Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
ལེའུ་དྲུག་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་དྲུག་པའི་རྣམ་པར་བཤད་པ།next

ལེའུ་དྲུག་པའི་རྣམ་པར་བཤད་པ།

༈ དོན་གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལ་གཉིས་ཏེ། དབྱིངས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྱིར་བསྟན་པ་དང་། དེའི་ཡན་ལག་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་གྱི་ངེས་ཚིག་སྤྱིར་བཤད། དབྱེ་བ་བྱེ་བྲག་ཏུ་བསྟན་པའོ། །

དང་པོ་ནི་མཎྜལ་ཞེས་པའི་སྒྲ་ལས་དཀྱིལ་འཁོར་ཏེ་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་དོན་ཏོ། །

གཉིས་པ་ལ་གསུམ་སྟེ། གཞི་ལམ་འབྲས་བུའི་དཀྱིལ་འཁོར་རོ། །དང་པོ་ནི། སྣོད་གཞལ་ཡས་ཁང་དང་། བཅུད་ལྷའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་སྟེ་དཀྱིལ་འཁོར་དུ་གནས་སོ། །དེའང་ཕྱི་འབྱུང་བར་སྣང་བ་ཡུམ་གྱི་དཀྱིལ་འཁོར་དང་། ནང་ཕུང་པོར་སྣང་བ་ཡབ་ཀྱི་དཀྱིལ་འཁོར་དང་། རྟོག་ཚོགས་དང་སྐྱེ་མཆེད་ཐམས་ཅད་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་ཡེ་ནས་གནས་སོ། །ལེའུ་གཉིས་པ་ལས། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་པ་དང་། བདེ་མཆོག་རྩ་རྒྱུད་ལས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་ལ་གནས་པའོ། །ཞེས་སོ། །དེའང་སྣང་བ་སྐུའི་དཀྱིལ་འཁོར། གྲགས་པ་གསུང་གི་དཀྱིལ་འཁོར། དྲན་རིག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གནས་ཏེ། ཀུན་བྱེད་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལ་ཚིག་རྣམས་གསུང་དུ་བཀོད། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཅེས་སོ། །དེ་ལྟ་བུའི་དཀྱིལ་འཁོར་ནི་ཡེ་ནས་ལྷུན་གྱིས་གྲུབ་པས་ན་ཀུན་གྱི་རྩ་བར་བསྟན་པ་ཉིད་དེ། དེ་ཉིད་ལས། ཀྱེ། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་ལྡན། །དེ་ནི་དཀྱིལ་(༡༢༠)འཁོར་སྙིང་པོ་ཀུན་གྱི་རྩ། །དཀྱིལ་འཁོར་མ་ལུས་འདི་ལ་འདུས་པར་རྟོགས། །ཞེས་སོ། །

གཉིས་པ་ལམ་གྱི་དཀྱིལ་འཁོར་ལ་དབྱེ་ན་གསུམ་སྟེ། དཔེ་གཟུགས་བརྙན་གྱི་དཀྱིལ་འཁོར། དོན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་གསུམ་གྱི་དབྱེ་བ་བསྟན་པའོ། །

དང་པོ་ནི། བདེ་མཆོག་ལས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་བསྒྲུབ་བྱའི་དབང་གིས་བརྗོད། །ཅེས་པས། འདིར་ཡང་དབང་པོ་རྟུལ་པོ་དང་འབྲིང་གཉིས་འཇུག་ཅིང་ཏིང་ངེ་འཛིན་གསལ་བའི་དབང་གིས་བཞག་སྟེ། རས་བྲིས་ཀྱི་དཀྱིལ་འཁོར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཞར་ལ་ཐིག་དང་། མེ་ཏོག་ཚོམ་བུའི་དཀྱིལ་འཁོར་ཏེ་ངོ་བོ་གཉིས་ཚན་གཉིས་ཏེ་བཞི་བསྟན་ཏོ། །དེའང་དེ་ཉིད་ལས། རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་དགྱེའི་རིམ་པ་དང་། །ཞེས་བསྟན་པ་ཡིན་ནོ། །

གཉིས་པ་ལ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །དང་པོ་སྐུའི་དཀྱིལ་འཁོར་ནི། ལུས་ལྷར་གསལ་བ་སྟེ་དཔའ་བོ་གཅིག་པ་ལ་སོགས་པ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྷ་དང་གཞལ་ཡས་ཁང་དུ་གསལ་བར་བསྐྱེད་པ་སྟེ། འདི་ཉིད་ལས། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པས། །ཞིང་ཁམས་བསམ་ཡས་རྣམ་དག་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །ཞེས་པའོ། །གསུང་གི་དཀྱིལ་འཁོར་ནི་རྩ་བའི་ལྷའི་སྔགས་ལ་འཁོར་གྱི་སྔགས་ཀྱིས་བསྐོར་བ་རྣམས་བརྗོད་ཅིང་གསལ་བར་བྱེད་པ་སྟེ། འདི་ཉིད་ལས། གསལ་ཉིད་གསུང་གི་རྡོ་རྗེ་མཆོག །ཅེས་པའོ། །ཐུགས་ཀྱི་དཀྱིལ་འཁོར་ནི། དུག་ལྔ་ཡེ་ཤེས་ལྔར་ལམ་དུ་བྱེད་པས་འཁོར་བ་མ་སྤངས་གནས་སུ་དག་པ་སྟེ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་སོ། །

གསུམ་པ་དཀྱིལ་འཁོར་གསུམ་གྱི་དབྱེ་བ་བསྟན་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར། བརྟེན་པ་ལྷའི་དཀྱིལ་འཁོར། གཉིས་མེད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་རོ། །དང་པོ་ནི། དབུས་ཀྱི་ལྟེ་བ་ལ་ཕྱོགས་ཀྱི་བཀོད་པའི་འཁོར་གྱིས་བསྐོར་བ་ནི་དཀྱིལ་འཁོར་ཏེ་གནས་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། དབུས་ཀྱི་གཙོ་བོ་ལ་འཁོར་གྱི་ཚོགས་ཀྱིས་བསྐོར་བ་ནི་ལྷའི་དཀྱིལ་འཁོར་ཏེ་སྟོན་པ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། རང་བྱུང་གི་ཡེ་ཤེས་ལ་དྲན་རིག་གི་ཤེས་པས་བསྐོར་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། འདི་ཉིད་ལས། བདག་ཉིད་ཆེན་པོའི་ཡེ་ཤེས་ལ། །འཁོར་གྱི་ཡེ་ཤེས་ལྔ་བལྟ་ཞིང་། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱིས། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་གདལ། །རྟོགས་པས་སྐྱེ་བ་མེད་པའི་དོན་(༡༢༡)ལ་འཇུག །ཅེས་སོ། །དེའང་རང་བྱུང་གི་ཡེ་ཤེས་ནི་གཡོ་བྱེད་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་གནས་ཀྱི་ཡེ་ཤེས་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་ལ། དེའི་ངང་ལས་འཕྲོས་པའི་དུག་ལྔ་ལ་སོགས་པའི་རྟོག་ཚོགས་ནི་རྩལ་གྱི་ཡེ་ཤེས་དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བསྟན་པ་རྣམས་ཡིན་པས། རིག་པ་གནས་པ་དང་འཕྲོ་བ་ཉིད་ཡེ་ནས་དཀྱིལ་འཁོར་དུ་བསྟན་པ་ཡིན་ནོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པས་ཀུན་འབྱུང་དཀྱིལ་འཁོར་ཆེན་པོའི་ངང་ལས་གཏན་དུ་མི་འབྲལ་བ་ཡིན་ནོ། །

གསུམ་པ་འབྲས་བུའི་དཀྱིལ་འཁོར་ནི་ལམ་མཐར་ཕྱིན་ནས་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པ་དེའི་ཚེ་གཞི་ཐོག་ཏུ་གྲོལ་བའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལ་བརྗོད་དེ། འདི་ཉིད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །དེ་ཚེ་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་པའོ། །དེའང་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྐུ་གསུམ་ཡེ་ཤེས་ལྔའི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཆེན་པོའི་དཀྱིལ་འཁོར་ལྔ་ལ་སོགས་པ་ལྷུན་གྱིས་གྲུབ་པ་ཡིན་ནོ། །

གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། དཀྱིལ་འཁོར་སྤྲོ་བའི་རྒྱུ་བརྗོད་པ་དང་། དེ་ལས་འཕྲོས་པའི་དཀྱིལ་འཁོར་ཉིད་བཤད་པའོ། །

དང་པོ་ནི། ཡི་གེ་སྤྲིན་གྱི་དཀྱིལ་འཁོར་བཀོད་པ་དེ༵་ནས༵་རང་སྣང་གི་དེ༵་བཞིན༵་གཤེ༵གས་པ༵་ཐམས༵་ཅད༵་ཀྱི༵་རང༵་བཞི༵ན་གཅིག༵་དང༵་དུ༵་མ༵་མེད༵་པའི༵་བད༵ག་ཉིད༵་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་སྣང་བ་ཐ༵མས་ཅད༵་ཀྱིས༵་གདུལ་བྱའི་འཇི༵ག་རྟེན༵་དྲུག༵་གི༵་ཕྱོ༵གས་བཅུ༵་ཐམ༵ས་ཅད༵་ལ༵་རྣམ་པར་གཟིགས་ནས། དེ་བཞིན་གཤེགས་པ་ཉིད༵་ཀྱི༵་ཆེ༵་བའི༵་དཀྱི༵ལ་འཁོར་འབྱུང༵་བ༵ར་བཞེ༵ད་ན༵ས་ཆེད༵་དུ༵་བརྗོད༵་པ༵་འདི༵་དག་བརྗོད༵་དོ༵། །

གཉིས་པ་ལ་གསུམ་སྟེ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱིར་བསྟན། ལམ་ཏིང་ངེ་འཛིན་བསྒོམ་པའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད། འབྲས་བུ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་དོན་བསྡུ་བའོ། །

དང་པོ་ནི། ཕྱི་ས་ཆུ་མེ་རླུང་། ནང་གཟུགས་ཚོར་འདུ་ཤེས་འདུ་བྱེད། གསང་བ་གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག་བཞི་པོ་རྣམས་ཡེ་ནས་ཆོས་ཀྱི་དབྱིངས། མཉམ་པ་ཉིད་སོ་སོར་རྟོགས་པ་བྱ་བ་གྲུབ་པའི་ཡེ༵་ཤེས༵་སུ་ལྷུན་གྱིས་གྲུབ་པས་ཕྱོག༵ས་བཞི༵་དང་། ཞེ་སྡང་ནམ་མཁའ་རྣམ་ཤེས་གསུམ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་པས་དབུ༵ས་ཞེས་པའི་སྒྲས་བཏག༵ས་ཏེ༵། འབྱུང་བ་ལྔ་ཡུམ་ལྔ་དང་། ཕུང་པོ་ལྔ་ཡབ་ལྔ་དང་། དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པའི་དཀྱིལ༵་འཁོར༵་བསམ༵་ཡས་ཏེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ༵་ནས་ལྷུན༵་གྲུབ༵་ཏུ་ཡོད་པ་ནི༵་རང་བཞིན་རྫོག༵ས་པ་ཆེན༵་པོའོ། །དེ་(༡༢༢)ཉིད་རྟོག༵ས་པའི༵་རྣ༵ལ་འབྱོར༵་པས༵་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན༵་སྤང་བླང་དང་དགག་སྒྲུབ་མེད་པར་རང་བྱུང༵་ཡེ་ཤེས་ཀྱི་དཀྱི༵ལ་འཁོ༵ར་ཆེན༵་པོར༵་སྤྱོད༵་ཅིག་པའོ། །དོན་ལ་གང་སྣང་གང་ཤར་ཐམས་ཅད་སྤང་བླང་མེད་པ་དཀྱིལ་འཁོར་གྱི་རོལ་པར་བསྟན་པའོ། །

གཉིས་པ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་དང་། དེས་གྲུབ་པ་འབྲས་བུའི་དཀྱིལ་འཁོར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་དང་། བརྟེན་པ་ལྷའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་ལས། གཞལ་ཡས་ཁང་དང་། རྒྱན་དང་། གདན་གསུམ་མོ། །

