Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
  collapse section
   
   
གཉིས་པ། དབང་པོ་འབྲིང་ཐབས་ལམ་གོམས་ཐོག་ནས་གྲོལ་བའི་ལེའུ།
   
   
   
  expand section
   
  expand section
   
   


 
previousགཉིས་པ། དབང་པོ་འབྲིང་ཐབས་ལམ་གོམས་ཐོག་ནས་གྲོལ་བའི་ལེའུ།next

གཉིས་པ། དབང་པོ་འབྲིང་ཐབས་ལམ་གོམས་ཐོག་ནས་གྲོལ་བའི་ལེའུ།

སྒོམ་པ་རང་བབ་རང་གྲོལ་ཆེན་པོ་ལ། །བཅོས་བསྒྱུར་མི་དགོས་གང་ཤར་རྫོགས་པ་ཆེ། །བླང་དོར་མི་དགོས་གདོད་མའི་ངང་ཉིད་དུ། །ཕྱི་ནང་འཁོར་འདས་ཆོས་རྣམས་ཕྱམ་བརྡལ་ལོ། །གང་བྱུང་རིག་པ་ཚོགས་དྲུག་ལྷུག་པ་ལ། །མ་བཅོས་རིག་པ་བུ་ཆུང་ལྟ་བུར་ཞོག །གཞི་བྲལ་ངང་དུ་བློ་བྲལ་(༩)ལས་འདས་ན། །བསམ་མེད་རྒྱལ་པོ་འགྱུར་མེད་ལྷུན་གྱིས་གྲུབ། །ཐ་མལ་ཤེས་པ་བཟོ་མེད་ལྷུག་པ་ལ། །རང་བབ་ཤེས་པ་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་ཤེས་པ་བཅོས་བསླད་བྲལ་བར་བཞག །བྱར་མེད་ཤེས་པ་ཆོས་ཉིད་ཆེན་པོར་གནས། །སེམས་དལ་ཁོང་ཡངས་ངང་གིས་བློ་བདེ་ལ། །རང་བབ་ལྷུན་ཆགས་རྒན་བུ་ལྟ་བུར་ཞོག །ཐུན་མཚམས་རྩི་མེད་རང་ཤར་ཆེན་པོའི་ངང་། །རང་གྲོལ་རིག་པ་རྒྱ་ཡན་ཆེན་པོར་གནས། །གཏད་མེད་རིག་པ་ཟང་ཐལ་ཆེན་པོ་ལ། །འཛིན་མེད་རིག་པ་སྨྱོན་པ་ལྟ་བུར་ཞོག །བརྟུལ་ཞུགས་རིག་པ་ཕྱོགས་རིས་མེད་པའི་ངང་། །རྐྱེན་ངན་སྣ་ཚོགས་ཆོས་ཉིད་རོལ་པར་འཆར། །སྣ་ཚོགས་རང་སེམས་རིག་པའི་ཆོ་འཕྲུལ་ལ། །ཉམ་ང་མེད་པ་སེང་གེ་ལྟ་བུར་ཞོག །འཁྲུལ་སྣང་ཟིལ་གནོན་ཡེ་ཤེས་ཆེན་པོའི་ངང་། །ཤུགས་འབྱུང་རིག་པ་རང་གྲོལ་ཆེན་པོར་འཆར། །རྟོགས་པའི་ངོ་བོ་ཀློང་དུ་མ་གྱུར་པར། །ཉིན་མཚན་གཉིས་མེད་ལྕེ་སྤྱང་མིག་ལྟར་ཞོག །གོམས་ཤིང་འདྲིས་པས་མ་བུ་འཕྲོད་གྱུར་ན། །ཐམས་ཅད་ཕྱམ་གཅིག་རྒྱ་ཡན་ཆེན་པོར་འཆར། །ཕྱོགས་བྲལ་རིག་པ་མཐའ་དབུས་མེད་པ་ལ། །འདི་ཞེས་མི་མཚོན་ནམ་མཁའ་ལྟ་བུར་ཞོག །སྒོམ་མེད་རིག་པ་བཅོས་བསླད་མེད་པའི་དོན། །རང་བྱུང་རིག་པ་རང་བཞིན་ཁོང་ནས་འཆར། །ཉོན་མོངས་རྙོག་བྲལ་རང་དྭངས་ཆེན་པོ་ལ། །ངང་དྭངས་རིག་པ་རྒྱ་མཚོ་ལྟ་བུར་ཞོག །ཤར་གྲོལ་རིག་པ་རྦ་རླབས་ཆེན་པོ་བཞིན། །བྱད་དང་མེ་ལོང་གཟའ་སྐར་གཟུགས་བརྙན་འཆར། །སེམས་ཉིད་མི་གཡོ་འཕོ་འགྱུར་མེད་པ་ལ། །ཆོས་ཉིད་མི་གཡོ་རི་རྒྱལ་ལྟ་བུར་ཞོག །མཉམ་རྫོགས་རིག་པ་ལྷུན་རྫོགས་འདུས་མ་བྱས། །བྱ་རྩོལ་གཉིས་མེད་བཏང་སྙོམས་ལྷུན་གྱིས་གྲུབ། །གཉུག་མའི་སེམས་ཉིད་རང་ཤར་རང་གྲོལ་ལ། །རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུར་ཞོག །ཅི་སྐྱེས་རྣམ་རྟོག་ཆོས་སྐུ་རོ་གཅིག་པས། །སྤང་བླང་མི་དགོས་ཕྱམ་གཅིག་མྱ་ངན་འདས། །མདོར་ན་གང་ཤར་ཆོས་ཉིད་རོལ་པ་ལ། །དམིགས་མེད་རང་གྲོལ་མཉམ་གཞག་ལྷུན་གྱིས་གྲུབ། །རེས་འཇོག་མི་དམིགས་སྒོམ་ཡུན་ཆེན་པོའི་ངང་། །ལེ་ལོ་མེད་པར་རྟོགས་པའི་རྩལ་སྦྱང་བྱ། །དེ་ཡི་བོགས་འབྱིན་ལམ་གྱི་ཆ་རྐྱེན་དུ། །སྒྱུ་མའི་སྤྱོད་པས་བླང་དོར་གཉིས་མེད་པས། །རྐྱེན་ངན་ལམ་ལྷོངས་མཉམ་རྗེས་བསྲེ་བའི་ཕྱིར། །རི་རྩེ་དུར་ཁྲོད་མཚོ་གླིང་ཚོང་དུས་སོགས། །ཡུལ་གྱིས་སེམས་ལ་གཡེངས་པའི་གནས་སོང་ནས། །ལུས་ནི་བྲོ་གར་ངག་ནི་གླུ་ལེན་ཅིང་། །སེམས་ནི་ཀུན་རྟོག་སྣ་ཚོགས་སྤྲོས་བྱས་ལ། །སྐད་ཅིག་རང་གྲོལ་ལྟ་སྒོམ་ངང་དུ་བསྲེ། །ཕྱི་ནས་ཐམས་ཅད་ལམ་དུ་ལྷོངས་པ་ཡིན། །བར་འགའ་སྣང་སྲིད་བླ་མའི་(༡༠)མོས་གུས་དང་། །ཚོགས་བསགས་སྒྲིབ་སྦྱང་མི་རྟག་འཆི་བ་བསྒོམ། །སྣང་སྲིད་ཆོས་རྣམས་རྨི་ལམ་སྒྱུ་མའི་ངང་། །སྒྲ་བརྙན་སྨིག་རྒྱུ་གཟུགས་བརྙན་སྤྲུལ་པ་འདྲ། །མིག་ཡོར་ཆུ་ཟླའི་རང་བཞིན་སྟོང་པའི་ངང་། །སྣ་ཚོགས་སྣང་བ་བདེན་མེད་འལ་འོལ་དུ། །སྐད་ཅིག་སྐད་ཅིག་ངོས་བཟུང་མེད་པར་སྦྱངས། །ཉིན་མཚན་མ་ཡེངས་མཉམ་རྗེས་རྩལ་སྦྱངས་པས། །ཤར་གྲོལ་རང་གནས་བདེ་གསལ་མི་རྟོག་ངང་། །རང་གནས་སྒོམ་པ་རྒྱུན་མི་འཆད་པ་ལ། །འཁྲུལ་པའི་རྨི་ལམ་བདེན་མེད་འོད་གསལ་དུ། །ཉིན་མཚན་འདྲེས་པས་འཁོར་འདས་རང་སར་གྲོལ། །ལྟ་བས་ཡུན་ཐོབ་སྒོམ་པས་ཡེངས་ཐུབ་ཅིང་། །སྤྱོད་པས་རྐྱེན་ཐུབ་འབྲས་བུས་གོལ་ས་ཐུབ། །རྟོགས་པའི་རང་བཞིན་མི་རྟོག་ཡེ་ཤེས་སུ། །དུས་རྣམས་ཀུན་ཏུ་འཕོ་འགྱུར་མེད