་པས། དེ་ལྟ་བུའི་ཟབ་དོན་རྟོགས་པར་གསོལ་བ་འདེབས་པ་ནི། རྡོ་རྗེའི་ཚིག་གི་དོན་ཡིན་པར་ངེས་སོ། །དེ་ལྟར་གོ་ན་ཐེག་པ་ཐམས་ཅད་ཀྱི་དོན་རྫོགས་ཆེན་ཨ་ཏི་ཡོ་ག་ལ་འདུ་ཞིང་དེར་མཐར་ཕྱིན་པ་དང༌། རྒྱལ་བ་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་དབྱེར་མེད་ཡིན་པའི་ཟབ་མོའི་དགོངས་དོན་ཀྱང་ལེགས་པར་ཁོང་དུ་ཆུད་ནུས་སོ། །དེ་ལས་གཞན་དུ། ཐེག་དགུའི་དགོངས་པ་རྟོགས་པར་ཐུགས་རྗེས་ཟུངས༔ ཞེས་པའི་དོན་འགྲོ་དོན་ལྷུན་གྲུབ་སོགས་སྐུ་གསུམ་གྱི་དགོངས་པ་ལས་ཐ་དད་དུ་གོ་ནས་ལམ་ཕྱོགས་རེ་བ་དགུ་ལ་བཟུང་ན། སྲིད་ཞི་གཉིས་འདས་ཐེག་ཆེན་དང་སྔགས་རྫོགས་ཀྱི་དགོངས་དོན་ལ་གནས་བཞིན། ཞི་བ་ཕྱོགས་གཅིག་ཉན་ཐོས་རང་རྒྱུད་པའི་ལམ་ལ་གནས་པར་སྨོན་པ་འདི་ནི་རང་ལ་ཅོ་འདྲི་བའི་མེ་ཆུ་སྣོད་གཅིག་སྡུད་པའི་ངལ་བ་དང་དུ་ལེན་པ་ཙམ་མོ། །ཡང་ན་ཟབ་ཆོས་འདི་ཉམས་སུ་ལེན་པའི་གང་ཟག་དེས་རང་གི་ཐེག་དགུའི་དགོངས་དོན་རྟོགས་པར་གསོལ་བ་མི་འདེབས་ཞེས་ཁས་ལེན་ནམ་ཅི། དེས་ན་ལམ་ཟབ་འདི་ཉམས་སུ་ལེན་པ་པོ་དེས་རང་གཞན་གཉིས་ཀས་ཐེག་དགུའི་དགོངས་དོན་རྟོགས་པར་གསོལ་བ་འདེབས་པ་ཡིན་ལ། རང་དོན་དུ་སྔར་བཤད་པའི་དགོངས་དོན་ཁོ་ན་ལྟར་དང༌། གཞན་དོན་དུ་གནས་སྐབས་རིགས་ཅན་སོ་སོར་རང་རང་གི་ལམ་ལ་བཀོད་ནས་མཐར་དེ་ཐམས་ཅད་སྐུ་གསུམ་རྒྱལ་བའི་གོ་འཕང་ལ་འགོད་པར་སྨོན་ཞིང་གསོལ་བའི་དོན་དུ་གོ་ན། འོག་ཏུ་སྐུ་གསུམ་གྱི་གདུལ་བྱ་རྫོགས་པར་ཐོབ་པའི་སྨོན་པའི་ཟབ་མོའི་དགོངས་དོན་ཡང་ལེགས་པར་རྙེད་ནུས་པ་ཡིན་ནོ། །འོན་ཀྱང་ད་དུང་སྐབས་འདིར་ཟབ་པའི་གནས་སྨྲ་བར་འོས་པ་དུ་མ་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་ཆོག་ཤེས་སོ། །གསང་ཆེན་རྒྱུད་སྡེ་འབུམ་གྱི་ཉིང་ཁུ་ཆེ། །ཤིན་ཏུ་རབ་ཟབ་རྡོ་རྗེའི་ཚིག་གི་རྒྱ། །འཆིང་བ་ཀུན་ལྡན་བདག་འདྲ་བྱིས་པའི་བློས། །གཞལ་བར་འོས་མིན་ཆོས་སྤྱན་ལྡན་ལ་འཆགས། །འོན་ཀྱང་ཉུང་ངུའི་ངག་གི་ས་བོན་འདི། །བློ་མཆོག་ཞིང་ས་བཟང་པོས་ལེགས་བཟུང་སྟེ། །རྣམ་དཔྱོད་གསེར་གྱི་སྙེ་མ་གསར་བའི་རྩེར། །ལེགས་བཤད་རིན་ཆེན་འབྲས་བཟང་སྤེལ་ན་འོས། །ཟབ་གཏེར་རྡོ་རྗེའི་དགོངས་དོན་ཡིད་བཞིན་དབང༌། །བཤད་དང་སྒྲུབ་པའི་ལྷ་གོས་རྩེར་བཀོད་དེ། །ལུང་རིགས་དཔུང་པའི་སྟོབས་ཀྱིས་ཡོངས་བཟུང་ནས། །རྒྱལ་བསྟན་ཀུན་གསལ་མཛེས་པའི་རྒྱན་དུ་སྨོན། །དེ་ལྟར་ཅུང་ཟད་ཙམ་བརྗོད་པ་པོ་མཁས་ཤིང་གྲུབ་བརྙེས་ཀྱི་དམ་པ་རྣམས་ཀྱི་ཞལ་མཐོང་གསུང་ཐོས་ཙམ་ཡོད་ཀྱང༌། ལས་ཤུགས་བཙན་པོས་སྲིད་པའི་གདོན་ཆེན་སྙིང་ལ་ཉལ་བའི་རྨོངས་པ་དགེ་ལེགས་ཆོས་འཕེལ་དུ་འབོད་པས་སུག་བྲིས་སུ་བགྱིས་པ་དགེའོ། །

ཀླུ་སྒྲུབ་བདེ་སྨོན་གྱི་འཆད་འགྲེལ་ཟིན་བྱང་བཞུགས།

གང་གི་ཐུགས་བསྐྱེད་སྨོན་ལམ་སྟོབས་ཤུགས་ཀྱིས། །ཡོངས་བཟུང་དག་པའི་ཞིང་མཆོག་བདེ་ལྡན་མགོན། །རྒྱལ་བའི་དབང་པོ་བདེ་གཤེགས་སྣང་མཐའ་ཡས། །རྒྱལ་སྲས་སེམས་དཔའི་ཚོགས་ལ་གུས་པས་འདུད། །འདྲེན་མཆོག་རྒྱལ་བ་ཁྱེད་ཀྱི་སྨོན་ལམ་དང༌། །བརྩེ་ཆེན་ཐུགས་རྗེ་དཔག་མེད་ནུས་པའི་མཐུས། །བདག་སོགས་ཕ་མ་འབྲེལ་ཐོགས་ཡིད་ཅན་ཀུན། །རྣམ་དག་བདེ་ཆེན་ཞིང་དེར་དྲང་དུ་གསོལ། །དེ་ཡང་བདེ་སྐྱིད་དང་ཡོན་ཏན་དཔག་ཏུ་མེད་པ་སྣོད་བཅུད་རྣམ་པར་དག་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་གཙོ་བོ་རྒྱལ་བ་འོད་དཔག་ཏུ་མེད་པ་དང༌། ཞིང་གི་བཀོད་པ་དང་ཡོན་ཏན་སོགས་ཀྱི་རྣམ་པ་ཡིད་ལ་བྱས་ཏེ། མདོ་སྡེ་རིན་པོ་ཆེ་ལས་ཇི་སྐད་བསྟན་པའི་དོན་ཚིགས་བཅད་དུ་བསྡེབས་པ་བསླུ་མེད་བདེན་ཚིག་གྲུབ་པའི་འཕགས་པ་མཆོག་གི་གསུང་ཁྱད་པར་དུ་གྱུར་བའི་སྨོན་ལམ་འདི་ཉིད་ལ་ཉིན་མཚན་དུས་དྲུག་ཏུ་ནན་ཏན་བྱས་ཏེ། རྣམ་དག་བདེ་ཆེན་ཞིང་ལ་འདུན་པ་རྩེ་གཅིག་ཏུ་གཏད་པར་བྱས་ན། སྲིད་པ་འདི་ནས་འཕོ་བའི་ཚེ་དག་པའི་ཞིང་ཁམས་དེར་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ་ངེས་པར་སྐྱེ་བ་ནི། རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་ཡི་སྔོན་གྱི་སྨོན་ལམ་ཆེན་པོའི་མཐུས་བསླུ་བ་མེད་པ་དེས་ན། དེར་སྐྱེ་བའི་རྒྱུ་བཞི་སྒྲུབ་པ་དང༌། སྨོན་ལམ་འདེབས་པར་བྱས་པས་ནི། རང་རེ་རྣམས་ཀྱིས་མི་ལུས་རིན་པོ་ཆེ་ཐོབ་པའི་དོན་གྱི་སྙིང་པོ་ལོན་པ་ཡིན་པས་ན། དེ་ལྟ་བུའི་ཆེད་དུ་སྨོན་ལམ་འདིའི་ཚིག་དོན་གོ་སླ་བའི་ཕྱིར་ཚིག་འགྲེལ་ཉུང་ཙམ་ཞུ་བ་ལགས་པས་ལེགས་པར་གསན་འཚལ།

༈ བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་སྟེང་གི་ཆ། །སངས་རྒྱས་ཞིང་ཁམས་རྣམ་དག་བདེ་བ་ཅན། །སྨོན་ལམ་ཕུན་ཚོགས་ཡོངས་གྲུབ་རྒྱལ་བའི་མཆོག །སྲས་བཅས་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་གྱི་སྟེང་གི་ཆ་སངས་རྒྱས་ཀྱི་ཞིང་ཁམས་སྣོད་དང་བཅུད་ཀྱི་ཚུལ་རྟེན་དང་བརྟེན་པའི་ཆོས་ཐམས་ཅད་རྣམ་པར་དག་པ་དང༌། དགའ་བདེ་ཡོན་ཏན་ཕུན་སུམ་ཚོགས་པ་ཅན་གྱི་ཞིང་། སྔོན་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་མདུན་དུ་བསྐལ་པ་ཆེན་པོ་དུ་མར་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་སྨོན་ལམ་རྒྱ་མཚོ་ལྟ་བུའི་ཞིང་ཡོངས་སུ་བཟུང་བ་སྟེ། དེ་ཡང་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོ་གང་ཡིན་པ་དེ་ཉིད་ཀྱིས་ལོ་བྱེ་བ་ཐམ་པར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཐམས་ཅད་། རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པ། ཐམས་ཅད་ཡང་དག་པར་གསུངས་པ་ལ། དེ་དག་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་དེ་ཡང་དགེ་སློང་ཆོས་ཀྱི་འབྱུང་གནས་དེ་ཉིད་ཀྱིས་བསྐལ་པ་ལྔའི་བར་དུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་བཟུང་སྟེ། དེ་ལྟ་བུའི་སྨོན་ལམ་བཏབ་པས་རྨད་དུ་བྱུང་བའི་ཚོགས་གཉིས་དང༌། སྙིང་སྟོབས་དང༌། བརྩོན་འགྲུས་དང༌། གཟུངས་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྨོན་ལམ་ཕུན་སུམ་ཚོགས་པའི་འབྲས་བུ་ཡོངས་སུ་གྲུབ་པར་གྱུར། དེ་ལྟ་བུའི་རྒྱལ་བའི་ཞིང་མཆོག་དེ་ན་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང༌། སྐུ་དང་ཡེ་ཤེས་ཕྲིན་ལས་ཀྱི་རྣམ་རོལ་བསམ་གྱིས་མི་ཁྱབ་པའི་རྒྱལ་བ་སྐུ་ཚེ་དཔག་ཏུ་མེད་པ་འོད་མཚན་སྟོང་དུ་འབར་བ་སྣང་བ་མཐའ་ཡས་དང༌། རྒྱལ་བའི་འཁོར་ཚོགས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། སྲིད་པའི་འཆིང་བ་ལས་གྲོལ་བའི་ཉན་ཐོས་ཆེན་པོ་སོགས་བསམ་གྱིས་མི་ཁྱབ་པ་བཞུགས་པ་དེ་དག་ཐམས་ཅད་ལ་ཕྱག་འཚལ་ལོ། །རིན་ཆེན་ས་གཞི་མཉམ་ཡངས་མཐའ་བྲལ་བ། །རྒྱ་མཚོ་རི་ཀླུང་གླིང་གཞན་ཐ་དད་མེད། །གསལ་ཞིང་འོད་འབར་བདེ་ཞིང་ཉམས་དགའ་བ། །རྣམ་དག་རྒྱལ་བའི་ཞིང་དེར་སྐྱེ་བར་ཤོག །དེ་ལྟར་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ཞིང་གི་བཀོད་པ་སྨོན་ལམ་གྱི་སྟོབས་ཀྱིས་ཡོངས་སུ་གྲུབ་པར་གྱུར་པས། བདེ་བ་ཅན་གྱི་ཞིང་ཁམས་དེ་ཡི་ས་གཞི་ཐམས་ཅད་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དེ་ཡང་ཁོད་སྙོམས་པ་ཡངས་ཤིང་མཐའི་རྒྱ་ཁྱོན་འདི་ཙམ་ཞིག་ཚད་དཔག་ཏུ་མེད་པ་མཐའ་དང་བྲལ་བ་དེ། རྒྱ་མཚོ་དང༌ རི་ནག་པོ་ལ་སོགས་པ་དང༌། གླིང་སོ་སོར་བཅད་པ་ལ་སོགས་དེ་འདྲའི་མི་མཉམ་པ་ཐ་དད་ཀྱི་རྣམ་པ་གང་ཡང་མེད་པ། གསལ་ཞིང་འོད་ཟེར་འབར་བ་དང་། བདེ་ཞིང་ཉམས་དགའ་བ་དེ་ལྟ་བུའི་རྣམ་པར་དག་པ་རྒྱལ་བའི་ཞིང་དེར་བདག་སོགས་ཀྱི་ཕ་མ་འབྲེལ་ཐོགས་དང་བཅས་པའི་གཙོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བ་བཞིན་དུ་སྐྱེ་བར་ཤོག་ཅིག རིན་ཆེན་སྣ་ཚོགས་ལས་གྲུབ་ལྗོན་པའི་ཤིང་། །སྤོས་ཆུ་ཀླུང་འབེབས་རིན་ཆེན་པདྨོ་གང་། །དྲི་ཞིམ་ངད་ལྡན་མེ་ཏོག་འབྲས་བུས་བརྒྱན། །དཔལ་གྱི་ཞིང་རབ་དེ་རུ་སྐྱེ་བར་ཤོག །སངས་རྒྱས་ཀྱི་དྲུང་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ཞིང་ཡོངས་སུ་བཟུང་ཞིང་སྨོན་ལམ་བཏབ་པ་ལྟར། རིན་ཆེན་སྣ་ཚོགས་ལས་གྲུབ་པ་ཞེས་པས་རིན་པོ་ཆེ་གསེར་དང་དངུལ་ལ་སོགས་པ་སྣ་ཚོགས་ལས་གྲུབ་པ། རྩ་བ་གསེར། ཡལ་ག་དང་ལོ་མ་དངུལ་དང་བཻཌཱུརྱ་ལ་སོགས་དང༌། ཡང་ན་རྩ་བ་ཡང་རིན་པོ་ཆེ་སྣ་བདུན། ཡལ་ག་དང་ལོ་མ་ཡང་རིན་པོ་ཆེ་སྣ་བདུན་ལས་མེ་ཏོག་འབྲས་བུའི་བར་དུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ལ་སོགས་དེ་ལྟ་བུའི་ཤིང་ལྗོན་པས་ཞིང་ཁམས་དེ་བརྒྱན་ཞིང༌། སྤོས་ཀྱི་ཆུའི་ཀླུང་དྲི་བཟང་པོའི་བསུང་ངད་ལྡན་ཞིང་ཤིན་ཏུ་དལ་གྱིས་འབབས་པ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨོས་གང་ཞིང༌། དྲི་ཞིམ་པའི་ངད་དང་ལྡན་པ་དེ་ལྟ་བུའི་མེ་ཏོག་གང་ཡིན་པ་དེ་དག་ཐམས་ཅད་ཀུན་ལ་ཡང་། རོ་བདའ་ཞིང་མངར་བ་ལ་སོགས་པའི་འབྲས་བུ་རིགས་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར་པ། དེ་ལྟ་བུ་དཔལ་དང་ཡོན་ཏན་གྱིས་བརྒྱན་པའི་ཞིང་རབ་བམ་མཆོག་ཏུ་གྱུར་པ་དེ་རུ་བདག་སོགས་སེམས་ཅན་ཐམས་ཅད་སྐྱེ་བར་ཤོག་ཅིག སྤྲུལ་བའི་བྱ་ཚོགས་སྙན་པའི་ཆོས་སྒྲ་སྒྲོག །བདེ་རླུང་གཡོ་བའི་མེ་ཏོག་ཆར་ཆེན་འབེབས། །བཀོད་ལེགས་མཉམ་ཞིང་རབ་བཀྲ་ཡིད་འོང་ལྡན། །ཕུན་ཚོགས་འབྱོར་ལྡན་ཞིང་དེར་སྐྱེ་བར་ཤོག །བདེ་བ་ཅན་དེ་ན་ཐ་མལ་གྱི་སེམས་ཅན་དུད་འགྲོ་ལ་སོགས་པ་མིང་དང་སྒྲ་ཙམ་ཡང་མི་གྲགས་ཤིང༌། བྱང་ཆུབ་སེམས་དཔའ་མཆོག་གིས་རྣམ་པར་སྤྲུལ་པའི་མཛེས་ཤིང་ཡིད་དུ་འོང་བའི་བྱ་ཡི་ཚོགས་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྣམ་པ་དང༌། ཟབ་པ་དང༌། རྒྱ་ཆེ་བའི་སྙན་པ་དམ་པའི་ཆོས་ཀྱི་སྒྲ་སྒྲོག་ཅིང༌། དུས་དང་དུས་སུ་ལུས་ལ་ཟག་མེད་ཀྱི་བདེ་བ་སོགས་སྐྱེད་པའི་རླུང་གཡོ་བས་རེག་བྱས་རེག་ཅིང་། མེ་ཏོག་གི་ཆར་ཡང་དུས་དུས་སུ་འབེབས། གཞི་ཁོད་སྙོམས་པ་ལ་མི་འགྲེང་བ་བདུན་ཙམ་གྱི་མེ་ཏོག་གཅལ་དུ་བཀྲམ་པས་བཀོད་ལེགས་ཤིང༌། རབ་ཏུ་མཉམ་ཞིང་ཁ་དོག་རབ་ཏུ་བཀྲ་བ་ཡིད་དུ་འོང་བ་དང་ལྡན་པ། དེ་ལྟ་བུ་ཕུན་སུམ་ཚོགས་པའི་འབྱོར་བ་དང་ལྡན་པའི་ཞིང་མཆོག་དེར་བདག་སོགས་སེམས་ཅན་ཐམས་ཅད་སྐྱེ་བར་ཤོག་ཅིག་ཅེས་བསྔོ་ཞིང་སྨོན་ལམ་གདབ། ཤིང་དང་ཆུ་ཀླུང་པདྨོ་ཐམས་ཅད་ལས། །ཡིད་འོང་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །དགའ་བདེ་སྤེལ་བའི་འདོད་ཡོན་མཆོད་སྤྲིན་འབྱུང་། །འདོད་དགུ་ལྷུན་གྲུབ་ཞིང་དེར་སྐྱེ་བར་ཤོག །དེ་ལྟར་རིན་པོ་ཆེ་སྣ་གཅིག་དང་གཉིས་དང་སྣ་བདུན་ལ་སོགས་པ་དུ་མས་གྲུབ་པའི་ཤིང་དང་། གཞན་ཡང་བདེ་བའི་རེག་བྱ་སྦྱིན་པའི་ཀླུང་དང་། དྭངས་བསིལ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་དང་། ཁ་དོག་སྣ་ཚོགས་ཀྱི་དྲིའི་ངད་བཟང་པོ་ཕུན་སུམ་ཚོགས་པ་དང་ལྡན་པའི་པདྨོ་སྟེ། དེ་ཐམས་ཅད་ཡིད་དུ་འོང་བའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཆོས་གང་ཅི་འདོད་དུ་འབྱུང་བའི་དགའ་བདེའི་ཡོན་ཏན་སྤེལ་བར་བྱེད་ཀྱང༌། འདོད་ཡོན་གྱི་མཆོད་སྤྲིན་དུ་མ་འབྱུང་བའི་འདོད་དགུའི་དངོས་པོ་ཐམས་ཅད་འབད་པ་མེད་པར་ལྷུན་གྱིས་གྲུབ་པའི་ཞིང་མཆོག་དམ་པ་དེར་བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་སྐྱེ་བར་ཤོག་ཅིག ཐམས་ཅད་ལས་ཀྱང་སྣ་ཚོགས་འོད་རབ་འཕྲོ། །དེ་ལས་མཚན་དཔེས་རབ་བརྒྱན་རྒྱལ་བའི་སྐུ། །མཁའ་དབྱིངས་གང་འཁྲིགས་ཟབ་ཡངས་ཆོས་སྟོན་པ། །ཆོས་དབྱིངས་རྣམ་དག་ཞིང་དེར་སྐྱེ་བར་ཤོག །གནས་དང་ཡོ་བྱད་ཤིང་ལ་སོགས་པ་ནས་ཕྱི་ནང་གི་དངོས་པོ་ཐམས་ཅད་ལས་ཀྱང་སྣ་ཚོགས་པའི་འོད་ཟེར་རབ་ཏུ་འཕྲོ་ཞིང༌། དེ་ལྟ་བུའི་འོད་ཀྱིས་གང་ཞིང་འཁྲིགས་པ་དེར། ཕྱག་དང་ཞབས་ལ་འཁོར་ལོ་རྩིབས་སྟོང་གི་རི་མོ་བཀྲ་བ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བཅུ་ཕྲག་བརྒྱད་ཀྱིས་རབ་ཏུ་བརྒྱན་པའི་རྒྱལ་བ་འོད་དཔག་ཏུ་མེད་པའམ་ཚེ་དཔག་ཏུ་མེད་པ་གང་གི་སྐུ། མཁའ་དབྱིངས་ཡོངས་སུ་གང་བའི་འོད་དང་འོད་ཟེར་གྱི་སྣང་བ་ཀུན་ནས་འཁྲིགས་ཤིང་། ཟབ་པ་དང་ཡངས་པ་སྟེ་རྒྱ་ཆེ་བའི་ཆོས་ཀུན་ནས་སྟོན་པའི་ཆོས་དབྱིངས་རྣམ་པར་དག་པའི་ཞིང་མཆོག་དེར། སྐྱེ་སྲིད་གཞན་གྱིས་བར་མ་ཆོད་པར་བདག་སོགས་སེམས་ཅན་ཐམས་ཅད་སྐྱེ་བར་ཤོག་ཅིག ངན་སོང་ལྷ་མིའི་མི་ཁོམ་མིང་ཡང་མེད། །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཉོན་མོངས་ནད་དང་སྡུག་བསྔལ་ཅུང་ཟད་མེད། །ཉེས་སྐྱོན་ཀུན་བྲལ་ཞིང་དེར་སྐྱེ་བར་ཤོག །དེ་ལྟ་བུའི་བདེ་བ་ཅན་གྱི་ཞིང་དེ་ན་དམྱལ་བ་ལ་སོགས་པ་ངན་སོང་གསུམ་དང་། གཞན་ཡང་མཐོ་རིས་ལྷ་མི་ལ་སོགས་པ་དང༌། མི་ཁོམ་པའི་གནས་བརྒྱད་སོགས་ཀྱི་མིང་ཙམ་ཡང་མེད་ཅིང་མི་གྲགས་ལ། གནས་དེ་ན་ལུས་རྟེན་དམན་པ་བུད་མེད་མེད་ཅིང་། རྫོགས་པའི་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱིས་གྲུབ་པའི་ཞིང་དེ་ན། བརྫུས་ཏེ་སྐྱེ་བ་འབའ་ཞིག་མ་གཏོགས་པ། སྐྱེ་བ་ཐམས་ཅད་ཀྱི་ནང་ན་ཐ་ཆད་པ་སྒོ་ང་ལས་སྐྱེས་པ་ལྟ་བུ་དང༌མངལ་ནས་སྐྱེས་པ་སོགས་ཀྱང་མེད་པ། དེ་ལྟ་བུའི་བདེ་བ་ཅན་གྱི་ཞིང་དེ་ནི་ཉེས་སྐྱོན་གྱི་རང་བཞིན་ཅན་གྱི་ཉོན་མོངས་པ་དང༌། ནད་དང་སྡུག་བསྔལ་གང་ཅུང་ཟད་ཀྱང་མེད་པས་ན། ཉེས་སྐྱོན་ཀུན་བྲལ་གྱི་ཞིང་དེར་སྐྱེ་བ་འདིའི་ཕ་མའི་ཐོག་དྲངས་བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་སྐྱེ་བར་ཤོག་ཅིག ལྷ་མིའི་མིང་ཙམ་ལུས་འབྱོར་ཐ་དད་མེད། །ཐམས་ཅད་གཅིག་པར་གསེར་མདོག་མཚན་དཔེས་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཆགས་པ་མེད། །ཡོན་ཏན་ཀུན་རྫོགས་ཞིང་དེར་སྐྱེ་བར་ཤོག །དེ་ལྟ་བུའི་བདེ་བ་ཅན་གྱི་ཞིང་དེ་ནི་སྔོན་སངས་རྒྱས་ཀྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བ་བཞིན་དུ། ལྷ་དང་མི་ཡི་མིང་ཙམ་དང་ལུས་དང་འབྱོར་བ་ལ་སོགས་པ་ཐ་དད་པ་དེ་ལྟ་བུའི་རྣམ་པ་ཅན་གང་ཡང་མེད་པར། ཐམས་ཅད་ཀུན་ཀྱང་རྣམ་པ་གཅིག་པ་ལྟ་བུར་གསེར་བཙོ་མའི་མདོག་མཚན་དང་དཔེ་བྱད་ཀྱིས་རབ་ཏུ་བརྒྱན་པའི་བདག་ཉིད་ཅན་ཡིན་ལ། བདེ་བ་ཅན་གྱི་ཞིང་དེར་བཞུགས་པའི་བྱང་ཆུབ་སེམས་དཔའི་དགེ་སློང་དང་དགེ་འདུན་གྱི་ཚོགས་ཐམས་ཅད་ཀུན་ཀྱང་། གཞན་སེམས་ཤེས་པའི་མངོན་ཤེས་ལ་སོགས་པ་མངོན་ཤེས་ལྔ་དང༌། ཤའི་སྤྱན་དང་ལྷ་ཡི་སྤྱན་ལ་སོགས་སྤྱན་ལྔས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་གཟིགས་པས་ཆགས་ཐོགས་མེད་པ་ཡོན་ཏན་གྱི་ཚོགས་ཀུན་རྫོགས་པར་འགྱུར་བའི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག་ཅིག གནས་དང་རྫས་དང་ལུས་ལ་བདག་འཛིན་བྲལ། །ཡིད་ལ་དྲན་པའི་གང་དགོས་འདོད་དགུ་འབྱུང་། །ཀུན་ཀྱང་ཐེག་མཆོག་ཟབ་མོའི་ཆོས་ལ་སྤྱོད། །ཐེག་ཆེན་ཡོངས་རྫོགས་ཞིང་དེར་སྐྱེ་བར་ཤོག །བདེ་བ་ཅན་གྱི་ཞིང་དེ་ནི་སངས་རྒྱས་ཀྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བ་བཞིན་དུ། ཇི་ལྟར་གནས་ཐ་དད་པ་དང་། རྫས་སོ་སོ་བདག་གི་བའི་འདུ་ཤེས་དང༌། ལུས་ལ་བདག་འཛིན་དང་བྲལ་ཞིང་། ཡིད་ལ་གང་དང་གང་དྲན་པའི་ལེགས་དགུའི་དངོས་པོ་ཐམས་ཅད་བསམ་པ་ཙམ་གྱིས་གང་དགོས་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་ཀུན་ཏུ་འབྱུང་བར་འགྱུར་ཞིང༌། ཀུན་ཀྱང་ཐེག་པ་ཆེན་པོ་མཆོག་གི་ཟབ་མོའི་ཆོས་ལ་སྤྱོད་པས། ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པའི་ཞིང་ཁམས་མཆོག་དེར་བདག་སོགས་སེམས་ཅན་ཐམས་ཅད་སྐྱེ་བར་ཤོག་ཅིག རྫུ་འཕྲུལ་སྟོབས་ཀྱིས་མཐའ་ཡས་ཞིང་རྣམས་བགྲོད། །མཆོད་སྤྲིན་རྒྱ་མཚོ་ལག་པའི་མཐིལ་ནས་འབྱུང་། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་སྨིན་གྲོལ་མཛད། །སྤྲུལ་སྐུའི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །རྫུ་འཕྲུལ་གྱི་སྟོབས་ཀྱིས་སྔ་དྲོའི་དུས་ལ་སོགས་པར་མཐའ་ཡས་པའི་ཞིང་ཁམས་རྣམས་ལ་ཐོགས་པ་མེད་པར་བགྲོད་ནས། དེར་བཞུགས་པའི་འགྲོ་བའི་མགོན་པོ་རྒྱལ་བ་རྫོགས་པའི་སངས་རྒྱས་སྲས་དང་བཅས་པ་ཀུན་ལ། རང་གི་ལག་པའི་མཐིལ་ནས་བྱུང་བའི་མཆོད་པའི་དངོས་པོ་བཀྲ་ཤིས་པའི་རྫས་བརྒྱད་དང༌། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། ན་བཟའ་རྒྱན་ཕྲེང་དང༌། གཞལ་མེད་ཁང་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། བཀྲ་ཤིས་པའི་རྟགས་བརྒྱད་སོགས་མཆོད་པའི་སྤྲིན་རྒྱ་མཚོ་ལྟ་བུ་དཔག་ཏུ་མེད་པས། ཞིང་ཁམས་དེ་དག་ན་བཞུགས་པའི་རྒྱལ་བ་ཀུན་ལ་མཆོད་ཅིང་། འགྲོ་བ་ཀུན་ཀྱང་རྒྱུད་སྨིན་པ་དང༌གྲོལ་བར་མཛད་དེ། སླར་ཡང་བདེ་བ་ཅན་གྱི་ཞིང་དེར་ཕྱི་དྲོ་ཁར་བདེ་བླག་ཏུ་སླེབ་པར་མཛད་པ། དེ་ལྟ་བུའི་སྤྲུལ་སྐུའི་ཞིང་མཆོག་དེ་རུ་བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་སྐྱེ་བར་ཤོག་ཅིག