དང་པོ་ནི། ཡེ་ཤེས་བཞིས་མ་རིག་པ་གཅོད་པར་མཚོན་པ་འཁོར༵་ལོ༵་རྩི༵བས་བཞི༵། དེ་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སུ་མཚོན་པ་མུ༵་ཁྱུད༵་དཀར་པོ་ཟླུམ་པོ་དང་བཅས༵་པ། དེའི་ཕྱི་རོལ་ཏུ་ཚད་མེད་བཞི་མཚོན་པ་གྲུ༵་ཆ༵ད་བཞི༵ས་བརྒྱན༵་པ། ཡེ་ཤེས་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་མཚོན་པ་བར༵་ཁྱམ༵ས་ཕྱོགས་ཀུན་ཏུ་འཁོར་བ་དང༵་། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་གཞལ་ཡས་ཁང་དེའི་རྣམ་པ་ཀུན༵་ཏུ༵་གྲུ༵་བཞི༵་པ། རྣམ་པར་ཐར་པ་བཞི་མཚོན་པའི་སྒོ༵་ཁྱུད༵་དང་ལྡན༵་པ། དེས་མཚོན་པ་རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་བརྒྱད་དང་ལྡན་པའོ། །འདིར་ཞི་བའི་དཀྱིལ་འཁོར་ནི་སྒོ་ཉིས་བརྩེགས་སུ་གསལ་ཏེ། གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །ཞེས་པས་ཕྱི་ནང་གི་རྩིག་པ་དང་དབྱིབས་བསྟན་ཏོ། །དག་པ་དང་སྦྱར་ན་ཡང་མངོན་ལ། སྒོ་ནང་མར་ལོངས་སྐུ་དང་། ཕྱིའི་ཁྱམས་སུ་སྤྲུལ་སྐུ་སྣང་བས་ཀྱང་དཀྱིལ་འཁོར་མ་འདྲེས་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ལྟར་མ་ཡིན་ན་ལོངས་སྐུ་རང་སྣང་དང་སྤྲུལ་སྐུ་གཞན་སྣང་གི་དཀྱིལ་འཁོར་འདྲེས་པས་དཀྱིལ་འཁོར་རིགས་མ་ངེས་པའི་སྐྱོན་ཡོད་དོ། །

གཉིས་པ་རྒྱན་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་མཚོན་པའི་ཕྱིར་གདུགས་དང་རྒྱལ་མཚན་ལ་སོགས་པ་རོལ༵་མོ༵་སྣ༵་ཚོ༵གས་སྤྲིན༵་ཕུང༵་བཞིན༵་དུ་གཏིབས་པ། དེ་མཛེས་པར་བྱེད་པ་ལྷའི་གནས་ཀྱི་གྲངས་དང་མཉམ་པའི་སོ་སོའི་གདན་གྱི་དཀྱི༵ལ་འཁོ༵ར་བཞི༵་བཅུ༵་རྩ་གཉིས༵་ཀྱིས༵་བརྒྱན༵་པའོ། །ལྷ་གཞལ་ཡས་ཁང་གི་རྒྱན་དུ་སྦྱོར་བ་ནི་སྐབས་མ་འབྲེལ་ལོ། །

གསུམ་པ་གདན་ནི་མི་འཇིགས་པ་བཞི་ལ་སོགས་པའི་མཚོན་བྱེད་དུ་སེང༵་གེ༵་གླང༵་ཆེ༵ན་རྟ༵་དང༵་ཁྱུང༵་དང་ནམ༵་མཁའ༵་ལྡི༵ང་གིས༵་བཏེགས་པའི་ཁྲི༵་ཆེན༵་པོ་ལ༵། ཤེས་རབ་ཉི༵་མ་ཐབས་ཟླ༵་བ་སྐྱོན་གྱིས་མ་གོས་པ་པ༵དྨ༵་སྟེ༵། དེ་དག་ལས་འདོད་རྒུ་འབྱུང་བའི་ཕྱིར་རིན༵་པོ༵་ཆེའི༵་ཁྲི་རྐང་གིས་བཏེགས་པའོ། །དེའང་རིགས་ལྔ་ལ་ལྔ་བརྩེགས། གདངས་ཀྱི་ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས། སེམས་དཔའ་རྣམས་ལ་(༡༢༣)སུམ་བརྩེགས། ཐུབ་པ་དྲུག་ལ་པདྨའི་གདན་རེ་རེ་དང་། སྒོ་བ་རྣམས་ལ་ཉི་མ་རེ་རེ་རྐྱང་པར་བཤད་དེ། འོད་རིམ་ལས། ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །མི་འཇིགས་སེང་གེ་བརྒྱད་དང་ལྡན། །ཤར་ཕྱོགས་ལྟེ་བར་སྟོབས་ཆེན་གླང་། །ལྷོ་རུ་རྫུ་འཕྲུལ་རྟ་བརྒྱད་དེ། །ནུབ་ཀྱི་ཕོ་བྲང་རྨ་བྱ་དང་། །བྱང་དུ་འཕྲིན་ལས་ཤང་ཤང་བརྒྱད། ཁྲི་རྐང་བར་མཛེས་རབ་ལྡན་པ། །ཉི་མ་ཟླ་བ་ལྔ་བརྩེགས་སོ། །ཉི་ཟླ་ཆུ་སྐྱེས་སུམ་བརྩེགས་སེམས། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །བྱ་བྱེད་ཀུན་བཟང་ཡབ་ཡུམ་ལ། །ཉི་ཟླ་པདྨ་རིན་ཅེན་རྒྱས། །གདན་ལ་མཉམ་པའི་ཚུལ་དུ་བཞུགས། །ཞེས་སོ། །རྨ་བྱ་ཁྱུང་གཉིས་བྱེད་པ་གཅིག་སྟེ་དུག་ཞི་བའི་མཚོན་བྱེད་དུ་སྨོས་པས་འགལ་བ་མེད་དོ། །

གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ལ་དྲུག་ལས། ཇི་ལྟར་བཞུགས་པའི་ཚུལ་ནི་གད༵ན་དེ་དག༵་ལ༵་ཀུན་བཟང་ཡབ་ཡུམ་དང་དེ་བཞིན་གཤེགས་པ་རྣམས་ནི་རྒྱལ་པོའི་ཚུལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པས་རྫོག༵ས་པའི་སངས་རྒྱས་ཡབ་ཡུམ་བཅུ་གཉིས་པོ་རྡོ་རྗེ་དཀྱིལ་ཀྲུང་དང༵་། སེམས༵་དཔའ་ཡབ་ཡུམ་རྣམས་བློན་པོའི་ཚུལ་གྱིས་འཁོར་དུ་བཀོད་པས་སེམས་དཔ༵འི་སྐྱིལ་ཀྲུང་གཡས་བརྐྱངས་གཡོན་བསྐུམས་ཀྱི་ཚུལ༵་དང་། སྒོ་བ་རྣམས་ནི་དམག་དཔོན་གྱི་ཚུལ་ཏུ་བགེགས་དང་ལོག་འདྲེན་ཚར་གཅོད་པས་ཞལ་ཕྱིར་གཟིགས་ཤིང་གྱད་ཀྱི་དོར་ཐབས་སུ་བཞུགས་ལ། ཐུབ་པ་རྣམས་ནི་རང་རང་གི་འགྲོ་བའི་གཙོ་བོའི་གཟུགས་སུ་སྣང་བས་རྒྱལ་ཕྲན་གྱི་རྣམ་པས་མི་བཞུགས་པར་བཞེངས་པའོ། །

གཉིས་པ་གནས་གང་དུ་ལྷ་གང་བཞུགས་པ་ནི། དབུས་ཀྱི་འཁོ༵ར་ལོ༵འི་ལྟེ་བ་དང་རྩིབས་བཞི་ལ་རྣམ་སྣང་ལ་སོགས་པའི་རྒྱལ༵་པོ༵་ཡབ་ལྔ་དང་རྒྱལ༵་མོ༵་ཡུམ་ལྔ་དང༵་། གཙོ་བོའི་གཡས༵་ཤར་ལྷོ་ནས༵་བཟུང་སྟེ་རྩིབས་མཆན་བཞིར་མཐོང༵་བ་སའི་སྙིང་པོ་དང་། ཐོས༵་པ་ཕྱག་ན་རྡོ་རྗེ། སྣོམ༵་པ༵་ནམ་མཁའི་སྙིང་པོ་དང༵་། མྱོང༵་བ་སྤྱན་རས་གཟིགས་རྣམས༵། བཙུན༵་མོའི༵་རང་བཞིན། སྒེག་མོ། ཕྲེང་བ། གླུ་མ། གར་མའི་ཚོ༵གས་སུ༵་བཅ༵ས་པའོ། །དེ་བཞིན་དུ་ཤར་ལྷོ་ལ་སོགས་པའི་གྲུ༵་ཆད༵་བཞི་ལ༵་ནི༵་རིམ་པ་བཞིན་མཐོང༵་བྱེད༵་བྱམས་པ་དང༵་། ཐོས༵་བྱེད༵་སྒྲིབ་པ་རྣམ་སེལ། སྣོམ༵་བྱེད༵་ཀུན་ཏུ་བཟང་པོ། མྱོ༵ང་བྱེད༵་འཇམ་དཔལ་རྣམ༵ས་བཙུན༵་མོ༵་བདུག་པ། མེ་ཏོག །མར་མེ། དྲི་ཆབ་མ་དག་དང་འཁྲིལ་སྦྱོར་གྱི་ཚུལ༵་དང༵་བཅ༵ས་པ༵་གནས༵་སོ། །ཕྱིའི་བར༵་ཁྱམ༵ས་ལ༵་ནི༵་ལྷ་ལ་སོགས་པའི་ཐུབ༵་པ་དྲུག༵་སྟེ༵། འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་པ་ལྟར་གནས་སོ། །གཙོ་བོའི་མདུན༵་ད༵ང་རྒྱབ༵་ཏུ༵་བྱེ༵ད་པ༵་པོ་ཀུན་ཏུ་བཟང་པོ་གདངས་ཀྱི་འཆར་བྱེད་དེ་ད༵ང་། བྱ༵་བ༵་མོ་ཀུན་ཏུ་བཟང་མོ་གདངས་ཀྱི་འཆར་གཞི་གཉིས་པོ་དག༵་ནི༵་བར་(༡༢༤)ཁྱམས་ནང་མའི་ཤར་ནུབ་ལ་གན༵ས་པར༵་བསྟ༵ན་ཏེ། དེ་གཉིས་ལས་དཀྱིལ་འཁོར་ཀུན་འཆར་བར་མཚོན་པའི་ཕྱིར་རོ། །འདི་ལ་ཁ་ཅིག་གཙོ་བོའི་རྒྱབ་མདུན་དང་། ཁ་ཅིག་བར་ཁྱམས་ཤར་ནུབ་དང་། ཁ་ཅིག་གཙོ་བོའི་ཐུགས་ཀ་ན་བཞུགས་པར་འདོད་དེ་ངེས་པའི་སྙིང་པོ་མ་རྙེད་དོ། །འདི་ཡིན་ཏེ། སྐབས་འདིར་བར་ཁྱམས་སུ་བཤད་པ་ནི་གདངས་ཀྱི་འཆར་གཞིའི་ཀུན་བཟང་ཡབ་ཡུམ་མོ། །དཀྱིལ་འཁོར་གྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་ནི་རིགས་ལྔ་ཉིད་ཡིན་པས་ཐ་དད་པ་མེད་དོ། །དེ་ཡང་བཞི་བཅུ་རྩ་གཉིས་སུ་བཤད་པ་ནི་ལོངས་སྐུའི་ཞི་བ་སྣང་ཚུལ་བརྗོད་པ་ཡིན་གྱི། བྱེད་པ་དང་། བྱ་བ་གཙོ་བོ་ཡིན་པར་བསྟན་པ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་སྒོམ་པ་ན་གཙོ་བོའི་ཐུགས་ཀར་ཀུན་བཟང་ཡབ་ཡུམ་སྒོམ་པ་ནི་སྙིང་པོའི་འོད་གསལ་ལ་སེམས་འཛིན་པའི་ཚེ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཚོན་གང་པ་བསྒོམས་པས་འོད་གསལ་ཟིན་པར་བྱེད་པས་རྫོགས་རིམ་གྱི་སྣང་བཅས་ཀྱི་དབང་དུ་བྱས་པའོ། །དེ་ཡང་སྔར་བསྟན་པ་བཞིན་ཆོས་སྐུའི་ཞིང་ན་སྤྲོས་པ་དང་བྲལ་བས་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་། དེ་ལས་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལྷུན་སྟུག་པོ་བཀོད་པ་ན་ལོངས་སྐུ་རིགས་ལྔ་ཡབ་ཡུམ་དང་། དེ་ལས་གདུལ་བྱའི་འཇིག་རྟེན་དུ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའི་རང་བཞིན་དང་ཐུབ་པ་དྲུག་ལ་སོགས་པ་སྟེ་དཔེར་ན། སངས་རྒྱས་ཀྱི་ཞིང་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་གྲགས་པ་དེ་ཉིད་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་དང་ཚོགས་སྦྱོར་ལ་གནས་པས་སྤྲུལ་པའི་སྐུར་མཐོང་ཞིང་། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་བ་ལ་སོགས་པ་བཞིན་ནོ། །ཤར་ལ་སོགས་པའི་སྒོ་ཁྱུད༵་བཞི༵་ལ༵་བདུད་བཞི་འཇོམས་པ༵་ནི༵་ཁྲོ་བོ་གཤིན་རྗེ་གཤེད། སྟོབས་ཆེན། རྟ་མགྲིན། བདུད་རྩི་འཁྱིལ་པ་བཞི། བཙུ༵ན་མོའི༵་རང་བཞིན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་མ་བཞིའི་ཚོ༵གས་དང༵་བཅ༵ས་པ༵ར་གར་དགུའི་རོལ་པས་གན༵ས་སོ། །གར་དགུ་ནི་གློག་གི་ཕྲེང་བ་ལས། སྒེགས་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་སོ། །སྐབས་འདིར་ལྟ་བ་ངན་པའི་སྨིག་རྒྱུ་རབ་ཏུ་གཡོ་ཞིང་། ལེགས་པར་སྤྱད་པའི་ལོངས་སྤྱོད་ལས་ཉམས་པ། ཕྱིན་ཅི་ལོག་གི་མྱ་ངམ་གྱི་ཐང་བགྲོད་དཀའ་བ་ལ་ཞུགས་པ་ཁ་ཅིག་ན་རེ། ཀུན་ཏུ་བཟང་པོ་རྒྱུད་ཀྱི་སྟོན་པ་དཀྱིལ་འཁོར་གྱི་མཐར་བཏོན་ནས། མི་བསྐྱོད་པ་དབུས་སུ་བཅུག་པས་གཙོ་འཁོར་ལོག་པ་ཡིན་ནོ་ཞེས་ཟེར་རོ། །དེའི་ལན་དུ་ཁ་ཅིག་ན་རེ་ཕས་བུ་ཕོག་པ་ལྟར་འཁོར་གྱི་ཆེ་བ་འདོན་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཕྱྭ་མཁན་ལྟར་བྱ་བའི་ཡུལ་དབུས་སུ་བཀོད་ནས་བྱེད་པ་པོ་མཐར་གནས་པའོ་ཞེས་ཟེར་རོ། །ཁ་ཅིག་གཞིའི་སྐབས་སུ་མེ་ལོང་ལྟ་བུ་གཙོ་བོ། ལམ་དུ་ཀུན་གཞི་སྐུ་དང་ཡེ་ཤེས་ཀྱི་གཞིར་གྱུར་པ་དང་། འབྲས་བུའི་སྐབས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་གཙོ་བོར་བསྟན་པས་མི་བསྐྱོད་པ་དབུས་སུ་བསྟན་པའོ་ཞེར་ཟེར་རོ། །དེ་ཐམས་ཅད་ཀྱི་ལེགས་པའི་དོན་ཇི་ལྟ་བ་བཞིན་ཁོང་དུ་མ་ཆུད་དོ། །དེའང་འཆད་པ་པོ་ཡིན་པས་དབུས་སུ་འབྱུང་བའི་ངེས་པ་ཡང་མེད་དེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་དང་། ངན་སོང་སྦྱོང་བར་ཤཱཀྱ་ཐུབ་པ་དབུས་སུ་འབྱུང་བར་ཐལ་བ་ལས། རྣམ་སྣང་དང་ཡེ་ཤེས་སེམས་དཔའ་འབྱུང་བ་དེ་གཙོ་འཁོར་ལོག་པའི་སྐྱོན་དུ་འགྱུར་བ་དང་། བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་འགའ་ཞིག་ཏུ་ཐུབ་པ་དང་ཕྱག་ན་རྡོ་རྗེ་དབུས་སུ་འབྱུང་བར་ཐལ། གསུང་པ་པོ་ཡིན་པའི་ཕྱིར་ན་རྣམ་སྣང་དང་མི་བསྐྱོད་པ་བྱུང་བས་དེ་དག་ཀྱང་གཙོ་བོ་དང་འཁོར་ལོག་པའི་ཐལ་བ་བཟློག་པར་ཡང་མི་ནུས་སོ། །དེ་བས་ན་འདི་ཡིན་སྟེ། བར་ཁྱམས་སུ་བཀོད་པའི་ཀུན་བཟང་ཡབ་ཡུམ་ནི་གདངས་ཀྱི་འཆར་གཞི་བསྟན་པ་ཡིན་གྱི་གཙོ་བོར་བསྟན་པ་ཡང་མེད་ལ། མི་བསྐྱོད་པ་དབུས་སུའང་བཅུག་པ་མེད་དེ་ཐུགས་ཀྱི་རྣམ་སྣང་བསྟན་པའི་ཕྱིར་དང་། དེ་ཉིད་སྟོན་པ་ཀུན་བཟང་ཡབ་ཡུམ་ཡིན་པའི་ཕྱིར་ན་ཉེས་པ་འདི་ཉིད་ཡོད་པ་མ་ཡིན་ནོ། །ཁྱེད་ཅག་ནི་འབྲས་བུ་རྡོ་རྗེའི་ཐེག་པ་ལ་ཤིན་ཏུ་རྨོངས་ཏེ། གཙོ་བོ་དང་འཆར་གཞིའི་ཚུལ་བརྗོད་པ་ཙམ་ལ་ཡང་བློ་ཁ་མ་ཕྱོགས་པས། གསང་སྔགས་འདི་ལྟ་བུའི་དོན་ལ་ཇི་ལྟར་བརྒལ་དུ་རུང་། བ་ལང་རྫི་དག་གིས་བསྟན་པའི་ལམ་ལ་འཇུག་པར་འོས་པ་ཉིད་དོ། །