་པ་གནས། །དེ་ཚེ་རང་བཞིན་གཅིག་སྟེ་གདོད་མའི་སར། །སྒོམ་མེད་དོན་ལ་གཏན་སྲིད་ཟིན་པ་ཡིན། །ཕྱི་ནས་འབྲས་བུ་བདེ་ཆེན་བཙལ་དུ་མེད། །གང་ཤར་རིག་པ་སྐུ་གསུམ་ལྷུན་གྲུབ་ལ། །རང་གཞན་དོན་རྣམས་འབད་རྩོལ་མེད་པར་འགྲུབ། །རིག་པ་ཡོན་ཏན་ཕྱོགས་བྲལ་ཉག་གཅིག་འཆར། །དེ་ལྟར་ཚེ་འདིར་གྲོལ་བའི་རྣལ་འབྱོར་པ། །ས་ཆུ་མེ་རླུང་རྣམ་ཤེས་འོད་གསལ་ཐིམ། །ཡེ་ཤེས་ངང་ལ་དབྱིངས་དང་རབ་འདྲེས་ནས། །གདོད་མའི་ས་ལ་གཏན་སྲིད་ཟིན་པ་ཡིན། །གཞན་དོན་སྐུ་གཉིས་ཡེ་ཤེས་རྨི་ལམ་བཞིན། །འགྲོ་ལ་སྣང་བ་དགོས་པའི་ཡོན་ཏན་ཡིན། །འདི་ནི་རིག་པའི་རང་བཞིན་སེམས་ཀྱི་གསང་། །སྐད་ཅིག་རང་སར་གྲོལ་བའི་མཆོག་རིག་ནས། །ཆེས་ཆེར་གོང་དུ་འཕེལ་བའི་ཡོན་ཏན་ནི། །ཚེས་གཅིག་ནས་བཟུང་བཅོ་ལྔའི་བར་འཕེལ་བས། །ཟླ་བ་རྒྱས་འདྲ་འཇིག་རྟེན་སྣང་མོད་ཀྱང་། །དོན་ལ་འཕེལ་འགྲིབ་གང་ཡང་མེད་པར་ལྟར། །རྟོགས་པའི་ངོ་མཐོང་གོམས་པའི་རྩལ་རྒྱས་ཀྱང་། །རྟོགས་པ་མི་གཡོ་གོམས་པའི་ཡོན་ཏན་འབྱུང་། །ཟླ་བ་གསལ་བས་གྲིབ་མ་ཆུང་བའམ། །ཁ་ཅིག་གྲིབ་མ་ཆུང་བས་ཟླ་རྒྱས་ལྟར། །གཉིས་འཛིན་བྲལ་བས་ཉམས་རྟོགས་འཕེལ་བ་འམ། །རྟོགས་པ་འཕེལ་བས་ཉོན་མོངས་ཆུང་གྱུར་ཏེ། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཡང་། །ངོ་བོ་མི་འགྱུར་རང་བཞིན་མི་འགག་ཅིང་། །ཆོས་ཉིད་སྣ་ཚོགས་རྐྱེན་གྲོལ་རྣམ་པར་དག །མདོར་ན་ཉོན་མོངས་རྟོགས་པར་མ་ཤར་ན། །དུག་ལྔ་སྤངས་ནས་ལམ་མཆོག་གཞན་ན་མེད། །སྐུ་གཅིག་རང་གྲོལ་གསང་འདི་མ་ཤེས་ན། །ཉོན་མོངས་གཉེན་པོ་གཉིས་སུ་འཛིན་པས་བསླུ། །འགགས་ལ་གཟུང་འཛིན་རང་སར་མ་གྲོལ་ན། །ཁ་ལྟ་མཐོ་ཡང་བདུད་ཀྱི་གསང་ཚིག་(༡༡)ཙམ། །བསམ་གཏན་བཟང་ཡང་གོང་མའི་བདེ་འབྲས་ཙམ། །ཇི་ལྟར་འབད་ཀྱང་འཁོར་བའི་རྒྱུ་འབྲས་ཙམ། །ལྟ་བ་ཡང་ལ་སྒོམ་པ་ཁ་ཟླུམ་ཞིང་། །སྤྱོད་པ་དུལ་ཞིང་ཆེད་འཛིན་གྲོལ་བ་གཅེས། །གང་ལ་ཤར་གྲོལ་གཉིས་མེད་ཡངས་པའི་ངང་། །གཏད་མེད་ཆོས་ལ་ཡེངས་མེད་ཤར་བའི་ཚེ། །རྣལ་འབྱོར་སྲིད་པའི་རྒྱ་མཚོ་བརྒལ་བའི་རྟགས། །གཟུང་བས་མ་བཅིངས་འཛིན་པའི་ཞེན་པ་མེད། །ཐམས