རིན་ཆེན་པདྨོ་རྣམ་པར་སྣང་ཞེས་བྱ། །བྱང་ཆུབ་ཤིང་མཆོག་སྟོང་དང་དྲུག་བརྒྱ་བ། །མེ་ཏོག་འབྲས་བུ་རྒྱན་ཕྲེང་དུ་མས་བརྒྱན། །དེ་མཐོང་ཡོན་ཏན་སྣ་ཚོགས་ཐོབ་པར་ཤོག །བདེ་བ་ཅན་གྱི་ཞིང་དེ་ན་རྒྱལ་བའི་དབང་པོ་མགོན་པོ་ཚེ་དཔག་ཏུ་མེད་པའམ་མགོན་པོ་འོད་དཔག་ཏུ་མེད་པ་གང་ཉིད་ཀྱི་སྐུའི་རྒྱབ་ཕྱོགས་བརྟེན་སའི་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་པདྨོ་རྣམ་པར་སྣང་བྱེད་ཅེས་བྱ་བ། དཔག་ཚད་སྟོང་དང་དྲུག་བརྒྱའི་འཕང་དུ་བསླེབས་པ། མེ་ཏོག་དང་འབྲས་བུ་དང་། དྲ་བ་དང༌དྲ་བ་ཕྱེད་པ་སོགས་རིན་པོ་ཆེའི་རྒྱན་ཕྲེང་དུ་མས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་སྟེ། གང་གིས་མཐོང་ན་དེའི་རྒྱུད་ལ་ཡོན་ཏན་སྣ་ཚོགས་ཐོབ་པར་སངས་རྒྱས་ཀྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བ་བཞིན། བྱང་ཆུབ་ཀྱི་ཤིང་དེ་མཐོང་བ་ཙམ་གྱིས་གཟུངས་དང་ཏིང་ངེ་འཛིན་སོགས་ཀྱི་ཡོན་ཏན་སྣ་ཚོགས་ཐོབ་པར་ཤོག་ཅིག རིན་ཆེན་ས་གཞི་མེ་ཏོག་དུ་མས་བརྒྱན། །དེ་དབུས་པདྨ་གེ་སར་སྡོང་པོའི་ཚོགས། །དག་གསལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན། །པདྨོའི་གདན་མཆོག་དེ་འདྲ་མཐོང་བར་ཤོག ། དེ་ལྟ་བུའི་བྱང་ཆུབ་ཀྱི་ཤིང་པདྨོ་རྣམ་པར་སྣང་བྱེད་དེ་ཉིད་ཀྱི་དྲུང་དུ་རིན་པོ་ཆེའི་ས་གཞི་ལ་ལྷའི་མེ་ཏོག་མནྡ་ར་དང༌། པདྨ་དཀར་པོ་དང༌། ཨུཏྤལ་སོགས་དུ་མས་བརྒྱན་ཞིང༌། དེའི་དབུས་སུ་པདྨ་འདབ་མ་སྟོང་དང་གེ་སར་དང་སྡོང་པོའི་ཚོགས་དང་ལྡན་པ་དག་ཀྱང་། གསལ་ལ་ཤིན་ཏུ་ཁ་དོག་བཟང་ཞིང་དྲི་མ་མེད་པ་རྣམ་པར་བཀྲ་བའི་འོད་ཟེར་ཅན་རྒྱལ་བ་མགོན་པོ་འོད་དཔག་ཏུ་མེད་པ་ཉིད་བཞུགས་པའི་པདྨའི་གདན་མཆོག་དེ་འདྲ་བ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བར་ཤོག དེ་སྟེང་རྒྱལ་བ་མགོན་པོ་འོད་དཔག་མེད། །གཡས་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །གཡོན་ན་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །གྲངས་མེད་སེམས་དཔས་བསྐོར་བ་མཐོང་པར་ཤོག །དེ་ལྟ་བུའི་བྱང་ཆུབ་ཀྱི་ཤིང་པདྨོ་རྣམ་པར་སྣང་བྱེད་དེ་ཉིད་ཀྱི་དྲུང་དུ། དག་ཅིང་དྲི་མ་མེད་པའི་པདྨོའི་གདན་རྣམ་པར་བཀྲ་བ་བཀོད་པའི་གདན་ཕུན་སུམ་ཚོགས་པ་དེ་ཡི་སྟེང་དུ། རྒྱལ་བ་མགོན་པོ་འོད་དཔག་མེད་པ་སྐུ་ལུས་པདྨ་རཱ་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་མཛད་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་རྣམ་པ་གསུམ་གསོལ་བ། འོད་དང་གཟི་བརྗིད་རབ་ཏུ་འབར་བ་མཚན་བཟང་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་པ་ལྷམ་མེ་ལྷང་ངེ་ལྷན་ནེར་བཞུགས་པ། དེ་ཡི་སྐུའི་གཡས་ཕྱོགས་ན་བྱང་ཆུབ་སེམས་དཔའ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཕྱག་ན་པདྨ་བསྣམས་པ་དང༌། སྐུའི་གཡོན་ཕྱོགས་ན་བྱང་ཆུབ་སེམས་དཔའ་རྒྱལ་སྲས་མཐུ་ཆེན་ཐོབ་དཔལ་གསང་བའི་བདག་པོ་ཉིད་སྐུ་མདོག་སྔོན་པོ་ཕྱག་ན་རྡོ་རྗེས་མཚན་པའི་པདྨ་བསྣམས་པ། དེ་ལྟ་བུའི་རྒྱལ་བ་མགོན་པོ་འོད་དཔག་ཏུ་མེད་པ་དང་ཐུགས་སྲས་བྱང་ཆུབ་སེམས་དཔའ་མཆོག་གཉིས་ཏེ་གཙོ་བོ་གསུམ་པོ་ལ། གྲངས་མེད་བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ། ཞལ་མཐོང་བ་དང༌གསུང་ཐོས་པ་ཙམ་གྱིས་ཟག་མེད་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་དེ་ལྟ་བུའི་རྒྱལ་བ་སྲས་དང་བཅས་པ་ཉིད། ཕ་མ་འབྲེལ་ཐོགས་རྣམས་ཀྱི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་མངོན་སུམ་དུ་མཐོང་བར་ཤོག་ཅིག འོད་ནི་དཔག་མེད་གཟི་བརྗིད་དཔག་མེད་དང་། །སྐུ་ཚེ་དཔག་མེད་དགེ་འདུན་དཔག་མེད་དང་། །བྱང་ཆུབ་སེམས་དཔས་བསྐོར་ཅིང་མཛེས་གྱུར་པ། །རྒྱལ་མཆོག་དེ་འདྲའི་དྲུང་དེར་སྐྱེ་བར་ཤོག །རྒྱལ་བ་ཚེ་དཔག་ཏུ་མེད་པ་དེ་ནི་སྔོན་གྱི་ཚོགས་གཉིས་རྒྱ་མཚོ་ལྟ་བུ་དང་ཐུགས་བསྐྱེད་དང་སྨོན་ལམ་རྨད་དུ་བྱུང་བའི་སྟོབས་ཀྱིས། འོད་དང་འོད་ཟེར་གྱི་མཐའ་འདི་ཙམ་ཞེས་དཔག་པར་དཀའ་བས་དཔག་ཏུ་མེད་པ་དང་ནི། དེ་བཞིན་དུ་གཟི་བརྗིད་དཔག་ཏུ་མེད་པ་དང༌། སྐུ་ཚེའི་ཚད་འདི་ཙམ་ཞེས་གྲངས་ཀྱིས་དཔག་ཏུ་མེད་པ་དང༌། དེའི་འཁོར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཉན་ཐོས་འཁོར་འདུས་པ་དང་པོ་ལ་སོགས་པ་དེ་དག་གི་ཚད་ཀྱང་དཔག་ཏུ་མེད་པ་ཡིན་པའི་ཚུལ་མདོ་ལས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་གྱིས་བསྐོར་ཅིང་ཀུན་ནས་གཙོ་བོ་ལ་འཁོར་གྱིས་ཡོངས་སུ་བསྐོར་བ་དེ་ལྟ་བུའི་ཡེ་ཤེས་ཡོན་ཏན་མཚན་དང་དཔེ་བྱད་སོགས་ཀྱིས་མཛེས་པར་གྱུར་པའི་རྒྱལ་མཆོག་དེ་འདྲའི་དྲུང་དེར། རང་གཞན་སེམས་ཅན་ཐམས་ཅད་སྲིད་པ་གཞན་གྱིས་བར་མ་ཆོད་པར་སྐྱེ་བར་ཤོག་ཅིག ཞིང་དེར་པདྨོའི་མཆོག་ལས་སྐྱེས་ནས་ཀྱང་། །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་དང་། །སྔོན་གནས་དྲན་དང་བློ་གྲོས་མཁས་མཆོག་དང་། །རྫུ་འཕྲུལ་མཆོག་གི་སྟོབས་ཀྱང་མཐོང་བར་ཤོག ། ཞིང་དེར་ཡང་མངལ་སྐྱེས་ལ་སོགས་པ་མེད་པ། པདྨོ་དཔག་ཚད་བརྒྱ་སྟོང་དུ་མ་ཁེབས་པ་ལྷའི་ཁང་བཟང་བཀོད་ལེགས་ཕུན་སུམ་ཚོགས་པ་དང་ལྡན་པ། དེ་ལྟ་བུའི་པདྨོའི་མཆོག་ལས་བརྫུས་ཏེ་སྐྱེས་ནས་དེ་མ་ཐག་སངས་རྒྱས་ཀྱི་ཞལ་མཐོང་ཞིང༌། ལྷའི་མིག་དང་ལྷ་ཡི་རྣ་བའི་མངོན་ཤེས་དང༌། སྔོན་གནས་དྲན་པ་དང་། གཞན་ཡང་ཆོས་རྣམས་ཀྱི་དོན་ཡོངས་སུ་འབྱེད་པའི་བློ་གྲོས་དང༌། དེ་ཁོ་ན་ཉིད་ཀྱི་དོན་སོགས་ལ་མཁས་པ་མཆོག་དང་ནི་རྫུ་འཕྲུལ་མཆོག་གི་སྟོབས་ཀྱང་ཡོངས་སུ་རྫོགས་པ་འཐོབ་པར་ཤོག་ཅིག བདག་གིས་མགོན་མཛད་རྒྱལ་བ་འཇིག་རྟེན་མགོན། །རྫོགས་པའི་སངས་རྒྱས་མཆོག་དེ་མཐོང་ནས་ཀྱང་། །གུས་དང་བཅས་པའི་ཟབ་ཡངས་ཆོས་ཐོབ་ནས། །སྐད་ཅིག་དེ་ལ་ས་བཅུ་ཡོངས་རྫོགས་ཤོག །དེ་ལྟར་ཞིང་མཆོག་དེར་སྐྱེས་ནས་བདག་གིས། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་མཛད་པའི་རྒྱལ་བ་འཇིག་རྟེན་གྱི་མགོན་པོ་རྫོགས་པའི་སངས་རྒྱས་མཆོག་ཚེ་དཔག་ཏུ་མེད་པ་དེ་ཞལ་མངོན་སུམ་དུ་མཐོང་ནས། གུས་པ་དང་བཅས་པའི་སྒོ་ནས་རྒྱལ་བའི་གསུང་གི་སྣང་བ་དམ་པའི་ཆོས་ཟབ་པ་དང་ཡངས་བའམ་རྒྱ་ཆེ་བའི་ཐེག་པ་མཆོག་གི་ཆོས་ཐོབ་ནས། སྐད་ཅིག་དེ་ཉིད་ལ་ས་རབ་ཏུ་དགའ་བ་ལ་སོགས་པ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་ས་བཅུ་ཡོངས་སུ་རྫོགས་པ་ཐོབ་པར་ཤོག་ཅིག བདེ་གཤེགས་འོད་དཔག་མེད་ཀྱིས་ལུང་བསྟན་ནས། །སངས་རྒྱས་བྱེ་བ་མང་ལ་མཆོད་པར་བགྱི། །རྫུ་འཕྲུལ་སྟོབས་ཀྱིས་ཞིང་མང་སོང་ནས་ནི། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་སྨིན་གྲོལ་ཤོག །བདེ་བ་ཅན་གྱི་ཞིང་དེར་རྒྱལ་བ་མགོན་པོ་འོད་དཔག་ཏུ་མེད་པ་ཉིད་ཀྱིས་ལུང་བསྟན་པའི་སྒོ་ནས། ཕྱོགས་བཅུའི་སངས་རྒྱས་བྱེ་བ་གྲངས་མེད་པ་མང་རབ་ལ། བདག་གིས་བྱང་སེམས་བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་པར་འཕྲུལ་བ་ལྟ་བུའི་མཆོད་པར་བགྱི་བའི་ཆེད་དུ། རྫུ་འཕྲུལ་གྱི་སྟོབས་ཀྱིས་མཐའ་ཡས་པའི་ཞིང་མང་པོར་སོང་ནས་ནི། དེ་དང་དེར་བཞུགས་པའི་རྒྱལ་བ་ལ་ཀུན་ནས་མཆོད་ཅིང༌། དེ་ན་གནས་པའི་འགྲོ་བ་སེམས་ཅན་ཀུན་སྨིན་ཅིང་གྲོལ་བའི་ཚུལ་ལ་འགོད་ནུས་པར་ཤོག་ཅིག སྣོད་ཀྱི་འཇིག་རྟེན་བདེ་སྐྱིད་བསམ་མི་ཁྱབ། །བཅུད་ཀྱི་སེམས་ཅན་བདེ་ཚོགས་བསམ་མི་ཁྱབ། །རྒྱལ་བ་སྲས་བཅས་བདེ་སྤྲུལ་བསམ་མི་ཁྱབ། །ཞིང་མཆོག་བསམ་མི་ཁྱབ་དེར་སྐྱེ་བར་ཤོག །རྒྱལ་བའི་དབང་པོ་འོད་དཔག་ཏུ་མེད་པ་ཉིད་སྔོན་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་མདུན་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་པར་གྱུར་ནས། རྣམ་པར་དག་པའི་སྨོན་ལམ་ཚད་མེད་པས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་དུ་མའི་ཡོན་ཏན་གྱི་བཀོད་པ་བསྡུས་ཏེ། བདེ་བ་ཅན་གྱི་ཞིང་ཡོངས་སུ་བཟུང་བ་བཞིན་དུ། སྣོད་ཀྱི་འཇིག་རྟེན་གྱི་ཡོན་ཏན་ལ་བརྟེན་པའི་བདེ་སྐྱིད་ཀྱང་བསྐལ་བ་བྱེ་བར་བརྗོད་ཀྱང་ཟད་དུ་མེད་པ་བསམ་གྱི་མི་ཁྱབ་པ་དང་། བཅུད་ཀྱི་སེམས་ཅན་རྣམས་ཀྱི་བདེ་ཚོགས་ཀྱི་དངོས་པོ་ཡང་བསམ་གྱིས་མི་ཁྱབ་པ་དང༌། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཡེ་ཤེས་དང་། ཐུགས་རྗེའི་སྟོབས་ལས་བྱུང་བའི་དགའ་བདེ་དང་། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱིས་སྤྲུལ་བ་ཡང་བསམ་གྱིས་མི་ཁྱབ་པ་དང༌། དེ་ལྟ་བུའི་ཞིང་གི་མཆོག་བསམ་གྱིས་མི་ཁྱབ་པ་ལོངས་སྤྱོད་དང་བདེ་བའི་ཡོན་ཏན་ཚད་མེད་པའི་ཡེ་ཤེས་ལ་མངའ་དབང་འབྱོར་བའི་སངས་རྒྱས་ཀྱིས་ཀྱང་བསྐལ་བ་མང་པོར་བརྗོད་ཀྱང་ཡོངས་སུ་ཟད་པར་མི་འགྱུར་བའི་ཞིང་མཆོག་ཡོན་ཏན་བསམ་གྱི་མི་ཁྱབ་པ་དེར། བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་སྐྱེ་བར་ཤོག་ཅིག འཆི་བའི་ཚེ་ན་རྒྱལ་བ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་ནས་རབ་དགའ་བའི། །ཏིང་འཛིན་མི་བརྗེད་དྲན་པས་འཆི་འཕོས་ནས། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །དེ་ཡང་གོང་དུ་བཤད་པ་ལྟར་སྔོན་སངས་རྒྱས་ཀྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བ་འོད་དཔག་མེད་ཀྱི་ཞིང་བཀོད་འཕགས་པ་དཀོན་མཆོག་བརྩེགས་པའི་ལེའུ་ལྔ་པ་དེ་ཉིད་ལས་འདི་ལྟར་གསུངས་ཏེ། སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པ་དེ་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང༌། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང༌། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ། དགེ་སློང་བརྒྱ་ཕྲག་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དྭངས་པའི་སེམས་ཀྱིས་ཤི་འཕོས་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་དུ་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བའི་རྒྱུ་རྣམ་པ་ཡིད་ལ་ཡང་ནས་ཡང་དུ་བྱེད་པ་ལ་སོགས་པའི་ཚུལ་ལ་བརྩོན་པར་བྱས་ན། སང་འཆི་བའི་ཚེ་ན་ནི་རྒྱལ་བ་འོད་དཔག་མེད་པ་འཁོར་དང་བཅས་པ་བདག་གིས་མངོན་སུམ་དུ་མཐོང་ནས་རབ་ཏུ་དགའ་ཞིང་དད་པའི་སྣང་བ་ཆེན་པོ་དང་། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཡང་ཐོབ་ནས་མི་བརྗེད་པའི་གཟུངས་དང་ལྡན་པས། དྲན་པ་དང་ཤེས་བཞིན་དང་ལྡན་བཞིན་དུ་འཆི་འཕོས་ནས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་འགྱུར་བ་ཡིན་པས། དེ་ལྟར་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག་ཅིག་ཅེས་བསྔོ་ཞིང་སྨོན་ལམ་ཡང་གདབ་པར་བྱའོ། །བདེ་ཆེན་དཔའ་བོ་དཔའ་མོའི་ཚོགས་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་བ་དན་རོལ་མོའི་སྒྲ། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་རབ་བསུས་ནས། །མཁའ་ལ་སྤྱོད་པའི་ཞིང་དེར་ཁྲིད་པར་ཤོག དེ་ལྟར་འཆི་ཁར་མགོན་པོ་འོད་དཔག་མེད་མངོན་སུམ་མཐོང་ནས་བདེ་བ་ཆེན་པོའི་ཞིང་དེར། དཔའ་བོ་དང༌དཔའ་མོའི་ཚོགས་རྣམས་ཀྱིས་ལྷ་རྫས་ལས་གྲུབ་པའི་གདུགས་དང༌། རྒྱལ་མཚན་དང༌། ཁ་དོག་སྣ་ཚོགས་ཀྱི་བ་དན་དང༌། སྙན་ཞིང་ཀུན་ནས་འཇེབས་པའི་རོལ་མོའི་ཚོགས་པི་ཝཾ་གླིང་བུ་དང་སིལ་སྙན་ལ་སོགས་པ་སྒྲ་དབྱངས་སྣ་ཚོགས་པའི་མཆོད་པའི་སྤྲིན་གྱིས། ནམ་མཁའ་ལ་ཁ་དོག་སྣ་ཚོགས་པའི་འཇའ་ཚོན་གྱི་ལམ་ལ་རབ་ཏུ་བསུས་ནས། མཁའ་ལ་སྤྱོད་པའི་ཞིང་མཆོག་བདེ་བ་ཅན་དེར་དཔའ་བོ་དང་མཁའ་འགྲོས་ཡོངས་སུ་ཁྲིད་པར་ཤོག་ཅིག དགེ་སློང་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཞེས། །དྲན་དང་བློ་གྲོས་རྟོགས་པ་དང་ལྡན་པ། །ཤེས་རབ་བརྩོན་འགྲུས་རྒྱ་ཆེར་རབ་དགའ་བ། །དེ་ཡི་སྨོན་ལམ་ཇི་བཞིན་བདག་གྱུར་ཅིག །སྔར་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བསྐལ་པའི་གོང་རོལ་དུ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་རྩ་གཅིག་གི་ཡོན་ཏན་གྱི་ཞིང་གི་བཀོད་པ་ཡོངས་སུ་བཟུང་སྟེ། སྨོན་ལམ་ཆེན་པོ་བཏབ་ཅིང་ཡོངས་སུ་གྲུབ་པའི་དགེ་སློང་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཞེས། དྲན་པ་དང་བློ་གྲོས་རྟོགས་པ་མཆོག་དང་ལྡན་པ། ཤེས་རབ་དང་བརྩོན་འགྲུས་རྒྱ་ཆེ་ཞིང༌། གཅིག་ཏུ་སེམས་ཅན་གྱི་དོན་ཁོ་ན་ལ་རབ་ཏུ་དགའ་བ་གང་ཡིན་པ་དེ་ཡིས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་བདག་གི་སྨོན་ལམ་ཀྱང་དེ་བཞིན་དུ་འགྲུབ་པར་གྱུར་ཅིག དཀོན་མཆོག་གསུམ་གྱི་བདེན་པ་ཆེན་པོ་དང་། །ཆོས་དབྱིངས་རང་བཞིན་རྣམ་དག་བྱིན་རླབས་དང་། །ཆོས་ཅན་རྒྱུ་འབྲས་བསླུ་མེད་ནུས་མཐུ་དང་། །ལྷག་བསམ་བྱང་སེམས་སྨོན་ལམ་རྣམ་དག་དང་། །དགེ་བ་བསགས་དང་བསག་འགྱུར་ཀུན་གྱི་མཐུས། །སྨོན་ལམ་འདི་བཏབ་ངེས་པར་འགྲུབ་གྱུར་ཅིག །སྔོན་མགོན་པོ་འོད་དཔག་མེད་པ་སློབ་པ་ལམ་གྱི་གནས་སྐབས་ན་དགེ་སློང་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཀྱི་སྐྱེ་བ་ཡོངས་སུ་བཟུང་སྟེ། ཞིང་བཟུང་བ་སོགས་ཀྱི་སྨོན་ལམ་ཇི་ལྟར་བཏབ་པ་བཞིན། བདག་གིས་ཀྱང་དེ་བཞིན་དུ་བཏབ་པའི་སྨོན་ལམ་དེ་དག་ཀྱང་ཡོངས་སུ་འགྲུབ་པར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པ་ཆེན་པོ་དང་། ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་ཅིང་གང་ཅིར་ཡང་མ་གྲུབ་ཀྱང༌། གང་ཅིར་ཡང་འཆར་དུ་རུང་བའི་བྱིན་རླབས་དང་། ཆོས་ཅན་རྒྱུ་འབྲས་ཀྱི་ཚུལ་བསླུ་བ་མེད་པའི་ནུས་མཐུ་དང༌། རང་ཉིད་ཀྱི་ལྷག་བསམ་རྣམ་པར་དག་པ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སྨོན་ལམ་རྣམ་པར་དག་པ་གང་བཏབ་པ་དེ་ལྟ་བུའི་སྟོབས་དང་། དགེ་བ་སྔར་ཇི་སྙེད་བསགས་པ་དང༌། མ་འོངས་པ་ན་དགེ་བ་གང་ཞིག་གསག་པར་འགྱུར་བ་ལྟ་བུའི་དུས་གསུམ་དུ་བྱས་ཤིང་བསགས་པའི་དགེ་རྩ་ཐམས་ཅད་ཀྱི་མཐུས། བདག་གི་ད་ལྟ་ཞིང་ཡོངས་སུ་བཟུང་བ་ལ་སོགས་པའི་སྨོན་ལམ་གང་ཇི་སྙེད་བཏབ་པ་འདི་དག་ཐམས་ཅད་ཀུན་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ངེས་པར་འགྲུབ་པར་གྱུར་ཅིག་ཅེས་སྙིང་ཐག་པ་ནས་སྨོན་ལམ་བྱའོ། །གསོལ་བ་འདེབས་སོ་རྒྱལ་བ་འོད་དཔག་མེད། །ཐུགས་རྗེས་ཟུངས་ཤིག་རྗེ་བཙུན་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་མཐུ་ཆེན་ཐོབ། །ལམ་སྣ་དྲོངས་ཤིག་གྲངས་མེད་སེམས་དཔའི་ཚོགས། །ཡེ་ཤེས་འོད་ཀྱིས་ཞིང་དེར་དྲང་དུ་གསོལ། །ཐུགས་རྗེའི་འོད་ཀྱིས་ཞིང་དེར་དྲང་དུ་གསོལ། །ཕྲིན་ལས་འོད་ཀྱི་ཞིང་དེར་དྲང་དུ་གསོལ། །སྨོན་ལམ་འོད་ཀྱིས་ཞིང་དེར་དྲང་དུ་གསོལ། །ད་ནི་དེ་ལྟ་བུའི་རྒྱལ་བ་མགོན་པོ་འོད་དཔག་མེད་པ་དང་། སྲས་ཀྱི་ཐུ་བོ་རྒྱལ་སྲས་འཕགས་མཆོག་མིག་མི་འཛུམ་པ་དང༌། གསང་བདག་མཐུ་ཆེན་ཐོབ་སྟེ། དེ་ལྟ་བུའི་རྣམ་པ་གསུམ་པོའི་ཐུགས་རྒྱུད་བསྐུལ་བ་ལ། སྒོ་གསུམ་ཆིག་སྒྲིལ་བྱས་ཏེ་དད་མོས་གདུང་ཤུགས་དྲག་པོས་སྙིང་ཐག་པ་ནས་གུས་པ་ཆེན་པོས། གསོལ་བ་འདེབས་སོ་རྒྱལ་བ་འོད་དཔག་ཏུ་མེད་པ་དང༌། ཐུགས་རྗེས་གཟིགས་ཤིག་དམིགས་མེད་བརྩེ་བ་ཆེན་པོའི་མངའ་བདག་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་དང༌། བྱིན་གྱིས་རློབས་ཤིག་ཕྲིན་ལས་ནུས་པའི་མངའ་བདག་རྒྱལ་སྲས་མཐུ་ཆེན་ཐོབ་ཅེས་གདུང་བའི་ཤུགས་ཀྱིས་བོས་ནས། ཚད་མེད་པའི་ཐུགས་རྗེ་དང༌། བྱིན་རླབས་དང་ཕྲིན་ལས་དང་ནུས་མཐུ་དང༌། སྨོན་ལམ་རྒྱ་མཚོ་ལྟ་བུའི་བདག་ཉིད་ཅན་གྱི་ཞིང་གི་གཙོ་བོ་རྣམ་པ་གསུམ་གྱི་ཡེ་ཤེས་ཀྱི་འོད་སྣང་གིས་སྒྲིབ་གཉིས་ཀྱི་དྲི་མ་སེལ་ཞིང་ཟག་མེད་དགའ་བདེའི་སྣང་བ་སྟེར་བས་བདག་སོགས་སེམས་ཅན་ཐམས་ཅད་ཞིང་མཆོག་བདེ་བ་ཅན་དེར་དྲང་དུ་གསོལ། ཐུགས་རྗེའི་འོད་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་བདེ་བ་ཅན་དེར་དྲང་དུ་གསོལ། ཕྲིན་ལས་འོད་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་བདེ་བ་ཅན་གྱི་ཞིང་དེར་དྲང་དུ་གསོལ། སྨོན་ལམ་འོད་ཀྱིས་ཞིང་དེར་བདག་སོགས་སེམས་ཅན་ཐམས་ཅད་དྲང་དུ་གསོལ། བདེ་ཆེན་ཞིང་གྲགས་རྒྱལ་བའི་དཀྱིལ་འཁོར་དུ། །བཅོམ་ལྡན་མགོན་པོ་སྣང་བ་མཐའ་ཡས་དང་། །བློ་གྲོས་སྙིང་པོ་ཡབ་སྲས་ཞབས་དྲུང་དུ། །བདག་སོགས་འཆི་འཕོས་དེ་རུ་སྐྱེ་བར་ཤོག །ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་མཆོག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོངས་སུ་གྲགས་པའི་རྒྱལ་བའི་ཞིང་ཁམས་སུ། བཅོམ་ལྡན་འདས་མགོན་པོ་འོད་དང་སྐུ་ཚེ་དཔག་ཏུ་མེད་པ་སྣང་བ་མཐའ་ཡས་དང༌། བྱང་སེམས་བློ་གྲོས་སྙིང་པོ་ཡབ་སྲས་ཀྱི་ཞབས་དྲུང་དུ། བདག་སོགས་ཚེ་འཕོས་པའི་དེ་མ་ཐག་ཏུ་སྐྱེ་བ་གཞན་གྱི་བར་མ་ཆོད་པར་དེ་རུ་སྐྱེ་བར་ཤོག་ཅིག སངས་རྒྱས་ཀྱི་ཞིང་གཞན་ལས་ཁྱད་པར་དུ་འཕགས་པའི་བདེ་བ་ཅན་གྱི་ཞིང་དེར་སྔོན་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་སྨོན་ལམ་གྱི་སྟོབས་ཀྱིས། བདག་ཅག་སོ་སྐྱེ་རྣམས་ཀྱང་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབ་ན་ཐེ་ཚོམ་མེད་པར་ཞིང་ཁམས་དེ་རུ་སྐྱེ་བར་འགྱུར་ངེས་པ་ཡིན་ཏེ། དེའི་རྒྱུ་མཚན་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་མདོ་ལས། མི་ཕམ་པ་བྱང་ཆུབ་སེམས་དཔའ་ཡོངས་སུ་གྲུབ་པ་བྱེ་བ་ཕྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པས། ཕྱིར་མི་ལྡོག་པར་ཡོངས་སུ་འགྲུབ་ན་དགེ་བའི་རྩ་བ་དེ་བས་ཆེ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་ལྟ་བུའི་སངས་རྒྱས་ཀྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བས་ན། མི་མཇེད་ཀྱི་ཞིང་འདི་ནས་ཀྱང་བྱེ་བ་ཁྲག་ཁྲིག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཀྱི་འགྲོ་བ་རྣམས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དེར་སངས་རྒྱས་ཀྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བས་སྐྱེ་བར་འགྱུར་བ་ཡིན་པ་དེའི་ཕྱིར། བདག་ཅག་གིས་ཀྱང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སྒྲུབ་པ་དང་ནི། སྨོན་ལམ་འདེབས་པར་བྱེད་པ་དང༌། དེ་ལ་ཡིད་ཆེས་པར་བྱས་ཏེ། རྩེ་གཅིག་ཏུ་མོས་པར་བྱའོ། །དེར་ཡང་ཏིང་འཛིན་དགོངས་པ་མཐར་ཕྱིན་ནས། །ཆོས་སྐུ་མངོན་གྱུར་གཞན་སྣང་གདུལ་བྱ་ཡི། །བློ་དངོས་བཞིན་དུ་དགོངས་པ་བསྐང་བ་དང་། །དཔག་མེད་མཛད་པས་འགྲོ་བ་ཀུན་གྲོལ་ཤོག །བདག་སོགས་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ཏེ། ཞིང་ཁམས་དེར་སྐྱེས་མ་ཐག་ཏུ་ཡང་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། རྣམ་པར་དག་པའི་ཤེས་རབ་དང༌། མི་བརྗེད་པའི་གཟུངས་ལ་སོགས་པ་ས་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཏེ། མཐར་ཐུག་དེ་ཁོ་ན་ཉིད་དགོངས་པ་ཇི་ལྟ་བ་བཞིན་མཐར་ཕྱིན་ནས། ཆོས་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་དག་པ་གཉིས་ལྡན་གྱི་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་ནས། དེ་ལས་གཞན་སྣང་གཟུགས་སྐུའི་བཀོད་པ་གདུལ་བྱའི་འགྲོ་བ་རྣམས་ལ་རང་རང་གི་བློ་མོས་ཏེ་བསམ་བློ་དང་མོས་པ་ལ་ཇི་ལྟར་འཚམས་པ་བཞིན་དུ། རྒྱལ་བའི་མཛད་པ་རྒྱ་མཚོ་ལྟ་བུ་ཡོངས་སུ་བསྒྲུབས་ཏེ། རྒྱལ་བ་མགོན་པོ་འོད་དཔག་མེད་པ་ལ་སོགས་པ་སྲས་དང་བཅས་པའི་རྒྱལ་བའི་དགོངས་པ་ཡོངས་སུ་བསྐོང་བ་དང༌། དཔག་ཏུ་མེད་པའི་མཛད་པ་དང་ཕྲིན་ལས་ཀྱི་སྟོབས་ཀྱིས་འགྲོ་བ་སེམས་ཅན་ཀུན་ཡོངས་སུ་གྲོལ་བར་ཤོག་ཅིག རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ཡང་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་བ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་གཙོ་བོ་རྒྱལ་བ་མགོན་པོ་འོད་དཔག་ཏུ་མེད་པ་ལ་འཁོར་བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་གྲངས་མེད་པས་ཡོངས་སུ་བསྐོར་བའི་རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་ཉམས་དགའ་བ་དག་པའི་ཞིང་ཁམས་དེར། ཕ་མ་དང་བཟང་ངན་ལས་ཀྱིས་འབྲེལ་བ་ཐོགས་པའི་གཙོས་སེམས་ཅན་ཐམས་ཅད་རྣམ་པར་དག་ཅིང་མཛེས་ལ་ཡངས་ཤིང་རྒྱ་ཆེ་བའི་པདྨོ་དམ་པ་ལས་བརྫུས་ཏེ་ལེགས་པར་འཁྲུངས་ནས། རྒྱལ་བ་མགོན་པོ་འོད་དཔག་ཏུ་མེད་པ་སྣང་བ་མཐའ་ཡས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ། རིགས་ཀྱི་བུ་ཁྱོད་གནས་འདི་ཞེས་བྱ་བ་དང་བསྐལ་པ་འདི་ལ་དེ་བཞིན་གཤེགས་པ་མིང་འདི་ཞེས་བྱ་བ་དང༌། ཡབ་དང་ཡུམ་རིགས་དང་རུས་འཁོར་འདུས་པ་ལ་སོགས་པ་འདི་དང་འདི་ལྟ་བུར་འགྱུར་རོ་ཞེས་རྫོགས་པའི་སངས་རྒྱས་ཀྱིས། རང་ཉིད་མངོན་པར་བྱང་ཆུབ་སྟེ། སངས་རྒྱས་པའི་དུས་དང་གནས་ལ་སོགས་པ་ལུང་བསྟན་པ་རབ་ཏུ་ཐོབ་ནས་ཇི་སྲིད་གནས་ཀྱི་བར། གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་མང་པོ་བྱེ་བ་ཕྲག་བརྒྱ་སྟོང་དཔག་ཏུ་མེད་པ་ཡོངས་བཀོད་དེ། ཆགས་ཐོགས་མེད་པའི་ཡེ་ཤེས་དང༌། སྙིང་རྗེ་ཆེན་པོའི་བློ་ཡི་སྟོབས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་རབ་འབྱམས་རྣམས་སུ་གནས་པའི་འགྲོ་བ་སེམས་ཅན་རྣམས་ལ། གནས་སྐབས་སུ་ཕན་པ་དང་མངོན་མཐོའི་དཔལ་དང་། མཐར་ཐུག་བདེ་བ་ངེས་ལེགས་བྱང་ཆུབ་མཆོག་ལ་འགོད་པའི་མཛད་པ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་བྱེད་པར་ཤོག་ཅིག སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་བར་ཤོག ། བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །དེ་ལྟར་བདག་ཅག་གིས་ཞིང་ཡོངས་སུ་བཟུང་བར་སྨོན་ལམ་བཏབ་པ་དེ་ལྟ་བུའི་དགེ་བའི་རྩ་བ་འདི་ཉིད་ཀྱིས་ནི། མཐའ་ཡས་པའི་སེམས་ཅན་ཐམས་ཅད་གནས་སྐབས་མངོན་མཐོ་ལྷ་མིའི་བདེ་བ་དང༌། མཐར་ཐུག་རྣམ་གྲོལ་བྱང་ཆུབ་གསུམ་གྱི་ཟག་པ་མེད་པ་གཏན་གྱི་བདེ་བ་དང་ལྡན་པར་གྱུར་ཅིག དམྱལ་བ་ལ་སོགས་པའི་ངན་འགྲོའི་གནས་ཐམས་ཅད་མིང་ཙམ་མེད་པར་རྟག་ཏུ་སྟོངས་ནས། བྱང་ཆུབ་སེམས་དཔའ་གང་དག་ས་དང་པོ་ལ་སོགས་པ་ལ་བཞུགས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ན་ཇི་སྙེད་བཞུགས་པ་དེ་དག་ཀུན་གྱིས་གཞན་སེམས་ཅན་རྣམས་ཀྱི་དོན་དུ་སྨོན་ལམ་གང་བཏབ་པ་དེ་དག་ཐམས་ཅད་ཀུན་ཀྱང་གེགས་མེད་པར་མྱུར་དུ་འགྲུབ་པར་ཤོག་ཅིག སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །རྫོགས་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། དེ་ཡང་རང་དོན་མཐར་ཕྱིན་པའི་ཆོས་སྐུ་དང༌། གཞན་དོན་མཐར་ཕྱིན་པའི་གཟུགས་སྐུ་རྣམ་གཉིས་ཏེ། དེ་ལྟ་བུའི་རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ཡོངས་སུ་བརྙེས་པའི་བྱིན་རླབས་དང༌། དབྱིངས་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་འགྱུར་བ་མེད་པའི་བདེན་པའི་བྱིན་རླབས་དང༌། དགེ་འདུན་མི་ཕྱེད་འདུན་པ་སྟེ། རྒྱལ་སྲས་འཕགས་པ་ས་ཆེན་པོ་ལ་གནས་པའི་དགེ་འདུན་རྣམས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་རྟོགས་པའི་ཡོན་ཏན་དེ་ནི། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་དེ་ལས་ཐ་དད་དུ་འབྱེད་མི་ནུས་པའི་བྱིན་རླབས་ཏེ། དེ་ལྟ་བུའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བྱིན་རླབས་དང་ནུས་པའི་སྟོབས་ཀྱིས། བདག་གིས་བླ་མེད་བྱང་ཆུབ་མཆོག་གི་རྒྱུར་ཡོངས་སུ་བསྔོས་ཤིང་སེམས་ཅན་ཐམས་ཅད་ཞིང་མཆོག་བདེ་བ་ཅན་དུ་སྐྱེས་ནས་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་སྨོན་ལམ་ཇི་ལྟར་བཏབ་པ་ཐམས་ཅད་ཡོངས་སུ་འགྲུབ་པར་གྱུར་ཅིག ཀུན་གཟིགས་མཁན་ཆེན་བླ་མས་རྒྱལ་བ་ཕུག་ཁང་དགོན་གྱི་ཞིང་སྦྱངས་ལ་ཉེར་མཁོའི་ཆེད་དུ་ལྗགས་ཁྲིད་གནང་བ་ཕྱིས་སུ་གསུང་ཟིན་དུ་ཕབ་པ་ལགས།