གསུམ་པ་ཕྱག་མཚན་གང་འཛིན་པ་ནི་ཐུགས་རྣམ་པར་སྣང་མཛད་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བརྡར་རྩ་བའི་ཕྱག་གཡས་ཀྱི་དང་པོ་རྡོ༵་རྗེ༵། མི་བསྐྱོད་པས་ཉོན་མོངས་པའི་དྲ་བ་གཅོད་ཅིང་ཆོས་ཀྱི་འཁོར་ལོ་བསྐོ༵ར་བའི་བརྡར་འཁོ༵ར་ལོ༵། རིན་ཅེན་འབྱུང་ལྡན་འགྲོ་བའི་རེ་བ་སྐོང་ཞིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་བརྡར་རི༵ན་པོ༵་ཆེ༵། འོད་དཔག་མེད་འདོད་ཆགས་དབྱིངས་སུ་དག་ཅིང་སོ་སོར་རྟོག་པས་འགྲོ་བ་ལ་དགོངས་པའི་བརྡར་པ༵དྨ༵། དོན་ཡོད་གྲུབ་པ་འཕྲིན་ལས་བཞིས་འགྲོ་བའི་ཉོན་མོངས་པ་གཅོད་པའི་བརྡར་རལ༵་གྲི༵་དང་། རྩ་ཕྱག་གཡོན་པ་ན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་ཐུགས་ཀར་བསྣོལ་བ། གཞན་རྣམས་ནི་ཕྱག་མཚན་སྔར་བསྟན་པ་བཞིན་ནོ། །ཡུམ་རྣམས་ནི་གཡས་ཡབ་དང་མཐུན་ལ། གཡོན་ཡང་དྲི༵ལ་བུ༵་ཡེ་ཤེས་རིན་པོ་ཆེ་འོད་འབ༵ར་བས་ཡབ་ལ་འཁྱུད་པའོ། །ཁ་ཅིག་ཡུམ་གྱི་གཡས་ན་ཕྱག་མཚན་མེད་པར་འདོད་པ་ནི་སྒྲུབ་ཐབས་ཆེན་པོ་མ་མཐོང་བར་ཟད་དོ། །གཙོ་བོའི་ཕྱག་མཚན་ནི་རྡོ་རྗེ་མེ་(༡༢༦)ལོང་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་པས། རྩ་ཕྱག་གཉིས་རྡོ་རྗེ་དྲིལ་བུས་ཡུམ་ལ་འཁྱུད་པ། བར་མ་འཁོར་ལོ་དང་པདྨ། ཐ་མ་གཉིས་ན་རལ་གྲི་དང་རིན་པོ་ཆེའོ། །དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་བཞི་ཡང་ཤེས་པར་བྱའོ། །དེའང་སྤྱིར་ཕྱག་མཚན་རིམ་པ་བཞིན་གསུངས་པའང་བཞི་ཡིན་ཏེ། གཡས་འགྱེད། གཡོན་འགྱེད། མཉམ་འགྱེད། འཁོར་འགྱེད་དོ། །འདི་ནི་རྩ་ཕྱག་གི་རིམ་པས་སྤྱིར་སྨོས་པའོ། །དེའང་ཡབ་རྣམས་ནི་ཞལ་གསུམ་ཕྱག་དྲུག་པ། ཡུམ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མའོ། །ཁ་ཅིག་ནི་བསྙེན་པའི་ཚེ་ན་ཞལ་གཅིག་ཕྱག་གཉིས་པ་ཡིན་ཟེར་བའང་འདི་ཉིད་ནས་གསལ་བར་མ་གསུངས་པས་རིག་པར་མ་མཐོང་ངོ་། །སེམས་དཔའ་རྣམས་ཀྱི་ཕྱག་མཚན་ནི། ཨུ༵ཏྤ༵ལ་ཀླུ༵་ཤིང༵་ལ་སོག༵ས་མཚན༵། །ཞེས་པས། འཇམ་དཔལ་ནི་ཉོན་མོངས་པ་སྤངས་པས་ཨུཏྤལ། བྱམས་པ་ནི་ཉོན་མོངས་པའི་ཚ་གདུང་སེལ་བས་ཀླུ་ཤིང་། སའི་སྙིང་པོ་ཡེ་ཤེས་ཀྱི་མྱུ་གུ་བསྐྲུན་པས་རིན་པོ་ཆེའི་མྱུ་གུ། ཕྱག་ན་རྡོ་རྗེས་སྡུག་བསྔལ་འཇོམས་པས་རྡོ་རྗེ། ནམ་མཁའི་སྙིང་པོ་ཉོན་མོངས་པའི་རྒྱུན་གཅོད་པའི་རལ་གྲི། སྤྱན་རས་གཟིགས་ཉེས་པའི་སྐྱོན་གྱིས་མ་གོས་པས་པདྨ། སྒྲིབ་པ་རྣམ་སེལ་སེམས་ཅན་ལ་ཆོས་སྟོན་པས་རིན་པོ་ཆེའི་འཁོར་ལོ། །ཀུན་ཏུ་བཟང་པོ་སེམས་ཅན་གྱི་རེ་བ་སྐོང་བས་རིན་པོ་ཆེའི་སྙེ་མ། དེ་དག་གི་ཡུམ་རྣམས་ནི་མཛེ༵ས་ཚུལ༵་དུ་མཉེས༵་པའི༵་ཡོ༵་བྱད༵་འཛི༵ན་པར་བྱེད་དེ། རྡོ་རྗེ་སྒེག་མོ་ནི་གཟུགས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོར་སྟོན་པས་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པའམ་མེ་ལོང་འཛིན་པ། ཕྲེང་བ་མ་ཐབས་དང་ཤེས་རབ་མི་འབྲལ་བར་མཚོན་པས་རིན་པོ་ཆེའི་ཕྲེང་བ། གླུ་མ་ཆོས་ཀྱི་སྒྲ་སྒྲོགས་པས་པི་ཝང་། གར་མ་གདུལ་བྱ་ལ་དགའ་བ་བསྐྱེད་པས་གར་བསྒྱུར་བའི་ཕྱག་ན་རྡོ་རྗེ་དྲིལ་བུ་འཁྲོལ་བའོ། །བདུག་སྤོས་མ་ནི་ཚུལ་ཁྲིམས་ཀྱི་དྲིས་ཚིམ་པར་བྱེད་པས་སྤོས་ཁང་། མེ་ཏོག་མ་བྱང་ཆུབ་ཀྱི་ཡན་ལག་མཚོན་པས་མེ་ཏོག་གི་ཟ་མ་ཏོག །མར་མེ་མས་མ་རིག་པའི་མུན་པ་སེལ་བས་མར་མེ། དྲི་ཆབ་མས་བག་ཆགས་ཀྱི་དྲི་མ་འཁྲུ་བས་དྲི་ཡི་དུང་ཆོས་འཛིན་པའོ། །ཐུབ་པ་དྲུག་ནི། བརྒྱ་བྱིན་ནི་ལྷ་རྣམས་ལ་ཆོས་ཀྱི་སྡོམ་བཞི་སྟོན་པས་པི་ཝང་། ཐགས་བཟང་རིས་ལྷ་མ་ཡིན་རྣམས་འཐབ་རྩོད་ཀྱིས་འདུལ་བས་གོ་མཚོན། ཤཱཀྱ་ཐུབ་པ་མི་རྣམས་ལ་དགེ་བཅུ་སྟོན་པས་མཁར་བསིལ་ལྷུང་བཟེད། སེང་གེ་རབ་བརྟན་བྱོལ་སོང་གླེན་ལྐུགས་ཀྱི་མདུད་པ་འགྲོལ་བས་པོ་ཏི། ཁ་འབར་དེ་བ་ཡི་(༡༢༧)དྭགས་ཀྱི་བཀྲེས་སྐོམ་སེལ་བས་རིན་པོ་ཆེའི་སྒྲོམ་བུ། ཨ་ཝ་གླང་མགོ་དམྱལ་བའི་ཉེས་དམིགས་སྟོན་པས་མེ་ཆུ་བསྣམས་པའོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་དབྱིངས་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བར་མཚོན་པས་ཕྱག་མཚན་མེད་དོ། །ཁ་ཅིག་རྡོ་རྗེ་དང་པདྨ་འཛིན་པར་འདོད་པས་ནི་ལྷའི་དག་པ་མ་གོ་བར་ཟད་དོ། །སྒོ་བ་བཞི་ནི་འཆི་བདག་གི་བདུད་འཇོམས་པས་གཤིན་རྗེ་གཤེད་ཐོད་དབྱུག །ཕུང་པོའི་བདུད་འཇོམས་པས་སྟོབས་ཆེན་རྡོ་རྗེ། ཉོན་མོངས་པའི་བདུད་འཇོམས་པས་རྟ་མགྲིན་ཐོད་སྦྲུལ། ལྷའི་བུའི་བདུད་འཇོམས་པས་བདུད་རྩི་འཁྱིལ་པ་རྡོ་རྗེ་རྒྱ་གྲམ་འཛིན་པའོ། །ཡུམ་བཞི་ནི། བསྡུ་བའི་དངོས་པོ་བཞི་དང་ཚད་མེད་པ་བཞི་མཚོན་བྱེད་དུ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་འཛིན་པའོ། །