་ཅད་མཉམ་རྫོགས་ཆོས་སྐུར་བདེ་ཀློང་འཁྱིལ། །ལ་བརྒལ་ལུང་བརྒལ་འཕྲང་བརྒལ་འཇིགས་པ་མེད། །རང་ཡུལ་ཕྱིན་པས་རེ་དོགས་ཀུན་ལས་འདས། །དེ་ལྟར་གོམས་པས་འབྱུང་བ་རྣམ་པ་བཞི། །འཛིན་མེད་ལམ་གྱི་དྲོད་ཚད་འདི་བཞིན་འབྱུང་། །སྔོན་བསགས་ལས་དང་བླ་མའི་ཐུགས་རྗེ་དང་། །

དུས་ཐབས་མཁས་པས་རྟེན་འབྲེལ་ཚོགས་པའི་ཚེ། །རང་བྱུང་རིག་པ་ཟང་ཐལ་ཁ་གང་མ། །ཤར་གྲོལ་འཛིན་མེད་ལྷག་གིས་རྟོགས་པའི་ཚེ། །ཆོས་ཉིད་མངོན་སུམ་སྣང་བ་ཆེན་པོ་ཡིན། །ཕྱི་ནང་སྣང་བརྟགས་ཆོས་སྐུར་ཐག་ཆོད་པས། །ཇི་ལྟར་ཤར་ཡང་བླང་དོར་བཅོས་བསྒྱུར་མེད། །ཐམས་ཅད་རྟོགས་པའི་རྩལ་སྦྱོང་གཅིག་ཏུ་འཆར། །དེ་ཉིད་གོམས་པས་གོང་དུ་འཕེལ་བའི་ཚེ། །ཕྱི་ནང་དགག་སྒྲུབ་རྐྱེན་ངན་ལམ་དུ་བསླང་། །ཤར་བས་གྲོལ་ལ་གནས་པས་བདེ་བ་རྙེད། །གོམས་པས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །རིག་པའི་ཡོན་ཏན་སྣ་ཚོགས་ཤར་བ་ན། །ཉམས་སྣང་གོང་འཕེལ་སྣང་བར་ཤེས་པར་བྱ། །དེ་ལས་ཆེས་ཆེར་གོམས་པ་ཀློང་གྱུར་པས། །རིག་པ་གསལ་སྟོང་རྗེན་པའི་ཡེ་ཤེས་ལ། །བྱིང་རྒོད་གཉིས་མེད་ཡེངས་དང་མ་ཡེངས་མེད། །མཉམ་རྗེས་གཉིས་མེད་རྟག་ཏུ་ཆུ་བོ་འདྲ། །ཡོན་ཏན་དྲོད་ཚད་ཁྱད་འཕགས་ཐོབ་པའི་ཚེ། །རིག་པ་ཚད་ཕེབས་སྣང་བ་མཐོང་བ་ཡིན། །དེ་ཉིད་ངང་ལས་རྟག་ཏུ་མི་གཡོ་ཞིང་། །མཚན་འཛིན་མི་དམིགས་སྤང་གཉེན་ཞེན་ཡུལ་འདས། །ཐམས་ཅད་མཉམ་རྫོགས་ཆེད་འཛིན་གཟའ་གཏད་བྲལ། །ཕྱི་ནང་ཆོས་ལ་འཛིན་པ་ཟད་པ་ན། །ཆོས་ཉིད་ཟད་པའི་སྣང་བ་མཐོང་བ་ཡིན། །དེ་ནས་རིག་པ་བཞི་ལ་མཐར་ཕྱིན་པས། །ཆོས་སྐུའི་ངང་དུ་གཟུགས་སྐུ་མྱ་ངན་འདས། །སྣང་འཛིན་སྟོང་པ་ལས་འདས་གྲོལ་བའི་ཚེ། །གདོད་མའི་ས་ལ་གཏན་སྲིད་ཟིན་པ་ཡིན། །དེ་ལྟར་གོམས་ཚེ་ལམ་ཉིད་མ་འཆུགས་པས། །རྨི་ལམ་ཚད་ཀྱང་རྣམ་པ་གསུམ་དུ་བསྟན། །དང་པོར་སྣང་སེམས་ཤར་གྲོལ་རྩལ་སྦྱངས་པས། །ངན་པའི་རྨི་ལམ་བཟང་པོར་བསྒྱུར་བ་ན། །ལས་ངན་བྱང་བས་དགེ་བ་རོ་གཅིག་རྟགས། །མེ་ལས་དུ་བ་ས་བོན་མྱུ་གུ་(༡༢)བཞིན། །བར་དུ་གོམས་པས་རྨི་ལམ་ཟིན་པ་དང་། །སྐད་ཅིག་གྲོལ་བས་དུས་མཉམ་འབྱུང་བ་ནི། །གཉེན་པོ་ཉིད་ཀྱང་རང་སར་གྲོལ་བའི་རྟགས། །ཀློང་དུ་གྱུར་པས་ཤིན་ཏུ་གོམས་པ་ནི། །རྨི་ལམ་རྒྱུན་ཆད་ཉིན་མཚན་འོད་གསལ་གནས། །འཁོར་བའི་ཀུན་རྟོག་དཔྱིས་སུ་ནུབ་པའི་རྟགས། །རང་བཞིན་མྱ་ངན་འདས་ནས་ཕྱམ་གཅིག་པས། །གདོད་མའི་ཟད་སར་གཏན་སྲིད་ཟིན་དུ་ཉེ། །ཁམས་གསུམ་སྒོ་གསུམ་སྐུ་གསུམ་སར་གྲོལ་ནས། །ཞི་བའི་དབྱིངས་སུ་མི་གནས་མྱ་ངན་འདས། །ཡེ་ནས་གྲུབ་བསལ་མེད་པའི་སེམས་ཉིད་ལ། །བཅོས་བསྒྱུར་གཉེན་པོ་མི་དགོས་གཉུག་མའི་ངང་། །ཕྱོགས་རིས་འཛིན་པ་ཀུན་ལས་གྲོལ་བས་ན། །སྒོམ་དང་བསྒོམ་བྱ་མེད་པར་ལྷུན་གྱིས་གྲུབ། །དེ་ལྟར་ཤེས་པ་ཐ་མལ་རང་གྲོལ་ལ། །ཕྱི་ནང་མི་དམིགས་གཟུང་འཛིན་མཐའ་ལས་འདས། །དགག་སྒྲུབ་རང་གྲོལ་སྤང་གཉེན་གཉུག་མར་ཤར། །གང་ཡིན་འདི་ཡིན་གཟའ་གཏད་མེད་པར་གྲོལ། །བླང་དོར་མི་དགོས་ཀུན་ཁྱབ་ཡེ་ཤེས་ནི། །ཕྱོགས་བྲལ་བདེ་ཆེན་མ་བཙལ་ལྷུན་གྱིས་གྲུབ། །ཡེ་གྲོལ་སོར་བཞག་ཡོངས་གྲོལ་ཆེན་པོ་ནི། །གང་ཡིན་འདི་ཡིན་ཀུན་ཡིན་ངོས་བཟུང་མེད། །གཏད་མེད་འཛིན་མེད་ཡོད་མེད་མཐའ་ལས་འདས། །ཀྱེ་ཧོ་ཕྱོགས་གཅིག་ཡེ་ནས་ཡོངས་གྲོལ་བས། །འབད་མེད་རིག་པ་མཉམ་པའི་ངང་དུ་གྲོལ། །ལྷུན་རྫོགས་རྒྱལ་པོ་མ་སྐྱེས་མི་འགག་པས། །མི་གནས་མི་དམིགས་རང་བཞིན་བརྗོད་དུ་མེད། །ཐམས་ཅད་བྱར་མེད་གཉུག་མའི་ངང་ཉིད་དོ། །ཨ་ཧོ། རང་བཞིན་གདོད་ནས་དག་པའི་སྣང་བ་ལ། །ཡ་མཚན་གད་མོ་འཆོར་བའི་རིག་པ་ཤར། །ཡུལ་སེམས་གཉིས་མེད་སྣང་མཁན་ངོ་བོས་སྟོང་། །འདི་ཞེས་མི་མཚོན་གཏད་མེད་ཆེན་པོར་གྲོལ། །ཐབས་དང་ཤེས་རབ་མཉམ་རྫོགས་གཅིག་གི་ངང་། །ཐམས་ཅད་མི་གཡོ་དེ་བཞིན་མཉམ་པར་གནས། །གཟའ་དང་རྒྱུ་སྐར་ཚེས་གྲངས་མི་དམིགས་ཤིང་། །དུས་དང་སྦྱོར་བ་བྱེད་པའི་ཡུལ་ལས་འདས། །གླིང་བཞི་མི་གནས་རི་རབ་ཉི་ཟླ་སྟོང་། །དཀྱིལ་འཁོར་མི་དམིགས་བཟླས་བརྗོད་དཀའ་ཐུབ་མེད། །ཡུལ་རྣམས་མི་དམིགས་རྩ་ཁམས་འཁོར་ལོར་སྟོང་། །ཕྱི་རོལ་ཉིད་ཀྱང་སྣང་བཞིན་མི་དམིགས་པས། །འཇིག་རྟེན་ཁམས་ཀུན་ཡུལ་ལྔ་ངོ་བོས་སྟོང་། །ཐམས་ཅད་མ་བྱུང་རང་བྱུང་གཞལ་ཡས་ཁང་། །བྱེད་པོ་མི་དམིགས་སྙིང་པོ་དོན་གྱི་ལྷ། །རྣམ་རྟོག་འཕྲོ་འདུ་ཡེ་ཤེས་རོལ་མོར་ཆེ། །ཡུལ་རྣམས་མཆོད་སྤྲིན་ཡེ་ཤེས་ལྷ་མཆོད་པས། །ཚོགས་ཆེན་ལྷུན་རྫོགས་སྒྲ་ཚིག་གསང་སྔགས་ཆེ། །ཉོན་མོངས་ཡེ་ཤེས་རང་བྱུང་རྫོགས་རིམ་ཉིད། །བྱ་རྩོལ་མི་དགོས་རང་བཞིན་ལྷུན་གྱིས་(༡༣)གྲུབ། །ས་དང་ལམ་རྫོགས་ཕ་རོལ་ཕྱིན་པའི་ངང་། །དབུ་མར་མི་གནས་ཟུང་འཇུག་རྣམ་པར་དག །སྤང་གཉེན་གོལ་སྒྲིབ་རྡུལ་ཙམ་མི་དམིགས་པས། །གང་ཤར་སྒོམ་པ་མ་བྱས་ལྷུན་གྱིས་གྲུབ། །རྣམ་པར་དབྱེ་དང་རྣམ་དབྱེ་མེད་པའི་ཆོས། །དཀར་ནག་དགེ་སྡིག་ལས་འབྲས་རྟེན་འབྲེལ་ཙམ། །རང་ངོས་སྟོང་ལ་གཟུགས་བརྙན་མི་འདོར་བས། །ཀུན་ནས་འདས་པའི་རང་གྲོལ་ཤེས་པར་བྱ། །བཟང་ངན་ལས་ཀྱིས་འཁོར་བ་མཐོ་དམན་གྲུབ། །ལས་ལས་འདས་ན་རང་བཞིན་མྱ་ངན་འདའ། །བླང་དོར་བྱེད་ན་མི་དགེ་ངེས་པར་གྲོལ། །དགེ་བ་སྒྲུབ་ཀྱང་ཞེན་པས་འཆིང་མི་བྱ། །ཕྱི་ནས་བླང་དོར་མེད་པའི་དོན་བཙལ་ལས། །དམ་པ་རྣམས་ལ་ཚད་བཙུགས་སྒྲུབ་ལ་འབད། །དོན་མེད་བསླུ་བ་བྱིས་པའི་ཆོས་སྤངས་ཏེ། །རྟག་ཏུ་སྐྱེ་བོ་དམ་པ་བསྟེན་པ་དང་། །རྟོགས་པའི་སྔོན་འགྲོ་མ་ནོར་ཐོས་བསམ་བྱ། །གཅིག་པུར་སྲན་ཚུགས་དབེན་པའི་རི་ངོགས་སུ། །སེམས་ཐག་བཅད་ལ་དོན་དམ་སྙིང་པོ་བླང་། །མི་རྟག་སྐྱོ་ཤས་བློ་སྣ་བསྟུང་བྱས་ལ། །སྙིང་ནས་ཆོས་ལ་འབད་པས་སྒྲུབ་པ་གཅེས། །ད་རེས་ཚེ་ལ་ཐར་ལམ་མ་བགྲོད་ན། །ཕྱིས་ནས་དལ་འབྱོར་ཆོས་དང་འཕྲད་པར་དཀའ། །སྒྲུབ་པའི་རྒྱལ་མཚན་དབེན་པའི་སར་བཙུགས་ནས། །ད་ལྟ་ཤི་ན་ཁྱེར་སོ་ཅི་འདུག་བལྟ། །དེ་ལྟར་ཉིན་མཚན་ཆོས་ཀྱིས་འདའ་བྱས་ན། །སྒྱུ་ལུས་འདོར་ཡང་སེམས་ཉིད་སྐྱེ་འཆི་མེད། །འགྱུར་མེད་ཆོས་སྐུའི་རྒྱལ་སྲིད་ཟིན་པ་ཡིན། །ཚེ་འདི་དོན་ཡོད་མཆོག་གི་དངོས་གྲུབ་བརྙེས། །དབང་པོ་འབྲིང་དང་ཐ་མའི་གང་ཟག་ཀྱང་། །བར་དོར་གྲོལ་ཞིང་ཕྱི་མ་འབྲས་དང་བཅས། །འཁོར་བའི་ལས་ལས་ཐར་པའི་ལམ་རྙེད་ནས། །བདེ་ཆེན་ས་ལ་སེམས་ཉིད་བཙན་ས་ཟིན། །འདི་ནི་ངེས་པ་དོན་གྱི་སྙིང་པོ་ཡིན། །ནོར་སའི་ལམ་ལ་ཕྱིན་ཞིང་གོལ་སྒྲིབ་མང་། །སྙིང་པོའི་དེ་ཉིད་ནམ་ཡང་མི་རྙེད་ཅིང་། །ཚེ་འདིར་ངལ་ལ་ཕྱི་མ་འབྲས་བུ་མེད། །དེས་ན་ལྟ་སྒོམ་མ་ནོར་བཙལ་བར་བྱ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མེད་ན། །ཐེག་ཆེན་ལམ་ལས་གཞན་ཞིག་ཡིན་པར་ངེས། །ཇི་ཙམ་བསྒོམ་ཞིང་རང་རྒྱུད་གྱོང་བ་ན། །ཆོས་དང་གང་ཟག་སོ་སོར་སོང་བར་ངེས། །ཕྱི་དང་དངོས་དང་བར་བསྒོམ་ཞེན་པ་ན། །གཉིས་མེད་རྟོགས་པའི་སྐལ་བ་མེད་པར་ངེས། །ངེས་འབྱུང་སྐྱོ་ཤས་འཆི་བ་མ་དྲན་ན། །ཚེ་འདིར་ཞེན་པའི་བདུད་ཀྱིས་བསླུས་པར་ངེས། །བསྒོམས་ཀྱང་ཡོན་ཏན་གསར་དུ་མ་སྐྱེས་ན། །གོལ་སྒྲིབ་གཏིངས་སོགས་བྱིང་རྒོད་བྱུང་བར་ངེས། །ཞི་གནས་རླན་གྱིས་ལྷག་མཐོང་མ་ཟིན་ན། །ལྷག་མཐོང་མ་ཡིན་རྟོགས་པའི་རི་མོ་ཡིན། །གོ་ཡུལ་ཁ་ལྟས་གཉིས་མེད་དོན་སྨྲས་ཀྱང་། །(༡༤)རྐྱེན་ངན་མི་ཐུབ་དུག་ལྔ་རགས་པའི་གྲོགས། །ལྷག་མཐོང་རྩལ་གྱིས་ཞི་གནས་མ་ཟིན་ན། །ཞི་གནས་མ་ཡིན་གཏི་མུག་སེམས་གནས་ཙམ། །བསམ་གཏན་ཆགས་པ་ལེགས་ཀྱང་གོང་མའི་རྒྱུ། །བྱིང་རྒོད་ལྟོངས་པས་དུད་འགྲོའི་སྒོམ་པ་ལ། །རྟག་ཏུ་མ་ཆགས་ལྷག་མཐོང་ཡེ་ཤེས་རྩལ། །དམ་པས་བསྟན་པས་དྲི་མེད་རྟོགས་པའི་ཚེ། །སྒོམ་གྱི་ཚུལ་འཆང་ཐམས་ཅད་བྱང་ཆུབ་གྲོགས། །མ་བྱས་བདེ་གསལ་མི་རྟོག་ཁོང་ནས་འཆར། །དེ་ཉིད་མ་ཡིན་ངེས་པའི་སྙིང་པོ་མིན། །ད་ལྟ་རིག་པའི་གསང་འདི་མ་རྟོགས་ན། །སྒོམ་ལ་ཕར་འཆང་བླང་དོར་སྒྲོག་ཏུ་འཆིང་། །འདོད་པ་ཉུང་ལ་མི་འདོད་ཆར་བཞིན་འབབ། །རེ་བ་མི་འགྲུབ་དོགས་པས་རྒྱུན་དུ་གནོད། །ལུས་ངག་ཡིད་བཅོས་བདེ་གསལ་མི་རྟོག་ཀྱང་། །བྱིས་པས་བུམ་འཛིན་འཇིག་པས་ཕན་མི་ཐོགས། །མ་བྱས་མི་འཇིག་ཡོན་ཏན་འབྱུང་བའི་གནས། །རང་བབ་གཉུག་མའི་རྟོགས་པ་བཙལ་བ་གཅེས། །ལུས་བཅོས་ངག་བསྡམས་སེམས་བསྒྲིམས་རྣམ་རྟོག་བཀག །ཧར་རེ་སང་ངེ་རིག་པའི་མདུང་ཚུགས་ཀྱང་། །འཛིན་པའི་ངང་དུ་འདུ་ཤེས་ཚོར་བཀག་ནས། །བསམ་གཏན་གཟུགས་མེད་འཁོར་བ་སྒྲུབ་པར་སྣང་། །དབང་པོའི་སྣང་ཡུལ་རྟོག་མེད་གསལ་སྣང་དང་། །དུག་ལྔ་རང་གྲོལ་ཡེ་ཤེས་ཆེན་པོའི་ངང་། །བྱིང་རྒོད་གསེང་བ་ཕྲ་མོའི་རིག་པ་ལ། །སྤང་བྱར་ཞེན་པས་ཕྲ་རགས་སྦོམ་གསུམ་ཞེས། །མགྲིན་བཟང་རྣམས་ཀྱིས་སྤང་བའི་ཐབས་ལ་བརྩོན། །སྔ་མའི་ཤེས་པ་ཕྱི་མས་དྲན་བྱས་ཏེ། །ཚོར་ཙམ་ཉིད་ཀྱིས་གཉུག་མའི་དོན་མཐོང་ཞེས། །སྐྱེ་འགག་གྲངས་འདེབས་རྟོག་པའི་འཕྲོ་མཐུད་ལ། །གཉིས་མེད་དོན་དུ་འཛིན་པའི་སྒོམ་པ་འཁྲུལ། །ཅི་ཙམ་འབད་ཀྱང་རྟོག་པའི་དྲྭ་བ་ལས། །ཕྱི་མ་སྐྱེས་ཚེ་སྔ་མ་འགག་པའི་ཆོས། །གྲོལ་བར་ཞེན་པ་སྔ་ཕྱི་རང་གྲོལ་མིན། །ཐབས་ལམ་དབང་པོ་བདེ་བ་ལྷུར་ལེན་པ། །ཆགས་སྲེད་འཛིན་པས་ཕལ་ཆེར་ངན་སོང་རྒྱུ། །བདེ་འགྲོ་ཐོབ་ཀྱང་དམན་པའི་གནས་སུ་སྐྱེ། །རྣལ་འབྱོར་བརྒྱ་ལམ་འགའ་ཡི་ལམ་ཡིན་ཞེས། །གོལ་སྒྲིབ་ཤས་ཆེ་རྟོགས་པའི་དོན་མཐོང་དཀོན། །ཚོགས་གཉིས་བསྐྱེད་རྫོགས་ཡོད་མེད་རེས་འཇོག་ཅན། །ངེས་པའི་དོན་ཞེས་འབད་ཀྱང་བདེ་འབྲས་ཆུང་། །མཐོ་རིས་ཉིད་དེ་འཁོར་བ་ཆད་མི་ནུས། །མདོར་ན་སྐྱེ་བ་སྔོན་བསགས་སྐལ་བ་ཞན། །ལོག་གོལ་དམན་པའི་ལམ་ཞུགས་སྙིང་རེ་རྗེ། །ནམ་ཞིག་ཀུན་ཀྱང་ལེགས་པའི་མ་ནོར་ལམ། །ཇི་བཞིན་རྙེད་ནས་དེ་བཞིན་གྲོལ་བར་ཤོག །གང་ལ་མ་ནོར་སྟོང་ཉིད་སྙིང་རྗེ་ཆེ། །སྐད་ཅིག་གྲོལ་བ་རང་གནས་ཆོས་སྐུའི་ལམ། །འཆར་བ་ཤེས་རབ་(༡༥)ལྷག་མཐོང་རྗེན་པ་ཉིད། །གནས་པས་ཐབས་ཡིན་ཞི་གནས་མཉམ་པའི་ངང་། །རང་བབ་ཟུང་འཇུག་བཅོས་བསླད་ཀུན་དང་བྲལ། །འགྱུར་བས་ཡེངས་ལ་གནས་པས་རྣམ་པར་གནོན། །བྱིང་རྒོད་གཉིས་མེད་ཉོན་མོངས་རྩ་བྲལ་ངང་། །ཇི་ལྟར་ཤར་ཡང་རང་གྲོལ་ཆོས་སྐུ་ལ། །གང་ལྟར་གནས་ཀྱང་གཉིས་མེད་མཉམ་པའི་ངང་། །བླང་དོར་མི་དགོས་སེམས་ཉིད་རྣལ་མའི་དོན། །གཉུག་མའི་ངོ་བོ་ཆོས་ཉིད་ཡེ་ཤེས་ལ། །གོམས་པའི་རྩལ་སྦྱོང་རྒྱུན་ཆད་མེད་པར་མཛོད། །འདི་ནི་གནས་ལུགས་གཉུག་མའི་རང་གྲོལ་ཏེ། །མཆོག་གི་སྒོམ་པ་ཡང་ཟབ་བླ་ན་མེད། །སྙིང་པོའི་བཅུད་དྲིལ་ཡང་ནས་ཡང་བསྡུས་པ། །རྡོ་རྗེ་རྩེ་མོ་ཀུན་གྱི་སྙིང་པོ་ཡིན། །རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ལས། དབང་པོ་འབྲིང་ཐབས་ལམ་གོམས་ཐོག་ནས་གྲོལ་བའི་ལེའུ་སྟེ་གཉིས་པའོ།། །།


previousགཉིས་པ། དབང་པོ་འབྲིང་ཐབས་ལམ་གོམས་ཐོག་ནས་གྲོལ་བའི་ལེའུ།next