༈ འོད་མཚན་སྟོང་འབར་རྒྱལ་བའི་བྱིན་རླབས་ཀྱིས། །བདག་སོགས་ལྟོས་བཅས་འབྲེལ་ཐོགས་ཡིད་ཅན་ཀུན། །ཚེ་འདིའི་སྣང་བ་ནུབ་པའི་དུས་བྱུང་ཚེ། །བདེ་ཅན་དག་པའི་ཞིང་དེར་སྐྱེ་བར་ཤོག །ཅེས་པའང་རྒན་བུ་དགེ་ལེགས་ཆོས་འཕེལ་ནས་སྨོན་པ་དགེའོ།། །།

ཚོགས་གླུ་སྔོན་གནས་རྗེས་དྲན་གྱི་ཚུལ་བརྡའ་ཙམ་བསྟན་པ་མཁའ་སྤྱོད་མངོན་དགའི་ཟིན་ཐོ།

དེ་ལ་ཚོགས་གླུ་འདི་ཉིད་དཔལ་དགེ་རིན་པོ་ཆེ་རང་ཉིད་མཁའ་སྤྱོད་རིག་འཛིན་གྱི་ཞིང་གི་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དེ་ཉིད་དུ་བཞུགས་པའི་སྐབས་ཀྱི་རྟོགས་པ་བརྗོད་པ་སྟེ། མཁའ་སྤྱོད་མངོན་དགའི་ཕོ་བྲང་སྐུ་གསུམ་གྱི་དཀྱིལ་འཁོར། །དྲི་མེད་ཆོས་སྐུའི་བླ་མ་སྟོང་གཟུགས་སུ་མ་བཞུགས། །འཇིགས་མེད་མཁྱེན་གཉིས་སྒྱུ་མའི་ཕྱག་རྒྱ་རུ་བཞེངས་ནས། །འཇའ་སྤྲིན་མེ་ཏོག་ཐིག་ལེའི་བྱིན་འོད་ཅིག་ཕོབ་ཤོག །དེ་ཡང་མཁའ་སྤྱོད་མངོན་དགའི་ཕོ་བྲང་དེ་ནི་རྒྱལ་བ་སྐུ་གསུམ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཡིན་ལ། དྲི་མེད་ཆོས་སྐུའི་བླ་མ་གང་ཡིན་པ་དེ་ཉིད་ཀྱང་གཡོ་མེད་སྟོང་བ་ཉིད་ཀྱི་ངང་དུ་མ་བཞུགས་པར་འཇིགས་པ་མེད་པའི་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་ཉིད་སྒྱུ་མའི་ཕྱག་རྒྱ་རུ་སྟེ། མཚན་དཔེ་བཞིན་ལག་གི་རྣམ་པ་འདུལ་བྱའི་དོན་དུ་བཞེངས་ནས་འཇའ་སྤྲིན་མེ་ཏོག་ཐིག་ལེའི་བྱིན་རླབས་ཀྱི་འོད་སྣང་ཞིག་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་ཕོབ་ཤོག་ཅེས་ཐུགས་རྒྱུད་སྐུལ་བར་མཛད་ནི་རེད། བར་སྣང་འོད་དཀར་ཐིག་ལེ་ཟླུམ་འཁྱིལ་གྱི་གདན་ལ། །འབུམ་ཕྲག་རིག་འཛིན་མཁའ་འགྲོ་གར་ཐབས་ཀྱིས་བཞུགས་དང་། །རོ་མཆོག་དངོས་བཤམ་མཆོད་པ་ལོངས་སྤྱོད་ཀྱི་སྐལ་བ། །སྙན་འགྱུར་མགྲིན་པའི་རྫ་རྔ་གཞོན་པ་ངས་བརྡུང་ངོ་། །དེ་ཡང་བར་སྣང་འོད་དཀར་ཏེ་ཟླ་བའི་ཐིག་ལེ་ཟླུམ་འཁྱིལ་གྱི་གདན་ལ་འབུམ་ཕྲག་རིག་འཛིན་དཔའ་བོ་མཁའ་འགྲོ་རྣམས། བདག་ཅག་གི་བདེ་ཆེན་འཁོར་ལོའི་རྒྱན་དུ་གར་སྟབས་ཀྱིས་བཞུགས་དང་། རོ་མཆོག་དངོས་བཤམ་གྱི་མཆོད་པ་ལོངས་སྤྱོད་ཀྱི་སྐལ་བ་རུ་མཆོད་པའི་སྤྲིན་སྙན་འགྱུར་མགྲིན་པའི་རྫ་རྔ་བཞོན་པ་ངས་བརྡུང་ངོ་། །ཞེས་གསུངས། ཟང་ཐལ་གྲུབ་བརྒྱའི་གཤེགས་ཤུལ་བློ་བྲལ་གྱི་ཕོ་བྲང་། །སྒོམ་མེད་གཟིམས་ལ་ཡུར་བའི་རིག་འཛིན་གྱི་ཞབས་དྲུང་། །བྱང་སེམས་མཆེད་ཀྱིས་སྐོར་བའི་ཚུལ་མཐོང་དེ་སྐྱིད་དོ། །མིག་ཡངས་མཁའ་ལ་བརྩེན་པའི་གླུ་གར་དེ་དྲན་ནོ། །ཞེས་ཟང་ཐལ་གྲུབ་བརྒྱའི་གཤེགས་ཤུལ་བློ་བྲལ་གྱི་ཕོ་བྲང་སྒོམ་མེད་གཟིམས་ལ་ཡུར་བའི་རིག་འཛིན་གྱི་ཞབས་དྲུང་ཞེས་པ་འདི་མི་འགྱུར་ནམ་མཁའི་རྡོ་རྗེའི་སྐུ་དྲུང་ཡིན་ནི་རེད་གསུངས་ཨེ་ཐལ་བསམ་ཡང་ནོར་སོང་ཨེ་ཡོད་མི་ཤེས། སྒོམ་མེད་གཟིམས་ལ་ཡུར་བའི་རིག་འཛིན་གྱི་ཞབས་དྲུང་དུ་བྱང་སེམས་མཆེད་ཀྱིས་བསྐོར་བའི་ད་ལྟའི་ཚུར་མཐོང་གི་སྣང་བ་དེ་སྐྱིད་དོ། །མིག་ཡངས་མཁའ་ལ་བརྩེན་པའི་ཞེས་མཁའ་སྤྱོད་ཀྱི་གནས་སུ་རྩེད་གྲོགས་སུ་གྱུར་བའི་ཡེ་ཤེས་ཀྱི་ཌཱ་ཀི་རྣམས་མཁའ་ལ་བརྩེན་པའི་གླུ་གར་འདི་ཡང་དྲན་ནོ་ཞེས་དང་། གཞོན་ཆུང་དྷུ་མ་ཐ་ལའི་ཚོགས་གྲལ་དུ་ཚོགས་དུས། །ཐོར་ཚུགས་མུ་ཏིག་དཀར་པོའི་ཟླ་ཚེས་ཤིག་ཡོད་དེ། །མཚུངས་མེད་དྲིན་ཆེན་བླ་མའི་ཞབས་འབྲིང་དུ་འོང་དུས། །ཨ་མ་བདེ་གསལ་ལྷ་མོའི་སྐ་རགས་ལ་བཏགས་ཡོད། །ཅེས་པ་ནི་དཔལ་དགེ་ཚང་ཁོང་ཨོ་རྒྱན་དྷུ་མ་ཐ་ལའི་མཁའ་འགྲོའི་ཚོགས་གྲྭལ་ན་བཞུགས་ཡོད་དུས་ཐོར་ཚུགས་ན་མུ་ཏིག་དཀར་པོའི་ཟླ་ཚེས་དང་རུས་པའི་རྒྱན་དྲུག་སྟག་ལྤགས་ཀྱི་ཤམ་ཐབས་ལ་སོགས་པ་དཔའ་བོའི་ཆས་རྣམས་ཡོད་དེ། འཇིག་རྟེན་མི་མཇེད་ཀྱི་ཁམས་འདིར་མཚུངས་མེད་དྲིན་ཆེན་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞབས་འབྲིང་ལ་འོང་བའི་དུས་ན། ཨ་མ་བདེ་གསལ་ལྷ་མོའི་སྐ་རགས་ལ་བཏགས་ཡོད་ཅེས་པ་འདི་ཧོར་ཤུལ་བན་ཤེར་གྱི་འགྲེལ་བ་ན་ཆོས་ཀྱི་དབྱིངས་སུ་སྦས་བཏང་བའི་དོན་ཡིན་པར་གསུངས་ཡོད་ནི་རེད་ཟེར་དར་བས། དེ་ལྟར་ན་རེ་ཞིག་བདེ་སྟོང་གི་དབྱིངས་སུ་སྦས་ཏེ་མི་མངོན་པར་བྱས་ཡོད་ཅེས་པའི་དོན་ནོ། །ལྟོ་སྟོང་རུས་པའི་འཁོར་ལོ་ཟླུམ་པོ་ཞིག་ཡོད་ན། །དཔའ་བོའི་ལྕང་ལོ་མི་བྲེག་ཟུར་ཕུད་དེ་འཆང་སྟེ། །རྒྱན་མེད་རལ་རྫིང་འཐུག་པོའི་འཕྱང་སྡེབ་དེས་སུན་ནས། །སོར་གསུམ་གཙུག་སྐྲའི་མཆོད་པ་མཁན་སློབ་ལ་ཕུལ་བཏང་། །དེ་ཡང་ལྟོ་སྟོང་རུས་པའི་འཁོར་ལོ་ཟླུམ་པོ་ཞེས་པ། སྤྱི་བོའི་རྩ་འཁོར་བཅུ་དྲུག་མཚོན་པའི་རུས་པའི་དྲྭ་མིག་བཅུ་དྲུག མགྲིན་པའི་རྩ་འདབ་སོ་གཉིས་མཚོན་པའི་རུས་པའི་དྲྭ་མིག་གི་འཁོར་ལོ་འདབ་སོ་གཉིས་ཅན་སོགས་རུས་པའི་རྒྱན་དྲུག་བརྩི་ཚུལ་ཡོད་པ་ལྟར་སྤྱི་བོའི་རྒྱན་དུ་གྱུར་བའི་འཁོར་ལོ་ཟླུམ་པོ་དེ་ཡོད་ན། ཁོང་གིས་ཀྱང་ད་ལྟ་དཔའ་བོའི་ལྕང་ལོ་མི་བྲེག་པར་རལ་བའི་ཟུར་ཕུད་དེ་འཆང་བཏང་ན་ཆོག་མོད། དེ་ལྟ་ནའང་། གོང་དུ་བཤད་པ་ལྟར་མུ་ཏིག་དཀར་པོའི་ཐོར་ཚུགས་ཀྱི་ཟླ་ཚེས་དང་། གཞན་ཡང་རུས་པའི་འཁོར་ལོ་སོགས་དབྱིངས་སུ་སྦས་ཏེ་འདིར་མེད་པས་ན། རྒྱན་མེད་རལ་རྫིང་འཐུག་པོའི་འཕྱང་སྡེབ་དེས་སུན་ནས། ད་ལྟ་འདིར་ནི་སོར་གསུམ་གཙུག་སྐྲའི་མཆོད་པ་མཁན་སློབ་ལ་ཕུལ་བཏང་ཞེས་པའོ། །མཐིང་འོད་ཤུགས་འཆང་ལྷ་མོས་སྐྱོ་གྲོགས་ཤིག་མཛད་ན། །ཡིད་འོང་རྡོ་རྗེའི་གླུ་སྒྲ་མཁའ་ལམ་ནས་སྒྱུར་དང་། །གཉིས་མཉམ་རེག་བྱའི་སྟོན་མོ་ཡིད་ཡུལ་ན་མེད་ཀྱིས། །ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་བླ་གོས་ལ་མ་རེག །ཅེས་གོང་བཤད་ལྟར་ཁོང་གི་དཔའ་བོའི་རྒྱན་ཆས་རྣམས་ཨོ་རྒྱན་དྷུ་མ་ཐ་ལའི་ཨ་མ་བདེ་གསལ་ལྷ་མོའི་སྐ་རགས་ལ་བཏགས་ཏེ་སྦས་པར་མཛད་པས། རྒྱན་མེད་ཀྱི་དབུ་སྐྲ་འཕྱང་སྡེབ་དེས་སུན་ནས་སོར་གསུམ་གཙུག་སྐྲའི་མཆོད་པ་མཁན་སློབ་ལ་ཕུལ་བཏང་བ་ཡིན་པ་དེས་ན། ད་ལྟ་སྐྱོ་གླུས་བསྐུལ་བའི་སྐབས་ན། མཐིང་འོད་ཤུགས་འཆང་ལྷ་མོ་ནི་དབྱངས་ཅན་མ་རེད་ཅེས་གསུངས་ཁི། མཐིང་འོད་ཤུགས་འཆང་ལྷ་མོ་ཁྱོད་ཀྱིས་སྐྱོ་གྲོགས་ཤིག་མཛད་ན་ནི། ཡིད་འོང་རྡོ་རྗེའི་གླུ་སྒྲ་མཁའ་ལམ་ནས་བསྒྱུར་བ་དེ་ཙམ་མ་གཏོགས་པར། སྔར་གཉིས་སྦྱོར་མཉམ་པ་ཆེན་པོ་བྱེད་པའི་དེ་འདྲའི་གཉིས་མཉམ་རེག་བྱའི་སྟོན་མོ་ཡབ་ཡུམ་ཁ་སྦྱོར་གྱི་ཚུལ་ཅན་དེ་ལྟ་བུ་ནི་ཡིད་ཡུལ་ན་མེད་ཀྱི། ད་ལྟ་ཚངས་པར་སྤྱོད་པའི་རྟགས་བླངས་པ་ཡིན་པས། ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་བླ་གོས་ལ་ནི་མཐིང་འོད་ཤུགས་འཆང་ལྷ་མོ་ཁྱོད་ཀྱིས་ཀྱང་མ་རེག་པར་སྐྱོ་གྲོགས་མཛད་ན་ནམ་མཁའ་ནས་གར་ཐབས་ཤིག་སྒྱུར་ཅིག་ཅེས་པའོ། །འཛུམ་དྲུག་སྟག་ཤམ་ཐིག་ལེ་སྤངས་པའང་མིན་ཏེ། །ཚུལ་མཐོང་མཐང་གོས་ཟླུམ་པོའི་སྣམ་ཕྲན་དེ་འགྲིགས་ནས། །ཡིད་འོང་འཛུམ་དཀར་ལྷ་མོའི་བཀའ་བཀྱོན་ལ་མ་བསམ། །ལྕུག་ཕྲན་སྣལ་མ་སེར་པོའི་སྐ་རགས་ཀྱང་བཅིང་བཏང་། །འོ་ན་དཔའ་བོའི་ཚོགས་གྲལ་དུ་གཏན་དུ་མི་གནས་པའམ་དཔའ་བོའི་རྒྱན་ཆས་རྣམས་གཏན་དུ་མི་གསོལ་བ་ཨེ་ཡིན་སྙམ་ན། དེ་ཡང་མ་ཡིན་ཏེ་འཛུམ་དྲུག་སྟག་ཤམ་ཐིག་ལེ་གཏན་དུ་སྤང་པའང་མིན་ཀྱང་། ད་ལྟ་འཇིག་རྟེན་གྱི་ཁམས་འདིར་མཚུངས་མེད་དྲིན་ཆེན་བླ་མའི་ཞབས་འབྲིང་དུ་འོང་བའི་སྐབས་སུ། ཚུལ་མཐོང་གི་སྣང་བ་ལ་མཐང་གོས་ཟླུམ་པོའི་སྣམ་ཕྲན་ཀྱི་ཚུལ་དེ་ལེགས་པར་འགྲིགས་པས་ན། དེ་བསྒྲིགས་པར་བྱས་ཏེ་ཡིད་འོང་འཛུམ་དཀར་ལྷ་མོ་དབྱངས་ཅན་མ་ཁྱོད་ཀྱི་བཀའ་བཀྱོན་འོང་བ་ལ་མ་འཛེམ་པར་ཟླུམ་པོའི་མཐང་གོས་བསྣམས་པར་བྱས་ཏེ་ལྕུག་ཕྲན་སྣལ་མ་སེར་པོའི་སྐ་རགས་ཀྱང་བཅིང་བ་མཛད་བཏང་ཞེས་པའོ། །དབང་ཕྱུག་དྲིན་ཆེན་བླ་མ་གདན་འདྲེན་ལ་འབྱོན་ན། །གཞོན་ནུའི་གཡེར་ཁ་དྲྭ་བའི་འཕྱང་འཕྲུལ་དེ་མ་སྐྱུར། །ཕུ་བོ་མཐའ་རུ་སྟོར་བའི་སྣང་ཤས་འདིས་སྐྱོ་ནས། །མི་འགྱང་ཛ་ལནྡྷ་རར་འོང་མོས་ཤིག་འདུག་གོ །ཞེས་དཀྱིལ་འཁོར་ཐམས་ཅད་ཀྱི་དབང་ཕྱུག་དྲིན་ཆེན་བླ་མ་ཨོ་རྒྱན་དྷུ་མ་ཐ་ལའི་ཚོགས་དཔོན་དུ་གདན་འདྲེན་པ་ལ་ཁྱེད་དཔའ་བོ་མཁའ་འགྲོ་རྣམས་འབྱོན་པར་ཆས་པ་ན་ཞེས་པ་རྒྱལ་བའི་མྱུ་གུ་ཚང་གསུངས་ཨེ་ཐལ་བསམ། ཡང་ན་རྒྱལ་སྲས་གཞན་ཕན་མཐའ་ཡས་དེ་གཉིས་གཅིག་ཡིན་ཐལ། དེ་ཉིད་ཡུན་རིང་མི་བཞུགས་པར་སྐུ་འདའ་འགྲོ་བ་ལ་དགོངས་ཏེ་གསུངས་ནི་རེད་ཅེས་གསུངས་བས། དེ་ལྟར་ན་དྲིན་ཆེན་བླ་མ་གདན་འདྲེན་ལ་འབྱོན་ན་ནི་ཁོང་གི་དཔའ་བོའི་རྒྱན་ཆས་གཞོན་ནུའི་གཡེར་ཁ་དྲྭ་བའི་འཕྱང་འཕྲུལ་དེ་ཡང་མ་སྐྱུར། ཕུ་བོ་མཐའ་རུ་སྟོར་བའི་སྣང་ཤས་འདིས་སྐྱོ་ནས་ནི་ཡུན་རིང་པོར་མི་འགྱང་བར་ཛ་ལནྡྷ་རར་འོང་མོས་ཤིག་འདུག་གོ་ཞེས་པའོ། །རྟོག་མེད་རོ་ལ་ཞོན་ནས་བརྟུལ་ཞུགས་ཀྱིས་རྒྱུ་བའི། །དྲན་མེད་ནམ་མཁའི་རྣལ་འབྱོར་དེ་འདྲ་ཞིག་བསམ་སྟེ། །རོ་མཐོང་ཤི་བའི་བཞོན་པ་རློམ་སེམས་ཀྱིས་ལེན་པའི། །ལས་ངན་ཟོག་པོའི་གྲལ་དུ་ལྷུང་ལ་ཁད་བྱུང་ངོ་། །དེ་ཡང་སྔོན་གྱི་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་མཛད་སྤྱོད་ལྟར་རོ་སྙོམས་བརྟུལ་ཞུགས་ཀྱི་སྤྱོད་པ་དེ་ལྟ་བུའི་རྟོག་མེད་རོ་ལ་ཞོན་པའི་བརྟུལ་ཞུགས་ཀྱིས་རྒྱུ་བའི་དྲན་མེད་ནམ་མཁའི་རྣལ་འབྱོར་དཔལ་ས་ར་ཧ་པ་ལ་སོགས་པ་དེ་འདྲ་ཞིག་ཁོང་གིས་ཀྱང་བསམས་ན་ཡང་། དེ་ལྟ་ནའང་རོ་མཐོང་ཤི་བའི་བཞོན་པ་རློམ་སེམས་ཀྱིས་ལེན་པའི་ཞེས་རོ་མཐོང་བའི་སྔ་སོར་འཕོ་བ་འདེབས་པའི་ཟོབ་ཀྱིས་ཤི་བ་པོ་དེ་དག་གི་བཞོན་པ་སྟེ་འཕོ་རྟ་ལེན་པའི་རློམ་སེམས་ཀྱིས་ལས་ངན་ཟོག་པོའི་གྲལ་དུ་ལྷུང་ལ་ཁད་ཅིག་བྱུང་ངོ་ཞེས་དང་། ཐེག་གསུམ་སྐྱ་བ་འཛིན་པའི་གྲུ་གཟིངས་ཤིག་བཅས་ནས། །མ་རྒན་ནོར་བུའི་གླིང་དུ་ཁྲིད་སྣང་ཞིག་ཤར་ཏེ། །ཕ་རྒན་མདའ་རྒྱག་རྒྱལ་པོའི་བརྟུལ་ཞུགས་དེ་མིན་ན། །གཞོན་ནུ་བུ་ཆུང་ཙམ་ནས་ཆུ་རླབས་ཀྱིས་ཕྱགས་སོང་། །ཞེས་པ་ནི་རང་ལུགས་ཀྱི་གྲུབ་མཐའ་བཟུང་སྟེ། གྲུབ་མཐའ་གཞན་ལ་དགག་བཞག་ཚད་དང་ལྡན་པ་ཞིག་གི་སྒོ་ནས་གྲུབ་མཐའི་ཁ་འཛིན་བྱེད་པར་བཞེད་པ་ལ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས། ཁྱོད་གདན་ས་གསུམ་ལ་སོགས་པའི་དགེ་འདུན་རྣམས་ཀྱིས་སྨོན་གནས་སུ་མི་བྱེད་པར། ཐམས་ཅད་ཀྱིས་གཤེ་བའི་གནས་སུ་བྱེད་དམ་ཞེས་གསུངས་པས། དེ་ལྟར་མ་མཛད་པར་གྲུབ་མཐའ་རིས་མེད་བསྐྱངས་བར་མཛད་པ་ཡིན་པས་དེ་ལ་དགོངས་ནི་རེད་ཅེས་གསུངས་པ་ཞིག་ཀྱང་ཨེ་ཡོད་སྙམ། ཐེག་གསུམ་སྐྱ་བ་འཛིན་པའི་གྲུ་གཟིངས་ཤིག་བཅས་ནས་ཞེས་ཐེག་པ་གསུམ་ཀྱི་རང་རང་གི་གཞུང་ལུགས་ཇི་བཞིན་དུ་འཆད་པའི་གྲུ་གཟིངས་བཅས་ཏེ། དེས་སྒོ་ནས་མ་རྒན་ནོར་བུའི་གླིང་དུ་ཁྲིད་སྣང་ཞིག་ཤར་ཡང་། ཕ་རྒན་མདའ་རྒྱག་རྒྱལ་པོའི་བརྟུལ་ཞུགས་དེ་མིན་ན་གཞོན་ནུ་བུ་ཆུང་ཙམ་ནས་གྲུབ་མཐའི་ཆུ་རླབས་ཆགས་སྡང་གིས་ཕྱགས་ལ་ཁད་དུ་སོང་ངོ་ཞེས་པའོ། །བུ་སྐྱེས་ལང་ཚོ་མ་སྨིན་གོམ་འགྲོས་ཀྱང་འཁྱོར་ལེ། །བསླབ་བསླབ་སྨྲ་ལྕེ་བདེ་ཡང་སེམས་ཤེད་ནི་མ་རྫོགས། །བསྡུ་བཞིའི་ཁྱིམ་སོ་ཟིན་པ་ད་དུང་ནི་མེད་ཀྱིས། །ཁྱེའུ་ཆུང་སྣང་བ་དམ་པ་རྩེ་གྲོགས་ལ་ཕེབས་ཤོག །ཅེས་ཁོང་དམ་པ་གོང་མ་རྒྱལ་དང་རྒྱལ་བའི་སྲས་ཀྱི་རྗེས་སུ་སྐྱེས་པ་ཡིན་ནའང་། ད་དུང་བྱང་ཆུབ་སེམས་ཀྱི་ལུས་སྟོབས་ཀྱི་ལང་ཚོ་མ་སྨིན་པས་ན་གོམ་འགྲོས་ཀྱང་འཁྱོར་ལེ། བསླབ་བསླབ་སྨྲ་ལྕེ་བདེ་ཡང་གཞན་དོན་ཁུར་དུ་ཁྱེར་བའི་སེམས་ཤེད་ནི་མ་རྫོགས། དེས་ན་གཞན་དོན་རླབས་པོ་ཆེ་སྒྲུབ་པའི་བསྡུ་བཞིའི་ཁྱིམ་སོ་ཟིན་པ་ཞིག་ད་དུང་ཆེར་མེད་ཀྱི། ཁྱེའུ་ཆུང་སྣང་བ་དམ་པ་འཇམ་པའི་དབྱངས་ཉིད་རྩེ་གྲོགས་ལ་ཕེབས་ཤོག་ཅེས་སོ། །བརྟུལ་ཞུགས་ལྟོ་ཤ་རྒྱག་པའི་ལུས་དབང་ཞིག་ཐོབ་ན། །མེས་པོའི་ཚངས་སྐུད་རལ་བའི་དོ་ཤལ་དེ་དཀྲིགས་ནས། །ཚངས་ཆེན་ཤི་བའི་རོ་ལ་གྲོང་འཇུག་ཅིག་སྙམ་སྟེ། །གཞོན་ནུའི་ཚུལ་ལ་བསམ་ན་ཡིད་སྨོན་ལས་མི་འདུག །བརྟུལ་ཞུགས་ལྟོ་ཤ་རྒྱག་པའི་ལུས་དབང་ཞིག་ཐོབ་ན་ཞེས་པ་རོ་སྙོམས་བརྟུལ་ཞུགས་ཀྱི་སྤྱོད་པ་ལམ་དུ་བསླངས་ཏེ་དེས་སྒོ་ནས་གཉིས་འཛིན་ཀྱི་ཞེན་རྟོག་མཐའ་དག་འབྱིན་ནུས་པ་དེ་ལྟ་བུ་ཞིག་ཡོད་ན་ནི། མེས་པོའི་ཚངས་སྐུད་རལ་བའི་ཞེས་པ་མེས་པོ་ནི་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ལ་གོ་ནི་ཡིན་དུས། དཔེར་ན་བྲམ་ཟེ་རྣམས་ཀྱི་མེས་པོ་ཚངས་པ་ཡིན་པས། ཚངས་པའི་རྗེས་སུ་འབྲངས་བའི་སྒོ་ནས་ཚངས་སྐུད་ལུས་ལ་དཀྲི་བར་བྱེད་པ་བཞིན་དུ། མེས་པོ་གྲུབ་པའི་དབང་ཕྱུག་རིག་འཛིན་ཤྲཱི་དྷ་ལ་སོགས་པ་དང་། ཚངས་སྐུད་རལ་བའི་དོ་ཤལ་ནི་དེ་དག་གི་རྟགས་སམ་ཆས་དེ་དཀྲིགས་ནས། ཚངས་ཆེན་ཤི་བའི་ལུས་ལ་གྲོང་འཇུག་ཅིག་བསམ་ཀྱང་ཞེས་སྔོན་གྱི་གྲུབ་པའི་དབང་ཕྱུག་དེ་དག་དང་ཚུལ་མཚུངས་པ་ཞིག་མཛད་བསམ་ཀྱང་ད་དུང་རྟོགས་པའི་ལུས་ཤེད་མ་རྒྱས་པས་གཞོན་ནུའི་ཚུལ་ལ་བསམ་ན་ཡིད་སྨོན་ལས་མི་འདུག་ཅེས་པའོ། །ཀུན་མཉམ་ཟླུམ་པོའི་མལ་ནས་བཞད་གད་ཅིག་བྱུང་ཡང་། །ལས་ངན་ཨ་མས་བསྣུན་པའི་ཁ་འོ་དེ་ཙ་རེ། །གདུང་གླུས་ལག་པ་གཡོ་བའི་བསམ་བློ་ཞིག་ཡོད་ཀྱི། །ཐུགས་རྗེའི་ཕྱག་ཡངས་རྐྱོངས་ཤོག་བརྒྱུད་གསུམ་གྱི་བླ་མ། །ཞེས་ཀུན་ནས་མཉམ་པ་ཆོས་ཉིད་ཀྱི་དོན་ཨེ་མི་ཡིན། མཉམ་པ་ཆེན་པོ་ཆོས་ཉིད་ཀྱི་དོན་ལ་སེམས་པའི་མལ་ནས་ཆོས་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་རྟོགས་པས་ན་འཁོར་བར་གནས་ན་ཡང་ཧ་ཅང་ཅི་སྐྱོ་སྙམ་པའི་བཞད་གད་ཅིག་བྱུང་ཡང་། ལས་ངན་ཨ་མས་བསྣུན་པའི་ཁ་འོ་དེ་ཙ་རེ་ཞེས་པ་སྔོན་གྱི་ལས་ཀྱིས་འཕང་བའི་ཚུལ་དེ་ལ་གནས་ཤིང་། དེ་འདྲའི་སྒོ་ནས་མལ་ན་གདུང་བའི་ལག་པ་གཡོ་བའི་བསམ་བློ་ཞིག་ད་ལྟ་རང་ལ་ཡོད་ཀྱི་ནི། རང་གི་གདུང་བའི་ལག་པ་གཡོ་བའི་དད་མོས་ཀྱིས་འདུན་པ་བྱེད་ན་དབྱིངས་ནས་ཐུགས་རྗེའི་ཕྱག་ཡངས་ཀྱིས་དྲོངས་བར་གྱིས་ཤིག་བརྒྱུད་གསུམ་གྱི་བླ་མ་ཞེས་དང་། སྔོན་བཞུགས་དུར་ཁྲོད་གནས་ནས་གདན་འདྲེན་གྱི་གླིང་བུས། །ལྟ་སྒོམ་གཤོག་ཡངས་འགེབ་པའི་རྒོད་པོ་འདི་མ་འབོད། །བག་ཡངས་ཉམས་རྟོགས་སྐྱོང་བའི་བྲག་ཚང་འདི་སྟོང་ན། །ཤེས་མེད་འཐུམ་པོར་ཉལ་བའི་སྒོང་རློན་ངས་ཅི་བྱེད། །སྔོན་བཞུགས་དུར་ཁྲོད་གནས་ནས་གདན་འདྲེན་གྱི་གླིང་བུས་ལྟ་སྒོམ་གཤོག་ཡངས་འགེབས་པའི་རྒོད་པོ་འདི་མ་འབོད་ཅེས། ཁྱེད་དཔའ་བོ་དང་མཁའ་འགྲོ་རྣམས་ཀྱིས་བདག་གི་བླ་མ་མཁའ་སྤྱོད་རིག་འཛིན་གྱི་ཚོགས་དཔོན་དུ་གདན་འདྲེན་པར་མ་བྱེད་མ་གཏོགས། ལྟ་སྒོམ་གཤོག་ཡངས་འགེབ་པའི་རྒོད་པོ་འདི་འབོད་ན་ནི། ང་ད་དུང་ཤེས་མེད་འཐུམ་པོར་ཉལ་བའི་སྒོང་རློན་དང་འདྲ་བས་ན། བག་ཡངས་ཉམས་རྟོགས་སྐྱོང་བའི་བྲག་ཚང་འདི་སྟོང་སྟེ་ལྟ་སྒོམ་གཤོག་ཡངས་འགེབ་པའི་རྒོད་པོ་དེ་ཡང་ཁྱེད་རྣམས་ཀྱིས་གདན་འདྲེན་པར་བྱས་སོང་ན་ཤེས་མེད་འཐུམ་པོར་ཉལ་བའི་སྒོང་རློན་ངས་ཅི་བྱེད་དེ་སྨིན་པའི་དུས་དཀའ་འོ་ཞེས་པའི་དོན་ནོ། །བུ་ཆུང་སྣང་ཤས་སྐྱོ་བའི་སྐྱོ་གླུ་ཞིག་ཡོད་དེ། །དགའ་སྟོན་ཚོགས་གླུ་ལེན་ཕྱིར་དེ་རིང་ནི་མི་ཟེར། །ཀྱི་ཧུད་ཤུགས་ཀྱིས་ཤོར་ནས་སྙན་རྒྱུ་ཞིག་མེད་པས། །འབྱུང་འགྱུར་ལེགས་སྨོན་ཞུ་ན་མཐུན་འགྱུར་དེ་གནོངས་ཤོག །བུ་ཆུང་སྣང་ཤས་སྐྱོ་བ་ཞེས་པ་རྩ་བའི་བླ་མ་ཡུན་རིང་པོར་མི་བཞུགས་པར་རིག་འཛིན་གྱི་ཚོགས་དཔོན་དུ་ཕེབ་པ་ལ་ཉེ་བས་ན་སྐྱོ་གླུ་ཞིག་ཡོད་དེ། ད་ལྟ་དགའ་སྟོན་ཚོགས་གླུ་ལེན་ཕྱིར་དེ་རིང་ནི་མི་ཟེར། ཀྱི་ཧུད་ཤུགས་ཀྱིས་ཤོར་ནས་སྙན་རྒྱུ་ཞིག་མེད་པས། འབྱུང་འགྱུར་ལེགས་ཚོགས་ཐམས་ཅད་འགྲུབ་པ་ཞིག་ཞུ་ན་མཐུན་འགྱུར་དེ་བཞིན་དུ་གནོངས་ཤོག་ཅེས་དང་། སྐྱིད་པོ་ལྷ་ཡུལ་གྲགས་མོད་མེ་ཏོག་གི་དོ་ར། །བརྒྱུད་གསུམ་གླིང་གཞིའི་འབྱུང་བ་གསང་འཛིན་གྱི་ཕོ་བྲང་། །དགེ་བཅུའི་ཐེམ་སྐས་གཙུག་ན་ཐག་རིང་ཞིག་མ་རེད། །ལམ་མཁན་དེད་དཔོན་གསུང་གི་བསུ་མ་ཞིག་ཕེབས་འོང་། །ཡང་སྐྱིད་པོ་དེ་ལྷ་ཡུལ་ཡིན་ནི་རེད་ཅེས་གྲགས་མོད་ཀྱི་རྡ། དེ་ན་སླེབ་སོང་ན་མེ་ཏོག་གི་དོ་ར་ཞིག་ཕན་ན་ཅི་ག་ཡོད་ནི་མ་རེད། དེ་བས་ཀྱང་བརྒྱུད་པ་གསུམ་གྱི་གླིང་གཞི་དེ་གང་ནས་འབྱུང་ན་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ་རེད་ནི། དེ་ལ་ཡང་དགེ་བ་བཅུ་སྒྲུབ་པ་ལྟ་བུའི་ཡང་དག་པའི་ལམ་གྱི་སྐས་བཙུགས་ན་ནི་ཐག་རིང་ཞིག་མ་རེད། དེས་ན་དེ་ཉིད་ཀྱང་ཚུལ་གང་ལ་བསྟེན་དགོས་ན་ལམ་མཁན་དེད་དཔོན་བླ་མའི་གསུང་གི་ཚུལ་ལ་བསྟེན་ན་ཐག་རིང་མིན་པར་སླེབ་ནུས་པ་ཡིན་པས། ལམ་མཁན་དེད་དཔོན་བླ་མའི་གསུང་གི་བསུ་མ་ཞིག་ཕེབས་འོང་ཞེས་པའོ། །མཐོན་པོ་མཁའ་སྤྱོད་ལགས་མོད་རིག་འཛིན་གྱི་ཚོགས་གྲལ། །དམ་ཚིག་གཤོག་ཟུང་རྒྱས་ལ་རིང་རྒྱུ་ཞིག་མ་རེད། །བསྲུང་སྡོམ་མི་ཚེར་བསྐྱངས་ནས་དུས་བབས་ཤིག་བྱུང་སྟེ། །མི་འབྲལ་ཚོམ་བུ་གཅིག་ཏུ་བྱ་ཁྱུ་བཞིན་འཕུར་འགྲོ། །དེ་ཡང་མཐོན་པོ་དེ་མཁའ་ལ་སྤྱོད་པའི་ཞིང་ཞེས་པ་སྟེ། ཕལ་བ་ས་སྤྱོད་ཀྱི་ཞིང་ལ་ལྟོས་ན་མཐོན་པོ་ལྟ་བུར་འཛིན་མོད། དེ་ནི་རིག་འཛིན་གྱི་བླ་མ་རྣམས་ཆོས་ཉིད་ཀྱི་དགོངས་ཀློང་ལ་རོལ་ཏེ་བཞུགས་པའི་གྲལ་ཡིན་ལ། དེ་ལྟ་བུ་དེ་ཡང་དམ་ཚིག་གཤོག་ཟུང་རྒྱས་པའི་རྒོད་པོ་ལྟ་བུ་ལ་ནི་ཧ་ཅང་མཐོ་ཞིང་ཐག་རིང་རྒྱུ་ཞིག་ཀྱང་མ་རེད། དེ་ཡང་བསྲུང་སྡོམ་མི་ཚེར་བསྐྱངས་བའི་དམ་སྡོམ་ཞིག་ཡོད་ན་ནི། ནམ་ཞིག་དུས་ལ་བབས་པའི་སྐབས་སུ་ཁྱུང་གི་སྒོང་རྒྱ་རལ་བ་བཞིན་དུ་མཁའ་སྤྱོད་རིག་འཛིན་གྱི་ཚོགས་གྲལ་དུ་མི་འབྲལ་ཚོམ་བུ་གཅིག་ཏུ་ཁྱུ་བཞིན་འཕུར་འགྲོ་ཞེས་གསུངས། མཛེས་པ་འཇའ་སྐུ་ལགས་མོད་ཐེག་རྒྱལ་གྱི་ཁྱད་ཆོས། །ལྟ་སྒོམ་བརྩོན་འགྲུས་ཅན་ལ་དཀའ་རྒྱུ་ཞིག་མ་རེད། །ཚེ་དང་སྒྲུབ་པ་སྙོམ་པའི་རྟེན་འབྲེལ་ཞིག་བསྒྲིགས་ན། །སྐལ་ལྡན་དབང་གཞུ་བཞིན་དུ་མཁའ་ལམ་ལ་གཤེགས་སོང་། །དེ་ཡང་མཛེས་པ་འཇའ་སྐུ་སྟེ་ཟག་བཅས་ཀྱི་ཕུང་པོ་དབྱིངས་སུ་དག་སྟེ་འཕོ་ཆེན་ནམ་རྡུལ་དུ་དེངས་བའི་འཇའ་ལུས་འོད་སྐུར་གྲུབ་པ་དེ་ཡིན་ལ། དེ་ནི་ཐེག་པ་གཞན་ལ་མེད་པའི་ཐེག་རྩེ་རྡོ་རྗེ་སྙིང་པོ་ཨ་ཏི་ཡོ་གའི་ཁྱད་ཆོས་ཡིན་པས་ན་ཐེག་རྒྱལ་གྱི་ཁྱད་ཆོས། དེ་ཡང་ལྟ་སྒོམ་བརྩོན་འགྲུས་ཅན་ལ་དཀའ་རྒྱུ་ཞིག་མ་རེད་ཅེས་པ་གོང་དུ་བཤད་པ་ལྟར་མཚན་ཉིད་དང་ལྡན་པའི་བླ་མས་བསྟན་ཏེ་ལྟ་བ་ཡིན་ལུགས་ཀྱི་སྟེང་དུ་ཕེབས་ཤིང་། སྒོམ་པ་དཀྱུས་ཐོག་ཏུ་ཉམས་མྱོང་ཡོད་པ་དེ་འདྲའི་བརྩོན་འགྲུས་ཅན་ལ་དཀའ་རྒྱུ་ཞིག་མིན་པས། ཚེ་དང་སྒྲུབ་པ་སྙོམ་པའི་རྟེན་འབྲེལ་ཞིག་བསྒྲིགས་ན། སྐལ་ལྡན་དབང་གཞུ་བཞིན་དུ་མཁའ་ལམ་ལ་གཤེགས་སོང་ཞེས་པས་འཇའ་ལུས་ཀྱི་སྐུ་དེ་ཡང་སྐལ་བ་དང་ལྡན་པ་རྣམས་ལ་དཀའ་རྒྱུ་ཞིག་མ་རེད་ཅེས་པའོ། །དགའ་སྟོན་ཚོགས་འཁོར་ལགས་མོད་བརྟུལ་ཞུགས་ཀྱི་སྤྱོད་པ། །སེམས་རིག་ལ་ཤན་འབྱེད་ལ་དཀའ་རྒྱུ་ཞིག་མ་རེད། །དུར་ཁྲོད་རོ་ཁང་རྔམས་པ་མཁའ་འགྲོ་ཡི་ཚོགས་གྲལ། །ཞེན་མེད་གཡེར་ཁ་ཁྲོལ་ལེ་སྨྱོན་པ་ངས་འགྲིམ་འགྲོ། །ཞེས་དགའ་སྟོན་ཚོགས་འཁོར་ལགས་མོད་དེ། འདི་ཡང་བདེ་སྟོང་བོགས་འབྱིན་གྱི་ཆེད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞིག་ཡིན་ལ། སྤྱིར་ན་དེའི་སྐབས་སུ་སྣང་སྤྱོད་ཐམས་ཅད་ལ་ཐ་མལ་མཚན་འཛིན་གྱི་རྟོག་པ་ཤར་མི་རུང་བ་ཞིག་ཡིན་པས་དཀའ་ནའང་། འདིར་སེམས་རིག་ལ་ཤན་འབྱེད་ལ་དཀའ་རྒྱུ་ཞིག་མ་རེད། དུར་ཁྲོད་རོ་ཁང་རྔམས་པ་མཁའ་འགྲོ་ཡི་ཚོགས་གྲལ་ཞེན་མེད་གཡེར་ཁ་ཁྲོལ་ལེ་སྨྱོན་པ་ངས་འགྲིམ་འགྲོ་ཞེས་གསུང་པ་ནི་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དེ་ཉིད་དུ་ད་ལྟ་ཁོང་གིས་ཀྱང་རེ་ཞིག་དེ་རྣམས་དང་ལྷན་ཅིག་ཏུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ལ་འགྲོའོ་ཞེས་གསུངས་ཏེ། འདི་ཉིད་གསུངས་ནས་ལོ་གསུམ་གྱི་བར་དུ་དཔལ་དགེ་ཚང་འཇིག་རྟེན་མིའི་གནས་འདི་ན་བཞུགས་ཡོད་ནི་རེད་ཟེར་རྒྱུའི་ངེས་པ་ཅན་ཞིག་སུས་ཀྱང་མཇལ་ནི་མ་རེད་ཟེར་བ་དེ་འདྲ་ཞིག་ཀྱང་གསུངས་སྣང་ཤར་ཁི། དཔལ་སྤྲུལ་ནས་སོ།། །།འདི་ཉིད་སྤྲུལ་སྐུ་བོད་པ་ཚང་གིས་བཤད་ཁྲིད་མཛད་ནས་གསུངས་པ་ཐོབ་པ་ཡིན་ཡང་དེ་རིང་ཅང་མི་ཤེས་ཁི་གསུངས། ཟིན་བྲིས་འདི་ཉིད་མགོ་ཚྭ་མཁན་རྒན་དཔལ་ལྡན་རྡོ་རྗེས་གསུང་བསྐུལ་གནང་ནས་མཁན་རིན་པོ་ཆེ་སྨུག་རྡོག་གིས་ཀུན་གཟིགས་མཁན་ཆེན་བླ་མས་ལྗགས་ཁྲིད་གནང་བའི་སྒྲ་ཐག་འཁོར་ལོ་ལས་བཤུས་པ་ལགས།

རྡེལ་བཞག་ལྔ་བཅུ་པའི་སྐབས་ཀྱི་བཤད་པ།

ཨུཏྤལ་སྔོན་པོའི་ལྔ་བཅུ་པའི་རྡེལ་བཞག་སྐབས། འགའ་ཞིག་ཐེ་ཚོམ་གྱི་དཔྱངས་ཐག་གིས་བཅིངས་བཞིན་སྣ་ཚོགས་སྨྲ་མོད། ཁོ་བོས་ནི་གཞུང་རྩ་བའི་དགོངས་པ་ལྟར་ཡིན་པར་སེམས་ཏེ། སྤྱིར་སྲོག་ལུས་དབང་རླུང་གི་སྨེ་བ་ངོས་འཛིན་ཚུལ། གཞུང་གི་སྐབས་དེར། ཡང་ན་མྱུར་དུ་རྩི་ཚུལ་ནི། །ལོ་ཡི་ཕོ་མོ་ཡིན་པའི་ཕྱིར། །གནམ་ལོའི་སྐྱེ་སྨེ་དབུས་བཞག་ནས། །ཕོ་དྲུག་གཡས་སྐོར་བྱང་ཤར་ནས། །དབུས་ཞུགས་ཤར་ནས་ཕྱི་རུ་ཐོན། །མོ་དྲུག་གཡོན་བསྐོར་ཤར་ལྷོ་ནས། །དབུས་ཞུགས་ཕྱིར་འཐོན་དེ་ཡང་ནི། །བཅུ་ཁ་མ་ལོང་རེ་རེས་བགྲང༌། །བཅུ་ཁ་ལོངས་ཚེ་ཟུར་དུ་མཆོང༌། །གར་བབས་སྐྱེ་སྨེའམ་ལུས་སྨེ། །ཞེས་སོགས་གསུངས་པ་ལྟར། དཔེར་ན་བརྩི་བྱ་ཕོ་ལོ་ཡིན་ན་སྨེ་བ་ངོས་འཛིན་གྱི་ལོ་གྲངས་འདྲེན་ཚེ་དབུས་ནས་ཤར་དུ་ཕྱིན། དེ་ནས་ཤར་ལྷོ་ནས་རིམ་པར་གཡས་བསྐོར་ལོ་གྲངས་བར་བསྐོར། སྨེ་བ་ཡང་དབུས་ནས་གནམ་ལྕགས་སུ་མི་འགོད་པར་གོང་གི་ལོ་གྲངས་བཞིན་གཡས་སུ་བཀོད་ནས་སྐྱེ་སྨེའམ་ལུས་སྨེ་ངོས་འཛིན། འདི་སྐབས་སྨེ་བ་འདྲེན་ཚེ་གོང་དུ། གཅིག་དཀར་གཉིས་ནག་སུམ་མཐིང་ལྗང༌། །ཞེས་སོགས་གསུངས་པ་བཞིན་ལུགས་འབྱུང་དུ་འདྲེན་དགོས། དབང་སྲོག་ཀླུང་སྨེ་རྣམས་སྤྱི་ལྟར་བཟུང་བས་སླ། དེ་ནས་འཕུར་སྨེ་ངོས་འཛིན་ཚུལ་ནི། སྐྱེ་སྨེ་དབུས་སུ་བཞག་ནས་ལུགས་ལྡོག་ཏུ་དབུས་ནས་གནམ་ལྕགས་ལ་བཀོད། དཔེར་ན་དགུ་དམར་བརྒྱད་དཀར་བདུན་དམར་ཞེས་འགོད་དགོས། དེ་ནས་ལོ་གྲངས་འདྲེན་ཚེ་སྔར་སྐྱེ་སྨེ་ངོས་འཛིན་གྱི་ལོ་བགྲང་ཚུལ་ལྟར། དབུས་ནས་ཕོ་ལོ་གཡས་མོ་ལོ་གཡོན་དུ་བསྐོར་བས་ལོ་གྲངས་གར་བབས་དེ་ལུས་སྨེ་འཕུར་བའི་སྨེ་བ་ཡིན། སྔར་སྐྱེ་སྨེ་གང་དུ་རྙེད་པའི་གནས་དེ་ནས་སླར་འདིར་ཡང་རྙེད་པར་འགྱུར་བ་ཡིན། སྲོག་དབང་གི་སྨེ་བ་འཕུར་ན་ཡང་ལོ་བགྲང་ཚུལ་དང་བབས་གནས་སྔ་མ་ཁོ་ན་ཡིན་པས། དམིགས་བསལ་སྨེ་བ་གང་ཡིན་དེ་དབུས་སུ་བཞག་ནས་སྔར་བཞིན་ལུགས་ལྡོག་ཏུ་འགོད་དགོས། སླ་ཐབས་སུ་སྐྱེ་སྨེ་འཕུར་བའི་སྨེ་བ་དབུས་སུ་བཞག་ནས་སྤྱི་འགྲོས་ལྟར་ལུགས་འབྱུང་དུ་བཀོད་ན། སྲོག་ནི་ལྷོ་ནུབ་དབང་ཐང་བྱང་ཤར་ནས་བླངས་ན་སྲོག་དབང་གཉིས་ཀྱི་འཕུར་སྨེ་ཡིན། དེ་ལྟར་གཞུང་དེ་ལས། སྐྱེ་སྨེ་གང་ཡིན་དབུས་བཞག་ནས། །ཞེས་པ་ནས། དབང་ཐང་བྱང་ཤར་མཚམས་ནས་ལེན། །ཞེས་པའི་བར་གྱི་གསལ་བས་དཔྱོད། དེ་ལྟར་འཕུར་བའི་སྨེ་བ་ལྔ་བཅུའི་རྡེལ་བཞག་སྐབས་དེར་འཐབ་ཚུལ་ནི། གཞུང་ལས། དེ་ལྟར་སྲོག་ལུས་དབང་རླུང་མེ། །ཞེས་པས་འཐབ་བྱེད་དང༌། འཐབ་ཡུལ། བརྩི་བྱའི་སྐྱེ་སྨེ་འཕུར་བ་ལ། །ཞེས་སོགས་ལྟར་ཏེ། སྐྱེ་སྨེ་འཕུར་བ་ལ་སྲོག་སྨེས་འཐབ་པ་སོགས་གཞུང་དུ་གསལ། རྩིས་རིག་སྨྲ་བ་རྣམས་དཔྱོད་དང་འདིར་བཤད་པ་འདི་ནི་གཞུང་གི་དོན་མ་ནོར་བ་ཡིན་ནོ། །འདི་བཞིན་གཞུང་ན་ཤིན་ཏུ་གསལ་མོད་ཡུལ་དུས་འདིར་ཁོ་བོའི་སྐལ་བར་བྱས་པར་ངེས་སོ། །ཞེས་པ་འདི་ནི་རྭ་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུ་ལ་དྲིས་ལན་དུ་ཀུན་གཟིགས་མཁན་ཆེན་བླ་མས་གནང་བ་ཡིན་སྐད་འདུག

༈ ཧོར་ཟླ་བཅུ་གཅིག་པ་མགོའི་ཟླ་བ་ནི། ཁྱིམ་གཞུ། རྟེན་འབྲེལ་རྒ་ཤི། ཕུག་པའི་ལོ་མགོར་འདོད་པས། སྟག་གི་ཟླ་བ། ༈ བཅུ་གཉིས་པ། རྒྱལ་ཟླ། ཆུ་སྲིན། མ་རིག་པ། ཡོས་ཟླ། ༈ དང་པོ། མཆུ་ཟླ། བུམ་པ། འདུ་བྱེད། འབྲུག་ཟླ། ༈ གཉིས་པ། དབོ་ཟླ། ཉ་ཁྱིམ། རྣམ་ཤེས། སྦྲུལ་ཟླ། ༈ གསུམ་པ། ནག་ཟླ། ལུག་ཁྱིམ། མིང་གཟུགས། རྟ་ཟླ། ༈ བཞི་བ། ས་ག་ཟླ་བ། གླང་ཁྱིམ། སྐྱེ་མཆེད། ལུག་ཟླ། ༈ ལྔ་བ། སྣོན་ཟླ། འཁྲིག་ཁྱིམ། རེག་པ། སྤྲེལ་ཟླ། ༈ དྲུག་པ། ཆུ་སྟོད་ཟླ་བ། ཀར་ཊའི་ཁྱིམ། ཚོར་བ། བྱ་ཟླ། ༈ བདུན་པ། གྲོ་བཞིན་ཟླ་བ། སེང་ཁྱིམ། སྲེད་པ། ཁྱི་ཟླ། ༈ བརྒྱད་པ། ཁྲུམ་ཟླ། བུ་མོའི་ཁྱིམ། ལེན་པ། ཕག་ཟླ། ༈ དགུ་བ། དབྱུག་གི་ཟླ་བ། སྲང་ཁྱིམ། རྟེན་འབྲེལ་སྲིད་པ། བྱི་བའི་ཟླ་བ། ༈ ཧོར་ཟླ་བཅུ་བ། སྨིན་དྲུག་གི་ཟླ་བ། སྡིག་ཁྱིམ། རྟེན་འབྲེལ་སྐྱེ་བ། གླང་གི་ཟླ་བའོ། །འདི་ནི་ཕུག་ལུགས་ཉིན་སྣང་ལྟར་རོ། །


previousགཞུང་ལུགས་དཀའ་གནད་སྐོར།next