བཞི་པ་སྐུ་མདོག་ཇི་ལྟར་སྣང་བ་ནི་རིགས་ཀྱི་སྐུ་མདོག་ཉི་ཤུ་རྩ་ལྔ། སྣ་ཚོགས་ཀྱི་སྐུ་མདོག་བཅུ་བདུན་ལས། དང་པོ་ཐུགས་ཀྱི་རིགས་ཆོས་ཉིད་མི་འགྱུར་བ་མཚོན་པའི་ཕྱིར་རྣམ་སྣང་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། ལྷ་མ་ཡིན་གྱི་ཐུབ་པ་དང་ལྔ་ནི་མཐིང༵་ག༵འོ། །སྐུའི་རིགས་རྣམས་སྐྱོན་གྱིས་མ་གོས་པར་མཚོན་པའི་ཕྱིར་མི་བསྐྱོད་པ་ཡབ་ཡུམ། ས་སྙིང་ཡབ་ཡུམ། ལྷའི་ཐུབ་པ་རྣམས་དཀ༵ར་པོ༵འོ། །ཡོན་ཏན་གྱི་རིགས་ཆེ་བའི་ཡོན་ཏན་མཚོན་པའི་ཕྱིར་རིན་འབྱུང་ཡབ་ཡུམ། ནམ་སྙིང་ཡབ་ཡུམ། མིའི་ཐུབ་པ་རྣམས་སེ༵ར་པོ༵འོ། །གསུང་གི་རིགས་ཐུགས་རྗེས་འགྲོ་བ་ལ་ཆགས་པར་མཚོན་པའི་ཕྱིར་འོད་དཔག་མེད་ཡབ་ཡུམ། སྤྱན་རས་གཟིགས་ཡབ་ཡུམ། ཡི་དྭགས་ཀྱི་ཐུབ་པ་རྣམས་ལེ༵་བརྒ༵ན་ཏེ་དམར་པོའོ། །འཕྲིན་ལས་ཀྱི་རིགས་ལས་སྣ་ཚོགས་ཀྱིས་འདུལ་བའི་ཕྱིར། དོན་གྲུབ་ཡབ་ཡུམ། ཕྱག་རྡོར་ཡབ་ཡུམ། དུད་འགྲོའི་ཐུབ་པ་རྣམས་ལྗང༵་གུའོ༵། །ལ༵་སོ༵གས་ཀྱིས་བསྡུས་པ་སྣ༵་ཚོག༵ས་མདོ༵ག་ཅན་ནི་འཕྲིན་ལས་དང་ཡོན་ཏན་དུ་མས་འགྲོ་བ་འདུལ་བའི་ཕྱིར། བྱམས་པ་ཡབ་ཡུམ་དཀར་སེར། སྒྲིབ་པ་རྣམ་སེལ་ཡབ་ཡུམ་དམར་སེར། ཀུན་ཏུ་བཟང་པོ་ཡབ་ཡུམ་དམར་ལྗང་། འཇམ་དབྱངས་ཡབ་ཡུམ་དཀར་ལྗང་། གཤིན་རྗེ་གཤེད་ཡབ་ཡུམ་སྨུག་ནག །སྟོབས་ཆེན་ཡབ་ཡུམ་སེར་ནག །རྟ་མགྲིན་ཡབ་ཡུམ་དམར་ནག །བདུད་རྩི་འཁྱིལ་པ་ཡབ་ཡུམ་ལྗང་ནག །དམྱལ་བའི་ཐུབ་པ་དུད་ཀའོ། །འདིར་ཁ་ཅིག་བྱོལ་སོང་གི་ཐུབ་པ་སེར་ནག་དང་། དམར་པོར་འདོད་པ་ནི་རྩ་གནས་ཀྱི་འཁོར་ལོའི་འོད་ཀྱི་ཁ་དོག་མ་ཕྱེད་པར་ཟད་དོ། །

ལྔ་པ་ཚུལ་ཇི་ལྟར་གནས་པ་ནི། ལྷ་དེ་དག་ཀྱང་སྐྱེ་བ་གནས་སུ་དག་པས་སྐུ་མཉེན༵་ཤ་ཆགས་པ་དང་། ན་བ་གནས་སུ་དག་པས་སྐུ་སྐབས་ཕྱེད་ཅིང་རིམ་པར་འཚམས་པས་ལྕུག༵་པ་དང་། འཆི་བ་གནས་སུ་དག་པས་སྐུ་ལྷོད་པོར་མ་གྱུར་(༡༢༨)པར་འཁྲི༵ལ་བག་ཆགས་ཤིང་རབ་ཏུ་ལྡེ༵མ་པ་སྟེ་དྲང་པོའོ། །རྒས་པ་གནས་སུ་དག་པས་སྐུ་འཇམ་ཞིང་གཞོན༵་ཤ་ཆགས་པའི་ངང་ཚུ༵ལ་ཅན༵་ནོ། །དེ་ལྟར་ལྔ་ནི་ངོ་བོའི་ཡོན་ཏན་ཡིན་ལ། རྣམ་པའི་ཡོན་ཏན་ནི་མཚན་དཔེས་མཛེས་པའི་སྐུ་དྲི་མ་མེད་པས་ཁ་དོག་ཤིན་ཏུ་གས༵ལ་བ་དང་། ཟད་པར་རྫོགས་པས་སྐུ་བཀྲག་ཅིང་འཚེར༵་བའི་མདངས་ཅན་ནོ། །བརྗིད་ཅིང་ཡིད་དུ་འོང་བས་སྐུ་ལྷུན༵་སྡུག༵་པ་དང་། འགྲོ་བ་ཟིལ་གྱིས་གནོན་པས་གཟི༵་བྱིན༵་ཆེན་པོ་དང་ལྡན༵་པའོ། །ཁ་ཅིག་ཡབ་ཀྱི་ཚུལ་ལྔ། ཡུམ་གྱི་བཞི་ཞེས་བཞེད་དོ། །

དྲུག་པ་འོད་ཟེར་ཇི་ལྟར་འཕྲོ་བ་ནི་སྐུ་དེ་དག་གི་གནས་ཆེན་པོ་དྲུག་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་འོད༵་ཟེར༵་གྱི་ཚོགས་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ཕྱོགས་བཅུར་འཕྲོ༵་བའི༵་འོད་ཟེར་གྱི་ཚོག༵ས་ཆེ༵ན་པོ༵་མུ་མེད་པས་སྣང་བར་གྱུར་པའོ། །དེའང་གནས་དྲུག་ནི། གཙུག་ཏོར། སྨིན་མཚམས། མགུལ། ཐུགས་ཀ །ལྟེ་བ། ཞབས་ཀྱི་མཐིལ་ལོ། །དེ་དག་ནས་འཕྲོ་བའི་འོད་ཟེར་གྱི་ཁ་དོག་ནི། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་དང་དྲུག་གོ། །དེའང་བཙོད་ཀ་ནི་ལེབ་བརྒན་ཏེ་དམར་སྐྱའོ། །ཤེལ་གྱི་ཁ་དོག་ནི་དཀར་སྔོ་སྟེ་རབ་དུ་དྭངས་པའོ། །ཕྱོགས་བཅུར་དྲུག་དྲུག་འཕྲོ་བས་འོད་ཟེར་བྱེ་བ་ཁྲག་ཁྲིག་གི་འཁོར་དང་བཅས་པ་ནི་སྐུ་འོད་གསལ་བའི་རང་བཞིན་ནོ། །སྒོ་བ་ཡབ་ཡུམ་ནི་བསྐལ་པའི་མེ་དཔུང་ལྟར་འབར༵་བའི༵་ཀློང་ན་མེའི་འཕྲེང༵་བས༵་ཕྱོགས་བཅུར་འཁྱིལ༵་ཞིང་འཁྲིགས་པའི་དབུས་སུ་བཞུགས་པ༵་སྟེ༵་རྔམས་པའི་ཆ་བྱད་ཅན་ནོ། །དེ་ལྟ་བུའི་སྣང་བས་ནམ་མཁའི་དབྱིངས་ཀྱི་མཐ༵འ་དབུས༵་མེ༵ད་པ༵ར་ཁྱབ༵་པ༵་ཡི༵་ཏིང་ངེ་འཛིན་གྱི་དཀྱི༵ལ་འཁོ༵ར་གྲངས་དང་ཚད་བསམ༵་ཡས༵་རང་བཞིན་ལྷུན༵་གྱིས༵་གྲུབ༵་པར་བསྒོམ་པ་ནི། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་ཞིང་ཡེ་ཤེས་དམ་པའི་ངོ་བོར་གྱུར་པའོ། །

གཉིས་པ་དེས་གྲུབ་པ་འབྲས་བུའི་དཀྱིལ་འཁོར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། རྟེན་སྐུའི་རྣམ་པར་གཞག་པ། བརྟེན་པ་ཡེ་ཤེས་ཀྱི་རྣམ་པར་གཞག་པ། མཛད་པ་འཕྲིན་ལས་ཀྱི་རྣམ་པར་གཞག་པའོ། །

དང་པོ་ལ་ལྔ་ལས། ཆོས་ཀྱི་སྐུ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ་འདི་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་གཏེར་དུ་གྱུར་པ་སྟེ། ལོངས་སྤྱོད་ཟད་མེད་རིན་ཅེན་གཏེར། །ཞེས་སོ། །སྤྲུལ་པའི་སྐུ་ནི་གང་ལ་གང་འདུལ་དུ་སྟོན་པ་སྟེ། སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །མངོན་པར་བྱང་ཆུབ་པའི་སྐུ་ནི་(༡༢༩)ཆོས་ཐམས་ཅད་མཉམ་རྫོགས་གཅིག་ཏུ་སངས་རྒྱས་པ་སྟེ། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཞེས་སོ། །མི་འགྱུར་རྡོ་རྗེའི་སྐུ་ནི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རང་བཞིན་ཏེ། རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཞེས་སོ། །

གཉིས་པ་ནི། ཆོས་ཀྱི་དབྱིངས་ལ་སོགས་པ་ལྔ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཞེས་སོ། །

གསུམ་པ་འཕྲིན་ལས་ལ་གཉིས་ཏེ། གདུལ་བྱའི་དོན་དུ་སྐུ་མངོན་པར་སྣང་ཞིང་ཆོས་བསྟན་པ་དང་། དེའི་འབྲས་བུ་སྨིན་གྲོལ་ལ་བཀོད་པའོ། །

དང་པོ་ནི། ཐ་མལ་པའི་འགྲོ་བ་ལ་རང་རང་གི་འདུལ་བྱེད་ཀྱི་སྟོན་པ་སྣ་ཚོགས་སུ་སྣང་ཞིང་དགེ་བ་ལ་འགོད་པའི་ཆོས་སྟོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ལ་དགྲ་བཅོམ་པར་སྣང་ཞིང་དེ་དང་འཚམ་པའི་ཆོས་སྟོན་ཏོ། །དེའང་རང་སངས་རྒྱས་ནི་སྒྲས་ཆོས་མི་སྟོན་ཀྱང་། བརྡས་སྟོན་པར་མངོན་རྟོགས་རྒྱན་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་སོ། །དེ་བཞིན་དུ་མཆོག་གི་སྤྲུལ་པས་གདུལ་བ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པས་དོན་མཛད་དེ་ཐེག་པ་སྣ་ཚོགས་ཀྱི་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ལ་ནི་འོག་མིན་དུ་དཔལ་རྣམ་པར་སྣང་མཛད་དུ་སྣང་བས་ས་བཅུའི་སྒྲིབ་པ་སེལ་ལོ། །དེའང་སྐུའི་ཆོས་སྟོན་གྱི་གསུང་གིས་མི་སྟོན་ཏེ་ཆོས་དང་ལོངས་སྤྱོད་མངོན་པར་བྱང་ཆུབ་པའི་མདོ་ལས། འོག་མིན་མངའ་བདག་ཆོས་ཀྱི་རྗེ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །མི་གཡོ་མི་གསུང་མཉམ་བཞག་པས། །ཞེས་སོ། །དེའང་སངས་རྒྱས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་སྤོས་ཀྱི་ཡོངས་གང་བརྩེགས་པའི་ཞིང་ཁམས་ན། བྱང་ཆུབ་སེམས་དཔའ་རྣམས་སྤོས་ཀྱི་ཤིང་ཆེན་པོའི་དྲུང་ན་གནས་པ་ན། ཤིང་དེའི་དྲི་ཚོར་བ་ཙམ་གྱིས་བྱང་ཆུབ་སེམས་དཔའི་རྒྱུད་ལ་རྣམ་པར་ཐར་བའི་སྒོའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་པ་དང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་ལ་ན་ཁ་ཟས་ཟོས་པས། ལ་ལ་ན་ཆོས་གོས་གྱོན་པས། ལ་ལ་ན་སྐུ་ལ་བལྟས་པས། ལ་ལ་ན་རྨི་ལམ་རྨིས་པ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྒྲུབ་པ་ཡོད་དེ་བསམ་གྱིས་མི་ཁྱབ་བོ། །ཞེས་དཀོན་ཅོག་བརྩེགས་པ་ལས་འབྱུང་བ་བཞིན་ནོ། །དེས་ན་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ལོངས་སྐུ། ཉན་རང་དང་མོས་པས་སྤྱོད་པའི་ས་པ་ལ་སྤྲུལ་སྐུ་མཆོག །ལས་མ་དག་པའི་སེམས་ཅན་ལ་ཐ་མལ་པའི་གཟུགས་ལ་སོགས་པར་སྣང་བས་དོན་བྱེད་དོ། །

གཉིས་པ་དེའི་འབྲས་བུ་གདུལ་བྱ་སྨིན་གྲོལ་ལ་བཀོད་པ་ལ་གསུམ་སྟེ། ལམ་གྱི་རྟེན་ལ་བཀོད་པ། ལམ་ལ་འགོད་པ། ལམ་གྱི་འབྲས་བུ་ལ་(༡༣༠)དགོད་པའོ། །

དང་པོ་ནི། ངན་སོང་ལས་དྲངས་ཏེ་མཐོ་རིས་ལྷ་དང་མིའི་གོ་འཕང་ལ་འཇོག་པའོ། །ལམ་ལ་དགོད་པ་ལ་གསུམ་ལས། ཉན་ཐོས་ཀྱི་ལམ། རང་སངས་རྒྱས་ཀྱི་ལམ། ཐེག་པ་ཆེན་པོའི་ལམ་ལ་དགོད་པའོ། །ཆེན་པོ་ལའང་རྒྱུ་མཚན་ཉིད་དང་། འབྲས་བུ་གསང་སྔགས་གཉིས་ལས། དང་པོ་ནི། སེམས་གཉིས་བསྐྱེད་དེ་ཚོགས་སྦྱོར་གྱི་རྗེས་ལ། མཐོང་སྒོམ་གྱི་ལམ་གཉིས་སུ་ས་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུས་སྦྱངས་ཏེ་མཐོང་སྤང་དང་སྒོམ་སྤང་སྤོང་པ་ལ་དགོད་པའོ། །གཉིས་པ་ནི། སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་བསྒོམས་པས་གནས་སྐབས་སུ་རིགས་འཛིན་གསུམ་གྱི་ས་ལ་གནས་པའོ། །ལམ་གྱི་འབྲས་བུ་ནི་ཀུན་ཏུ་འོད་དང་། པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་དང་། བདེ་བ་ཆེན་པོ་དང་། རྡོ་རྗེ་འཛིན་པ་དང་། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་དང་དྲུག་ལ་དགོད་པའི་འཕྲིན་ལས་མཛད་དོ། །འདི་དག་ནི་སངས་རྒྱས་ཀྱི་སའི་སྣང་སྟོང་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་གྱི་ཆ་ལ་བཏགས་ཀྱི། ཐ་དད་པ་རེ་རེའི་རིམ་པ་གོང་ནས་གོང་དུ་ནི་བགྲོད་པ་ནི་མ་ཡིན་ནོ། །དེའང་སྤྲུལ་པས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ནས་དོན་མཛད་པས་ཀུན་ཏུ་འོད་དོ། །ལོངས་སྐུར་སྣང་བས་པདྨ་ཅན་ནོ། །ཡི་གེའི་སྤྲིན་འཕྲོ་བས་ཡི་གེ་ཚོགས་ཆེན་ནོ། །བདེ་བ་ཆེན་པོའི་དབྱིངས་སུ་བཞུགས་པས་བདེ་བ་ཆེན་པོའོ། །མཐར་ཐུག་གི་བགྲོད་བྱ་དང་ཐམས་ཅད་ཀྱི་བླ་མར་གྱུར་པས་རྡོ་རྗེ་འཛིན་པའོ། །དེ་ཐམས་ཅད་དབྱེར་མེད་པས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེས་བྱའོ། །ཀུན་ཏུ་འོད་ཀྱི་ས་ལས་འདས་པ་ནི་ཆོས་སྐུ་ལས་འདས་པའི་གཟུགས་སྐུ་སྣང་བས་དོན་མཛད་པ་ཙམ་ལ་དགོངས་པའོ། །ཞར་ལ་འཕྱོང་གི་དོན་བཤད་པ་ནི། ལེའུ་དྲུག་པ་འདིར་སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ལ་སོགས་པ་རྐང་པ་བཅུ་གསུམ་སྐུའི་འཕྱོང་། ལེའུ་བདུན་པར་རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་རྐང་པ་ཉི་ཤུ་རྩ་གཅིག་གསུང་གི་འཕྱོང་དང་། བརྒྱད་པར་ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ལ་སོགས་པ་རྐང་པ་བཞི་ཐུགས་ཀྱི་འཕྱོང་དང་། བཅུ་གཅིག་པར་རྐང་པ་ཉི་ཤུ་རྩ་གཉིས་སྒྲུབ་པའི་འཕྱོང་སྟེ་སྔགས་འཆང་ཞེས་པ་མན་ཆད་དང་། ཉི་ཤུ་པར་ཁྲོ་བོ་སྒྲུབ་པའི་དཀྱིལ་འཁོར་གྱི་ལས་ནི་འདི་ཡིན་ཏེ་ཞེས་པ་ནས་རྐང་པ་ཉི་ཤུ་རྩ་བཞི་འཕྲིན་ལས་ཀྱི་འཕྱོང་དུ་གྲགས་པར་འདོད་པ་དང་། ཁ་ཅིག་གིས་དྲུག་པ་བདུན་པ་བརྒྱད་པ་གསུམ་ནས་སྐུ་གསུང་ཐུགས་ཀྱི་འཕྱོང་གསུམ། དགུ་པ་ནས་ཕྱོགས་བཅུ་དུས་བཞི་ལ་སོགས་པ་བརྒྱད་ཡོན་ཏན། བཅུ་གསུམ་པ་ནས་ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ་སོགས་པ་ལྔ་འཕྲིན་ལས། བཅུ་དགུ་པ་ནས་དམ་ཚིག་འདི་ནི་རྨད་པོ་ཆེ་ལ་སོགས་པ་(༡༣༡)བཞི་དམ་ཚིག་གི་འཕྱོང་དུ་འདོད་པ་དང་། ཡང་ཁ་ཅིག་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྟེང་དུ་དགུ་པ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་མཆོད་པའི་འཕྱོང་དུ་འདོད་པའོ། །དེའང་འགའ་ཞིག་ནི་རྩ་རྒྱུད་འདི་ན་མེད་པ་ལ། རྨ་རིན་ཅེན་མཆོག་གིས་སྒྱུ་འཕྲུལ་གཞན་ནས་ཕྱུང་སྟེ་སྐབས་སྐབས་སུ་བཅུག་པ་ལ། གཙུག་རུ་རིན་ཅེན་གཞོན་ནུས་འཕྱོང་ཡོད་མེད་གཉིས་སུ་འདོད་པ་དང་། ཁ་ཅིག་འཕྱོང་མེད་གཉགས་ཀྱི་འགྱུར་དང་། འཕྱོང་ཅན་རྨའི་འགྱུར་དུ་བཅུག་པར་འདོད་པ་དང་། ཁ་ཅིག་རྨས་ལ་གསུམ་རྒྱལ་བ་བྱང་ཆུབ་ལ་སེར་སྣ་བྱས་ནས་སྦས་པའོ་ཟེར་རོ། །དེའི་དོན་ནི་འདི་ཡིན་ཏེ། སངས་རྒྱས་གསང་བ་དང་། བཻ་རོ་ཙ་ནའི་སྔ་འགྱུར་དང་། པདྨ་དང་གཉགས་ཀྱི་བར་འགྱུར་གཉིས་ལ་མེད་ལ། བི་མཱ་ལ་དང་གཉགས་དང་རྨ་གསུམ་གྱི་ཕྱི་འགྱུར་ལ་འདུག་པས་རྒྱ་དཔེ་ཉིད་ལ་མང་ཉུང་ཡོད་པར་མངོན་ནོ། །དེ་ཉིད་ཡིན་པར་ཅིས་ཤེས་ན་བརྒྱད་སྟོང་པ་ལའང་ཀུན་ཏུ་རྒྱུ་བཟོ་སྦྱངས་དང་འཕྲེང་བ་ཅན་དང་སྡེ་ཅན་དང་གསུམ་དུ་དཔེ་ལ་མང་ཉུང་ཡོད་པ་དང་། གདུགས་དཀར་ལ་སོགས་པ་ཁ་ཅིག་ལའང་དེ་ལྟར་མང་ཉུང་བྱུང་བས་ན་བོད་ཀྱིས་བཅུག་པར་མ་ངེས་སོ། །འདི་ཉིད་འགྱུར་གྱི་བྱེ་བྲག་རྒྱ་དཔེ་ལས་བྱུང་བར་ཤེས་པར་བྱའོ། །རྒྱ་དཔེ་ལ་མང་ཉུང་འོང་བ་ནི་སྒྲའི་ཁོང་ན་དེ་ལྟར་གནས་པ་མངོན་དུ་སྒྲ་བསྒྲུབས་ཏེ་ཕྱུང་བ་དང་། མ་ཕྱུང་བའི་ཁྱད་ཞུགས་པ་ཡིན་ནོ། །

གཉིས་པ་གཞུང་གི་དོན་ལ་བཞི་སྟེ། འབྲས་བུ་སྐུའི་འཆར་ཚུལ། དེ་ལས་འཕྲིན་ལས་མཛད་ཚུལ། དེ་ལས་འགྲོ་བ་གྲོལ་ཚུལ། ངོ་མཚར་ལྟས་ཀྱི་སྣང་ཚུལ་ལོ། །

དང་པོ་ལ་ཆོས་ཀྱི་སྐུ་ནི་སྐུ་ཐམས་ཅད་ཀྱི་ངོ་བོ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནམ་མཁའི་རང་བཞིན་དུ་མངོན་པར་སངས་རྒྱས་པའི་ཕྱིར་ཆོས་དབྱིངས་ཀྱི་སྐུ༵་ཡི༵་རང་བཞིན་ཕྱག༵་རྒྱ༵་ཆེན་པོ་མཆོ༵ག་གི་དངོས་གྲུབ་ཐོབ་པ་མཐར་ཐུག་པ་ནི༵། ཆོས་ཉིད་དེ༵་བཞི༵ན་ཉིད་ཀྱི་དབྱི༵ངས་ལ༵ས་མ༵་གཡོ༵ས་ཀྱང༵་སྐུ་གཞན་གྱི་འཆར་གཞི་བྱེད་པའོ། །དེའི་ངང་ལས་སྒྲིབ་གཉིས་བག་ཆགས་བཅས་པ་ལས་ཡ༵ང་དག༵་པར་ཐར༵་པའི་གཟུ༵གས་སྐུ༵་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང༵་། དེའི་ཐུགས་རྗེ་ལས་འཕྲོས་པས་འགྲོ༵་བ༵་མ༵་ལུས༵་པ༵་སོ༵་སོ༵འི་རྒྱུད་ཇི་ལྟར་འདུལ༵་བ༵འི་ཕྱིར༵་དེ་དག་གི་བསམ་པ་དང་མཐུན༵་པར་བྱས༵་པའི་སྐུ༵་ནི༵་འཁོར་ལོས་སྒྱུར་བ་དང་། སྨད་འཚོང་དང་། ཉན་རང་དང་བེམ་པོ་༼ཉ་པ་དང་གདོལ་པ་༽ལ་སོགས་པའི་གཟུགས་རྣམ་པ་སྣ༵་ཚོ༵གས་སུ་སྟོན༵་པའོ། །

གཉིས་པ་ལ་གཉིས་ཏེ། དབྱིངས་ལས་མ་གཡོས་བཞིན་དུ་ཕྲིན་ལས་སྣང་བའི་དཔེ། གདུལ་བྱའི་དོན་དུ་ཕྲིན་ལས་སྣང་བའི་(༡༣༢)ཚུལ་ལོ། །

དང་པོ་ནི། དེ་ལྟར་སྤྲུལ་པ་སྣ་ཚོགས་པ་གདུལ་བྱ་ལ་སྟོན༵་པ་དེ་ཉིད༵་ཀུན་རྫོབ་ཏུ་སྒྱུ༵་མ༵་དང་མིག༵་ཡོ༵ར་ཏེ་གྲིབ་མ་ལྟར་སྣང་དུས་ཉིད་ནས་ངོས་གཟུང་མེད་པའི་ཚུལ༵་ནི་དོན་དམ་པར་མ་སྐྱེས་ཤིང་གདོད་ནས་དག་པའི་ངང་ཚུལ༵་ཅན་སྤྲོས་པ་དང་བྲལ་བ་ཉིད༵་ཀྱིས་ཆོས་ཀྱི་དབྱི༵ངས་ལས༵་གཡོ༵ས་པ༵་མེད༵་པའོ། །དེ་ལྟར་མ༵་གཡོ༵ས་བཞི༵ན་དུ༵་འགྲོ་བའི་སྣང་ངོར་སྤྲུལ་པའི་སྐུ་སྣ༵་ཚོ༵གས་པ༵འི་རྣམ་པ་སོ་སོར་སྣང་བ་དེའི༵་ཚེ༵་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པ་དང་ཞི་བ་དང་ཁྲོ་བོ་ལ་སོགས་པ་རྣམ་པ་མི༵་མཐུ༵ན་པའི་སྐུ་སྣ༵་ཚོ༵གས་པ༵་དག་གདུལ་བྱ་སོ༵་སོ༵འི་རིགས་དང་འདྲ༵་བ༵ར་སྣང༵་བ༵་ནི༵། ཆོས་སྐུ་དེ༵་བཞི༵ན་ཉིད༵་ཀྱི༵་དབྱིངས་ལས་མ༵་གཡོ༵ས་ཀྱང༵་འགྲོ་བ་རང་རང་གི་སྐལ་བ་དང་སྔོན་གྱི་ལ༵ས་འཕྲོ༵འི་དབ༵ང་གི༵ས་སར་གནས་ལ་རང་བཞིན་སྤྲུལ་པ་དང་། འགྲོ་བ་ཁ་ཅིག་ལ་འགྲོ་འདུལ་སྤྲུལ་པ་དང་། ཁ་ཅིག་ལ་མ་དག་སྤྲུལ་པ་དང་། ཁ་ཅིག་ལ་སྣ་ཚོགས་སྤྲུལ་པའི་སྐུ་ལ་སོགས་པ་སོ༵་སོ༵ར་སྣ༵ང་བ་སྟེ། དཔེ༵ར་ན༵་མེ༵་ལོ༵ང་གི་ངོས་ལ་བྱད་མ་འཕོས་ཀྱང་དེའི་རྣམ་པ་སྣང་བ་དང་། ཆུ་སྣོད་དུ་ནམ་མཁའི་ཟླ་བ་མ་འཕོས་ཀྱང་ཆུ༵་ཟླ༵་སྣང་བ་བཞི༵ན་ནོ། །དེ་སྐད་དུའང་ཕལ་པོ་ཆེ་ལས། ཟླ་བ་དབྱིངས་ལས་མ་འཕོས་ཀྱང་། །ཆུ་ཡི་སྣོད་དུ་སྣང་བ་ལྟར། །དེ་བཞིན་ཉིད་ལས་མ་གཡོས་པར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ལ་ལར་སངས་རྒྱས་ཉུང་བ་དང་། །ལ་ལར་མང་ཞིང་རྒྱ་ཆེ་ལ། །ལ་ལར་ཞིང་རྣམས་སྟོང་པར་སྟོན། །ཞེས་པ་ལྟར་རོ། །

གཉིས་པ་ལ་བཞི་ལས། འགྲོ་དྲུག་ཐ་མལ་ལ་སྣང་ཚུལ་ནི་ལྷུན་སྟུག་པོ་བཀོད་པར་སྐུ་གསུམ་འདུ་འབྲལ་མེད་པར་སངས་རྒྱས་པ་དེའི༵་ཚེ༵་ལྷ་ལ་སོགས་པའི་འགྲོ༵་དྲུག༵་ཐ་མལ་པ་ཐམ༵ས་ཅ༵ད་ལ༵་དེ་དག་གི་རྒྱུད་ཀྱི་སྡི༵ག་པ་སྤོ༵ང་བའི་གཟུ༵གས་བརྒྱ་བྱིན་ལ་སོགས་པའི་ཐུབ་པ་རྣམས་སུ༵་རྣམ༵་པ༵ར་བསྟན༵་ནས་ལྷ་དང་མིའི་སྒྲིབ་པ་སྦྱོང་བ་ལ་སོགས་པའི་ཆོས་སྟོན་ཏོ། །ཉན་ཐོས་ལ་སྣང་ཚུལ་ནི་དགེ༵་སྦྱོང་གི་ཚུལ༵་ཏུ་སྣང་བས་གདུལ་བའི་འགྲོ་བ་ཉན་ཐོས་ཀྱི་རིགས་ཅན་རྣམ༵ས་ལ༵་ཉན་ཐོས་དགྲ༵་བཅོ༵མ་པའི་གཟུ༵གས་སུ་བསྟན་ནས་བདེན་པ་བཞིའི་དོན་རྟོགས་པ་ལ་འགོད་པར་མཛད་དེ། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་ལས། གང་དག་ཉན་ཐོས་ཀྱིས་གདུལ་བར་བྱ་བ་རྣམས་ལ་ནི་ཉན་ཐོས་ཀྱི་གཟུགས་སུ་འདུག་སྟེ་ཆོས་སྟོན་ཏོ། །ཞེས་སོ། །རང་རྒྱལ་ལ་སྣང་བའི་ཚུལ་ནི་རང༵་རྒྱལ༵་གྱི་གཟུགས་ཀྱིས་གདུལ་བར་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས༵་ལ༵་བསེ༵་རུ༵་ལྟ་བུའི༵་ཚུ༵ལ་གྱིས་རྟེན་འབྲེལ་གྱི་ཆོས་བརྡས་སྟོན་པར། དེ་ཉིད་ལས། གང་དག་རང་སངས་རྒྱས་ཀྱི་གཟུགས་ཀྱིས་གདུལ་བར་བྱ་བ་དེ་དག་ལ་ནི་རང་སངས་རྒྱས་ཀྱི་གཟུགས་སུ་འདུག་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཆོས་བརྡས་ཡང་དག་པར་སྟོན་(༡༣༣)ཏོ། །ཞེས་སོ། །ཐེག་པ་ཆེན་པོ་ལ་སྣང་ཚུལ་ནི་ཚུལ་དེ་དག་ལས་གཞ༵ན་ཡ༵ང་ཐེ༵ག་པ་མཆོ༵ག་གི་དབང་པོའི་རི༵མ་པ༵་བཞི༵ན། ས་བཅུ་པའི་སེམས་དཔའ་ལ་སོ་སོར་སྣང་ཚུལ་ནི། གནས་ཕུན་སུམ་ཚོགས་པ་དབང་ཕྱུག་ཆེན་པོའི་འོ༵ག་མི༵ན་བླ༵་ན་མེད་པའི་གན༵ས་གཟུགས་ཁམས་ལས་ཁྱད་པར་དུ་འཕགས་པའི་མཆོ༵ག་ཏུ༵། སྟོན་པ་ཉིད་སྐུ༵་ནི༵་རྣམ༵་པར༵་སྣང༵་མཛ༵ད་ཀྱི་ཚུལ༵་ཏུ་བཞུགས་པ་ལ། འཁོར་ཕུན་སུམ་ཚོགས་པ་ས་བཅུའི་བྱང༵་ཆུབ༵་སེ༵མས་དཔའི༵་འཁོ༵ར་རྣམ༵ས་ལ༵་ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོ། དུས་ཕུན་སུམ་ཚོགས་པ་མཉམ་པ་ཉིད་འཕོ་འགྱུར་མེད་པའི་ཚེ་སྟོན་པའོ། །དེའང་སྔར་འགྲོ་བ་ཐ་དད་ལ་སྣང་བ་སྤྲུལ་པའི་སྐུའི་ཆོས་རྣམས་ཚིག་ཏུ་སྟོན་པར་སྣང་བ་དེ༵་བཞི༵ན་དུ་ལོངས་སྐུའི་སྟོན་པ་ཉིད་ཆོས་རྣམས་གསུང༵་དུ༵་མི༵་སྨྲ༵་སྟེ། སྐུ༵་སྣང་བ་དེ་ཉིད་ཀྱི་ངོ་བོ་ཡིས༵་ཐེག་པ་ཆེན་པོའི་ཆོ༵ས་རྣམ༵ས་འཁོར་གྱི་བློ་ལ་མཇ༵ལ་བ༵ར་སྟོན༵་ཏོ། །

གསུམ་པ་དེ་ལས་འགྲོ་བ་གྲོལ་ཚུལ་ལ་གཉིས་ཏེ། རྒྱུ་ལམ་གྱི་སྒྲིབ་པ་སྦྱང་བ། འབྲས་བུ་སྐུ་དང་ས་མཆོག་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ལས། དཔེ་ནི་གདོང་ལ་མེ༵་ལོ༵ང་བསྟན༵་པ༵འི་ཚེ་རང་གི་བྱད་སྣང་བའི་ཚུལ༵་གྱིས་དྲི་མ་མཐོང་བ་བཞི༵ན་དུ༵། སླར་བྱད་དངོ༵ས་ཀྱི༵་དྲི་མས་གོས་པའི་མདོ༵ག་ང༵ན་པ་ཐམ༵ས་ཅ༵ད་འཁྲུ་ཞིང་སེ༵ལ་བ་ལྟར། དོན་ནི་ས་བཅུའི་སེམས་དཔའི་འཁོ༵ར་གྱི༵ས་དཔེ་དེ༵་བཞི༵ན་དུ་སྟོན་པ་ལོངས་སྐུའི་སྐུ༵་ལ་བལྟ༵ས་པ་ན༵། བྱ༵ང་ཆུབ༵་ལ་སྒྲིབ༵་པ༵འི་དྲི་མ་ཆེ་འབྲིང་ཕྲ་བ་དང་བཅས་པ་གཏིང༵་དཔ༵ག་དཀའ་ཞིང་ཚད་མེ༵ད་པ་རྣམས། མེ༵་ལོ༵ང་ནང་གི་དྲི་མ་སྣང་བ་བཞི༵ན་དུ༵་ལོངས་སྐུའི་སྐུ༵་ལ༵་སྣང༵་ངོ་། །དེ༵་ན༵ས་སེམས་དཔའ་དེ་དག་ས་དེའི་དྲི་མ་སྦྱོང་བ་ལ་བརྩོན་པར་བྱེད་དོ། །དེ་ཡང་ས་དང་པོར་སེར་སྣ། གཉིས་པར་ཚུལ་ཁྲིམས་འཆལ་པ། གསུམ་པར་ཁོང་ཁྲོ། བཞི་པར་ལེ་ལོ། ལྔ་པར་རྣམ་གཡེང་། དྲུག་པར་ཤེས་རབ་འཆལ་པ། བདུན་པར་ཐབས་མི་མཁས་པ། བརྒྱད་པར་སེམས་ཅན་གྱི་དོན་མི་འགྲུབ་པས་སྟོབས་ལ་སྒྲིབ་པ། དགུ་པར་སྨོན་པའི་དོན་མི་འགྲུབ་པ། བཅུ་པར་མི་ཤེས་པ་ཕྲ་མོའི་ས་བོན་དང་བཅས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སའི་ཡོངས་སུ་སྦྱོང་བས་སྦྱངས་པས། ས༵་བཅུའི༵་དྲི་མ་རྣམས་རི༵མ་གྱི༵ས་སྦྱང༵ས་ཤིང་། བླ༵་མེ༵ད་བྱང༵་ཆུབ༵་ཡ༵ང་ད༵ག་པར་ཐོ༵བ་སྟེ། ས་བཅུའི་རྒྱུན་གྱི་ཐ་མར་འོད་ཟེར་ཆེན་པོའི་དབང་སྐུར་བར་བྱེད་དེ། མདོ་སྡེ་རྒྱན་ལས། སྒོམ་པ་ཐ་མ་ཐོབ་ནས་ནི། །འོད་ཟེར་ཆེན་པོའི་དབང་བསྐུར་རོ། །ཞེས་པས། སེམས་དཔའ་དེས་སངས་རྒྱས་ཐམས་ཅད་མཆོད་པ་ན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྨིན་མཚམས་ནས་འོད་ཟེར་ཆེན་པོ་བྱུང་ནས་སེམས་དཔའ་དེའི་སྤྱི་བོའི་གཙུག་ཏུ་ནུབ་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་སྟེ་འཚང་(༡༣༤)རྒྱ་བར་བྱེད་པའོ། །

གཉིས་པ་ལ་གསུམ་སྟེ། ལྷུན་སྟུག་པོ་བཀོད་པར་སྐུ་དང་ཡེ་ཤེས་རྫོགས་ཚུལ་སྤྱིར་བསྟན། དེ་ལ་སའི་རྫོགས་ཚུལ་བྱེ་བྲག་ཏུ་བཤད། སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་དུ་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། སྐུ་གསུམ་འདུ་འབྲལ་མེད་པའི་ཐོབ་ཚུལ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་ཆོ༵ས་ཀྱི་སྐུ༵་ནི་བློས་དཔ༵ག་ཏུ་མེ༵ད་ཅིང་ཚིག་གིས་བརྗོ༵ད་དུ༵་མེ༵ད་པའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ངང་ལས་ལོ༵ངས་སྤྱོད་རྫོགས་པའི་སྐུ༵་ནི་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས་པས་ཟ༵ད་པ་མེ༵ད་པའི་ཡི༵ད་བཞི༵ན་གྱི་ནོར་བུ་རིན་ཅེན་གྱི་གཏེར༵་དུ་བཞུགས་སོ། །དེའི་ངང་ལས་གདུལ་བྱའི་དོན་དུ་སྤྲུལ༵་པ༵འི་སྐུ་བྱེ༵་བ༵་ཁྲག་ཁྲིག་དཔག་ཏུ་མེད་ཅིང་བས༵མ་གྱིས༵་མི༵་ཁྱབ༵་པ་འཕྲོ་བར་བྱེད་དོ། །གཉིས་པ་རང་སྣང་ལྷུན་གྲུབ་ཆེན་པོར་བཞུགས་ཚུལ་ནི། དེ་ལྟར་སྣང་བའི་ལོངས་སྐུ་དེ་ཡང་མཚ༵ན་ད༵ང་དཔེ༵་བྱ༵ད་ཐམ༵ས་ཅ༵ད་རྫོག༵ས་ཤིང་། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་རང་སྣང་བའི་སྤྱོད༵་ཡུལ༵་ཀུན༵་ཏུ༵་སྐུ་དང་ཡེ་ཤེས་ཀྱི་མ༵ཎྜལ༵་ཏེ་དཀྱིལ་འཁོར་དུ་སྣང་བ་ཉིད་ལས་བཟང་ངན་མེད་པའི་རང་བཞིན་དུ་ལྷུན་གྱིས་གྲུབ་ཅིང་། དེ་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་རང་སྣང་བས་བསོད་ནམས་ཀྱི་ཚོགས་དང་། གང་དུའང་འཛིན་པ་མི་མངའ་བས་ཡེ་ཤེས་ཀྱི་ཚོགས་ཏེ་ཚོ༵གས་ཆེ༵ན་གཉིས༵་ཀྱང༵་རང་སྣང་དེ་ཉིད་དུ་ལྷུན་རྫོག༵ས་ཆེན་པོ༵ར་རོ༵ལ་པའོ། །

གཉིས་པ་སའི་རྫོགས་ཚུལ་ནི་ཐབ༵ས་སྤྲུལ་པ་སྐུའི་ས་ཀུན་ཏུ་འོད་ད༵ང་། ཤེ༵ས་ར༵བ་རང་སྣང་དག་པ་ལོངས་སྤྱོད་རྫོགས་པ་པདྨ་ཅན་གྱི་ས་དང་། གཉིས་སུ་མེད་པ་ས༵་ཡི༵་མཆོ༵ག་འཁོར་ལོ་ཚོགས་ཆེན་ཆོས་ཀྱི་སྐུའི་སའོ། །སའི་རྣམ་གྲངས་དང་ཡོན་ཏན་གྱི་ཆོས་དེ༵་དག་ལ༵་སོ༵གས་ཏེ༵་ཚད་མེད་ཅིང་བས༵མ་ཡ༵ས་ཀྱི་མཆོ༵ག་རྣམས་ཡོངས་སུ་རྫོགས་པའོ། །དེ་ལ་འདིར་སའི་ངོ་བོ་མི་ཤེས་པ་ཁ་ཅིག་ཀུན་ཏུ་འོད་ཆོས་སྐུ། པདྨ་ཅན་ལོངས་སྐུ། འཁོར་ལོ་ཚོགས་ཆེན་སྤྲུལ་སྐུར་འདོད་པ་དེ་ནི་དབྱིངས་མ་གོ་བའི་རྣམ་འགྱུར་ཏེ་གོང་ནས་གོང་གི་ཡོན་ཏན་གྱི་ཆ་ལ་བཏགས་པ་མ་མཐོང་བའོ། །དེའང་སྤྲུལ་པ་ཀུན་ཏུ་ཚད་མེད་པས་ཀུན་ཏུ་འོད་དང་། སྣང་བ་ཚད་མེད་པས་པདྨ་ཅན་དང་། ཡེ་ཤེས་ཚད་མེད་པས་འཁོར་ལོ་ཚོགས་ཆེན་ཏེ། དབྱིངས་སྐྱེ་བ་མེད་པ་ན་རང་བྱུང་འགགས་པ་མེད་པ་ཡི་གེའི་ས་བོན་ལྟར་འཕྲོ་གཞིར་གནས་པས་ཡི་གེ་འཁོར་ལོ་ཚོགས་ཆེན་ཞེས་བཤད་དོ། །ཡི་གེ་སྤྲིན་ནི་མ་ཡིན་ཏེ། གཉིས་སུ་མེད་པའི་ཆོས་སྐུ་ཡིན་པའི་ཕྱིར་རོ། །གཞན་དག་ཡི་གེ་འཁོར་ལོའི་སྒྲས་སྤྲུལ་པའི་རང་བཞིན་ཡི་གེ་སྤྲིན་དང་འཁྲུལ་པ་ཡིན་ནོ། །འདིར་ཐབས་ཞགས་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས། །པདྨ་ཅན་དུ་གྱུར་པ་ན། །ཞེས་པས་ས་གོང་འོག་ཏུ་དོན་ལ་ཁྱད་ཞུགས་(༡༣༥)པ་མ་ཡིན་ནམ་ཞེ་ན། དོན་ལ་གཅིག་ཀྱང་ཡོན་ཏན་དང་སྣང་བ་འཆར་ཚུལ་གོང་འོག་གི་ཁྱད་ཀྱིས་དེ་སྐད་བཏགས་པ་ཡིན་ནོ། །ཞེས་བཤད་ཟིན་ཏོ། །

གསུམ་པ་སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་དུ་དོན་བསྡུ་བ་ནི། དེ་ལྟར་ས་དེ་དག་ཐོབ་པའི་ཚེ་སྐུ་ལྔ་ཡང་ལྷུན་གྲུབ་ཏུ་ཐོབ་པས་ན་དང་པོ་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་དང་བྲལ་བ་ནི་འགྱུར་བ་མེད་པའི་ཡོངས་གྲུབ་སྟེ་སྐྱེ༵་ཤི༵་མེ༵ད་པ༵འི་ཆོས་ཉིད་གཡུང༵་དྲུང༵་སྟེ་རྟག་པའི་སྐུ༵་ལྷུན་གྱིས་གྲུབ་པའོ། །དེ་ཉིད་ཀྱི་ངང་ལས་ལོངས་སྐུར་ཤར་བའི་བྱིན་རླབས་ལས་རང་བྱུང་བ་ཉོན༵་མོ༵ངས་པའི་སེམས་ཅན་ཀུན་གྱི༵་གདུལ་ཞིང༵་དུ༵་གང་ལ་གང་འཚམ་པའི་སྤྲུལ་སྐུ་གན༵ས་ཏེ་དོན་མཛད་པའོ། །སྤྲུལ་སྐུའི་འཆར་གཞི་དེ་ཉིད་ཡོན་ཏན་གྱི་ཚོགས་ཟ༵ད་མི༵་ཤེ༵ས་པ༵འི་རང་བཞིན་ལྷུན་སྟུག་པོ་བཀོད་པའི་ལོངས་སྤྱོད་ཀུན་གྱི་གཏེར༵་དུ༵་འགྱུར༵་བ་ནི་ལོངས་སྐུའོ། །དེ་ལྟར་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ནི་གཉིས་སུ་མེད་པའི་རྡོ༵་རྗེ༵་དང་རི༵ག་པ༵འི་ཡེ་ཤེས་ཆེན་པོ་འཛི༵ན་པ༵ས་མི་འགྱུར་རྡོ་རྗེའི་སྐུའོ༵། །ཆོས་ཐམ༵ས་ཅ༵ད་ཡེ་ནས་རྫོགས་པ་ཆེན་པོའི་རང་བཞིན་དུ་དབྱེ༵ར་མེ༵ད་ཅི༵ང་མཉམ༵་པ་ཉིད་དུ་མངོན་པར་བྱང་ཆུབ་པ༵འི་སྐུ༵་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་ཐམ༵ས་ཅ༵ད་ཀྱང་མ་འདྲེས་པར་མཁྱེ༵ན་པ༵འི་ཡེ༵་ཤེ༵ས་ནི་ཇི་སྙེད་པ་མངོན་པར་བྱང་ཆུབ་པའི་སྐུ༵་སྟེ་མངོན་པར་བྱང་ཆུབ་ཀྱི་སྐུའོ། །དེ་དག་ཀྱང་རིགས་ལྔ་ཡེ་ཤེས་ལྔའི་སྐུ་སྟེ། གཡུང་དྲུང་གི་སྐུ་ནི་དེ་བཞིན་གཤེགས་པའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐུའོ། །ལོངས་སྐུ་ཟད་མི་ཤེས་པའི་ཆོས་ཉིད་རྡོ་རྗེ་རིག་པ་འཛིན་པའི་སྐུ་ནི་རྡོ་རྗེའི་རིགས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐུའོ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ་ནི་རིན་ཅེན་རིགས་ཏེ་མཉམ་ཉིད་ཡེ་ཤེས་ཀྱི་སྐུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ནི་པདྨའི་རིགས་ཏེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྐུའོ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས་པ་ནི་སྤྲུལ་པ་སྟེ་ལས་ཀྱི་རིགས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྐུའོ། །ས་ཐོབ་པ་དེ༵འི་ཚེ༵་སྐུ༵་ལྔ༵་པོ་ཀུན༵་ཀྱ༵ང་རྫོ༵གས་པར་ཐོབ་པ་ཡིན་ཏེ། འབྲས་བུའི་ས་དང་སྐུ་དང་ཡེ་ཤེས་རྣམས་ཆས་དབྱེ་བ་ལས་སྔ་ཕྱི་མེད་དོ། །དེའང་ཡོན་ཏན་གྱི་རྟེན་དུ་གྱུར་པས་ས་དང་། སངས་རྒྱས་ཀྱི་ལུས་སུ་གྱུར་པས་སྐུ་དང་། རང་བྱུང་གི་རིག་པར་གནས་པས་ཡེ་ཤེས་དང་། འགྲོ་བའི་དོན་མཛད་པས་འཕྲིན་ལས་ཞེས་སོ་སོར་བཏགས་ཀྱང་ངོ་བོ་གཅིག་སྟེ། རྒྱུ་རྐྱེན་ལས་སྐྱེས་པས་དངོས་པོ་དང་། འཇིག་པས་མི་རྟག་པ་དང་། ཆུ་སྐྱོར་བས་བུམ་པར་བཏགས་པ་རྣམས་ངོ་བོ་གཅིག་པ་བཞིན་ནོ། །

བཞི་པ་ངོ་མཚར་གྱི་ལྟས་ཀྱི་སྣང་ཚུལ་ནི། དེ་སྐད་ཅེ༵ས་བརྗོ༵ད་པ༵ས། གདུལ་བྱའི་འཇི༵ག་རྟེན༵་དྲུག༵་གི༵་ཕྱོག༵ས་བཅུ༵་རེ་རེ་ཞིང་གྲངས་མཐ༵འ་ཡ༵ས་ཤི༵ང་མུ༵་མེ༵ད་པ༵་ཐམ༵ས་ཅ༵ད་དུ༵་རྣམ་པར་འཕྲུལ་པའི་དཀྱི༵ལ་འཁོ༵ར་བསམ་གྱིས་(༡༣༦)མི་ཁྱབ་བརྗོ༵ད་ཀྱི༵ས་མི༵་ལ༵ང་བ༵་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང༵་གི༵་རྡུལ༵་ཕྲ་རབ་ཀྱི་གྲངས་ཇི་སྙེད༵་དང་མཉམ་པ་དེ་ཙམ་དུ༵་གས༵ལ་ཅིང་སྣང་བ༵ར་གྱུར༵་ཏོ༵། །

གསུམ་པ་འབྲས་བུ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་གཅིག་ཏུ་དོན་བསྡུ་བ་ལ་གཉིས་ཏེ། ཚུལ་ཇི་ལྟར་གསུངས་པ་དང་། ངོ་བོ་གང་གསུངས་པའོ། །དང་པོ་ནི། ཐམས་ཅད་དཀྱིལ་འཁོར་དུ་གསལ་བ་དེ༵་ན༵ས་རང་སྣང་གི་དེ༵་བཞི༵ན་གཤེ༵གས་པ༵་བཙུ༵ན་མོ༵འི་ཚོ༵གས་དང༵་རང་བཞིན་གཉི༵ས་སུ༵་མེ༵ད་པ༵འི་དཀྱི༵ལ་འཁོ༵ར་དེ༵་ད༵ག་ལས་དེ་བཞིན་གཤེགས་པ་ཉིད༵་ཀྱི༵་གས༵ང་བ༵་འདི༵་ཉིད༵་སྐུ༵་ད༵ང་གསུ༵ང་དང་ཐུག༵ས་དང་ཡོ༵ན་ཏན༵་དང་འཕྲི༵ན་ལ༵ས་རྡོ༵་རྗེ༵་ལ༵ས་འདི་སྐད་ཅེས་ཕྱུང༵་ངོ༵་། །

གཉིས་པ་ནི། ཏིང་ངེ་འཛིན་རང་སྣང་བའི་དཀྱིལ་འཁོར་ངོ་མཚར་བའི་རོལ་པ་དབྱིངས་ལས་མ་གཡོས་པར་བསྟན་པའི་ཕྱིར་ཨ༵་ཧོ༵་ཞེས་པའོ། །དེའང་དམི༵གས་པར་བྱ༵་བའི་ཡུལ་ཆོས་རང་བཞིན་གྱིས་རྣམ་པར་དག་པ་དང་། དམི༵གས་པར་བྱེད༵་པའི་བློ་གློ་བུར་ཀུན་བརྟགས་ཀྱིས་རྣམ་པར་དག་པ་དང་། དེ་གཉིས་ཀའི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཙམ་དུའང་མི༵་དམི༵གས་པ་ནི། དོན་དམ་པའི་རང་བཞིན་བློས་དཔ༵ག་ཏུ་མེ༵ད་ཅིང་བས༵མ་གྱིས་མི༵་ཁྱབ༵་པ་གཞི་རང་བཞིན་གྱི་དཀྱིལ་འཁོར་རོ། །ཏིང་ངེ་འཛིན་རྣམ་པ་གསུམ་སྔོན་དུ་འགྲོ་བས་བསྐྱེད་པའི་ལྷའི་རང་བཞིན་ཆུའི་ཟླ་བ་ལྟར་བསྒོམ་པའི་ཡེ༵་ཤེ༵ས་ར༵ང་རི༵ག་པའི་དཀྱིལ༵་འཁོར༵་རྣམ་པ་སྣ༵་ཚོ༵གས་བརྗོད༵་ཀྱི༵ས་མི༵་ལ༵ང་བ་བསྒོམས་པའི་རྗེས་ལ། འཁོར་བའི་རང་བཞིན་ཆོས་ཉིད་དུ་མཉམ༵་པ་ཉིད་དང༵་མྱ་ངན་ལས་འདས་པ་དམིགས་པ་ཉེ་བར་ཞུ་བས་མི༵་མཉམ༵་པའི་ངོ་བོ་ཀུན༵་ལ་ཡེ་ནས་དག་པའི་དེ་བཞིན་ཉིད་ཀྱིས་ཁྱ༵བ་བྱ་ཁྱ༵བ་བྱེད་མེ༵ད་པའི་རང་བཞིན་ཏེ། ཆོས་ཉིད་རྫོགས་པ་ཆེན་པོས་ཁྱབ༵་པ༵འི་དབྱི༵ངས་དེ་བཞིན་ཉིད་བསྐྱེད་རྫོགས་ཙམ་དུའང་འཛིན་པ་མེད་པར་མཉམ་པར་བཞག་པ་ནི་ལམ་བསྐྱེད་རྫོགས་བསྒྲུབ་པའི་དཀྱིལ་འཁོར་རོ། །དེ་ལྟར་ཉམས་སུ་བླངས་པའི་མཐར་འབྲས་བུ་གཞི་ཐོག་ཏུ་ཕྱིན་པ་དེའི་ཚེ་ཡེ༵་ན༵ས་སྣང་བ་ཀུན༵་ཏུ་འོད་གས༵ལ་བའི་ལོངས་སྐུ་འགག་པ་མེད་པའི་དཀྱི༵ལ་འཁོ༵ར་ལས། སྣ་ཚོགས་སྤྲུལ་པ་སྐུའི་དཀྱིལ་འཁོར་རྣམ༵་པར་འཕྲོ༵་བས་འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དོ། །དེ་ལྟར་སྐུ་དེ་གཉིས་ནི་རྣམ་པར་འཕྲོ་བ་དང་མི་འཕྲོ་བར་གནས་པ་ལྟར་སྣང་བ་ཉིད་ནས་རང་བཞིན་སྤྲོས༵་པ༵་མེ༵ད་པ་ནི་ཆོས་ཀྱི་སྐུ་སྟེ་ནམ་མཁའ་ལྟ་བུའི་ཆོས་ཉིད་ངོ་མཚར་བར་བསྟན་པས་ཧོ༵་ཞེ༵ས་རྡོ༵་རྗེ༵་གས༵ང་བ༵འི་ཚི༵ག་འདི་ཉིད་དུ༵་གསུངས་པའོ༵། །དེ་བཞིན་དུ་གཞི་ལམ་འབྲས་བུ་རེ་རེ་ཞིང་ཡང་གནས་ཏེ། གཞི་ལྟར་ན་དམིགས་བྱ་ཡུལ་དམིགས་བྱེད་བློ་དེ་གཉིས་ཀའི་རང་བཞིན་ཡེ་ནས་དམིགས་པ་མེད་པའི་སེམས་ཉིད་དཔག་(༡༣༧)ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་འོད་གསལ་གྱི་ངང་ན། ཡེ་ཤེས་རང་རིག་གི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་ཡེ་ནས་གནས་པ་དེ་ཡང་། ཆོས་ཉིད་མཉམ་པ་དང་ཆོས་ཅན་ཐ་དད་མི་མཉམ་པ་ཀུན་ལ་ཁྱབ་པའི་རང་བཞིན་མཉམ་པ་ཉིད་ནི་ཁྱབ་མེད་ཁྱབ་པ་ཆེན་པོའི་དབྱིངས་ཏེ། ཡེ་ནས་ཀུན་གསལ་གྱི་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོ་འགྲོ་བ་ཀུན་ལ་འཕྲོ་ཡང་སྤྲོས་པ་མེད་པའི་རང་བཞིན་ངོ་མཚར་ཏོ་ཞེས་སོ། །དེའང་དེ་བཞིན་ཉིད་ནི་ཀུན་ལ་ཁྱབ་པའི་ངོ་བོ་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་པོ་ཐམས་ཅད་དེ་ཡིན་ཏེ། །ནམ་མཁའ་ཀུན་གྱི་དབྱིངས་ན་དཔལ། །རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས། །ཞེས་སོ། །ལམ་ལྟར་ན་དམིགས་བྱ་ཏིང་ངེ་འཛིན་དམིགས་བྱེད་རང་གི་བློ་དེ་གཉིས་ཀའི་ངོ་བོ་མི་དམིགས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་དཔག་ཏུ་མེད་པ་དང་། རྒྱུའི་ཏིང་ངེ་འཛིན་སྙིང་རྗེའི་ངང་ལས་སེམས་ཉིད་བསམ་གྱིས་མི་ཁྱབ་པ་ཡི་གེའི་རང་བཞིན་ཨ་ལ་སོགས་པའི་ངོ་བོ་ལས། ཡེ་ཤེས་རང་རིག་གི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་བསྒོམས་ནས། དེ་ཐམས་ཅད་སེམས་ཉིད་དུ་མཉམ་པས་སྟོང་པ་དང་། རྣམ་པ་ཐ་དད་པ་བསྐྱེད་པ་མི་མཉམ་པ་སྣང་བ་དང་། དེ་ཉིད་ཀྱི་ངོ་བོ་མ་སྐྱེས་པས་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས་ཡེ་ནས་ཀུན་གསལ་གྱི་ངང་ལས། དཀྱིལ་འཁོར་གྱི་སྤྲོ་བསྡུ་མང་པོ་རྣམ་པར་འཕྲོ་ཡང་། དོན་ལ་སྤྲོས་པ་མེད་པའི་ངང་དུ་ཤེས་པ་སྟེ། ཟླ་གསང་ཐིག་ལེ་ལས། སེམས་དཔའ་ཀུན་གྱི་དངོས་པོ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །ཐམས་ཅད་དུ་ནི་ཡན་ལག་བཞུགས། །ཞེས་སོ། །འབྲས་བུ་ལྟར་བཤད་ན། དབྱིངས་དམིགས་བྱ་དམིགས་བྱེད་དམིགས་པ་མེད་ཅིང་དཔག་མེད་བསམ་གྱིས་མི་ཁྱབ་པ་ཆོས་སྐུའི་ངང་ལས། རང་སྣང་ཡེ་ཤེས་རིག་པའི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་གསལ་བ་རྣམས་ཀྱི་ངོ་བོ་མཉམ་པ་ཉིད་དང་། བཀོད་པ་དང་རྣམ་པ་མི་མཉམ་པ་ཀུན་ལ་ཁྱབ་པའི་ཆོས་ཉིད་ཁྱབ་བྱ་ཁྱབ་བྱེད་ཁྱབ་པ་མེད་པའི་དབྱིངས་ཡེ་ནས་ཀུན་གསལ་ལོངས་སྤྱོད་རྫོགས་པའི་སྐུ་ལས། སྤྲུལ་སྐུའི་དཀྱིལ་འཁོར་འཕྲོ་ཡང་ཆུ་ཟླ་ལྟར་མ་འཕོས་པར་དབྱིངས་དེ་ཉིད་ལས་སྤྲོས་པ་མེད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར་བར་བསྟན་པའོ། །དེ་ལྟར་སྣང་བའི་སངས་རྒྱས་དང་སེམས་ཅན་ཡང་དོན་ལ་མ་སྐྱེས་པར་མཉམ་པ་ཉིད་དེ། སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་དེ་བཞིན་གཤེགས་པར་(༡༣༨)འགྱུར། །ཞེས་སོ། །ཏིང་ངེ་འཛིན་གས༵ང་བའི༵་སྙིང༵་པོ༵་རང་སྣང་བའི་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལས༵། རང་བཞིན་ཏིང་ངེ་འཛིན་གྱི་དཀྱི༵ལ་འཁོ༵ར་སྤྲོས༵་པའི༵་ལེ༵འུ༵་སྟེ༵་དྲུག༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་དྲུག་པའི་རྣམ་པར་བཤད་པ།next